མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མདོ་སྨད་ཚོཊ་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་གྲོལ།

བོད་ཀྱི་དུས་བབ།
༢༠༠༩/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

བོད་པའི་ཆོས་དང་རིག་གཞུང་ཐོག་ལ་ལག་རྗེས་ཆེན་པོ་འཇོག་མཁན་དེ་ཕལ་ཆེར་མདོ་སྨད་ཆོལ་ཁ་ཆགས་ཡོད་ཟེར་ན་མི་ཆོག་པ་མེད།  མདོ་སྨད་དེ་ལོ་བརྒྱ་ཕྲག་མང་པོའི་རིང་བོད་གཞུང་གི་ཕྱི་ལོགས་སུ་ལྷག་ཡོད་ཀྱང། ནང་སེམས་ཀྱི་ཐོག་ནས་བོད་གཞུང་དགའ་ལྡན་ཕོ་བྲང་བ་དེ་ང་ཚོའི་གཞུང་ཡིན་པ་དང། བོད་ཡོངས་རྫོགས་གཅིག་གྱུར་ཡིན་པའི་འདུ་ཤེས་ཟབ་མོ་དེ་དོར་མྱོང་མེད་ཟེར།

 མདོ་སྨད་ཆོལ་ཁའི་ཚོགས་ཆེན་ཐེངས་ ༡༤ བ་དེ་ཕྱི་ཚེས་ ༢༦ ནས་ ༢༨ བར་གྱི་ཉིན་གསུམ་རིང་བཞུགས་སྒར་ངྷ་རམ་ས་ལའི་འཕགས་ཡུལ་ཀིརྟི་བྱེས་པ་གྲྭ་ཚང་གི་དཔེ་མཛོད་ཚོམས་ཆེན་དུ་འཚོགས་ཡོད་ལ། ཉིན་དང་པོའི་ཚོགས་འདུ་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང༌། དམིགས་བསལ་སྐུ་མགྲོན་དུ་རོང་ཆེན་བསྟན་པའི་སྒྲོན་མེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་བཅས་ཕེབས་ཡོད་ལ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང༌། ས་གནས་ཁག་གི་འཐུས་མི་ ༢༣ ཙམ་ཚོགས་བཅར་གནང་ཡོད། ཐེངས་འདིའི་ཚོགས་ཐོག་ནས་སྐབས་བཅུ་བཞི་བའི་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ ༧ ཙམ་གསར་འདེམས་བྱུང་ཡོད་པ་མ་ཟད། སྤྱིར་བོད་མིའི་རྩ་དོན་སྒྲུབ་ཕྱོགས་དང༌། སྒོས་མདོ་སྨད་ཀྱི་ལས་དོན་བྱེད་ཕྱོགས་བཅས་ལ་བགྲོ་གླེང་གོ་བསྡུར་ཞིབ་ལྷུག་གནང་སྟེ་གྲོས་ཆོད་ཁག་ ༥ བཞག་ཡོད།

  

ཉིན་དང་པོའི་ཚོགས་འདུ་དབུ་འབྱེད་མཛད་སྒོའི་སྟེང༌། བོད་མི་མང་སྤྱི་འཐུས་དང་མདོ་སྨད་དབུས་རྒྱུན་ལས་ཚོགས་གཙོ་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ཀྱིས་ཚོགས་ཆེན་ངོ་སྤྲོད་གནང་དོན། ལོ་ ༣ རེའི་མཚམས་སུ་མདོ་སྨད་ཚོགས་ཆེན་ཐེངས་གཅིག་རེར་འཚོགས་ཀྱིན་ཡོད་ལ། ཐེངས་འདིའི་གྲོས་གཞི་ཁག་ཟླ་གཉིས་ཀྱི་གོང་ནས་ས་གནས་ཁག་ལ་བཀྲམས་ཏེ། བགྲོ་གླེང་གོ་བསྡུར་ཞིབ་ལྷུག་གིས་བསམ་འཆར་བསྡུས་པ་ཡིན། མདོ་སྨད་ཆོལ་ཁའི་སྒྲིག་འཛུགས་འདི་ཅི་ཙམ་སྲ་བརྟན་དང་ཡག་པོ་བྱུང་ན། བོད་སྤྱི་བའི་བསྟན་སྲིད་ལ་དེ་ཙམ་ཕན་ཐོགས་པ་ཞིག་ཆགས་ཡོད། ད་བར་ཕྱོགས་གང་ཅིའི་ཐད་ནས་གྲུབ་འབྲས་མང་པོ་བླངས་ཡོད་ལ། ད་དུང་སྔར་ལས་ལྷག་པའི་ནུས་ཤུགས་འདོན་དགོས། ངེད་ཅག་སྐབས་བཅུ་གསུམ་པའི་རྒྱུན་ལས་ཚོར་འབུར་དུ་ཐོན་པའི་གྲུབ་འབྲས་ཤིག་སྟོན་རྒྱུ་མེད་ཀྱང་འཐུས་ཤོར་མེད་པ་ཞིག་བྱུང་ཡོད་ལ། ལྷག་པར་དུ་རྩིས་ཀྱི་འགྲོ་སྟངས་ཁྲིམས་དང་མཐུན་པ་ཞིག་བཟོ་ཐུབ་ཡོད། དབུས་རྒྱུན་ལས་ཚགས་ཚུད་ཡོང་མིན་ས་གནས་རྒྱུན་ལས་ལ་ཐུག་ཡོད་ཅིང༌། ས་གནས་རྒྱུན་ལས་དེ་མི་དམངས་དང་གཤིབ་ནས་བསྡད་ཡོད་སྟབས། ས་གནས་མི་དམངས་ལ་འོས་འཚམ་གྱི་བསམ་འཆར་བསྡུས་ཏེ། དབུས་ནས་གྲོས་མཆོད་བཞག་པ་ཡིན་ན་ལག་ལེན་བསྟར་ཐུབ་པ་ཞིག་ཆགས་ཡོད། ཅེས་གསུངས་སོང།

 

དེའི་རྗེས་དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་འདས་པའི་བྱུང་རབས་ངོ་སྤྲོད་གནང་དོན། བཙན་བྱོལ་ནང་མདོ་སྨད་ཀྱི་མི་གྲངས་ཉུང་ཉུང་ལས་མེད་ཀྱང་། ཆོལ་ཁ་གཞན་དང་མཉམ་དུ་དཀའ་ལས་འདྲ་མཉམ་བརྒྱབས་ཡོད། ཆོས་རྒྱལ་དག་གི་སྐབས་སུ་མདོ་སྨད་དེ་བོད་རྒྱའི་ས་མཚམས་ཡིན་སྟབས་དམག་སའི་ལྟེ་བ་ཆགས་ཡོད་ལ། མདོ་སྨད་ཀྱི་མི་རྒྱུད་ཕལ་ཆེ་བ་བོད་བཙན་པོའི་སྐབས་ཀྱི་དམག་མིའི་མི་རྒྱུད་ཤ་སྟག་ཡིན་སྟབས། མདོ་སྨད་པས་མི་རྒྱུ་སྲོག་གསུམ་གྱི་འགྲོ་སོང་བཏང་སྟེ་བོད་རྒྱལ་ཁབ་ཆེན་པོ་རྩ་འཛུགས་བྱས་ཡོད། དགའ་ལྡན་ཕོ་བྲང་བའི་སྐབས་སུ་བོད་ཀྱི་རྒྱལ་བོ་བྱས་མྱོང་མཁན་མདོ་སྨད་པ་བཞི་དང། དགའ་ལྡན་ཁྲི་པ་བཞི་བཅུ་ལྷག རྒྱལ་བའི་ཡོངས་འཛིན་ལྔ་དྲུག་ཙམ། བོད་པའི་ཆོས་དང་རིག་གཞུང་ཐོག་བྱས་རྗེས་བཞག་སྟེ་གསུང་འབུམ་ཡོད་པའི་མཁས་པ་ཉིས་བརྒྱ་ལྷག་བྱུང་སྟེ། བོད་པའི་ཆོས་དང་རིག་གཞུང་ཐོག་ལ་ལག་རྗེས་ཆེན་པོ་འཇོག་མཁན་དེ་ཕལ་ཆེར་མདོ་སྨད་ཆོལ་ཁ་ཆགས་ཡོད་ཟེར་ན་མི་ཆོག་པ་མེད།  མདོ་སྨད་དེ་ལོ་བརྒྱ་ཕྲག་མང་པོའི་རིང་བོད་གཞུང་གི་ཕྱི་ལོགས་སུ་ལྷག་ཡོད་ཀྱང། ནང་སེམས་ཀྱི་ཐོག་ནས་བོད་གཞུང་དགའ་ལྡན་ཕོ་བྲང་བ་དེ་ང་ཚོའི་གཞུང་ཡིན་པ་དང། བོད་ཡོངས་རྫོགས་གཅིག་གྱུར་ཡིན་པའི་འདུ་ཤེས་ཟབ་མོ་དོར་མྱོང་མེད་ལ། ལྷག་པར་དུ་སྔར་ལོ་ནས་བོད་རིགས་ཡོངས་རྫོགས་གཞུང་དགའ་ལྡན་ཕོ་བྲང་འོག་ཆིག་སྒྲིལ་ཡིན་པ་གསལ་སྟོན་བྱུང་ཡོད། ཅེས་གསུངས་བྱུང།

 

ཁོང་གིས་མུ་མཐུད་དུ་མི་རབས་གསར་བ་ཚོས་རྩ་དོན་ལ་འགན་ལེན་ཕྱོགས་སྐོར་གསུངས་དོན། ད་ཆར་རྒན་པ་རེ་ཟུང་མ་གཏོགས་མང་ཆེ་བ་བོད་ནས་གསར་དུ་འབྱོར་བའི་གཞོན་སྐྱེས་ཆགས་ཡོད། ཁོང་ཚོས་བོད་དང་རྒྱ་ནག་གི་གནས་སྟངས་ཤེས་ལ། རྒྱ་གར་གྱི་འགྲོ་སྟངས་ཡང་ཤེས་ཀྱིན་ཡོད། ད་ལྟ་མི་རབས་གསར་བའི་ཐོག་འགན་བབས་ཡོད་སྟབས། བསམ་བློ་གསར་བ་ཞིག་དང་འགྲོ་སྟངས་གསར་བ་ཞིག ལམ་ལུགས་གསར་བ་ཞིག་གི་ཐོག་བསྐྱོད་དགོས། ༧རྒྱལ་བ་རིན་པོ་ཆེས་ད་བར་སྐུ་ངལ་སྐྱོན་པ་དེའང་མི་རབས་གསར་བའི་ཆེད་རེད། སྔ་ལོའི་ཞི་རྒོལ་དེས་ཆིག་སྒྲིལ་ལ་ནུས་པ་ཆེན་པོ་ཐོན་ཡོད་ལ། མ་འོངས་པར་ཡང་མཐུན་ལམ་དམ་ཚིག་རྡོག་རྩ་ཆིག་སྒྲིལ་ཐོག་ཤུགས་བརྒྱག་དགོས། སྔར་གྱི་ལོ་རྒྱུས་བཤད་ནས་ཕན་ཐོགས་གི་མ་རེད། ཐེངས་འདིའི་གྲོས་གཞིའི་ནང། དམངས་གཙོའི་འཕེལ་རིམ་དང་ཉམ་ཐག་ལ་རོགས་སྐྱོར་སོགས་བཀོད་འདུག དམངས་གཙོའི་འཕེལ་རིམ་ཐད་ཆོལ་ཁའི་ངོས་ནས་ཤུགས་བརྒྱག་དགོས་ས་སྤྱི་འཐུས་རེད། སྤྱི་འཐུས་ཟེར་བ་དེ་བོད་སྤྱི་བའི་དོན་དུ་བཤད་ཕོད་པ་དང་བསྒྲུབ་ཕོད་པ། ལས་རྒྱུན་རིང་ཚོགས་འདུར་དག་དག་བཅར་ཐུབ་མཁན་ཞིག་ཡིན་དགོས། མིང་ཙམ་ལས་གང་ཡང་མ་འཇོན་ན། སྤྱིར་བོད་པའི་རྩ་དོན་དང་སྒོས་མདོ་སྨད་ཆོལ་ཁར་གྱོང་ཆེན་པོ་རེད། གཞན་གོ་ཐོས་ལྟར་ན། བོད་ནས་གསར་དུ་འབྱོར་བ་མང་པོ་ཞིག་ལ་དཀའ་ངལ་ཆེན་པོ་ཡོད་རབས་འདུག ལས་ཀ་མེད་པའི་དཀའ་ངལ་དང་ཟ་རྒྱུ་འཐུང་རྒྱུ་མེད་པའི་དཀའ་ངལ་སོགས་གོ་རྒྱུ་འདུག ཁོང་ཚོར་བདག་པོ་བརྒྱག་དགོས་པ་རེད། ལས་མེད་བཟོ་གྲྭ་ལྟ་བུ་འཛུགས་ཐུབ་པ་རེད་དམ་མ་རེད། དེ་ལ་ངེས་པར་དུ་དགོངས་པ་བཞེས་དགོས། ཞེས་གསུངས་སོང།

 

དེའི་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མདོ་སྨད་ཆོལ་ཁའི་སྔར་གྱི་ལས་དོན་ཁག་ཅིག་ངོ་སྤྲོད་གནང་དོན། དེ་རིང་མདོ་སྨད་ཀྱི་ཚོགས་ཆེན་ཡིན་སྟབས། རང་བཞིན་གྱིས་མདོ་སྨད་ཀྱི་སྐད་ཆ་མང་པོ་ཞིག་བཤད་དགོས་པ་ཆགས་ཡོད། བཙན་བྱོལ་ནང་མདོ་སྨད་ཀྱི་མི་འབོར་ཧ་ཅང་ཉུང་ཉུང་ཡིན་རུང་ལས་དོན་གང་ཅིར་རྗེས་ལུས་ཐེབས་མྱོང་མེད། བཙན་བྱོལ་དུ་སླེབས་ཏེ་གཞུང་འཛིན་མིན་པའི་སྒྲིག་འཛུགས་དང་པོ་དེ་མདོ་སྨད་ཀྱིས་བཙུགས་ཡོད། དར་རྒྱས་གླིང་དུ་རྒྱལ་ཡོངས་མདོ་སྨད་ཆིག་སྒྲིལ་ཚོགས་པ་ཟེར་བ་དེ་རེད། སྔར་ལོ་བོད་ཡུལ་ཆོལ་ཁ་གསུམ་ནང་ཞི་རྒོལ་བྱུང་སྐབས། མདོ་སྨད་ཕྱོགས་སུ་ཟླ་ ༢ ཚེས་ ༢༢ ནས་ཞི་རྒོལ་མགོ་འཛུགས་བྱས་ཡོད། ང་དེ་རིང་འདིར་སྐུ་མགྲོན་གཙོ་བོའི་མིང་ཐོག་ནས་བཅར་ཡོད་ཀྱང་། སྤྱིར་མདོ་སྨད་རྒྱུན་ལས་ཀྱི་ཚོགས་མི་ཞིག་ཡིན། ལས་རྒྱུན་རིང་མདོ་སྨད་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་འཚོགས་ཡོད། དེ་ནི་ཆབ་སྲིད་ཀྱི་གནད་འགག་ཆེན་པོ་ཞིག་ཏུ་མཐོང་གིན་ཡོད། ཐེངས་འདིར་རྒྱུན་ལས་གསར་བ་སུ་ཞིག་ཕེབས་ཀྱང་། སྔར་ལོ་ནས་འཆར་གཞི་སྒྲིག་ཡོད་པའི་དྲ་རྒྱ་ཞིག་དང་ཉམ་ཐག་ལ་རོགས་སྐྱོར་གྱི་ལས་གཞི་དེ་ངེས་པར་དུ་ལག་བསྟར་བྱ་ཐུབ་པ་གནང་དགོས། གོང་དུ་ལས་སྡོམ་སྙན་སྒྲོན་སྐབས། མདོ་སྨད་དབུས་རྒྱུན་ལ་ད་སྐབས་མ་དངུལ་སྒོར་ས་ཡ་ ༣ ལྷག་ཡོད་རབས་འདུག གཏོང་ས་ཞིག་ལ་གཏོང་དགོས་པ་རེད། གསོག་བཞག་སྟེ་ཡོང་རྒྱུ་ཡོད་པ་མ་རེད། ཅེས་གསུངས་སོང།

 

ཡང་ཁོང་གིས་བོད་རྒྱའི་གནད་དོན་དང་འབྲེལ་ཏེ་ཆབ་སྲིད་སྐོར་གསུངས་དོན། རྒྱ་གཞུང་གིས་༧རྒྱལ་བ་རིན་པོ་ཆེ་ཕྱི་རྒྱལ་ཁག་ཏུ་ཕེབས་རྒྱུ་དང་། རྒྱལ་སྤྱིའི་སྡིངས་ཆ་ཁག་ཏུ་བོད་དོན་གླེང་སློང་ལ་བཀག་འགོག་སྔར་ལས་ཤུགས་ཆེ་རུ་བཏང་སྟེ། ༧རྒྱལ་བ་རིན་པོ་ཆེ་ཁེར་རྐྱང་ལ་འཕུད་རྒྱུར་འབད་བརྩོན་བྱེད་ཀྱིན་འདུག འཛམ་གླིང་དཔལ་འབྱོར་ཉམས་རྒུད་ཀྱི་གོ་སྐབས་བཟུང་སྟེ། བོད་ནང་གི་བོད་མི་ཚོར་སྲོག་ཁྲིམས་དང་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་ཀྱིན་འདུག དེ་བཞིན། བཙན་བྱོལ་བོད་གཞུང་གི་དངུལ་གྱི་ཡོང་ཁུངས་རྩད་གཅོད་དང་བཀག་འགོག་བྱེད་ཀྱིན་མེད་དམ་སྙམ་པའི་དོགས་པ་ཡོད། གང་ཡིན་ཟེར་ན། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་དང༌། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་བཅས་ལ་གནོན་ཤུགས་སྤྲད་དེ། རོགས་ཚོགས་རིམ་གྱིས་ཆད་རྒྱུར་ཉེན་ཁ་འདུག རྒྱ་གཞུང་གིས་དངུལ་སྤྲད་དེ་ཉེ་ཆར་ཧིན་རྡུའི་དུས་བབ་གསར་ཤོག་གི་ཤོག་ངོས་ ༤ དང༌། ལྷོ་ཨ་ཧྥི་རི་ཀའི་ཤར་ཕྱོགས་མ་ལ་ཝེ་དུས་བབ་གསར་ཤོག་གི་ཤོང་ངོས་ ༥ བཅས་ལ། བོད་དོན་རྫུན་བསྒྲགས་ཤུགས་ཆེན་བྱེད་ཀྱིན་འདུག དེ་དག་ལ་བགྲོ་གླེང་གོ་བསྡུར་ཞིབ་ལྷུག་བྱས་ཏེ་གང་དགོས་ཅི་འབབ་ཀྱི་ལས་འཆར་བསྒྲིག་དགོས། ཞེས་བཀའ་སློབ་ལམ་སྟོན་གནང་བྱུང་།

 

དེ་རིང་ཕྱི་དྲོར་ཚོགས་འདུ་མཇུག་སྡོམ་སྟེང་སྐབས་བཅུ་བཞི་བའི་མདོ་སྨད་རྒྱུན་ལས་གསར་འདེམས་གནང་སྟེ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཚོས་རྒྱུན་ལས་གསར་བ་དག་ལ་ཁ་བཏགས་སྒྲོན་འབུལ་ཞུས་ཡོད། ཐེངས་འདིར་བདམས་ཐོན་བྱུང་བའི་རྒྱུན་ལས་ ༧ ནི། ཤེས་བྱ་རྩོམ་སྒྲིག་ཁང་གི་འགན་འཛིན་རྒྱ་རིགས་ཐར་དང་སྤྱི་འཐུས་ཡེ་ཤེས་སྒྲོལ་མ། བྷན་ངྷི་ར་ཀརྨ་དགེ་ལེགས། སྤྱི་འཐུས་སྒྲོལ་མ་འཚོ་མོ། ནོར་བུ་གླིང་ཀའི་མགོན་པོ་དོན་འགྲུབ། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་དཔལ་ལྡན། ངྷ་རམ་ས་ལའི་བསྟན་པའི་དངོས་གྲུབ་བཅས་ཡིན། ཐེངས་འདིར་གྲོས་ཆོད་དོན་ཚན་ ༥ བཞག་ཡོད་པ་ནི། དང་པོ། ༧གོང་ས་མཆོག་གི་སྐུ་ཕྱྭའི་སྐོར་ལ་དོ་དམ་སྟངས་འཛིན་སྔར་ལས་ལྷག་པ་ཡོང་ཐབས་དང། རང་ཁོངས་ནས་༧གོང་ས་མཆོག་ལ་སྐུར་འདེབས་དང་དོལ་ཚོགས་ལ་འབྲེལ་བ་བྱུང་ཚེ་ཆོལ་ཁོངས་ནས་ཕྱིར་འཕུད་བྱ་རྒྱུ། གཉིས་པ། བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་སླད་དྲ་རྒྱ་ཚད་ལྡན་ཞིག་གང་མགྱོགས་བཟོ་ཐུབ་པ་བྱ་རྒྱུ་དང། གཞིས་ལུས་བོད་མིའི་ཞི་རྒོལ་ལ་གདུང་སེམས་མཉམ་སྐྱེད་ཆེད་ལོ་ལྟར་འཆར་ཅན་རྗེས་དྲན་ཞུ་རྒྱུ། གསུམ་པ། དམངས་གཙོའི་འཕེལ་རིམ་དང་ཤེས་ཡོན་ཡར་རྒྱས་གཏོང་ཕྱིར། མདོ་སྨད་ཚོགས་ཆེན་ཞིག་བསྡུ་སྐོང་གིས་ཆོལ་ཁོངས་རིས་མེད་བཀའ་ཁྲིའི་འོས་གཞི་འཚོལ་ཞིབ་ཀྱིས་སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ལགས་ཀྱི་དྲ་ཐོག་དང་གསར་ལམ་ཁག་ཏུ་གང་ཐུབ་བསྒྲག་རྒྱུ་དང། བོད་མིའི་གྲངས་འབོར་མང་དུ་གཏོང་ཕྱིར་མདོ་སྨད་པ་ཕྲུ་གུ་གསུམ་ལས་བརྒལ་རིགས་ལ་དམིགས་བསལ་ལྟ་སྐྱོང་གནང་རྒྱུ། བཞི་པ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་དཔལ་འབྱོར་གོང་དུ་སྤེལ་སླད། དང་བླངས་དཔྱ་དངུལ་འབུལ་འབབ་སྤར་ཆ་གནང་ཐབས་དང་། ཆོལ་ཁོངས་ནས་ཤེས་འཇོན་གཉིས་ལྡན་རྩད་གཅོད་ཀྱིས་གཞུང་དང་སྒྲིག་འཛུགས་ཁག་ཏུ་ལས་ཞབས་སུ་ངོ་སྤྲོད། གློག་ཀླད་ཆེད་མཁས་པ་བློ་བཟང་སྨོན་ལམ་ལགས་ལ་མདོ་སྨད་ཚོགས་ཆེན་སྐབས་བཅུ་བཞི་པས་བསྔགས་བརྗོད་གཟིགས་གསོལ་གནང་རྒྱུ། ལྔ་བ། མདོ་སྨད་དབུས་རྒྱུན་དང་ས་རྒྱུན་དྲག་འདེམས་དང་ལས་དོན་བྱེད་ཕྱོགས་ཐད། མདོ་སྨད་དབུས་རྒྱུན་ལས་བསྟུད་མར་ཅི་འདེམས་འཐུས་པ་དང་། དབུས་རྒྱུན་ལས་ས་གནས་ཁག་ཏུ་ལོ་ལྟར་ཐེངས་རེར་བཅར་རྒྱུ། ཐེངས་འདིར་ཀིརྟི་དགེ་རྩ་ཚོགས་པས་ཧིན་སྒོར་ལྔ་འབུམ་ཞལ་འདེབས་སུ་ཕུལ་བ་དང་བཅས་ཛ་དྲག་ཉམ་ཐག་རོགས་སྐྱོར་མ་དངུལ་ཉར་འཇོག་གིས་རང་ཁོངས་ཉམ་ཐག་ལ་མིག་ཐོག་ལག་ཟིན་གྱིས་ལས་འགུལ་གང་མགྱོགས་སྤེལ་རྒྱུ་བཅས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 17

  1. ཆོས་འཕེལ says:
    ལོ་ 16 སྔོན།

    གཞན་ལ་ལྟ་བའི་མིག་ཡོད་ཀྱང་།། རང་ལ་བལྟ་བའི་མེ་ལོང་དགོས།།

    Reply
  2. སངས་ཕྲུག་སྣ་ལོ། says:
    ལོ་ 16 སྔོན།

    མདོ་སྨད་དབུས་རྒྱུན་སྙིང་བ་རྣམས་ལ་ཐུགས་རྗེ་ཆེ། ཕྱག་ལས་ཡག་པོ་གནང་འདུག
    གསར་པ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ།
    ཕྱག་ལས་ཡག་པོ་གནང་རོགས།

    Reply
  3. ལྷོ་མཐའི་ཕུག་རོན། says:
    ལོ་ 16 སྔོན།

    སྤྱིར་ཡིན་ན་འདིར་ངས་རྟེན་འབྲེལ་ཞུ་དགོས་པའི་དགོས་པ་མ་མཐོང་། གང་ཡིན་ཟེར་ན་ཚོགས་གཙོ་འདེམས་ཐོན་བྱུང་བ་ཧང་སེང་དགོས་དོན་མི་འདུག་ལ། མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ལས་ཀ་ཧུར་ཐག་བྱས་ན་ང་ཚོས་རྟེན་འབྲེལ་ཞུ་དགོས་པ་དང་ཐུགས་རྗེ་དཀའ་དྲིན་ཞུ་ལོས་དགོས་འདོད། གང་ལྟར་རྐུབ་ཅོག་ཚ་བོ་བཟོ་མཁན་མིན་པར་སྨོན།

    Reply
  4. གངས་ཅན། says:
    ལོ་ 16 སྔོན།

    གོང་དུ་དྲ་གྲོགས་ཤིག་གིས། ཤེས་འཇོན་ལྡན་ཞིང་དཔེ་མི་སྲིད་པའི་ཡག་པོ་རྐྱང་སླེབས་འདུག་ཟེར། ཡག་པོ་ཡོད་མེད་རྒྱུན་ལས་རིང་བྱས་འབྲས་ལ་ལྟ་རྒྱུ་ཞིག་རེད། ད་དུང་བསྟོད་པ་མ་སྔ། སྔོན་མ་རྒྱུན་ལས་དང་ཚོགས་གཙོ། སྤྱི་འཐུས་ཀྱི་གཞིས་ཆགས་སུ་ཕེབས་ནས་སྐད་གྲགས་བཞག་པ་ཁ་ཤས་ཤིག་ཡོད་ནི་རེད། སྤྱིར་བཏང་ཨ་མདོ་མི་ཡི་ལས་ཀ་བྱེད་སྟངས་དེ་སྦྲུལ་ལྟ་བུ་ཞིག་ཡིན་ནི་རེད། མགོ་སྦོམ་ཡང་རྔ་མ་ཕྲ་ནི་རེད། ཨ་མདོ་མི་ལ་ཨོང་དོ་མེད་ཅེས་སྡོམ་ཚིག་ཅིག་ཡོད་པ་མ་ཡིན་ནམ། དང་པོ་ཡག་མདོག་ཁ་བོ་ཡོད་ནི་རེད་ད། རྗེས་ལ་ལྷང་ལ་བུད་ནས་མིག་ལ་སྟོན་གི་རེད།

    Reply
  5. རྡོ་རྗེ་ཚེ་བརྟན། says:
    ལོ་ 16 སྔོན།

    རྒྱུན་ལས་གསར་བ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། ལས་ཀའི་ཐོག་གྲུབ་འབྲས་ཐོན་པ་ཞིག་དང་། གྲོས་ཆོད་ལག་ལེན་འཁེལ་བ་ཞིག་གནང་རོགས། དེ་ཡང་ཕྱོགས་སུ་མ་ལྷུང་བ་ཞིག་གནང་བ་གལ་ཆེ། ལྟ་རྟོག་བྱེད་པ་ཡང་རང་གི་གྲོགས་པོ་དང་རང་གི་ཕ་ཡུལ་གཅིག་པ་མ་གཏོགས་མ་མཐོང་ན་རྫབ་ཆེན་རེད། རྒས་གཅོང་དང་ནད་གཅོང་ཅན་ལ་དམིགས་བསལ་གྱི་ལྟ་རྟོག་ཐུབ་པ་དགོས།

    Reply
  6. བདེ་འབྱུང་ says:
    ལོ་ 16 སྔོན།

    ད་འོ་ན་ཨ་ལགས་འཇིགས་མེད་དང་། རྒྱལ་རོང་ཟླ་བ། བཀྲིས་དོན་འགྲུབ་གསུམ་མདོ་སྨད་ཆོལ་ཁོངས་སུ་ཡོད་དམ་མེད། འབྲེལ་བ་བྱུང་བས་མ་ཚད་བོད་ཀྱི་གསོལ་མགྲོན་ཁང་ནས་མཉམ་ཟ་མཉམ་འཐུང་། གོང་ས་མཆོག་དབུ་བསྐོར་གཏོང་བྱད་ཀྱི་སྙན་ཞུ་མཉམ་འབྲི་ཞུས་པ་སོགས་ཀྱིས་་་་་་་་

    Reply
  7. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ཡ་ཡ། དེ་འདྲའི་གྲོས་ཆོད་ཡག་པོ་བཞག་འདུག གལ་གནད་ཆེན་པོ་དང་དམིགས་བསལ་གཅིག་དེ་ཕྲུ་གུ་གསུམ་ལས་མང་བ་སྐྱེས་མཁན་ལ་དམིགས་བསལ་གྱི་ལྟ་རྟོག་གནང་རྒྱུའི་གྲོས་ཆོད་དེ་རེད། དེ་ཁ་གསལ་ཙམ་ཤོད་ཐུབ་མཁན་ཡོད་དམ། ཕྲུ་གུ་གསུམ་ལས་མང་བ་ཞེས་པ་དེ་དམའ་མཐར་ཡང་ཕྲུ་གུ་བཞི་ཡོད་དགོས་པའི་དོན་རེད་དམ། དམིགས་བསལ་གྱི་ལྟ་རྟོག་ཅེས་པ་དེ་ལྟ་རྟོག་ག་ཚོད་ཙམ་གནང་རྒྱུའི་གསལ་ཁ་འདྲ་འདུག་གམ།

    Reply
  8. གངས་རི། says:
    ལོ་ 16 སྔོན།

    ” རང་ཁོངས་ནས་༧གོང་ས་མཆོག་ལ་སྐུར་འདེབས་དང་དོལ་ཚོགས་ལ་འབྲེལ་བ་བྱུང་ཚེ་ཆོལ་ཁོངས་ནས་ཕྱིར་འཕུད་བྱ་རྒྱུ། “འདི་འདྲའི་ཚིག་བཙན་པོ་ཞིག
    སྨྲ་བརྗོད་རང་དབང་ཟེར་བ་༧གོང་ས་མཆོག་གིས་མར་གསོལ་རས་བསྩལ་ཡང་ཞབས་ནས་ཁས་ལེན་མི་བྱེད་པ་འདི་ཁྱད་མཚར་ཞེ་བོ་རེད།

    Reply
  9. བདེ་འབྱུང་ says:
    ལོ་ 16 སྔོན།

    དྲ་གྲོགས་གངས་སྐྱིད་འདི་ཅང་དབུ་ཚོས་མཁན་ཞིག་མིན་པ་འདྲ། ད་དུང་སྤྱི་ཚོགས་སྟེང་གི་ཁྲམ་པའི་རིགས་གདུགས་དཀར་ཚེ་རིང༌། བླ་བྲང་སྐལ་བཟང་ལྟ་བུའི་མཚན་ནས་འབོད་གྱི་འདུག གྱི་ལིང་ཆོལ་ཁར་རྟ་རྫོགས་ནས་བོང་གུར་རེ་བའི་ཚད་ལ་སླེབས་པ་རེད་པས། ད་ལྟའི་རྒྱུན་ལས་ཚོ་ཤེས་འཇོན་དང་རྣམ་པ་གང་ཚང་མི་འདུག མི་སྲིད་པའི་ཡག་པོ་རྐྱང་སླེབས་བཞག

    Reply
  10. གངས་ཅན། says:
    ལོ་ 16 སྔོན།

    རྒྱུན་ལས་གསར་པ་རྣམས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ཆབས་ཅིག་ལས་དོན་སྔར་ལྷག་ཚགས་ཚུད་དང་ཡར་རྒྱས། སྲ་བརྟན་བཅས་ཡོང་བའི་སྨོན་ལམ་འདེབས། ལྷག་དོན་གྲོས་ཆོད་རྣམས་ཡིག་ཐོག་ཏུ་མི་ལྷག་པར་ལག་ལེན་དུ་བཀལ་ཏེ་དོན་ཐོག་ཏུ་སྨིན་པར་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་རེད། སྔོན་མ་གོ་ཐོས་ཤིག་ལ། ༢༠༠༠ ལོར་མདོ་སྨད་ཆོལ་ཁའི་སྤྲོ་སྐྱིད་ཅིག་གི་སྐབས་མདོ་སྨད་ཀྱི་དཔོན་རིགས་རྣམས་༸གོང་ས་མཆོག་གི་སྐུ་མདུན་དུ་བཅར་སྐབས། ༸གོང་ས་མཆོག་གིས་ད་ཁྱེད་ཅག་ལ་མ་འོངས་པའི་ལས་ཀ་དང་འཆར་གཞི་ག་རེ་ཡོད་ཅེས་འདྲི་དུས། ཁོང་ཚོས་ ད་ང་ཚོས་དེང་སྐབས་མདོ་སྨད་ནས་ཡོང་བའི་སློབ་གྲྭ་ཆེན་མོ་བ་དང་ཤེས་ཡོན་ཅན་མང་པོ་ཞིག་འདུག མ་འོངས་པར་དེ་དག་ཕྱི་རྒྱལ་དུ་སློབ་སྦྱོང་དུ་འགྲོ་བའི་གོ་སྐབས་བསྐྲུན་པ་དང། གསོ་སྐྱོང་ལེགས་པོ་ཞིག་བྱེད་རྒྱུ་ཡིན་སྐོར་ཞུས་ཡོད་པ་གོ་ཐོས་བྱུང་། ཡིན་ནའང་། ད་ལྟ་བར་དུ་གཞོན་སྐྱེས་འདི་བཏང་སོང་ཟེར་ནས་གོ་ཚོར་མ་བྱུང་། ངས་འདི་ལྟར་བཤད་པ་ནི་ད་ཐེངས་ཀྱི་རྒྱུན་ལས་རྣམས་གཞེན་སྐུལ་གྱི་ཚུལ་དུ་ཞུས་པ་ཡིན།

    Reply
  11. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ད་སོ་མ་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་སྔ་དྲོ་སྐབས་བཅུ་བཞི་བའི་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བ་རྣམས་ལྷན་འཛོམས་གནང་སྟེ། བོད་མི་མང་སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས་སྐབས་བཅུ་བཞི་བའི་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཚོགས་གཙོ་དང་། ནོར་གླིང་མགོན་པོ་དོན་འགྲུབ་ལགས་ཚོགས་གཞོན། ཤེས་བྱ་རྩོམ་སྒྲིག་ཁང་གི་འགན་འཛིན་རྒྱ་རིགས་ཐར་ལགས་དྲུང་ཆེ་བཅས་ལ་བསྐོ་བཞག་གནང་ཡོད་འདུག

    Reply
  12. བློ་བཟང་མཁྱེན་བརྩེ། says:
    ལོ་ 16 སྔོན།

    ཟླ་བ་ཚེ་རིང་དགོངས་པ་ཞུས་ཚརདེ་ཏག་ཏག་འགྲིགས་འདུག དེ་མིན་ངསཁོ་ལ་ནག་འདེད་ཅིག་བྱ་བསམ་ཡོད། ད་དང་ཨ་ལགས་འཇིགསམེད་དང་བཀྲ་ཤིས་དོན་གྲུབ་གཉིས། ཁོ་ཚེ་ཚུལ་ཁྲྱིམས་ཀྱི་སྐོར་དེད་དང་གསལ་པོ་ཆགས་མ་སོང༌། ཁྱི་སྤྱང་ངན་འབྲེལ་བྱས་མེད་པའི་སྨོན་ལམ།

    Reply
  13. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    དྲ་གྲོགས་གངས་སྐྱིད་ལགས། ཁ་སང་ཕྱི་དྲོའི་ཆུ་ཚོད་ ༦ སྟེང་། ཡོངས་གླིང་སློབ་གྲྭའི་འགན་འཛིན་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་རྣམ་གཉིས་མདོ་སྨད་ཚོགས་ཆེན་སྟེང་། འོས་བསྡུས་འགན་འཛིན་ལ་ཆེད་དུ་གདན་དྲངས་པ་ལྟར་ཕེབས་ཏེ། ཚོགས་ཞུགས་པ་ཡོངས་ཀྱིས་འོས་ཤོག་བླུགས་ཏེ། རྒྱུན་ལས་བདམས་ཐོན་བྱུང་བ་དག་ལས་འོས་གྲངས་མཐོ་ཤོས་དེ་བསྐྱར་དུ་རྒྱལ་རོང་ཟླ་བ་ཚེ་རིང་ཆགས་ཡོད་ཀྱང་། ཁོང་གིས་ཨུ་ཚུགས་མཐར་བསྐྱལ་གྱིས་སྐབས་བཅུ་བཞི་བའི་མདོ་སྨད་དབུས་རྒྱུན་རིང་གནས་སྐབས་དགོངས་པ་ཞུས་སོང་། དེ་བཞིན་ནོར་གླིང་སྒྲོན་དཀར་སྐྱབས་ཀྱང་རྒྱུན་ལས་ནང་འོས་ཐོབ་ཡོད་ཀྱང་། དགོངས་པ་ཞུས་སོང་། དེ་ལྟར་མཇུག་མཐར་གོང་གི་མི་དེ་བདུན་གཏན་འཁེལ་བ་བྱུང་སོང་མོད། ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ་སོགས་ཐག་གཅོད་བྱེད་ཐུབ་མ་སོང་། དེ་ནི་རྒྱུན་ལས་ནང་ཁུལ་ནས་བཀའ་བསྡུར་བྱས་ཏེ་བསྐོ་འཇོག་བྱ་དགོས་པ་ཞིག་ཡིན་པ་འདྲ།

    Reply
  14. གངས་སྐྱིད། says:
    ལོ་ 16 སྔོན།

    ད་འུ་ཚོའི་ཚོགས་གཙོ་དེ་སུ་ཞིག་རེད། ང་ཚོའི་མྱི་གྲགས་ཅན་ཧོར་གཙང་འཇིགས་མེད་དང༌། གདུགས་དཀར་ཚེ་རིང༌། བླ་བྲང་སྐལ་བཟང་དེ་ཚོ་ད་གར་སོང་མི་འདུག རྒན་ལྷ་མོ་སྐྱབས་ཀྱང་ཕྱིན་ཐལ། ད་སུས་ཚོགས་གཙོ་བྱེད་ཀྱི་རེད། ཚོགས་གཙོ༌༌༌༌༌༌༌༌༌༌༌༌༌༌༌
    ཚོགས་གཞོན༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌་ དྲུང་ཆེ་༌༌༌༌༌༌༌༌༌༌༌

    Reply
  15. གངས་ཕྲུག says:
    ལོ་ 16 སྔོན།

    རྒྱུན་ལས་གསར་བ་རྣམས་ལ་མཚམས་དྲི་ཞུ།

    ཚོགས་གཙོ་མཆོག་གི་གསུངས་བ་དེ་དག་ལ་ང་ཚོས་ངེས་པར་དུ་དོ་སྣང་བྱེད་དགོས་འདུག “ཡང་ཁོང་གིས་བོད་རྒྱའི་གནད་དོན་དང་འབྲེལ་ཏེ་ཆབ་སྲིད་སྐོར་གསུངས་དོན། རྒྱ་གཞུང་གིས་༧རྒྱལ་བ་རིན་པོ་ཆེ་ཕྱི་རྒྱལ་ཁག་ཏུ་ཕེབས་རྒྱུ་དང། རྒྱལ་སྤྱིའི་སྡིངས་ཆ་ཁག་ཏུ་བོད་དོན་གླེང་སློང་ལ་བཀག་འགོག་སྔར་ལས་ཤུགས་ཆེ་རུ་བཏང་སྟེ། ༧རྒྱལ་བ་རིན་པོ་ཆེ་ཁེར་རྐྱང་ལ་འཕུད་རྒྱུར་འབད་བརྩོན་བྱེད་ཀྱིན་འདུག འཛམ་གླིང་དཔལ་འབྱོར་ཉམས་རྒུད་ཀྱི་གོ་སྐབས་བཟུང་སྟེ། བོད་ནང་གི་བོད་མི་ཚོར་སྲོག་ཁྲིམས་དང་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་ཀྱིན་འདུག དེ་བཞིན། བཙན་བྱོལ་བོད་གཞུང་གི་དངུལ་གྱི་ཡོང་ཁུངས་རྩད་གཅོད་དང་བཀག་འགོག་བྱེད་ཀྱིན་མེད་དམ་སྙམ་པའི་དོགས་པ་ཡོད། གང་ཡིན་ཟེར་ན། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་དང༌། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་བཅས་ལ་གནོན་ཤུགས་སྤྲད་དེ། རོགས་ཚོགས་རིམ་གྱིས་ཆད་རྒྱུར་ཉེན་ཁ་འདུག རྒྱ་གཞུང་གིས་དངུལ་སྤྲད་དེ་ཉེ་ཆར་ཧིན་རྡུའི་དུས་བབ་གསར་ཤོག་གི་ཤོག་ངོས་ ༤ དང༌། ལྷོ་ཨ་ཧྥི་རི་ཀའི་ཤར་ཕྱོགས་མ་ལ་ཝེ་དུས་བབ་གསར་ཤོག་གི་ཤོང་ངོས་ ༥ བཅས་ལ། བོད་དོན་རྫུན་བསྒྲགས་ཤུགས་ཆེན་བྱེད་ཀྱིན་འདུག དེ་དག་ལ་བགྲོ་གླེང་གོ་བསྡུར་ཞིབ་ལྷུག་བྱས་ཏེ་གང་དགོས་ཅི་འབབ་ཀྱི་ལས་འཆར་བསྒྲིག་དགོས། ཞེས་བཀའ་སློབ་ལམ་སྟོན་གནང་བྱུང།”

    ད་དངོས་ནས་རྒྱ་འདྲེ་དེ་ཚོས་འཕག་ཚག་ས་མཆོངས་གནམ་མཆོངས་བྱེད་ཀྱི་འདུག རྒྱ་འདྲེས་དྲིལ་བསྒྲགས་ཚོགས་ཆུང་ཆེད་བཙུགས་བྱས་ཏེ་བོད་རྙིང་བ་ནི་ཆེས་ཀླ་ཀློ་དང་། ཆེས་མུན་ནག ཆེས་གདུག་རྩུབ་ཡིན་ཚུལ་དང་། རྒྱ་འདྲེའི་བཙན་འཛུལ་རྗེས་བོད་མི་རྣམས་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཞིང་བོད་ཁྱོན་ཡོངས་ལ་གནམ་ས་བླ་འོག་ལྟ་བུའི་གྱུར་ལྡོག་ཕྱིན་ཡོད་རབས་རྒྱ་ནག་ནང་ལྟ་ཅི། ཉེ་ཆར་ནས་བཟུང་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡང་གསར་འགོད་བསྒྲགས་གཏམ་སྤེལ་བ་དང་། འགྲེམས་སྟོན་བྱེད་པ། གློག་བརྙན་སྟོན་པ། ཡུ་ཊུབ་སོགས་དྲྭ་རྒྱ་བརྒྱུད་དྲིལ་བསྒྲགས་ཚ་ཚ་འུར་འུར་ངང་སྤེལ་གྱིན་འདུག་པས་ང་ཚོས་ཀྱང་ཁ་གཏད་གཅོག་དགོས་པའི་དུས་ལ་བབ་འདུག ད་རེས་གཟའ་ཉི་མ་ནས་ཁེ་ཎ་ཌའི་གྲོང་ཁྱེར་མོན་ཊིརལ་ནང་རྒྱ་འདྲེས་དེ་ལྟའི་ཱགྲེམས་སྟོན་དང་དྲིལ་བསྒྲགས་ཤུགས་ཆེ་ཞིག་སྤེལ་འཆར་ཡོད་འདུག།

    Reply
  16. མདའ་དཔོན says:
    ལོ་ 16 སྔོན།

    ཆོ༹གས་གཅོ༹་གསར་བ་དག་ལ་རྟེན་འབྲེལ་ཞུ།

    Reply
  17. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    ཡག་པོ་བྱུང་འདུག འགན་ཁུར་དང་དུ་བླངས་འདུག ཀིརྟི་ཚང་གིས་ཕྱག་དངུལ་གནང་བར་ཐུགས་རྗེ་ཆེ་ཞུ། དེང་སྐབས་དངུལ་མེད་ན་ཅི་ཡང་བྱེད་མི་ཐུབ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese