མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་གཞུང་ལ་བསྒྲུབ་བྱ་རྣམ་པ་གཉིས་ཡོད།

བོད་ཀྱི་དུས་བབ།
༢༠༠༩/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་མཆོག་གི་ད་ལྟའི་བཞེངས་ཕྱོགས་གསལ་བོར་བསྟན་པ། སྔར་ལོ་རྒྱ་ནག་ལ་སྤྲད་པའི་བོད་རིགས་ཡོངས་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་རེད། རྒྱ་གཞུང་གིས་ཡིག་ཆ་དེར་རྒྱུ་མཚན་དང་ལྡན་པའི་ལན་འདེབས་ཤིག་མ་རྙེད་སྟབས། བར་ལམ་ཞིག་ནས་མི་རིགས་ས་གནས་རང་སྐྱོང་གི་ལྟ་གྲུབ་ནོར་འཁྲུལ་རེད། མར་ཁུ་སི་དང་ལེ་ཉིན་གྱི་ལྟ་གྲུབ་དེ་འགྲིག་གིན་མི་འདུག་ཟེར་བའི་རྩོམ་ཡིག་མང་པོ་ཞིག་ཐོན་ཡོང་གིན་འདུག དེ་དག་གིས་གང་ཞིག་སྟོན་གྱིན་ཡོད་ཟེར་ན། རྒྱ་གཞུང་གིས་ད་ལྟའི་རྩ་ཁྲིམས་རྩིས་མེད་གཏོང་སྲིད་པ་དང་། ཡང་ན་རྩ་ཁྲིམས་བསྐྱར་བཅོས་ཆེན་པོ་ཞིག་གཏོང་མི་སྲིད་པ་མིན་པ་དེ་རེད་ཟེར།

 

བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་མཉམ་ཞིབ་ཁང་གི་འཆར་ཅན་གྱི་གོ་སྒྲིག་ལྟར། ཕྱི་ཚེས་ ༩ ཉིན་ནས་མགོ་འཛུགས་ཀྱིས། དེང་གི་ན་གཞོན། མ་འོངས་མགོ་ཁྲིད། ཅེས་པའི་བརྗོད་གཞིའི་ཐོག་རྒྱ་གར་ནང་གི་མཐོ་སློབ་ཁག་ ༡༡ གི་བོད་རིགས་སློབ་མ་ ༤༣ ཙམ་ལ་ཟབ་སྦྱོང་ཞིག་སྤྲོད་ཀྱིན་ཡོད་པ་དང༌། དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ནས་ཉིན་གུང་ཆུ་ཚོད་ ༡ བར་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང༌། སྔར་ལོ་རྒྱ་ནག་ལ་སྤྲད་པའི་༼ བོད་རིགས་ཡོངས་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར། ༽ བཅས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་ལ། སློབ་མ་རྣམས་ཀྱི་དྲི་བར་ལན་འདེབས་ཀྱང་གནང་ཡོད། ཐོག་མར་བཀའ་ཁྲི་མཆོག་གིས་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ངོ་སྤྲོད་གནང་དོན། བོད་བཙན་བྱོལ་གཞུང་གི་སྲིད་བྱུས་ཀྱི་གཞི་རྩ་ཇི་ལྟར་ཡོང་ཡོད་ཟེར་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང༌། གཙོ་བོ་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། མང་གཙོ་མཉམ་འབྲེལ། ཞེས་བཀོད་ཡོད། ཆོས་སྲིད་ཟུང་འབྲེལ་དང་ཆོས་ལུགས་རིས་མེད་ལ་ལྟ་སྟངས་གཉིས་ཡོད། དེང་གི་མང་གཙོའི་རྒྱལ་ཁབ་ཁག་ནང་ཆོས་སྲིད་ཟུང་འབྲེལ་ཅན་མང་པོ་ཡོད་ལ། ཆོས་སྲིད་ཟུང་འབྲེལ་བྱས་ཏེ་དམངས་གཙོ་ལ་འགོག་རྐྱེན་འཕྲད་པ་དེ་འདྲ་ཡང་ཡོད། ཁ་ཤས་ཆོས་ལུགས་རིས་མེད་དང་དམངས་གཙོ་གཉིས་ཀ་ཡིན་པའང་ཡོད། ནུབ་ཕྱོགས་པ་མང་པོས་ཆོས་ལུགས་རིས་མེད་མ་བྱུང་ན། དམངས་གཙོ་ཆ་ཚང་ཡོང་ཐབས་མེད་པའི་བསམ་ཚུལ་འཛིན་མཁན་ཡོད།

 

ད་ལྟ་ང་ཚོས་ལག་ལེན་བསྟར་བཞིན་པའི་བཅའ་ཁྲིམས་དེ་ཆོས་སྲིད་ཟུང་འབྲེལ་གྱི་དམངས་གཙོ་རེད། ཨེ་ཤ་ཡའི་ནང་ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་ཁབ་མང་པོ་ཡོད། སྔོན་མ་འབར་མ་རྒྱུན་རིང་ལ་དམངས་གཙོ་བྱས་ཏེ་བསྡད་པ་རེད། ཁོང་ཚོའི་དམངས་གཙོའི་རྩ་ཁྲིམས་དེའང་ཆོས་སྲིད་ཟུང་འབྲེལ་ནང་པའི་རྒྱལ་ཁབ་ཡིན་ཟེར་གྱིན་ཡོད་ལ། ཐེ་ལན་ཊི་ནི་ཆོས་སྲིད་ཟུང་འབྲེལ་རྒྱལ་བོ་དབུ་བཞུགས་ཀྱི་དམངས་གཙོའི་རྩ་ཁྲིམས་རེད། ཤི་རི་ལངྐ་དབྱིན་ཇུའི་འོག་ནས་རང་བཙན་ཐོབ་རྗེས་ནང་པའི་ཆོས་སྲིད་ཟུང་འབྲེལ་དམངས་གཙོའི་རིང་ལུགས་རེད། དེར་བརྟེན། ཆོས་ལུགས་རིས་མེད་མིན་ན་དམངས་གཙོ་ཡོང་ཐབས་མེད་པའི་བསམ་ཚུལ་དེ་ནོར་འཁྲུལ་རེད། ནུབ་ཕྱོགས་རྒྱལ་ཁབ་མང་པོའི་རྩ་ཁྲིམས་ནང་ཆོས་ལུགས་རིས་མེད་བཀོད་ཡོད་ཀྱང༌། དངོས་སུ་ལག་བསྟར་བྱེད་མཁན་ཁག་པོ་རེད། དམངས་གཙོ་ཚད་མཐོན་པོ་ཡིན་ཟེར་བའི་རྒྱལ་ཁབ་ཁག་ཏུའང་ཆབ་སྲིད་དབང་འཛིན་པ་འོས་འདེམས་སྐབས། ཆོས་ལུགས་ངེས་ཅན་ཞིག་མ་གཏོགས་ཆོས་ལུགས་གང་ཡིན་སླེབས་རྒྱུ་ཁག་པོ་ཡོད། ཅེས་གསུངས་བྱུང༌།

 

ཁོང་གིས་མུ་མཐུད་དུ་བོད་པའི་ཆོས་སྲིད་ཟུང་འབྲེལ་ཟེར་བ་དེར་ཆོས་ལུགས་ལ་ཁྱད་པར་མེད་སྐོར་གསུངས་དོན། ང་ཚོའི་སྤྱི་འཐུས་གྲོས་ཚོགས་ནང་ཆོས་ལུགས་ཆོས་བརྒྱུད་ཀྱི་འཐུས་མི་ཡོད་པ་དམངས་གཙོའི་ལྟ་གྲུབ་དང་འགལ་གྱིན་མེད་འགྲོ་སྙམ་མཁན་ཡོད། སྤྱི་འཐུས་ནང་ཆོས་ལུགས་ཆོས་བརྒྱུད་ཡོད་པ་ཙམ་གྱིས་ལྟ་གྲུབ་ཀྱི་ཐོག་ནས་ཡང་དག་པའི་དམངས་གཙོའི་རིང་ལུགས་ལ་འགྲོ་མ་ཐུབ་པ་གང་ཡང་མེད། འོན་ཀྱང༌། ལག་ལེན་བསྟར་སྐབས་གང་ཟག་སོ་སོའི་རྣམ་དཔྱོད་དང་དམངས་གཙོའི་ལེགས་བྱང་ཡོད་མེད་ཀྱི་ཐོག་ནས་མཚམས་རེར་ཡ་མཚན་གྱི་མཐོང་སྣང་ཡོང་གིན་ཡོད། དེ་གང་ཟག་གི་སྐྱོན་རེད་མ་གཏོགས། ལྟ་གྲུབ་དང་རིང་ལུགས་ཀྱི་སྐྱོན་མ་རེད། ཡུ་རོབ་རྒྱལ་ཁབ་ཁག་གི་གྲོས་ཚོགས་སུའང་ཆོས་ལུགས་ཆོས་བརྒྱུད་ཀྱི་སྐུ་ཚབ་ཡོད་པ་ཁ་ཤས་ཡོད། ང་ཚོའི་ཆོས་སྲིད་ཟུང་འབྲེལ་དེ་ཆོས་ལུགས་བྱེ་བྲག་པ་ཞིག་ལ་ངོས་འཛིན་བྱས་མེད། གོང་དུ་དྲངས་པའི་ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་ཁབ་ཁག་གི་ཆོས་དེ་ནང་པ་དང༌། ཡང་ན་ཁ་ཆེ་ཆོས་ལུགས་རྐྱང་པ་རེད། ང་ཚོའི་ཆོས་སྲིད་ཟུང་འབྲེལ་གྱི་ཆོས་དེ་ནང་པ་ཡིན་ཟེར་གི་མེད་ལ། ཁ་ཆེ་ཡིན་ཡང་ཟེར་གི་མེད། མ་འོངས་པར་བོད་པའི་སྤྱི་ཚོགས་ནང་ཡི་ཤུ་དང་ཁ་ཆེ། ཧིན་ངྷི་སོགས་ཀྱི་ངོས་འཛིན་ཐུབ་པའི་མི་འབོར་སླེབས་ན། དེ་དག་ལའང་སྤྱི་འཐུས་ཀྱི་ཐོབ་ཐང་རྩོད་པ་དང་རག་པའི་ལམ་ཁ་ཡོད། ང་ཚོའི་ཆོས་སྲིད་ཟུང་འབྲེལ་དེ་ཧ་ཅང་ཁྱབ་ཆེན་པོ་རེད།

 

ཐོག་མ་ང་ཚོས་བཅའ་ཁྲིམས་ཟིན་བྲིས་རྒྱག་སྐབས་ཆོས་སྲིད་ཟུང་འབྲེལ་ཟེར་བ་དེ་ཡོད་པ་མ་རེད། ཆོས་ལུགས་རིས་མེད་བཀོད་ཡོད། ནུབ་ཕྱོགས་པའི་ secularism ཟེར་བའི་ཚིག་དེར་འགྲེལ་བ་རྒྱག་སྟངས་ཉི་ཤུ་རྩ་གྲངས་ཡོད། སྤྱི་ཡོངས་ཀྱིས་ཆོས་མེད་རིང་ལུགས་དང་ཆོས་འགལ་རིང་ལུགས། ཆོས་ལུགས་རིས་མེད་གསུམ་རེད། ནུབ་ཕྱོགས་པའི་ secularism ཟེར་བ་དེ། ཆོས་ཀྱིས་ཆབ་སྲིད་ནང་ཇུས་གཏོགས་མེད་པ་དང༌ཆབ་སྲིད་འཛིན་སྐྱོང་ནང་ཆོས་དེ་བསམ་བློ་གཏོང་སའི་གཞི་རྩ་མིན་པ་ཞིག་རེད། འོན་ཀྱང་ལག་བསྟར་བྱེད་མཁན་དཀོན་པོ་རེད། རྒྱ་གར་གྱི་རྩ་ཁྲིམས་ནང་དུའང་ secularism ཡིན་ཞེས་བཀོད་ཡོད་ཀྱང༌། ཁྲིམས་བཟོའི་ལས་རིམ་ནང་གི་གང་ཟག་སྒེར་གྱི་ཁྲིམས་མང་ཆེ་ཤོས་ཆོས་ལུགས་གཞི་རྩར་བཟུང་ཡོད། ཧིན་ངྷི་བའི་ཁྲིམས་གཞི་དང་། ཁ་ཆེ་བའི་ཁྲིམས་གཞི་ཟེར་སོགས་ཡོད། འོན་ཀྱང་ཆོས་སྲིད་ཟུང་འབྲེལ་ཟེར་བ་དེ་སྐྱོན་ཞིག་ལ་ལྟ་གི་མེད་ལ། བོད་ཀྱི་ལོ་རྒྱུས་ལ་བལྟས་པ་ཡིན་ནའང་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ངོ་བོར་ཆགས་པ་ནས་བཟུང་ད་ལྟའི་བར་ང་ཚོའི་རྒྱལ་ཁབ་ཀྱི་ངོ་བོ་དེ་བོན་སྲིད་ཟུང་འབྲེལ་དང་། ཆོས་སྲིད་ཟུང་འབྲེལ་གང་རུང་གིས་བསྐྱངས་ཡོང་པ་རེད། ཅེས་གསུངས་བྱུང༌།

 

བཀའ་ཁྲི་མཆོག་གིས་བཙན་བྱོལ་བོད་གཞུང་གི་བསྒྲུབ་བྱ་གཙོ་བོ་གཉིས་ངོ་སྤྲོད་གནང་དོན། བཙན་བྱོལ་བོད་གཞུང་གི་བསྒྲུབ་བྱ་རྣམ་པ་གཉིས་རེད། དང་པོ། བོད་མིའི་བདེན་མཐའ་སེལ་ཐབས་དང། གཉིས་པ། བཙན་བྱོལ་བོད་མིའི་བསམ་སྤྱོད་ཀྱི་ཁེ་ཕན་ལ་ལྟ་སྐྱོང་བྱ་རྒྱུ་དེ་རེད། དང་པོ་བོད་དོན་བདེན་མཐའ་སེལ་ཐབས་ཀྱི་སྲིད་བྱུས་ནི། སྤྱི་ལོ་ ༡༩༥༡ ལོའི་ཟླ་ ༥ ཚེས་ ༢༣ ནས་ ༡༩༥༩ ལོའི་ཟླ་ ༤ ཚེས་ ༡༧ བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་གནས་རང་སྐྱོང་འོག བོད་རང་སྐྱོང་ལྗོངས་ཀྱི་ངོ་བོར་བསྡད་པ་རེད། སྤྱི་ལོ་ ༡༩༥༩ ལོའི་ཟླ་ ༤ ཚེས་ ༡༧ ནས་ང་ཚོས་གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་བཏང་ཞིང༌། བོད་རང་བཙན་བསྐྱར་གསོ་གསལ་བསྒྲགས་བྱས་པ་རེད། སྤྱི་ལོ་ ༡༩༧༩ ནས་ད་བར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བ་རེད། དབུ་མའི་ལམ་གྱི་ནང་དོན་བོད་རིགས་ཡོངས་ལ་རང་སྲིད་རང་སྐྱོང་གི་གནས་བབ་ཞིག་ཟེར་གྱིན་ཡོད། རང་སྐྱོང་གི་གནས་བབ་ཐད་ ༡༩༧༩ ནས་ད་བར་འགྱུར་བ་མང་པོ་ཕྱིན་ཡོད། ༸གོང་ས་མཆོག་གིས་ ༡༩༨༧ ལོར་ཨ་རིར་ཞི་བའི་གྲོས་འཆར་དོན་ཚན་ལྔ་བཏོན་པ་རེད། དེ་ཐད་ཀར་ལག་བསྟར་བྱ་རྒྱུ་དེ་འདྲ་མ་རེད། ཁྱོན་ཡོངས་ནས་༧གོང་ས་མཆོག་གི་མ་འོངས་བོད་ཀྱི་འཆར་སྣང་ཞིག་རེད། དེ་གཞི་ལ་བཞག་སྟེ་ ༡༩༨༨ ལོར་སི་ཊ་སི་སྦག་གི་གསུང་བཤད་དེ་བཏོན་པ་རེད།

 

༢༠༠༡ ནས་ ༢༠༠༨ བར་གཞུང་འབྲེལ་གྱི་འབྲེལ་མོལ་ ༧ དང་ཟུར་དུ་གཅིག་བཅས་བྱུང་ཡོད་ལ། དེ་དག་གི་སྐབས་སུ་བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་གཏན་འཁེལ་བ་རེད། འོན་ཀྱང༌། སྐུ་ཚབ་ཚོགས་པར་འགྱུར་བ་འགྲོ་སྲིད་པ་རེད། སྐུ་ཚབ་ཚོགས་ཆུང་གི་སྒྲིག་འཛུགས་ལ་འགྱུར་བ་ཡོད་པ་མ་རེད། ༢༠༠༤ ཙམ་ནས་༧གོང་ས་མཆོག་གི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་དང༌། བཀའ་ཤག་གི་གསུང་འཕྲིན་ནང༌། སྔར་གྱི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་ནས་ཟེར་བར་འགྱུར་བ་བཏང་སྟེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་རྒྱུ་ཞེས་བཀོད་ཡོད། ལངས་ཕྱོགས་གསར་བ་དེར་ཞིབ་ཚགས་ཀྱིས་འགྲེལ་བརྗོད་བྱས་པ་སྔར་ལོ་རྒྱ་ནག་ལ་སྤྲད་པའི་ཡིག་ཆ་དེ་རེད། ཡིག་ཆ་དེ་དང་སི་ཊ་སི་སྦག་གི་གསུང་བཤད་གཉིས་བར་འགྱུར་བ་མང་པོ་ཕྱིན་ཡོད་སྟབས། ང་ཚོས་རྒྱ་ནག་ལ་ ༡༩༨༨ ལོར་ཕར་ཕྱིར་བལྟས་མི་སློག་པར་ ༢༠༠༨ ལོ་གཞི་ལ་བཞག་སྟེ་སྐད་ཆ་བཤད་དགོས་ཟེར་གྱིན་ཡོད། ཅེས་དང༌།

 

ཁོང་གིས་མུ་མཐུད་དུ་གསུངས་དོན། བསྒྲུབ་བྱ་གཉིས་པ་བཙན་བྱོལ་བོད་མའི་བསམ་སྤྱོད་ཀྱི་ཁེ་ཕན་ཟེར་བ་ནི། གལ་ཆེ་ཤོས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་རེད། བཅའ་ཁྲིམས་ཀྱི་ནང་དུ་གསལ་བ་ལྟར། སྔོན་འགྲོ་ནས་འཛིན་གྲྭ་བཅུ་གཉིས་བར་ཤེས་ཡོན་སྲིད་བྱུས་གང་འདྲ་ཞིག་སྲུང་དགོས་པ་འཛིན་སྐྱོང་གིས་འཆར་གཞི་བཀོད་ཅིང༌། གྲོས་ཚོགས་ཀྱིས་གཏན་ལ་ཕབས་པ་ཞིག་རེད། དཔལ་འབྱོར་སྲིད་བྱུས་ཐད། རང་ཁ་རང་གསོ་ཐུབ་པ་མགོ་ཚུགས་ཟིན་ཡོད། ད་ཆར་ང་ཚོས་བུ་ལོན་སྤྲོད་དགོས་ས་གཅིག་ཀྱང་མེད་ལ། ལོ་རེའི་སྔོན་རྩིས་ཁ་མ་འདོམ་པ་འདས་པའི་ལོ་གསུམ་རིང་བྱུང་མེད། གཞུང་གི་ངོས་ནས་ཚོང་དང་འདུ་འགོད་ཀྱི་ལས་ཀ་མི་བྱེད་པ། དེ་དང་ཕྱོགས་མཚུངས་དཔལ་འབྱོར་གྱི་ལས་ཀ་གང་འདྲ་ཞིག་ཡིན་ཡང༌། དང་པོ། འཚེ་བ་མེད་པ། གཉིས་པ། ཁོར་ཡུག་ལ་མི་གནོད་པ། གསུམ་པ། རྒྱུན་གནས་ཐུབ་པ། བཞི་བ། དེའི་གྲུབ་འབྲས་ཀྱིས་དཔལ་འབྱོར་སྐྱོ་ཤོས་བར་སྙོབ་ཐུབ་པ་བཅས་རེད།

 

འཕྲོད་བསྟེན་ལ་མཚོན་ན། སྨན་བཅོས་ལས་སྔོན་འགོག་གལ་ཆེན་དུ་བརྩི་རྒྱུ་དང། དེང་རབས་ལས་སྲོལ་རྒྱུན་སྨན་བཅོས་གལ་ཆེན་དུ་བརྩི་རྒྱུ་བཅས་རེད། ལྷག་པར་དུ་དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ནད་རིགས་སྣ་ཚོགས་ཁྱབ་གདལ་དུ་འགྲོ་བཞིན་ཡོད་སྟབས། སེམས་ཚོར་ཆེན་པོའི་ཐོག་ནས་ནད་རིགས་སྔོན་འགོག་ལ་ཤུགས་སྣོན་རྒྱག་གིན་ཡོད། མ་དང་བཅས་པའི་སྔོན་འགོག་ལ་དམིགས་བསལ་དོ་སྣང་བྱེད་ཀྱིན་ཡོད། དེ་གང་ཡིན་ཟེར་ན། བོད་མི་རིགས་ཀྱི་འདས་པའི་བྱུང་རབས་ལ་བལྟས་ན། མི་བརྒྱ་ལས་སུམ་བཅུ་ནས་བཞི་བཅུ་ཚད་ལས་བརྒལ་བའི་རིག་སྟོབས་ཅན་ཤ་སྟག་བྱུང་ཡོད་ཀྱང་། འདས་པའི་ལོ་ལྔ་བཅུ་དྲུག་ཅུའི་ནང་བོད་ནང་ནས་ཚར་ལོངས་བྱུང་མཁན་དང་བཙན་བྱོལ་ནས་ཚར་ལོངས་བྱུང་མཁན་གང་ཡིན་རུང་དེ་འདྲའི་རིག་སྟོབས་ཅན་འཐོན་རྒྱུ་ཁག་པོ་འདུག མང་ཆེ་ཤོས་འབྲིང་ཙམ་རེད། ཤེས་ཡོན་སྣ་ཁ་མང་ཙམ་ཤེས་ཀྱང་། མཐར་ཕྱིན་པ་གཅིག་ཀྱང་མི་ཤེས། དེ་ཇི་ལྟར་བྱུང་བ་རེད། གཅིག་བྱས་ན་མ་དང་བཅས་པའི་འཕྲོད་བསྟེན་ལ་འབྲེལ་བ་མེད་དམ་སྙམ་གྱིན་ཡོད། ཅེས་གསུངས་བྱུང༌།

 

མཇུག་མཐར་བཀའ་ཁྲི་མཆོག་གིས་སྔར་ལོ་རྒྱ་ནག་ལ་སྤྲད་པའི་ཡིག་ཆ་དེའི་སྐོར་གསུངས་དོན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཡག་པོ་ཞེ་དྲག་ཡོད། དེ་མར་ཁུ་སི་དང་ལེ་ཉེན་གྱིས་མི་རིགས་ལ་འཛིན་པའི་ལྟ་གྲུབ་ཐོག་ནས་ཡོང་བ་རེད། མར་ཁུ་སི་རིང་ལུགས་ནང༌། མི་རིགས་དང་གྲལ་རིམ་གཉིས་ལོགས་སུ་ཕྱེས་ཡོད། གྲལ་རིམ་ལ་འཐབ་རྩོད་དང་མི་རིགས་ལ་མཐུན་སྒྲིལ་དགོས་པ་གསལ་ཡོད། མོའོ་ཡིས་མགོ་ཁྲིད་པའི་རྒྱ་ནག་གུང་ཁྲན་སྲིད་གཞུང་དེ་ཤུགས་ཆེན་པོ་མ་ཆགས་སྔོན་གྱི་སུམ་ཅུ་སོ་གྲངས་ནང༌ར་ཤི་ཡ་དང་གྲོས་ཆོད་སྐབས། རྒྱ་ནག་གི་མི་རིགས་ཚང་མར་རང་ཐག་རང་གཅོད་ཀྱི་ཐོག་ནས་རང་བཙན་བྱ་དགོས་ཞེས་བཀོད་ཡོད་ཀྱང༌། རྗེས་སུ་རང་ཐག་རང་གཅོད་ཀྱི་སྐད་ཆ་དེ་རྩ་ཁྲིམས་ནང་སླེབས་མེད། བོད་རང་སྐྱོང་ལྗོངས་ ༡༩༦༥ ལོ་ནས་ཚུགས་ཀྱང་ད་བར་རང་སྐྱོང་སྲོལ་ཡིག་གཏན་འབེབས་བྱ་ཐུབ་མེད། རང་སྐྱོང་སྲོལ་ཡིག་གཏན་འབེབས་མ་བྱས་བར། བཅའ་ཁྲིམས་ནང་གི་རང་སྐྱོང་ཆ་རྐྱེན་ཁག་ལག་ལེན་བསྟར་རྒྱུའི་མཐུན་རྐྱེན་ཚང་གིན་མེད། རང་སྐྱོང་སྲོལ་ཡིག་གི་ཟིན་བྲིས་ཐེངས་ཁ་ཤས་བཟོས་ཀྱང་ལམ་བར་ནས་འགག་པ་རེད།

 

དཀའ་ངལ་དེ་རིགས་ས་གནས་སྲིད་གཞུང་དང་དབུས་གཞུང་གཉིས་ཕན་ཚུན་ཡིད་ཆེས་ཀྱིས་བསྒྲུབ་པ་ཡིན་ན་ལས་བསླ་བོ་ཞིག་རེད། བོད་པར་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་སྤྲོད་རྒྱུར་རྒྱ་ནག་གི་མགོ་ཁྲིད་ཚོར་ཆབ་སྲིད་ཀྱི་ཆོད་སེམས་ཤིག་དགོས་ལ། ཆོད་སེམས་དེ་བྱུང་ན་ཆུ་ཚོད་ཉེར་བཞིའི་ནང་བསྒྲུབ་ཐུབ། དེ་བསྒྲུབ་པ་ཡིན་ན། བོད་པའི་ངོས་ནས་བལྟས་ན། བོད་མི་རིགས་ཀྱི་མངོན་འདོད་འགྲུབ་པ་རེད་ལ། རྒྱ་ནག་གི་ངོས་ནས་བལྟས་ན། མི་རིགས་ཁ་བྲལ་གཏན་འགོག་བྱ་ཐུབ་པ་མ་ཟད། དུས་ཡུན་རིང་པོར་བོད་དེ་རྒྱ་ནག་གི་མེད་དུ་མི་རུང་བའི་ཆ་ཤས་བྱས་ཏེ་སྡོད་ཐུབ་པ་རེད། དབུས་གཞུང་ལ་ཕྱིའི་རྒྱལ་ཁབ་དང་གཞུང་ཚབ་གཏོང་རེས་ཀྱི་དབང་ཚད་དང་། རྒྱལ་སྲུང་ཆེད་དམག་སྲིད་ཀྱི་དབང་ཚད་གཉིས་ལས་དབང་ཆ་གཞན་དག་ས་གནས་གཞུང་ཁོ་ནར་ཡོད་པ་དང༌། ཡང་ན་དབུས་དང་མཉམ་འབྲེལ་གྱིས་བསྒྲུབ་དགོས་པ་རེད། ཅེས་གསུངས་བྱུང༌།

 

བཀའ་ཁྲི་མཆོག་གིས་རྒྱ་ནག་གཞུང་ཕྱོགས་ནས་རྩ་ཁྲིམས་ལ་བསྐྱར་བཅོས་གཏོང་རྒྱུའི་ཉེན་ཁ་ཡོད་སྐོར་གསུངས་དོན། ད་ལྟ་རྒྱ་ནག་གིས་བོད་མི་ས་ཡ་དྲུག་དེ་དུམ་བུ་ ༡༡ བྱས་ཏེ་དབང་བསྒྱུར་བྱེད་ཀྱིན་ཡོད། སྤྱིར་དེ་འདྲ་བཟོ་དགོས་པའི་རྒྱུ་མཚན་ཡོད་པ་མ་རེད། བོད་ཆོལ་ཁ་གསུམ་གནའ་སྔ་མོ་ནས་ས་འབྲེལ་བྱས་ཏེ་ཆགས་ཡོད་སྟབས། བོད་མི་ས་ཡ་དྲུག་དེ་རྒྱ་ནག་གི་གྲངས་ཉུང་མི་རིགས་ང་དྲུག་ལས་མི་རིགས་གཅིག་རང་ཡིན་ལ། འཛིན་སྐྱོང་གཅིག་གི་འོག་ནས་མི་རིགས་ས་གནས་རང་སྐྱོང་དགོས་ཟེར་གྱིན་ཡོད། རྒྱ་ཕྱོགས་ནས་དེ་ལ་དགག་པ་རྒྱག་གིན་ཡོད་མོད། ཡིག་ཆ་དེའི་དོན་ཚན་གཅིག་ལའང་ཁྲིམས་དང་མཐུན་པའི་དགག་པ་ཞིག་རྙེད་མེད། ང་ཚོའི་བསམ་པར་རྒྱ་ཕྱོགས་ནས་ཡིག་ཆ་དེའི་ནང་གི་ཆ་རྐྱེན་ཁག་ལག་ལེན་བསྟར་གྱིན་ཡོད། ཅེས་ལབ་གི་རེད་དྲན་ཡོད་ཀྱང་། དེ་ལྟར་ཚིག་གཅིག་ཀྱང་ལབ་མེད་པ་དེས་རྒྱལ་སྤྱིའི་ནང༌། རྒྱ་ནག་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གི་ཆ་རྐྱེན་ཁག་ལག་ལེན་བསྟར་མེད་པ་ངོས་ལེན་བྱས་པ་མཚོན་ཡོད།

 

ཡིག་ཆ་དེ་ལ་སྐྱོན་བརྗོད་བྱ་ཆེད་སི་ཊ་སི་སྦག་གི་གསུང་བཤད་དང་ཞི་བའི་གྲོས་འཆར་དོན་ཚན་ལྔ་ལུང་འདྲེན་བྱེད་པ། དེ་བཞིན་ ༢༠༠༡ སྔོན་ལ་༸གོང་ས་མཆོག་གིས་བཀའ་གནང་བ་ཁག་ཅིག་ལུང་འདྲེན་བཅས་བྱས་ཡོད། དེ་ནི་ལུགས་མཐུན་མ་རེད། སྐབས་དེའི་གནས་སྟངས་དང་ད་ལྟའི་གནས་སྟངས་ཁ་ཁ་རེད། སྔོན་མའི་སྐད་ཆ་ལུང་འདྲེན་བྱ་རྒྱུ་ཡིན་ན། སྔོན་མ་ལོ་ ༢༠ ལྷག་རིང་ང་ཚོས་རང་བཙན་གཙང་མ་བསྐྱར་གསོའི་སྲིད་བྱུས་བཟུང་བ་རེད། ༸གོང་ས་མཆོག་གི་ད་ལྟའི་བཞེངས་ཕྱོགས་གསལ་བོར་བསྟན་པ། སྔར་ལོ་རྒྱ་ནག་ལ་སྤྲད་པའི་བོད་རིགས་ཡོངས་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་རེད། རྒྱ་གཞུང་གིས་ཡིག་ཆ་དེར་རྒྱུ་མཚན་དང་ལྡན་པའི་ལན་འདེབས་ཤིག་མ་རྙེད་སྟབས། བར་ལམ་ཞིག་ནས་མི་རིགས་ས་གནས་རང་སྐྱོང་གི་ལྟ་གྲུབ་ནོར་འཁྲུལ་རེད། མར་ཁུ་སི་དང་ལེ་ཉེན་གྱི་ལྟ་གྲུབ་དེ་འགྲིག་གིན་མི་འདུག་ཟེར་བའི་རྩོམ་ཡིག་མང་པོ་ཞིག་ཐོན་ཡོང་གིན་འདུག དེ་དག་གིས་གང་ཞིག་སྟོན་གྱིན་ཡོད་ཟེར་ན། རྒྱ་གཞུང་གིས་ད་ལྟའི་རྩ་ཁྲིམས་རྩིས་མེད་གཏོང་སྲིད་པ་དང་། ཡང་ན་རྩ་ཁྲིམས་བསྐྱར་བཅོས་ཆེན་པོ་ཞིག་གཏོང་མི་སྲིད་པ་མིན་པ་དེ་རེད། ཅེས་གསུངས་སོང༌།

 

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༨ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 10

  1. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    དགོངས་དག་ཟུར་མིང་ཅན། ཁྱེད་ལ་གསལ་བཤད་ཙམ་ཡིན་ཡང་དགག་པར་དོན་གྱིས་སོང་ན་ཅི་བྱ། དབུ་མའི་ལམ་གྱི་སྐྱ་ཐིག་དང་ལྐོག་ཟ་སོགས་ཐག་ཆོད་ཟིན་པས་སེམས་ཁུར་མ་བྱེད། ཤེས་ཡོན་གྱི་སྐོར་གོང་གི་རིག་དོན་གྱིས་གསལ་བཤད་དེ་ཐེངས་བརྒྱར་ཀློག་དང་ངེས་པ་ཕྲན་བུ་རྙེད་ངེས།

    Reply
  2. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ནོར་བཅོས། ཞུ་བ་རེད། ཞུ་བ་ཡིན།

    Reply
  3. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ཟུར་མཁར་ལགས་ལ་བསམ་ཚུལ་ཐུང་ཐུང་ཞིག་ཕུལ་འདོད་བྱུང་།
    ཉེ་རབས་བཙན་བྱོལ་གྱི་ལོ་རྒྱུས་ཁྲོད། ཤེས་ཡོན་སྲིད་ཇུས་ཀྱི་སྒྲོམ་གཞི་དངོས་མ་ཞིག་མེད་པ་ནས་ཡོད་པར་གྱུར་བའི་དུས་ཚོད་ནི་ད་ལྟའི་བཀའ་བློན་ཁྲི་བ་དང་ཁོང་གི་འཛིན་སྐྱོང་སྐབས་ཐོག་དང་པོའི་སྐབས་ལ་བྱུང་བ་ཞིག་རེད། ཤེས་ཡོན་སྲིད་ཇུས་ཀྱི་སྐོར་ནས་བརྒྱ་ཅུ་གྱ་གྲངས་ནས་བཟུང་། བགྲོ་གླེང་ནར་ནུར་དང་འཆར་གཞི་རབ་རིབ། ཚོགས་འདུ་གྱ་གྱུར་ཇི་སྙེད་བྱུང་ཡོད་རུང་། སྒྲོམ་གཞི་ཁ་གསལ་ཞིག་བཏིངས་ཐུབ་མེད་། གཅིག་བྱས་ན་དེ་རྗེས་སུ་ལུས་བའི་རྟགས་མཚན་ཞིག་ཡིན་རྒྱུ་རེད། ད་ཡོད་ཀྱི་ཤེས་ཡོན་སྲིད་ཇུས་འདི་སྐབས་འཕྲལ་གྱི་དགོས་མཁོར་དམིགས་པ་ཞིག་མ་ཡིན་པར་ཕུགས་ལ་དམིགས་པ་ཞིག་ཡིན་པ་དེ་ཡང་མཁྱེན་དགོས་སྙམ། ཕུགས་དེ་ཡང་བཙན་བྱོལ་གྱི་ཕུགས་མ་ཡིན་པར་བོད་རང་དབང་ཐོབ་པའི་རྗེས་སུ་ཡང་མུ་མཐུད་རྒྱུ་དང་རྒྱུན་འཁྱོངས་རྒྱུ་ཡོད་པའི་ཤེས་ཡོན་སློབ་གསོའི་གནས་བབ་འདིར་གཞི་གཏད་ཡོད་པ་རེད། དེ་དག་རེ་རེ་བཞིན་ཞུ་ལོང་སྐབས་ཐོག་ལ་མི་འདུག དེ་ནས་ཁྱེད་ཀྱིས་རྔོ་མ་ཐོགས་གསུངས་བ་དེ་ཡང་བདེན་པ་རེད། ལོ་ཤས་ཀྱི་ནང་ལ་རྔོ་ཐོགས་མཁན་གྱི་ཤེས་ཡོན་སྲིད་ཇུས་ཤིག་རང་དབང་རང་བཙན་གཙང་མ་ཡོད་མཁན་གྱི་རྒྱལ་ཁབ་ཚོས་ཀྱང་བཟོ་ཐུབ་ཀྱི་མི་འདུག
    འོན་ཀྱང་། རྔོ་ཆུང་ཆུང་ཞིག་ཐོགས་བཞིན་པ་ནི་དཔེ་སྟོན་སློབ་གྲ་དེ་རེད། དཔེ་སྟོན་སློབ་གྲའི་བྱིས་བ་ཚོ་དང་ཉེ་འཁྲིས་ཀྱི་སློབ་གྲ་གཞན་ཁག་གི་བྱིས་བ་ཚོའི་དབར་ན་བོད་ཡིག་གི་རྨང་གཞིའི་ཁྱད་པར་ཞིག་དེ་རིང་སང་ཉིན་ཤོར་ཡོང་གི་ཡོད་པ་དེ་ཡང་རྔོ་ཞིག་ཐོགས་རྒྱུའི་རྟགས་མཚན་མིན་ནམ་སྙམ། དེ་ནས་དཔལ་འབྱོར་སྒེར་བདག་ཏུ་བསྒྱུར་ནས་ལས་བྱེད་གང་འཚམ་ཤིག་ལས་མེད་ཆགས་པ་དེ་ཡང་བདེན་པ་རེད། ལས་མེད་ཆགས་པ་དེ་ཚོ་ལ་གོ་སྐབས་ཆད་ཡོད་པ་མ་རེད་སྙམ། དེ་ནས་བོད་གཞུང་གི་བུ་ལོན་དང་ཚོང་ལས་སྡེ་ཚན་ཉེར་བཞི་ཡོད་པ་དེ་དག་གི་ལོ་རེའི་ཡོང་འབབ་དང་གྱོང་གུད་ཀྱི་སྐོར་ནས་དཔལ་འབྱོར་སྒེར་བདག་ལ་མ་བསྒྱུར་སྔོན་གྱི་བཀའ་ཤག་གི་གསུང་བཤད་ཁག་དང་སྐབས་དེའི་སྤྱི་འཐུས་ལས་རིམ་གསར་ཤོག
    གཞན་གཞུང་འབྲེལ་ཚགས་ཤོག་ཤེས་བྱ་བཅས་ལ་གསལ་འདུག་པས་ན་དེ་ཚོ་ྐློག་ཐུབ་པ་གནང་རོགས་ཞུ་འདོད་བྱུང་། དེ་ནས་རྩིས་ཞིབ་འགན་འཛིན་བཀའ་རྒྱུད་དོན་གྲུབ་ལགས་ཀྱིས་གསུངས་བ་དེ་དཔལ་འབྱོར་སྒེར་བདག་ཏུ་བསྒྱུར་ཚར་བའི་རྗེས་ནས་ཡིན་བསམ་སོང་། གསལ་བོ་ཞིག་དྲན་གྱི་མི་འདུག རྗེས་ནས་བརྩད་གཅོད་ཅིག་གཏོང་གི་ཡིན།
    དེ་ནས་སྐྱ་ཐིག་གི་སྐོར་ནས་རེད། འདིའི་སྐོར་ལ་ངེད་རང་སྒེར་ངོས་ནས་མང་ཙམ་ཞུ་འདོད་ཡོད། འོན་ཀྱང་། དེ་རིང་རེ་རེ་བཞིན་ཞུ་ཐུབ་པ་མི་འདུག རེ་རེ་བཞིན་ཞུས་བ་ཡིན་ན་མཆན་བུའི་ཚབ་ནས་མ་བསྡད་པར་བསམ་ཚུལ་རིང་པོ་ཞིག་ཆགས་ཉེན་འདུག གང་ལྟར། ༡༩༧༩ལོའི་རྗེས་ནས་བཟུང་བཙན་བྱོལ་བོད་གཞུང་དང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གི་ཚན་པའི་དབར་ལ་། སྐུ་ཚབ་གཏོང་རེས་ཀྱི་རིམ་པ་རབ་རིབ་ཞིག་བྱུང་བ་རེད། གླེང་མོལ་དེ་ཚོ་ཡང་རབ་རིམ་ཅན་ཤ་སྟག་རེད། ཕར་ཚུར་གཉིས་ཀྱི་བར་ལ་གོ་བརྡ་མ་འཕྲོད་པའི་དཀའ་ངལ་ཡང་རིམ་པ་ཅིག་བྱུང་བ་རེད། སྐུ་ཚབ་ཚོའི་སྐད་ཆ་ཡང་འདྲ་མིན་རེད། གང་ལྟར། སྐབས་ཐོག་དེར་དབུ་མའི་ལམ་ཟེར་ནས་སྐད་ཆ་ཞིག་བཤད་བཞིན་ཡོད་པ་རེད་མ་གཏོགས་ཕར་ཚུར་གཉིས་ལ་དབུ་མའི་ལམ་གྱི་སྐྱ་ཐིག་གསལ་བོ་ཞིག་ཡོད་མ་རེད། སྐུ་ཚབ་རྣམས་ཀྱིས་སྐད་འདྲ་ཞིག་འཁྱེར་ནས་བསྡད་པ་རེད་མ་གཏོགས་དངོས་སུ་གྲོས་མོལ་གྱི་དབུ་བཙུགས་པ་དང་གྲོས་གཞི་བཏོན་པ། གྲོས་ཆོད་བཞག་པ་སོགས་ཅི་ཡང་བྱུང་ཡོད་མ་རེད་ལབ་ན་ཡང་སྐྱག་རྫུན་ཏུ་མི་འགྲོ་ དེ་ནས་ད་ལྟའི་བཀའ་བློན་ཁྲི་བ་འདི་དང་ཁོང་གི་འཛིན་སྐྱོང་གི་སྐབས་ལ་ཞི་མོལ་ཚོགས་ཆུང་བཙུགས་པ་མ་ཟད་སྐུ་ཚབ་གཏོང་རེས་ཀྱི་རིམ་པ་ཞིག་གསལ་བོར་བཏོད་པ་རེད། དབུ་མའི་ལམ་གྱི་དགོངས་གཞི་ཨ་མ་དེར་འགྱུར་བ་ཡང་རིམ་པ་ཇི་སྙེད་ཅིག་ཕྱིན་ཡོད་པ་རེད། འགྱུར་བ་ཇི་ལྟར་ཕྱིན་ཡོད་མེད་སོགས་བཀའ་ཤག་གི་གསུང་བཤད་དང་གསལ་བཤད་སོགས་ན་གསལ་བོར་བཀོད་འདུག འདིར་བསྐྱར་བསྡུས་བྱེད་ཀྱི་མིན།
    གང་ལྟར། སྔར་ལོ་རྒྱ་ནག་ལ་སྤྲད་པའི་བོད་རིགས་ཡོངས་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་ནི་ངེད་ཀྱིས་གླེང་བཞིན་པའི་དབུ་མའི་ལམ་གྱི་སྐྱ་ཐིག་གསལ་ཤོས་དེ་རེད། ད་ཕན་གྱི་ལོ་རྒྱུས་ཚུན་ལ་དབུ་མའི་ལམ་གྱི་སྐྱ་ཐིག་དེ་ལས་གསལ་བ་ཞིག་སུས་ཀྱང་བཏོན་མི་འདུག་སྙམ། སྐྱ་ཐིག་འདི་འཐེན་མཁན་ཡང་ད་ལྟའི་བཀའ་བློན་ཁྲི་བ་དང་ཁོང་གི་འཛིན་སྐྱོེང་རེད ཞུ་བ་རེད། དགོངས་དག། ངེད་ཀྱི་བསམ་ཚུལ་རྣམས་ལྷུ་འགྲིག་པོ་ཞིག་ཡོང་མ་སོང་། ད་དུང་ཡང་ཉིད་ལ་དོགས་པ་ཡོད་ན། ཞིབ་ཀྱིས་གླེང་དང་། ངེད་ཀྱིས་ཀྱང་ཆུ་ཚོད་སྟོང་པ་ཞིག་བེད་སྤྱད་ནས་ད་ལྟའི་བཀའ་བློན་ཁྲི་བ་དང་ཁོང་གི་འཛིན་སྐྱོང་གི་སྐོར་ནས་ཁ་གསལ་གཏིང་གསལ་ཞིག་འབྲི་གི་ཡིན། གནས་སྐབས་ལ་དེ་ཙམ་ཞུ།

    Reply
  4. ཟུར་མཁར་ says:
    ལོ་ 16 སྔོན།

    སྐུ་ངོ་ཨ་རིག་ལགས། ང་ཚོས་མི་རིགས་འདི་འཛམ་གླིང་སྟེང་མུ་མཐུད་གསོན་གནས་ཐུབ་ཐབས་ལ་ད་ལྟ་ཛ་དྲག་གི་དུས་ལ་སླེབས་ཡོད་པ་དེ་སྐྱོབ་ཐབས་གནང་དགོས་ལ་ལས། ད་ལྟ་ཤི་དང་གསོན་གྱི་འགག་རྩ་གནད་དོན་དེ་མ་སེལ་བར་གཏིང་ཟབ་རྒྱང་རིང་གི་ཐབས་ལམ་ཞེས་པ་ཞིག་གང་ནས་ཡོང་། བོད་གཞུང་གི་དཔལ་འབྱོར་གནས་སྟངས་ངོ་མ་དེ་རྩིས་ཞིབ་འགན་འཛིན་གྱིས་དུས་བབ་གསར་འགོད་པར་གསུངས་པ་དེ་ལས་ལྷག་པ་ཞིག་སུ་ཀྱང་བཤད་ཐབས་མེད་པ་མཁྱེན་གསལ་རེད། དངུལ་ཕར་གཏོང་ཚུར་ལེན་ནི་དཔལ་འབྱོར་རིག་པའི་འགྲོ་སྟངས་རེད། དེར་བོད་གཞུང་བུ་ལོན་ནང་དུ་ཟུག་འདུག་ཅེས་བརྗོད་པ་ནི་མ་ཤེས་པའི་གཏམ་རེད། ད་ལྟ་བར་བོད་གཞུང་སྲི་ཞུ་བའི་ནང་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ལྷག་མྱོང་མེད་པས། སྐུ་ཉིད་ཀྱི་ལྐོག་ཟ་རུལ་སུངས་སྒོ་བརྒྱབ་པ་རེད་གསུངས་པ་དེ་ལ་གཞི་རྟེན་མི་འདུག་བསམ། ང་ཚོའི་མིག་སྔའི་འོས་འགན་དང་ཛ་དྲག་གི་གནས་སྟངས་ནི་བོད་དོན་ཐག་གཅོད་བྱེད་རྒྱུ་དེ་ཡིན་པ་ལས་ཕན་ཚུན་དགག་ལན་སྤྲོད་རེས་བྱེད་རྒྱུ་དེ་མ་ཡིན་པར་བསམ་མོ།།

    Reply
  5. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    གྲོགས་ཟུར་མཁར་ལགས། བོད་གཞུང་ཤེས་ཡོན་སྲིད་ཇུས་འདི་མི་རིགས་ཤིག་ས་སྟེང་འདིར་ཡུན་གནས་ཐུབ་པའི་ཐབས་ཇུས་གོང་ན་མེད་པ་ཞིག་ཡིན་པས་དུས་ཚོད་ཐུང་ཐུང་ནང་གྲུབ་འབྲས་ཆེན་པོ་ཞིག་མི་སྟོན་ལ་གཅིག་བྱས་ན་གཏིང་ཟབ་རྒྱང་རིང་གི་ཐབས་ལམ་འདི་ཁྱེད་ཀྱི་བློ་ངོ་ཤར་མི་ཐུབ་ན་ཐང་། དཔལ་འབྱོར་སྒེར་བདག་གིས་བོད་གཞུང་གི་བུ་ལོན་གཙང་སེལ་དང་སྔོན་རྩིས་ཁ་འདོམ་བྱུང་བ་རེད་དེ་ལས་གལ་ཆེན་ཞིག་ལ་ལྐོག་ཟ་རུལ་སུངས་སྒོ་བརྒྱབ་སྟེ་མ་འོངས་བར་སྒྲིག་འཛུགས་སྲ་བརྟན་ཡོངས་པའི་མཐུན་རྐྱེན་གཙོ་བོ་ཞིག་བབསྐྲུན་པ་རེད། ཁེ་ཕན་མེད་པའི་ཚོང་སྡེ་ཉེར་གཅིག་མ་ཚད་ཉིས་སྟོང་ཡིན་ཡང་མེད་པ་བྱེད་དགོས། ༣ དབུ་མའི་ལམ་ལ་སྐྱ་ཐིག་ཙམ་མིན་ལ་བོད་མི་མང་ལ་དགོས་མཁོ་ངོ་མ་དེ་མཐའ་མའི་ཐག་གཅོད་ཀྱིས་ཚུལ་ཏུ་ཤོག་བུ་དཀར་པོ་ཐོག་ཡི་གེ་ནག་པོར་བཀོད་ནས་རྒྱའི་མགོ་ཁྲིད་ཚོར་སྤྲོད་ཐུབ་པ་འདིས་རྒྱའི་མགོ་ཁྲིད་ཚོས་ཏ་ལའི་བླ་མས་འདི་བསམ་གྱིན་འདུག་དེ་བཤད་གྱིན་འདུག་ཟེར་བའི་འཆལ་གཏམ་ལ་ཡན་པོར་མི་ཤོར་པའི་དགག་ལན་གནང་བ་རེད

    Reply
  6. ཟུར་མཁར་ says:
    ལོ་ 16 སྔོན།

    རིག་འབྱུང་དོན་འགྲུབ་བཀྲིས་ལགས། ཤེས་ཡོན་སྲིད་ཇུས་གཏན་འབེབས་འདིས་ཤེས་ཡོན་ལ་རྔོ་ཐོགས་པ་གང་བྱུང་འདུག དཔལ་འབྱོར་སྒེར་བདག་ཏུ་བསྒྱུར་བ་འདིས་དཔལ་འབྱོར་ལ་ཁེ་ཕན་གང་བྱུང་འདུག་ཚོང་ལས་སྡེ་ཚན་ཉེར་གཅིག་མེད་པར་གྱུར་བ་འདིས་བོད་ཀྱི་ལས་བྱེད་ལྔ་བརྒྱ་བཞི་བཅུ་ལས་གནས་ཤོར་བ་འདིས་བོད་མི་རིགས་ལ་ཕན་ཐོག་བྱུང་འདུག་གམ། འདི་སྒྲིག་འཛུགས་སྲ་བརྟན་རེད་དམ་རྒྱ་བསྐྱེད་རེད། དབུ་མའི་ལམ་ཞེས་པ་ནི་སྐབས་དུས་དང་གནས་སྟངས་ལ་གཞིགས་ཏེ་ཕྱོགས་གཉིས་ལ་ཁེ་ཕན་ཡོད་པ་དང་ཕྱོགས་གཉིས་ནས་ངོས་ལེན་ཐུབ་པའི་ཐབས་ལམ་ཞིག་ལ་གོ་དགོས་པ་ལས། དེ་ལ་སྐྱ་ཐིག་ཞེས་པ་ཞིག་ཡོད་མི་སྲིད་པ་རེད། ཡིན་ནའང་ཁྱེད་རང་བཀའ་ཁྲི་མཆོག་ལ་རྗེས་སུ་ཡི་རངས་དང་མངོན་པར་བསྟོད་པའི་ཐོབ་ཐང་ཡོད་པས་སོ།།

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    གང་ཤེས། ཤེས་ཡོན་སློབ་གསོ་་་་་བོད་ཀྱི་སྐྱིད་སྡུག་་་་་ བོད་ཀྱི་མ་འོངས་པ་་་་་་བོད་ཀྱི་་་་ལས་དབང་་་་་་་ད་དངོས་ནས་་ཨ་ཐང་ཆད་པས་སྐད་ཆ་ནི་གོ་རྒྱུ་ཇེ་མང་རེད་་་་

    Reply
  8. འོས་ལངས། says:
    ལོ་ 16 སྔོན།

    བཙན་བྱོལ་བོད་གཞུང་ལ་ཇི་འདྲའི་འགྱུར་བ་མང་པོ་ཞིག་བྱུང་འདུག་ཨང་། དེ་ནི་ལངས་ཕྱོགས་བརྟན་པོ་མེད་པའི་མཚོན་བྱེད་གསལ་པོ་ཞིག་རང་རེད། ག་ལེར་ག་ལེར་གུང་ཁྲན་ཏང་ལ་བསྟོད་གླུ་ལེན་མཁན་དག་ནི་མི་རིགས་ཀྱི་དཔའ་བོ་དང་། བོད་རང་བཙན་རྩོད་ལེན་པ་དག་ནི་མི་རིགས་ཀྱི་ཉེས་ཅན་པར་མི་འགྱུར་བའི་ངེས་པའང་མི་འདུག ད་དུང་རིམ་གྱིས་གངས་ཅན་སྐྱིད་གཤོངས་སུ་ཡང་ཁྲག་མདོག་གིས་བཟོས་པའི་སྐར་ལྔའི་དར་དམར་བསྒྲེང་དགོས་པ་འདྲ་ཞིག་འདུག
    ང་ཚོའི་ཡོད་ཚད་རྒྱ་གཞུང་ལ་བསྟུན་མཁས་དང་། ཡོད་ཚད་རྒྱ་གཞུང་གི་རེ་འདོད་ཁེངས་པ་ཞིག་བསྒྲུབ་དགོས་ན། ད་ནི་བོད་དོན་བདེན་མཐའ་གསལ་རྒྱུ་ཞིག་ལོགས་སུ་ཡོང་རྒྱུ་མེད་དོ།

    Reply
  9. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས།
    ཆོས་ལུགས་རིས་མེད་ལ་ཆོས་ལུགས་རུས་མེད་མཚོན་པའི་ཡིག་ནོར་འགའ་ཞིག་འདུག་པས་རྗེས་སུ་དག་ཆར་གཟབ་རོགས།།

    Reply
  10. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ད་ལྟའི་བཀའ་བློན་ཁྲི་བ་དང་ཁོང་གི་འཛིན་སྐྱོང་གིས། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་ཇུས་གཏན་འབེབས་དང་ལག་ལེན་འགོ་འཛུགས་གནང་བ་མ་ཟད་གཞུང་གི་དཔལ་འབྱོར་སྒེར་བདག་ཏུ་བསྒྱུར་ཏེ་དཔལ་འབྱོར་རང་ཁ་རང་གསོའི་ཕྱོགས་སུ་བསྐྱོད་འགོ་ཚུགས་པ། ཕྱི་ནང་གི་སྒྲིག་འཛུགས་སྲ་བརྟན་དང་རྒྱ་བསྐྱེད་གནང་བ།
    བོད་རྒྱ་འབྲེལ་མོལ་གྱི་ལམ་བུ་དཀྱེལ་ཡངས་སུ་བཤངས་སྟེ་བོད་རིགས་ཡོངས་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞེས་དབུ་མའི་ལམ་གྱི་སྐྱ་ཐིག་གསལ་བོར་ཕབ་པ་བཅས་ལ་རྗེས་སུ་ཡི་རངས་སོ། མངོན་པར་བསྟོད་དོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese