མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོའི་འགན་དབང་དང་བཀའ་ཁྲིའི་ཆ་རྐྱེན། དགེ་བཤེས་བསྟན་པ་བཀྲ་ཤིས།

བོད་ཀྱི་དུས་བབ།
༢༠༠༩/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༠༨ ཀྱི་ལོ་མཇུག་ཙམ་ནས་སྤྱི་ཟུར་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ལྷག་བསམ་ཟོལ་མེད་གྱིས་འབྱུང་འགྱུར་གྱི་སྐབས་བཅུ་བཞི་པའི་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་གཞི་དྲགས་འདེམ་ཡོང་ཐབས་ལ་དམིགས་ཏེ་དྲ་རྒྱ་ཞིག་ཕྱེས་ཏེ། འོས་ཤོག་འཕེན་སྟངས་སྐོར་ལ་ལམ་སྟོན་དྲིལ་བསྒྲགས་གནང་པ་ནས་བཟུང་། འབྱུང་འགྱུར་གྱི་བཀའ་བློན་ཁྲི་པའི་སྐོར་ལ་བརྒྱུད་ལམ་འདྲ་མིན་ཐོག་བགྲོ་གླེང་དང་འོས་གཞི་གསལ་འདོན་སོགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད། འོས་གཞི་འདོན་ཕྱོགས་ཀྱི་ལས་འགུལ་དེ་ཚོ་ནི། སྐབས་དང་པོ་དང་། གཉིས་པའི་བཀའ་བློན་ཁྲི་པ་འདེམས་སྟངས་ལས་རྣམ་པ་དང་བྱེད་ཐབས་གང་ཅིའི་ཐད་ནས་ཅུང་ཟད་ཡར་རྒྱས་ཀྱི་གནས་སུ་མངོན་ཡང་། འོས་གཞི་འདོན་མཁན་དང་འོས་འཕེན་མཁན་རྒྱ་ཆེའི་མང་ཚོགས་ངོས་ནས་འོས་གཞི་བཏོན་པ་ཙམ་མ་ཡིན་པར། འབྱུང་འགྱུར་གྱི་བོད་ཀྱི་གནས་བབ་ལ་གཞིགས་ཏེ་བཀའ་ཁྲིའི་ལས་འགན་གང་ཡིན་ལ་བསམ་ཞིབ་གནང་ནས་འོས་འདོན་བྱ་རྒྱུ་གལ། དེ་ཡང་འོས་མིག་རེ་ཟུང་བཏོན་ཏེ་མི་འདི་དག་ཤེས་འབྱོན་ལྷག་བསམ་ལྡན་པ་ཡིན་རབ་གཅིག་པུ་གླེང་པས་མི་ཆོག་པར། ཤེས་འཇོན་གྱི་ནུས་པ་གང་ལ་རྩལ་དུ་འདོན་སའི་འབྱུང་འགྱུར་བོད་མིའི་ལས་འགུན་སྤྱི་དང་བྱེ་བྲག་དམིགས་འབེན་དུ་བཟུང་བའི་ཐོག་མི་འགྲོའི་འོས་མིག་འཚོལ་བསྒྲུབ་བྱ་རྒྱུ་ནི་གནད་དོན་གལ་ཆེན་ཞིག་ཏུ་མཐོང་ཞིང་། ང་ཚོས་འདས་པའི་ལོ་ངོ་ལྔ་བཅུའི་སྲིད་ཇུས་འཛིན་ཕྱོགས་དང་ལས་དོན་སྤེལ་ཕྱོགས་ལ་བསྐྱར་ཞིབ་དང། ལྷག་དོན་བཀའ་བློན་ཁྲི་པ་དང་བཀའ་ཤག་རིམ་པ། སྤྱི་འཐུས་ཚོགས་གཙོ་དང་སྤྱི་འཐུས་རིམ་པས་སྲིད་ཇུས་གཏན་འབེབ་གནང་ཕྱོགས་དང་འཛིན་སྐྱོང་གནང་ཕྱོགས་བཅས་ལ་ཡང་དག་པའི་ཞིབ་འཇུག་གནང་དགོས་ལ། ལྷག་དོན་ཆབ་སྲིད་ཀྱི་ལངས་ཕྱོགས་གང་དང་གང་གི་གྲུབ་འབྲས་དང་ཕུག་རེ། ཤེས་ཡོན་སློབ་གསོའི་ཁ་ཕྱོགས། སློབ་གསོའི་གྲུབ་འབྲས་དང་ཤེས་ཡོན་གྱི་སྤུས་ཚད་སོགས་ལ་བསྐྱར་ཞིབ་བརྒྱུད་དགེ་སྐྱོན་དབྱེ་འབྱེད་དང་། ཉེས་འགོག་ལེགས་སྤེལ་བྱ་དགོས་པར་སེམས། དེ་ཡང་རྒྱ་ཆེའི་མང་ཚོགས་ནས་འོས་འདེམས་གནང་པའི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་ལྷག་བསམ་གྱི་འོ་མཚོ་དང་། རྣམ་དཔྱོད་ཀྱི་རླབས་ཕྲེང་དུས་སུ་གཡོ་མེད་ངང་འབྱུང་འགྱུར་བོད་མི་རིགས་ཀྱི་མདུན་ལམ་ལ་བཅངས་ཏེ་གཞི་རིམ་ཤེས་ཡོན་སྲིད་ཇུས་ལམ་ལུགསདང་། སྲོལ་རྒྱུན་སོ་ནམ་འདེབ་ལས་སྲིད་ཇུས། ཆེས་མཐོའི་སྨན་པའི་ཁྲིམས་ལུགས་སོགས་ཁྲིམས་ཡིག་དང་རྩ་འཛིན་ལམ་ལུགས་གང་འཚམ་གཏན་འབེབས་གནང་ཡོད་ཀྱང་། དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་དེ་དག་ཕལ་མོ་ཆེ་ཡང་དག་པ་ཞིག་ཡིན་མིན་ཐད་ལ་རྩོད་གཞིར་གྱུར་ཡོད་པས་སྲིད་ཇུས་དེ་དག་དེ་ག་རང་མུ་མཐུད་རྒྱུན་སྐྱོང་བྱེད་དགོས་སམ། དེ་དག་ལ་ཁ་སྣོན་ལེགས་བཅོས་བྱེད་དགོས། ཡང་ན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་ལས་ཡུན་རྫོགས་པ་དང་མཉམ་དུ་ལམ་ལུགས་དེ་དག་ཀྱང་ནུས་མེད་འགྲོ་སྲིད་པ་བཅས་ཀྱིས་མཚོན་པའི་གནད་དོན་སྣ་མང་ཐད་ལ་ཞིབ་དཔྱོད་དང་བསྐྱར་ཞིབ་བྱ་དགོས་པར་མ་ཟད། འབྱུང་འགྱུར་གྱི་གནད་དོན་སྣ་མང་ལ་དགག་ཕྱོགས་དང་སྒྲུབ་ཕྱོགས་གཉིས་ཀ་ནས་ཞིབ་དཔྱོད་ཀྱིས་སྔོན་རྩིས་དང་། བོད་ཀྱི་གནད་དོན་དེ་ཛ་དྲག་ནས་ཛ་དྲག་ཏུ་འགྱུར་སྲིད་པས་ཛ་དྲག་གི་རང་བཞིན་ཅན་གྱི་ལས་དོན་གང་ཡིན་ལ་ཁ་གཏད་གནང་ཕྱོགས་སོགས་ལ་བསམ་གཞིགས་བྱ་དགོས། མདོར་ན་གནད་དོན་སྣ་མང་ལ་གདོང་ལེན་བྱེད་ཐུབ་མཁན་གྱི་བཀའ་ཁྲི་ཞིག་གདམ་པར་བྱེད་པ་ལ་ང་ཚོ་འོས་གཞི་འདོན་མཁན་དང་འོས་འཕེན་ཚང་མས་རྣམ་དཔྱོད་ཡངས་པོ་དང་། དམིགས་རྒྱང་རིང་བཟུང་། བབ་བརླིང་བརྟན་གསུམ་བྱ་རྒྱུ་ནི་འོས་མིག་འཚོལ་བསྒྲུབ་དང་འོས་གཞི་འདོན་མཁན་ཞིག་གི་འགན་འཁྲི་ཡིན་པས་དེ་ལྟ་བུའི་འགན་དབང་འཁྱེར་བའི་སྟེང་ནས་འོས་འདོན་བྱ་དགོས་པ་ལས་འགན་ཁུར་གང་ཡང་མེད་པར་དགའ་ཕྱོགས་མོས་ཕྱོགས་ཀྱི་འོས་གཞི་རེ་ཟུང་འདོན་སྤེལ་བྱེད་པ་ནི་དགེ་ཕན་དེ་ཙམ་ཆེ་བའི་ལས་སུ་མ་མངོན།   

    དེའི་ཕྱིར་འབྱུང་འགྱུར་གྱི་བཀའ་ཁྲི་དེར་ལས་ཀ་གང་ཞིག་བྱེད་རྒྱུ་ཡོད་པ་དང་། བྱེད་དགོས་པ། བྱེད་ཐུབ་པ་སོགས་ཆ་རྐྱེན་དུ་བཟུང་ནས་གཤམ་གསལ་ཆ་རྐྱེན་དག་རྒྱ་ཆེའི་འོས་འདེམ་བྱེད་པོ་ཡོངས་ལ་དཔྱད་གཞི་ཙམ་དུ་ཕུལ་བ་ལགས་ན་དེ་དོན་ལ་ཐུགས་དཔྱད་ཡོང་བ་ཞུ།

༡    ཁྲིམས་ལུགས་དང་། འཆར་སྣང་། ལས་འཆར་ཁོ་ནའི་ཁ་གཡང་བསྒྲགས་ཏེ་ལས་ཡུན་འཁྱོལ་ཙམ་བྱེད་མཁན་མ་ཡིན་པར། ད་ལྟའི་བོད་ཀྱི་ཛ་དྲག་གི་གནས་བབ་སྤྱི་དང་བྱེ་བྲག་ལ་གདོང་ལེན་བྱེད་པའི་རྣམ་དཔྱོད་ལྡན་པའི་ལས་འཆར་སྒྲིག་ཐུབ་པ་དང།    ལག་ལེན་དུ་འཁྱེར་པའི་ཆོད་སེམས་དང་ཐབས་ཇུས་ཀྱི་བློ་གྲོས་ལྡན་པ།   

༢    བག་འཁུམ་དང་སྒྱིད་ལུག ཇོ་བཟང་དང་ངོ་སྲུང་སོིགས་ཀྱི་ངང་སྤྱི་དོན་སྣང་མེད་དུ་བོར་མཁན་མ་ཡིན་པར། བོད་ཀྱི་གནས་སྟངས་བཟང་ངན་གང་འདྲ་ཞིག་ཏུ་གྱུར་ཀྱང་འདོམ་གང་མར་ཤུལ་ན་འདོམ་གསུམ་ཡར་འཕགས་པའི་གྲ་སྒྲིག་ལྡན་པ།

༣    ༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གང་གནང་སྣང་མེད་ཤེས་མེད་དུ་མི་འཇོག་པར་དུས་ཐོག་ཏུ་ཡོངས་ཁྱབ་དྲིལ་བསྒྲགས་དང་།    སློབ་སྦྱོང་བྱས་ཏེ་དུས་ཡུན་རྒྱས་བཅད་ཀྱིས་ལག་ལེན་ཡོང་ཐབས་བྱེད་པའི་འདུ་ཤེས་ཟབ་པ།

༤    བག་འཁུམ་དང་སྒྱིད་ལུག་གི་ངང་དུ་མི་འདའ་བར། དུས་རབས་དང་འཛམ་གླིང་གི་འགྱུར་འགྲོས་དང་བསྟུན་ནས་གསར་བཏོད་དང་མདུན་མཆོངས་བྱེད་ཐུབ་པའི་སྤོབས་སེམས་ལྡན་པ།

༥    ནུས་མེད་ཚོར་མེད་ཀྱི་བཏང་སྙོམས་སུ་མི་བཞུགས་པར།    བོད་མི་སྤྱིའི་ནུས་ཤུགས་བོད་མིའི་རིག་གཞུང་གི་རིན་ཐང་དང་ལྷན་དུ་འཛམ་གླིང་གི་གར་སྟེགས་སུ་སླེབས་ཐུབ་པའི་བློ་སྟོབས་དང་གྲ་སྒྲིག་ཡོད་པ།

༦    སྲོལ་རྒྱུན་ཁོ་ནར་ཞེན་པའི་ཕྱོགས་སུ་མི་ལྷུང་བར། རང་རེའི་སྤྱི་ཚོགས་ནང་གི་རང་རིགས་གཞོན་སྐྱེས་ཚོ་དེང་གི་དགོས་ངེས་ཀྱི་རིག་གསར་འཕྲུལ་ལས་འདྲ་མིན་ཐོག་སློབ་སྦྱོང་དོན་སྨིན་སྤྲད་དེ་དོན་དངོས་ལག་ལེན་བྱེད་སའི་ཁོར་ཡུག་ངེས་ཅན་ཞིག་བསྐྲུན་ཐུབ་པའི་བློ་རྒྱ་ཆེ་བ།

༧    གནའ་སྲོལ་གྱི་དགེ་མཚན་དང་ལྷིང་འཇགས་གླེང་ནས་འདས་དོན་ཁོ་ནར་མི་ཕྱོགས་པར། འབྱུང་འགྱུར་གྱི་བོད་མི་རིགས་ཀྱི་མདུན་ལམ་དང་། དགོས་མཁོ་ལ་གཞིགས་ཏེ་ད་ལྟ་ནས་གནའ་དེང་གི་བཟོ་རིགས་སྣ་མང་ལྡན་པའི་ལག་ཤེས་ཆེད་སྦྱོང་གི་མ་ལག་གང་མང་གསར་འཛུགས་གནང་ཐུབ་པའི་ཇུས་འགོད་ལྡན་པ།

༨    ཚན་རིག་ཁོ་ན་སྐྱབས་ཀྱི་ཕུལ་དུ་བཟུང་ནས་གནའ་བོའི་རིན་བྲལ་གྱི་རིག་གཞུང་རྒྱབ་བསྐྱུར་བྱེད་མཁན་མ་ཡིན་པར། གནའ་དེང་ཤེས་ཡོན་ཟུང་དུ་འབྲེལ་ནས་སྔ་ན་མེད་པའི་ལེགས་སྐྱེས་གསར་པ་འབུལ་ཐུབ་པའི་ཕྱི་ནང་གི་ཤེས་བྱའི་རྨང་གཞི་དང་སྤྲོ་སེམས་ལྡན་པ།

མདོར་ན་ཤེས་འཇོན་ལྷག་བསམ་གྱིས་ཕྱུག་ཅིང་ཆབ་དཔལ་རིག་གསུམ་སོགས་ལས་དོན་གང་ལ་མཁྱེན་རྒྱ་ཡངས་ཤིང་རྒྱང་གཟིགས་ཐུབ་པ། གང་བསམ་བཤད་ཐུབ་ཅིང་། གང་བཤད་ལག་ལེན་དུ་སྒྲུབ་ཕོད་པ་བཅས་ཀྱི་ཆ་རྐྱེན་བོད་རིགས་རྒན་གཞོན་སེར་སྐྱ་ཕོ་མོ་སུ་ལ་ཚང་ན་བཀའ་ཁྲིའི་འོས་གཞིར་འདེམ་ཆོག་པ་དང་ལང་ཆོག་པ་ཡིན་པས།    ང་ཚོས་གོང་གསལ་ཆ་རྐྱེན་འདི་དག་ལྟ་བུ་གཞི་རྩར་བཟུང་སྟེ་བཀའ་བློན་ཁྲི་པས་གཙོས་བཀའ་བློན་གཞན་དག་དང་།    སྤྱི་འཐུས་བཅས་ཀྱི་འོས་གཞི་འཚོལ་བསྒྲུབ་བྱ་དགོས་པ་གནད་ཀྱི་དམ་པར་མངོན་པས་རྒྱ་ཆེའི་དཔྱོད་ལྡན་དག་གི་ཐུགས་ཞིབ་གནང་སྐྱོངས་ཡོང་བ་ཞུ།།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 30

  1. རྒྱ་གྲོ་བ། says:
    ལོ་ 16 སྔོན།

    རྒྱ་ཆེ་གྲོགས་པོ་ལྷན་རྒྱས་ལགས། ད་དངོས་དགོངས་པ་རྒྱ་ཆེ་ཙམ་ཞེས་དགོས་པའི་དུས་ལ་བབས་འདུག གུས་ནས་བོད་པའི་ཨོ་བྷ་མ་དེ་ཚེ་རིང་བཀྲིས་ལགས་ཁོ་ན་རེད་ཟེར་དགོས་དོན་ཡང་རྒྱུ་མཚན་མང་དག་ཞིག་ཡོད་པས་གསལ་བཤད་ཞུ་དགོས་པ་མ་མཐོང། ད་ལྟའི་ང་ཚོས་གནས་བབས་ལ་བསམ་ཞིག་དང་བོད་རྒྱ་ཞི་མོལ་ལ་གདངས་ཅིག་རྒྱབ་ན་དེ་ནས་ཧ་གོ་ཐུབ། ཚེ་རིང་བཀྲིས་ཁོང་ཉིད་ཤ་རྩི་དཀར་བ་དང་ཕྱིའི་དབྱིབས་ལས་ཁོང་ཉིད་ཨེ་ཤ་ཡའི་མི་རིགས་ཚད་ལྡན་ཞིག་ཡིན་པ་མངོན་པ་མ་ཟད་རྒྱ་མི་དཔོན་རིགས་ཚོ་ཡང་ཁོང་ཉིད་མཇལ་བ་དང་སེམས་ཐག་ཉེ་པོ་རང་ཤུགས་ཀྱི་ཡོང་བ་དང། མ་ཟད་ཁོང་གི་རེ་འདུན་སྟོན་པ་དེ་དག་ལ་ཡང་རྒྱབ་བསྐྱོར་བརྒྱ་ཆ་མང་བ་རག་སྲིད་པ་ནི་འཇིག་རྟེན་ཆོས་ཉིད་ཡིན།
    གྲོགས་པོ་གལ་ཏེ་ཁྱེད་ཚོར་ཁོང་ལས་ལྷག་པའི་མི་ཞིག་འདུག་ན་འདིར་མཚན་ནས་འབོད་རོགས་གནང། གུས་ནས་དེ་བསམ་གཞིག་དང་ངའི་ཨོ་བྷ་མ་དང་འགྲན་ཐབས་འདུག་མི་འདུག་གུས་ནས་དཔྱད་པ་བྱེད་རྒྱུ་ཕན་པ་ལགས་ན་དེ་ལྟར་མཚན་བྱང་འགོད་པར་འཚལ།།།

    Reply
  2. དགེ་བཤེས་བསྟན་བཀྲ། says:
    ལོ་ 16 སྔོན།

    ལྷག་བསམ་དང་རྣམ་དཔྱོད་གཅིག་ཏུ་འབྲེལ་བའི་དྲ་གྲོགས་ལྷན་རྒྱས་ལ།
    ཕྲན་གྱིས་རྒྱ་ཆེའི་མང་ཚོགས་ལ་དཔྱད་ཞིབ་ཀྱི་ཚུལ་དུ། ང་ཚོའི་འགན་དབང་དང་བཀའ་ཁྲིའི་ཆ་རྐྱེན་ཞེས་ཆེད་རྩོམ་ཞིག་སྤེལ་བ་དེ་ལ། ནང་དོན་གཉིས་ཡོད། དང་པོ་ང་ཚོ་འོས་འདེམ་བྱེད་པོ་རྒྱ་ཆེའི་མང་ཚོགས་ཀྱི་ཕུག་རེ་དང་བསམ་གཞིགས་གང་འདྲ་ཞིག་གི་འོག་ནས་ཆ་ཤས་ཇི་ལྟར་ལེན་དགོས་མིན་དང། གཉིས་པ་འབྱུང་འགྱུར་གྱི་བོད་མི་རིགས་ཀྱི་གནད་དོན་དེ་ཅི་འདྲ་ཞིག་ཏུ་འགྱུར་མིན་ལ་བསམ་ཞིབ་ཀྱིས་བཀའ་ཁྲི་ལ་དམིགས་བསལ་གྱི་ཆ་རྐྱེན་དང་ཁྱད་དུ་འཕགས་པའི་ཁྱད་ཆོས་གང་ཞིག་དགོས་མིན་དེ་ཡིན་ཞིང།
    དེའི་དམིགས་ཡུལ་ནི། ༧གོང་ས་མཆོག་གིས་དུས་རྒྱུན་དུ་རེ་བ་བཟང་ས་དང་གྲ་སྒྲིག་རྡུགས་ས་ནས་ཞེས་གསུང་པ་བཞིན་ང་ཚོས་རེ་བ་བཟང་ས་དང་ཆ་རྐྱེན་མཐོ་པོ། དམིགས་རྒྱང་རིང་པོ་འཛིན་དགོས་པ་གལ་ཆེན་པོར་མཐོང་སྟེ། རྒྱ་ཆེའི་མང་ཚོགས་སྤྱི་དང་།་ལྷག་དོན་ཤེས་ཡོན་ཡོད་མཁན་ཚོས་འགན་གང་འདྲ་ཞིག་བླངས་ནས་འོས་འདོན་གནང་དགོས་མིན་དང་། ༧གོང་ས་མཆོག་གི་དགུང་ལོ་མཐོ་རུ་ནས་མཐོ་རུ་ཕེབས་བཞིན་ཡོད་པའི་ཆ་ནས་འབྱུང་འགྱུར་གྱི་བཀའ་ཁྲི་དེ་ད་ལྟའི་བཀའ་ཁྲིའི་ལས་འགན་ལས་ལྷག་ཅིག་ཡོད་པ་དང་། ད་དུང་བོད་ཀྱི་གནས་སྟངས་ནི་འདི་ལས་ཛ་དྲག་ཏུ་འགྱུར་སྲིད་པ་སོགས་ལ་སྔོན་དཔགས་ཀྱིས་འབྱུང་འགྱུར་གྱི་བཀའ་ཁྲི་དེར་ལས་ཀ་གང་ཞིག་བྱེད་རྒྱུ་ཡོད་པ་དང་། བྱེད་དགོས་པ། བྱེད་ཐུབ་པ་སོགས་ལ་དཔྱད་ཞིབ་དང་། འདས་པའི་ལོ་རྒྱུས་ནང་གི་བྱུང་རིམ་ལ་བསྐྱར་ཞིབ་ཀྱིས་གང་ཞིག་བྱེད་འོས་པ་དང་གང་ཞིག་བྱེད་མི་འོས་བ་བཅས་ལ་ཐུགས་སྣང་ཡོང་ཆེད་ཡིན།
    ཁང་གསར་རྡོ་རྗེ་དང་སྐུ་ཞབས་བཀྲ་ཤིས་བཅས་ལ་རིམ་པར་གསལ་བཤད་ཞུ་རྒྱུ་ཞིག་ལ། བཅའ་ཁྲིམས་དོན་ཚན་ཉེར་གཅིག་ནང་འཁོད་པའི་ཆ་རྐྱེན་དེ་དག་ནི་མ་མཐའ་དང་གཞི་རིམ་གྱི་འོས་ཆོས་ཙམ་རེད། ཆ་རྐྱེན་དེ་དག་གཅིག་བུས་འགྲིག་ན་བཀའ་ཁྲིའི་འོས་མ་རེག་པའི་དཀའ་ངལ་གང་ཡང་ཡོད་མི་སྲིད་དེ། བོད་མི་བརྒྱ་ཆ་ལྔ་བཅུ་ལ་ཆ་རྐྱེན་དེ་དག་ཚང་ཡོད་པས་སོ།། གོང་ཟུས་བཞིན་ང་ཚོས་སྤྱི་མཚུངས་ཀྱི་ཆ་རྐྱེན་ཙམ་མ་ཡིན་པར་རེ་བ་བཟང་ས་ལ་དམིགས་གལ་ཆེ།
    གཞན་ཡང་གུས་པ་ལ་མཚོན་ན་སྨན་རྩིས་ཁང་གི་དབུ་འདིན་ཟུར་བ་ཚེ་རིང་བཀྲ་ཤིས་ཞེས་པ་གོ་ཐོས་ཙམ་ལས་འབྲེལ་འདྲེས་དང་འདྲེས་ཆ་གང་ཡང་མེད་པ་མ་ཟད། རྒྱང་མཐོང་ཙམ་ཡང་དེང་བར་བྱུང་མེད་པས་གུས་པས་ཆ་རྐྱེན་བཏོན་ཁལ་དང་ཨབ་ཕྲུག་ཚོས་འོས་གཞི་བཏོན་ཁལ་གྱིས་ཚེ་རིང་བཀྲ་ཤིས་བཀའ་ཁྲི་བཟོ་འདོད་རེད་ཅེས་པའི་ཐུགས་དོགས་དེ་འདྲ་མི་གནང་བ་ཞུ། གུས་པ་ནི་ཨབ་ཕྲུག་མང་པོས་འཐའ་བསྐོར་བྱས་པའི་ཨ་ཕོ་ཞིག་རྩ་ནས་མིན་ཞིང་། ལྷག་བསམ་རྣམ་དག་བྱེད་མཁན་གྱི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན།
    ཆ་རྐྱེན་དེ་དག་ཚང་བའི་འོས་མི་ཞིག་བཏོན་རོགས་ཞེས་རེ་སྐུལ་གནང་བར་ཐུགས་རྗེ་ཆེ།
    གུས་པས་ད་ལྟའི་ཆར་བཀའ་ཁྲིའི་འོས་གཞི་འཚོལ་བཞིན་པའི་སྐབས་ཡིན། ནམ་ཞིག་འོས་གཞི་ཞིག་འདོན་ན་གུས་པའི་བཏོན་པའི་ཆ་རྐྱེན་དེ་དག་ཡོངས་སུ་མ་ཚང་ཡང་སུམ་ཆ་གཉིས་ཡན་ཚང་བ་ཞིག་འདོན་འཆར་ཡོད། དེ་ཡང་དཔེར་མཚོན་ཞིག་ཞུས་ན། ཕྱོགས་ཀུན་ལ་རྒྱང་གཟིགས་ཐུབ་མཁན་དང་དེ་མཚུངས་ཀྱིས་ལས་དོན་གང་ཡིན་སྒྲུབ་ཕོད་པ་འདས་པའི་མི་རབས་ནང་རྩིས་པ་ལུང་ཤེར་དང་༧པན་ཆེན་སྐུ་ཕྲེང་བཅུ་པ་སྟེ་༧སྐུ་གོང་མ་ལྟ་བུ། ད་ཡོད་མི་རབས་རྒན་པའི་ནང་༧སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ། མཁས་དབང་ཟམ་གདོང་རིན་པོ་ཆེ། ད་དུང་ འབའ་བ་ཕུན་ཚོགས་དབང་རྒྱལ་ལྟ་བུ། དེ་དག་གང་རུང་གི་ཡོན་ཏན་ལྡན་པའི་གཞོན་རབས་པ་ཞིག་རང་རེ་ཕྱི་སྡོད་བཙན་བྱོལ་ནང་དུ་འཁྲུངས་ཡོད་མེད་འཚོལ་བཞིན་ཡོད།
    མཐའ་དོན་དྲ་གྲོགས་ཡོངས་ལ་སྙིང་ནས་རེ་བ་ཞུ་རྒྱུ་ཞིག་ལ། བོད་མི་རིགས་དང་བཅས་པ་ཆགས་འཇིགས་ཆ་མ་འཚལ་པའི་སྐབས་འདིར་ང་ཚོས་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཁག་ལ་ཆེད་སྦྱང་དང་། ལྷག་བསམ་རྣམ་དག་དང་། རང་ནུས་གང་ཡོད། རྣམ་དཔྱོད་རྩལ་འདོན་གྱིས་འབྱུང་འགྱུར་གྱི་བོད་མིའི་འདུན་ལམ་དང་ཕན་བདེར་གང་ལ་གང་དྲགས་ཀྱི་སྙིང་གཏམ་དང་བགྲོ་གླེང་བྱ་རྒྱུ་གཙོ་བོ་ཡིན་པ་ལས་རྣམ་དོག་གིས་བསྐྲུན་པའི་འཆར་སྣང་གློ་བུར་བའི་རྗེས་སུ་འབྲངས་ཏེ་ཁ་ངན་ཚིག་ངན་གྱི་ཤགས་འགྱེད་བྱེད་པའི་གོམས་གཤིས་དེ་རིགས་ཅིས་ཀྱང་མཚམས་འཇོག་གིས་བོད་མི་རིགས་ཀྱི་ཐུན་མིན་བཟང་སྤྱོད་ཕྱོགས་ཐམས་ཅད་ནས་མངོན་གྱུར་ཡོང་ཐབས་ལ་ཐུགས་སྣང་ཡོང་བ་ཞུ།

    ་

    Reply
  3. དགེ་བཤེས་བསྟན་བཀྲ། says:
    ལོ་ 16 སྔོན།

    re6tre7

    Reply
  4. ནད་པ says:
    ལོ་ 16 སྔོན།

    གུས་པར་བཀུར་བའི་དྲ་གྲོགས་ལྷན་རྒྱས་མཆོག སྤྱི་ཟུར་ཐུབ་བསྟན་བསམ་འཕེལ་ལགས་ནས་བཀའ་ཁྲིའི་ལྡིང་ཆ་ཞིག་བསྐྲུན་གནང་མཛད་ཀྱང་ད་བར་འོས་ཆོས་ཚང་བའི་སྐྱེ་བོ་སུ་ཞིག་འོས་ལངས་སུ་སླེབས་མེད་པའི་རྒྱུ་མཚན་གཙོ་བོ་དེ་གང་ལ་ཐུག་ཡོད་དམ།

    དྲ་གྲོགས་ཚོས་དྲི་བ་འདིར་ལན་འདེབས་ཡོང་བའི་རེ་བསྐུལ་ཞུ། ཐུགས་རྗེ་ཆེ།།

    Reply
  5. ནད་པ says:
    ལོ་ 16 སྔོན།

    གུས་པར་བཀུར་བའི་དྲ་གྲོགས་ལྷན་རྒྱས་མཆོག སྤྱི་ཟུར་ཐུབ་བསྟན་བསམ་འཕེལ་ལགས་ནས་བཀའ་ཁྲིའི་ལྡིང་ཆ་ཞིག་བསྐྲུན་གནང་མཛད་ཀྱང་ད་བར་འོས་ཆོས་ཚང་བའི་སྐྱེ་བོ་སུ་ཞིག་འོས་ལངས་སུ་སླེབས་མེད་པའི་རྒྱུ་མཚན་གཙོ་བོ་དེ་གང་ལ་ཐུག་ཡོད་དམ།

    དྲ་གྲོགས་ཚོས་དྲི་བ་འདིར་ལན་འདེབས་ཡོང་བའི་རེ་བསྐུལ་ཞུ། ཐུགས་རྗེ་ཆེ།།

    Reply
  6. གངས་ཕྲུག says:
    ལོ་ 16 སྔོན།

    ཚེ་རིང་བཀྲ་ཤིས་ལགས་དངོས་གནས་ལྷག་བསམ་ཤེས་འཇོན་འཛོམས་ཤིང་གོང་འོག་སུ་ཡོན་ཡང་ལེགས་བྱས་ལ་བསྔགས་བརྗོད་དང་། ཉེས་བྱས་ལ་འཐེར་འདོན་ཐུབ་མཁན་ཞིག་རེད།

    དགེ་བཤེས་ལགས་དང་པོ་ཆང་ས་བརྒྱབ། དེ་ནས་རབ་ཏུ་བྱུང་། དགེ་བཤེས་བླངས་བ་དེ་ངས་བལྟས་ན་གོ་རིམ་འཆོལ་མི་འདུག

    Reply
  7. ལི་ཐང་བཤད་སྒྲུབ says:
    ལོ་ 16 སྔོན།

    ཁ་སང་དེ་རེང་དངོས་གནས་བཤད་ཁ་པོ་འདུག་ཚིག་གཅིག་ལ་གོ་བ་གཉིས་ཉུང་ཐ་ནས་ལན་དགོས་པ་མཐོང་ དེས་ན་བོད་མི་རིགས་ལ་ཤ་ཞེན་ཡོད་མཁན་སུ་ཞིག་ཡིན་ན་མཐུན་ལམ་གཙོ་བོ་གཟུང་ཏེ་གཏམ་བཤད་བྱེད་ན་ གནོས་གནས་དེ་རང་གཞན་ཚང་མས་དགའ་གསུ་དོན་ཀྱི་ཞུ་དགོས་ངེས་རེད་་དཔེ་ན་བཀའ་བློན་ཁྲི་པ་དེ་ཤེས་འགྱོན་གཉིས་ལྡན་ཞིག་ལ་བོད་རིགས་ཡིན་དགོས་པ་ལས་ཁམས་པ་དང་ཨ་མདོ་དབུས་གཙང་གང་ཞིག་ཡིན་མེན་དེ་གཙོ་བོ་མ་རེད་ འདི་འདྲ་ཞིག་ཡིད་ལ་བཞག་ཏེ་བཀའ་མོས་གནང་རོགས་ཞུ

    Reply
  8. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    ཨོ་རེད་མི་འདི་ལ་རྗེསསུ་ཡི་རང་བྱ་འོས། ཆང་ས་རྒྱབ་ནས་རིགས་རྒྱུད་སྤེལ། གྲ་བ་བྱས་དགེ་སློང་སྒྲུབ་ནས་སངས་རྒྱས་ཀྱིས་བསྟན་པ་དངོས་འཇལ། གྲྭ་སར་འཛུལ་ནས་བོད་རྒྱུད་ནང་བསྟན་གྱི་བྲོ་བ་དངོས་མྱོང་། རྒྱ་གར་ལ་བྲོས་པས་མི་རིགས་ཤིག་གིས་ལང་ཕྱོགས་གསལ་སྟོན་བྱས།གཞོན་ནུར་འཇུལ་པས་རང་འཙན་འཐབ་རྩོད་བྱས།
    དངོས་གནས་མི་བྱས་རྒྱུས་ཅན་རེད།

    Reply
  9. ཟུར་མཁར་ says:
    ལོ་ 16 སྔོན།

    ཨ་རིག་གླེན་པས་ཅི་ཟེར་ལེ་རེ། དགེ་བཤེས་བསྟན་པ་ཟེར་ལེ་དེ་དང་པོ་ཆང་ས་བརྒྱབ། དེ་ནས་གྲ་བ་བྱས་དེ་ནས་དགེ་སློང་བསྒྲུབས་དེ་ནས་རྒྱ་གར་ལ་བྲོས་དེ་ནས་གྲ་སར་འཛུལ་དེ་ནས་གཞོན་ནུར་འཛུལ་དེ་ནས་དགེ་རྒན་ལ་འཛུལ་དེ་ནས་ཡང་གྲ་སར་འཛུལ་དེ་ནས་ཡང་་་་་་་་ད་ཁོ་རིག་ཚོ་ཟིན་ལེ་ཨེ་རེད། ཚེ་རིང་བཀྲིས་ཟེར་ལེ་དེ་འཇོན་མི་འཇོན་མི་ཤེས་མཇལ་ཡང་མ་མྱོང་། དགེ་བཤེས་བསྟན་པ་ང་ཚོ་ཆོས་གྲོགས་རེད་དོ།

    Reply
  10. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    དགེ་བཤེས་བསྟན་པ་དང་ཚེ་རིང་བཀྲ་ཤིས་ངོ་མི་ཤེས་མཁན་གཅིག་གིས་ཁོང་གཉིས་རིག་འཚོ་མ་ཟཟིན་པ་རེེད་ལབ་ན་དེས་དམིགས་ཡུལ་ཕལ་ཆེར་དྲ་གྲོགས་རྣམས་སུན་པོ་བཟོ་རྒྱུ་ཙམ་ཡིན་རྒྱུ་རེད།

    Reply
  11. ཟུར་མཁར་ says:
    ལོ་ 16 སྔོན།

    བཤད་གིན་གིན་གང་ཞིག་ལ་སླེབས་འདུག་པ་འང་དྲན་པ་བརྗེད་ཐེ། དགེ་བཤེས་བསྟན་པ་བཀྲིས་ཟེར་ལེ་དེ་རིག་འཚོ་མ་ཟིན་པ་རང་ད་མིན་པ་འདྲ། རྒྱུ་མཚན་ནི་ཁོ་ད་དུང་གྲྭ་བ་མ་ལོག་པ་དེ་རླབས་ཆེན་རེད་ཡ།

    Reply
  12. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    རྒྱ་གྲོ་བ་ལགས། དགོངས་པ་རྩ་བ་ནས་མ་ཚོམ། དོགས་པ་ཡོད་ན་སེལ་ན་དགའ་ཟེར་བ་ལྟར་ངས་རང་གི་བློ་དོགས་ཤིག་བཤད་པ་ཙམ་ལས། ཁོང་རིག་འཚོ་མ་ཟིན་པ་ཞིག་རེད་ཅེས་ཚིག་ཐག་བཅད་ནས་བཤད་མེད། དེ་གཅིག་ཡིན།
    ཁྱེད་རང་གིས་༼སྤྱིར་རིག་འཚོ་མ་་ཟིན་པ་ཞེས་པ་དེ་ས་མཚམས་ཇི་ལྟ་བུར་འཇོག་གམ། ཁྱོད་དང་ང་ལྟ་བུའི་བློའི་སྤྱོད་ཡུལ་མ་ཡིན།༽ཞེས་གསུངས་འདུག ཁྱེད་དང་ངའི་སྤྱོད་ཡུལ་མིན་ན་ཁྱེད་རང་གིས་ཀྱང་གླེང་མ་ཡོང་། ངས་ཀྱང་ད་ཕྱིན་བཤད་མི་ཡོང་།

    གསལ་པོ་བཟོ་དགོས་པ་ཞིག་ལ། ངས་དོགས་འཆར་ཙམ་བཏོན་པ་ལས་ཚིག་ཐག་བཅད་མེད་པ་དེ་ངེས་དགོས། ཁྱེད་རང་གིས་༼ཁྱེད་ནས་ངའི་བོད་ཀྱི་ཨོ་བྷ་མ་ལ་རིག་འཚོ་མ་ཟིན་བརྗོད་པར་ང་བློ་ཕམ་ཤིན་ཏུ་ཆེ།༽ཞེས་བཤད་འདུག དངོས་གནས་བློ་ཕམ་དགོས་པ་དེ་ང་རེད། གང་ཡིན་ཟེར་ན། ངས་གཏན་འཁེལ་གྱི་སྒོ་ནས་རིག་འཚོ་མ་ཟིན་པ་རེད་ཅེས་བརྗོད་མེད་བཞིན་དུ་ཁྱེད་རང་གིས་བརྗོད་འདུག་ཅེས་ཧམ་བཤད་བྱེད་ཀི་ཡོད་རེད།

    Reply
  13. Gang-Seng says:
    ལོ་ 16 སྔོན།

    རྒྱལ་གཅེས་བོད་རིགས་སྤུན་ཟླ་ཚོ། ང་ཚོར་དུས་ཚོད་དབེན། ༧རྒྱལ་བའི་དགུངས་ན་མཐོ། བོད་ཀྱི་གནས་སྟངས་རྫ་དྲག་ཏུ་གྱུར། བཙན་བྱོལ་བའི་གནས་བབས་ཚུགས་དཀའ།
    ཐ་ཡིན་ན་དངོས་ནས་དགའ་མི་དགའ་མདོག་སྤང་ནས་སྤྱི་དོན་གོང་དུ་འཇོག་གལ་ཆེ། ངའི་རེ་བར་༢༠༡༡་ལོའི་བཀའ་ཁྲི་དེ་དངོས་ནས་བཙན་བྱོལ་གཞུང་དུ་མི་ཚེ་ཕལ་མོ་ཆེ་ཞབས་ཞུ་སྒྲུབ་མཁན་ཕྱི་ནང་གི་ཤེས་འཇོན་དང་ལྷག་བསམ་གང་ཐད་ནས་བཀུར་འོས་བ་དཔལ་འབྱོར་དྲུང་ཆེ་དང་སྨན་རྩིས་ཁང་གི་འགན་འཛིན་ཟུར་པ་ད་ཆ་ཨ་རིར་ཡོད་པ་ཕུ་རེ་ཚེ་རིང་བཀྲ་ཤིས་ལགས་སུ་འདེམས་ཐོན་བྱུང་ན་དགེ་མཚན་ཆེ་བར་མཐོང་བཞིན་འདུག་ན་བོད་རིགས་ཀུན་གྱི་འཆར་ཅན་གྱི་མི་རབས་བཀའ་བློན་གནང་མཁན་ཤ་སྟག་མ་ཡིན་པ་བསམ་བློ་གུ་ཡངས་ཐོག་ནས་མི་གསར་པ་ཤེས་འཇོན་ལྷག་བསམ་ལྡན་པ་ཞིག་བཀའ་ཁྲིར་འདེམས་རྒྱའི་དགོངས་པ་ཟབ་ཞེས་ཡོང་བའི་རེ་སྐུལ་དུ། བོད་རྒྱལ་ཁབ་ཆེན་པོ་རྒྱལ་གྱུར་ཅིག།

    Reply
  14. ཨ་ལལ says:
    ལོ་ 16 སྔོན།

    བཀྲ་ཤིས་ལགས།་ཐོག་མར་བཀྲ་ཤིས་གཏམ་བཟང་ཞིག་ཡོད་པ་ནི་ཁང་གསར་བས་ཀྱང་ཀླད་པ་དང་དུས་ཚོད་ཅུང་ཙམ་ཁྱེད་ཀྱི་རེ་བ་འདིའི་ཐོག་་ལ་བཏང་ནས་ཉིན་གྲངས་དང་ཟླ་ངོ་དུ་སོང་གི་ཁ་གྲངས་ཁོང་གིས་ཞིབ་འཇུག་བྱས་ནས་ཁྱེད་ལ་གསུང་ན་མྱུར་དུ་གསལ་ཐུབ་པས་དེ་མི་བཟང་ངམ།

    Reply
  15. རྒྱ་གྲོ་བ། says:
    ལོ་ 16 སྔོན།

    ཁང་གསར་རྡོ་རྗེ་ལགས། ཁྱེད་ནས་ངའི་བོད་ཀྱི་ཨོ་བྷ་མ་ལ་རིག་འཚོ་མ་ཟིན་བརྗོད་པར་ང་བློ་ཕམ་ཤིན་ཏུ་ཆེ། སྤྱིར་རིག་འཚོ་མ་་ཟིན་པ་ཞེས་པ་དེ་ས་མཚམས་ཇི་ལྟ་བུར་འཇོག་གམ། ཁྱོད་དང་ང་ལྟ་བུའི་བློའི་སྤྱོད་ཡུལ་མ་ཡིན་། དེང་དུས་འགྲོ་ལུགས་དང་བསྟུན་ན་རིག་འཚོ་མ་ཟིན་པ་དེ་སྨན་པ་ཚད་ལྡན་ཞིག་གི་ཐག་གཅོད་བྱེད་པ་ལས་ཁྱེད་ལ་འོས་བབས་དེ་ཨེ་ཡོད། མི་ཞིག་ལྷག་བསམ་དང་གཞུང་སེམས་ཀྱི་སྒོ་ནས་ལས་དོན་དང་སེམས་ཁུར་བྱས་པ་དང་སྐབས་མཚམས་གཞུང་དོན་གྱི་ལས་དོན་གྱི་དབང་གིས་སེམས་མ་སྐྱིད་པ་དེ་འདྲ་ཞིག་ལ་རིག་འཚོ་མ་ཟིན་པ་ངོས་འཛིན་བྱས་ན། ད་་ནི་སངས་རྒྱས་དངོས་ཁཽ་ཉིད་ཕེབས་ན་མ་གཏོགས་ཁྱེད་ལྟར་ན་བཀའ་ཁྲིའི་འོས་མི་ཞིོག་མེད་པ་ལགས། མི་གང་ཞིག་གཞུང་སེམས་མེད་པ་དང་ཉི་མ་གང་ཁྱོལ་དུ་སྐྱེལ་བ། ཚོར་རྒྱུ་གོ་རྒྱུ་གང་ཡང་མེད་པ་ཞིག་ཁྱེད་ལྟར་ན་དེ་རིག་འཚོ་ཟིན་པ་ཡིན་པ་འདྲ། ཧཧཧ། དེ་ན་ཤ་ཚ་ཅན་གྱི་ང་ཡི་ཕ་མ་གཉིས་ཀྱང་རིག་འཚོ་མ་ཟིན་པ་ཡིན་པ་འདྲ།།་་་

    Reply
  16. བཀྲ་ཤིས། says:
    ལོ་ 16 སྔོན།

    ད་ཁ་གདངས་ན་ཁོག་མཐོང་ཟེར་བ་ལྟར་ཏོག་ཙམ་མགོ་ཚོས་ཡོང་གི་འདུག

    སྨན་རྩིས་ཁང་གི་དགེ་རྒན་བསྟན་པ་བཀྲ་ཤིས་ཀྱིས་འོས་ཆོས་ཤིག་སྔོན་ཚུད་ནས་བཟོ་ཁག་བྱས། དེ་ནས་ཨབ་ཕྲུག་ཚོས་སྨན་རྩིས་ཁང་གི་འགན་འཛིན་ཟུར་པ་ཚེ་རིང་བཀྲ་ཤིས་ཀྱི་མིང་བཏོན། དེ་བཀའ་ཁྲི་བཟོ་རྩིས་རེད། དེ་ཡང་རྒྱུས་ཡོད་པས་ཡོད་པ་ངོ་སྤྲད་པ་ཡིན་ན་མི་ཆོག་པ་མེད། ས་འོག་དར་འཐག་གིས་རང་གི་དགའ་ཉེ་ཡར་འཇོག་འདོད་ཡིན་ན་ནོར་བ་རེད།

    ཁང་གསར་བ་འདི་དངོས་གནས་རང་ག་བ་ཞིག་མ་རེད། འདི་པས་བཀོད་པའི་མཆན་དང་སྤེལ་བའི་ཟིན་བྲིས་ཚང་མ་ཚིག་དོན་གཉིས་ཀ་ནས་ཟབ། འདི་ཁེ་ན་ཌ་ནས་ཡོང་བ་ཡིན་ཟེར་ན་ཡིད་ཆེས་དཀའ། ཡོང་བ་ཡིན་ན་དུས་བབ་དྲ་རྒྱའི་བསོད་ནམས་རེད། ཁང་གསར་བས་གནད་དོན་ཞིག་བཏོན་འདུག་པ་དེར་ཨ་ལལ་གྱིས་ལན་འདེབས་ཐུབ་ན་ལེགས།

    Reply
  17. Gang-Seng says:
    ལོ་ 16 སྔོན།

    ཁང་གསར་རྡོ་རྗེ་ལགས། ཁྱེད་རང་ཚེ་རིང་བཀྲ་ཤིས་ལགས་ཀྱི་འཕྲོད་བསྟེན་དང་ཀུན་སྤྱོད་གནས་བབས་ལ་ཐུགས་དོགས་རྩ་བ་ནས་མི་དགོས་པ་དགོངས་འཇགས་ཞུ། དངོས་ནས་དྲང་པོའི་གཞུང་སྲང་ནས་བརྗོད་ན་དགེ་བཤེས་ལགས་ཀྱི་གསུངས་པའི་ཁྱད་ཆེས་ཚང་བའི་འབྱུང་འགྱུར་བོད་ཀྱི་བཀའ་བློན་ཁྲི་བ་བོད་པའི་ཨོ་བ་མ་དེ་ནི་གོང་དུ་བོད་རིགས་བསམ་ཤེས་ཅན་ཞེག་ནས་འདོན་གནང་མཛད་པའི་དཔལ་འབྱོར་དྲུང་ཆེ་དང་སྨན་རྩིས་ཁང་གི་འགན་འཛིན་ཟུར་པ་ཚེ་རིང་བཀྲ་ཤིས་ཁོང་ལ་ངོས་འཛིན་བྱས་ན་བོད་མི་རིགས་ལ་འཕྲལ་ཕུགས་གང་ཐད་ནས་ཞབས་འདེགས་སྒྲུབ་ཐུབ་པ་ནི་ཁོང་གི་འདས་པའི་ཕྱག་ལས་གནང་བ་ཁག་ལ་ཐུགས་ཚིབ་བགྱིས་ན་གསལ་རྟོགས་ཐུབ་ངེས་ཡིན།
    ཁོང་ནི་ལྷག་བསམ་དཀར་ལ། དྲང་ཚུགས་བརྟན་པ། རྒྱལ་ཞེན་ཆེ་བ་དང། ༧གོང་ས་མཆོག་གི་བཀའ་དགོངས་ངོ་ལྐོགས་ལྷད་མེད་ཞབས་ཞུ་སྒྲུབ་མཁན། ཕྱི་ནང་གསང་གསུམ་གྱི་གནས་ཚུལ་རྟོགས་ཐུབ་མཁན། བསམ་ཕོད་མཁན། བཤད་ཕོད་མཁན། བྱེད་ཕོད་མཁན། དུས་དང་བསྟུན་ནས་འཛུགས་སྐྲུན་བྱ་ཐུབ་མཁན།་རང་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་དང་ཁྱབ་སྤེལ་བྱ་ཏུབ་མཁན། ལྷག་པར་དུ་དཔལ་འབྱོར་འཛུགས་སྐྲུན་དང་གོང་འཔེལ་གཏོང་ཐུབ་མཁན་བདོད་མི་ཤེས་འཇོན་གཉིས་ལྡན་ཞིག་ཡིན་ལགས་ན་བཙན་བྱོལ་དུ་ཡོད་པའི་བོད་རིགས་ཚང་མས་རང་དོན་རང་གཅེས་ཐོག་༢༠༡༡་ལོའི་བཀའ་ཁྲའི་འོས་ཤོག་ཁོང་ལ་འཕེན་རོགས་ཞུ། བོད་རྒྱལ་གྱུརཅིག

    Reply
  18. ཟུར་མཁར་ says:
    ལོ་ 16 སྔོན།

    ཨ་ལལ་འདི་བཤད་སྟངས་ལ་བལྟས་ན་ཁ་ཤོམ་ཆེན་པོ་ཞིག་ཡིན་པ་འདྲ། དགེ་བཤེས་བསྟན་པ་བཀྲིས་འདི་ཡང་རིག་འཚོ་ལ་མ་འཚོ་མཁན་ཞིག་མིན་ནམ་བསམ། བཅའ་ཁྲིམས་ནང་དུ་བཀའ་ཁྲིའི་འོས་ཆོས་ཡོད་བཞིན་དུ་གསར་པ་འདྲ་བཟོས་བསྡད་ནས་གང་ཡོང་། དེ་ལས་འོས་མི་ཞིག་སྟོན་རོགས། དེ་མིན་ན་ཞལ་བཙུམས།

    Reply
  19. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    ཨ་ལལ་ལགས། བཀའ་བཀྱོན་གནང་བར་ཐུགས་རྗེ་ཆེ། ཁོང་རིག་འཚོ་ཟིན་པ་ཞིག་ཡིན་ན་སྟབས་ཡག ངས་ནི་དོགས་འདྲི་ཙམ་བཏོན་པ་ལས་ཐག་བཅད་མེད།

    སྤྱི་དོན་ཆེད་དུ་སྨྲེ་ངག་ཅུང་ཟད་བཏོན་པ་དང་བཞིན་གྱི་རྣམ་འགྱུར་ཅུང་ཟད་འགྱུར་བ་ཞིག་ཁྱེད་རང་གིས་ཞལ་བཞེས་གནང་འདུག སྨྲེ་ངག་དེ་ཉིན་གྲངས་ག་ཚོད་བཏོན་པ་རེད། བཞིན་གྱི་རྣམ་འགྱུར་དེ་ཟླ་བ་ག་ཚོད་འགྱུར་བ་རེད། དེ་ཚོ་ཞིབ་ཙམ་གསུངས་ན་གསལ་པོ་ཆགས་ཡོང་།

    Reply
  20. ཨ་ལལ says:
    ལོ་ 16 སྔོན།

    གྲོགས་པོ་ཁང་གསར་རྡོ་རྗེ་ལགས།ཁྱེད་ཀྱི་མིང་དོན་དེ་དོན་སྟེང་ནས་ཁྱེད་ལ་ཚང་འདུག་་ཁང་གསར་ནང་གི་མི་གསར་ཞིག་ལ་མཐོང་ཐོས་དེ་ཙམ་ལས་ཅི་ཡོད།དོན་དངོས་སུ་ཁྱེད་ཀྱི་བཤད་བབ་ལ་བལྟས་ན་རིག་འཚོ་མ་ཟིན་པ་ཁྱེད་རང་ཡིན་པ་འདྲ།རིག་འཚོ་མ་ཟིན་པ་ཞིག་གིས་སྤཡི་དོན་ལ་བྱས་པ་དེ་ཙམ་འཇོག་ནུས་སམ།སྤྱི་དོན་གྱི་ཆེད་དུ་ཁོང་གིས་སྨེ་ངག་ཅུང་ཞིག་བཏོན་དང་བཞིན་རས་རྣམ་པ་ཅུང་ཟད་འགྱུར་བ་ལ་རིག་འཚོ་མ་ཟིན་པར་བརྩིས་ན་ཁྱེད་ཀྱིས་མི་ཚེའི་ནང་དུ་ད་བར་ངུ་དག་བྱས་པ་དེ་ཚོ་ནི་ཅི་ཞིག་ཡིན་བསམ་མམ།

    Reply
  21. ཨ་ལལ says:
    ལོ་ 16 སྔོན།

    བསམ་འཆར་བཏོན་པ་ཚང་མ་ཤིན་ཏུ་བཟང་།་འདོན་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ།ངས་བལྟས་ན་ཡོན་ཏན་འདི་དང་མི་འདི་ཞེས་མང་པོ་ཅི་ཙམ་བཤད་ཀྱང་དོན་དངོས་སུ་ང་ཚོར་དགོས་པའི་བཀའ་བློན་ཁྲི་བ་ནི་བོད་ཀྱི་གནས་བབ་ཤེས་མཁན་ཞིག་དང་ཁྱད་པར་དུ་ད་ལྟའི་བོད་ཀྱི་གནས་བབ་དང་དེ་ལས་ཀྱང་ཆེས་གལ་ཆེ་བ་ནི་གཞིས་བྱེས་གཉིས་ཀྱི་རེ་བ་དང་ཚབ་མཚོན་གྱི་བཙན་བྱོལ་གཞུང་འདིའི་ཁྱབ་ཁོངས་སུ་ཡོད་པའི་བོད་རིགས་གཞོན་སྐྱེ་འདི་ཚོ་ལ་དོ་སྣང་དང་ཐུགས་ཁུར་བྱས་ཏེ་ཕན་ཐོགས་ཅན་ཞིག་ཏུ་བསྐྲུན་ཐུབ་ཐབས་བྱེད་མཁན་གྱི་མི་ཞིག་ང་ཚོས་འདེམས་དགོས་པ་དེ་ཡིན།

    Reply
  22. གནས་ཚང་། says:
    ལོ་ 16 སྔོན།

    དགེ་བཤེས་མཆོག་གི་དགོངས་པ་ཡང་དག་རེད། དངོས་གནས་ཡག་པོ་ཞེ་དྲག་རེད།

    Reply
  23. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    ཚེ་རིང་བཀྲ་ཤིས་དངོས་གནས་འཇོན་པོ་རེད། འོན་ཀྱང་བཅའ་ཁྲིམས་ནང་གསལ་བའི་གཞི་རྩའི་འོས་ཆོས་༼ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།༽ ཞེས་པ་དེ་ཚང་ཡོད་མེད་དོགས་པ་འདུག

    ཁྱེད་རང་གིས་བྱས་ན་ཚང་ཡོད་དམ།

    Reply
  24. རྒྱ་གྲོ་བ། says:
    ལོ་ 16 སྔོན།

    ཁང་གསར་རྡོ་རྗེ་ལགས། འོས་མི་མི་རག་པའི་སྒང་ལ་འོས་ཆོས་མང་པོ་ཞིག་གསུངས་བར་ཁྱེད་རང་ལ་བློ་ཚབས་ཆེན་པོ་ཞིག་འབྱུང་འདུག་པར་དེ་རི་བོང་གནམ་སྡིབས་ཀྱི་སྡུག་བསྔལ་ཡིན་པ་འདྲ། ངས་ནི་འོས་མི་མང་དག་ཞིག་རང་རེའི་སྤྱི་ཚོགས་ནང་དུ་བཞུགས་འདུག་ན་བློ་ཞུམས་དགོས་པ་དེ་འདྲ་རྩ་བ་ནས་གནང་དགོས་པ་མ་མཐོང། ཨོ་བྷ་མ་དང་ཁྱད་ཆོས་ཤིན་ཏུ་མཚུངས་པ་ང་ཚོའི་སྤྱི་ཚོགས་ནང་དུ་ཇི་མང་ཡོད་པ་ནས་གཅིག་མཚན་ནས་བོས་ན། ཁོང་གི་མཚན་ལ་ཚེ་རིང་བཀྲིས་ཞུ་བ་དང་དེང་སང་ཨ་རིར་ཨོ་བྷ་མར་གཞོགས་འདེགས་ཀྱི་ཚུལ་དུ་བྱ་བ་སྒྲུབ་མུས་ཡིན། ཁོང་ནི་དེ་སྔོན་བོད་གཞུང་དུ་ཕྱག་ལས་གནང་བ་དང་རྗེས་སུ་སྨན་རྩིས་ཁང་གི་དབུ་འཛིན་དུ་བསྐོ་བཞགས་བྱས་རྗེས་སྨན་རྩིས་ཀྱི་རིག་གཞུང་སྤྱི་དང་ལྷག་པར་དུ་མི་རྒྱུ་དངོས་གསུམ་གྱི་ཡར་རྒྱས་གནམ་ས་སླ་ལོག་ཏུ་འགྱུར་བ་ལྟ་བུའི་འཕོ་བསྒྱུར་བཏང་བ་ནི་སྨན་རྩིས་ཁང་གི་ལས་བསྡོམས་ལོ་རྒྱུས་ལས་ཤེས། ཁོང་ཉིད་ཨོ་བྷ་མ་དང་མི་འདྲ་བའི་ཁྱད་པར་གཅིག་རང་ཡོད་དེ། དེ་ནི་ཁོང་རང་གི་ཤ་མདོགས་དཀར་བ་དང་བོང་དབྱིབས་ཆུང་བ་དེ་རང་ཡིན། དེ་མིན་གྱི་ཁོང་གཉིས་ཀྱི་ཤེས་འཇོན་དང་ལོ་ན། ཁྱིམ་ཚངས་ཀྱི་ལོ་རྒྱུས་སོགས་མཚུངས་པར་མང་བར་ལགས་ན། ངས་ནི་བོད་པའི་ཨོ་བྷ་མ་ཁོང་ཉིད་ལ་བརྩི་བ་ལགས་ན་དེ་ལྟར་ཐུགས་ཞིབས་གནང་བར་བཞུ་རྒྱུ་དང། བཀའ་ཁྲིའི་འོས་ཆོས་སུ་འོས་པར་འདུག་པར་ལགས་ན་དེ་ལ་དགོངས་ཚུལ་ཅི་ཡོད།།

    Reply
  25. གསང་གཏོར། says:
    ལོ་ 16 སྔོན།

    དགེ་བཤེས་ལགས་ཐུགས་རྗེ་གཟིགས། བཀའ་ཁྲི་སྐོར་དྲ་རྒྱ་བཟོ་མཁན་དེ་ཐུབ་སྟན་བསམ་གྲུབ་རེད་མ་གཏོགས་ཐུབ་བསྟན་བསམ་འཕེལ། བཀའ་ཁྲི་འོས་ཆོས་ཚང་དགོས་པ་ཁག་བཙན་བྱོལ་གཞུང་གི་བཅའ་ཁྲིམས་ནང་ཞིབ་ཕྲ་གསལ་ཡོད་རེད། དེ་ལས་ལྷག་པའི་མི་རེ་རེས་གསར་བཟོ་བྱས་བསྡད་ན་འོས་འཚམས་སུ་མ་མཐོང༌།

    Reply
  26. ཆོས་དབྱིངས་རྡོ་རྗེ says:
    ལོ་ 16 སྔོན།

    དགེ་བཤེས་ལགས་ཐུགས་རྗེ་ཆེ་ཞུ

    Reply
  27. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ་གཟིགས་དང་།
    ཁང་གསར་རྡོ་རྗེ་ཡིས་བདག་ཅག་གི་སྟོན་པ་སངས་རྒྱས་ལས་ཨ་རིའི་སྲིད་འཛིན་ཡོན་ཏན་ཆེ་བར་འདོད་་་་་་་་ཧཧཧ་་་་་སྙིང་རྗེ་་་་།
    དགེ་བཤེས་བསྟན་པ་བཀྲ་ཤིས་ལགས་བཀའ་དྲིན་ཆེ། ང་ཚོར་བཀའ་ཁྲིའི་ཆ་རྐྱེན་ག་ཚོད་མང་བ་གླེང་བ་དེའི་ཚོད་ཀྱི་བསམ་བློའི་གོ་རྟོགས་འཕེལ་རྒྱུར་ཕན་ཐོག་འདུག རབ་ལ་ཁྱེད་ཀྱིས་བཏོན་པའི་འོས་ཆོས་ཚང་བའི་མི་འགའ་ཞིག་ངོ་སྤྲོད་གནང་ན་ག་འདྲ་འདུག

    Reply
  28. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    གང་ཡང་གླེང་མཁན་མེད་པ་ལས་གླེང་མཁན་རེ་ཡོད་ན་ཡག་གི་རེད། འོན་ཀྱང་། གླེང་གཞི་དེ་ཡང་བསམ་བློ་ཞིབ་མོ་ཞིག་བཏང་ནས་གླེང་རྒྱུ་དང་དུས་རབས་ཀྱི་དགོས་འཁོ་དང་འཚམ་པའི་བཀའ་བློན་ཞིག་ངོ་སྤྲོད་གནང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་ཞིག་རེད་འདུག་སྙམ། དེ་མིན་འོས་གཞི་བཏོན་ནས་དུས་ཚོད་བསྐྱལ་བསྡད་པ་ཡིན་ན་དེ་ཙམ་ཞིག་མ་རེད་དམ། སྤུན་གྲོགས་བོད་པ་ཚོ།

    Reply
  29. ནོར། says:
    ལོ་ 16 སྔོན།

    དགེ་བཤེས་ལགས་ཀྱིས་མ་འོངས་བཀའ་ཁྲིའི་འོས་མིར་ཚང་དགོས་པའི་ཆ་རྐྱེན་ཁག་ཅིག་བཏོན་པར་ཐུགས་རྗེ་ཆེ།
    ཕྲན་གྱིས་བསམ་ན། འོས་མི་མིང་ཐོན་པ་རྣམས་ཀྱིས་བདག་གིས་འདི་འཇོན་གིན་ཡོད་དང་། འདི་སྒྲུབ་ཐུབ་ཀྱིན་ཡོད། འདི་སྒྲུབ་ཀྱི་ཡིན་ཞེས། དཔའ་ཁས་ལེན་བྱེད་མཁན་དགོས་པ་གལ་ཆེན་རེད།
    དགེ་བཤེས་ལགས། ཆབ་སྲིད་དང་དཔལ་འབྱོར། རིག་གནས་གསུམ་གྱི་བསྡུས་ཚིག་ལ། སྲིད་འབྱོར་རིག་གསུམ་ལས་ཆབ་དཔལ་རིག་གསུམ་ཅེས་འབྲི་སྲོལ་སྔོན་མ་མེད་པ་འདྲ།

    Reply
  30. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    འོས་མི་མ་རག་པའི་སྒང་ལ་འོས་ཆོས་གསར་པ་མང་པོ་ཞིག་བསྣན་ཡོང་ན་ག་རེ་ཆགས་ས་རེད། ད་འོ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བཅས་ཀྱི་ཆ་རྐྱེན་ཆ་ཚང་ཚང་བའི་ཐོག་ལ། ཨ་རིའི་སྲིད་འཛིན་ཨོ་བྷ་མའི་ཡོན་ཏན་དེ་དག་ཚང་དགོས་པ་ཞིག་གཏན་འབེབས་བྱས་ན་ཅི་འདྲ་འདུག ཨ་ཙི། ཀུ་རེ་ཡིན།

    ༡། ཁྱེད་རང་གིས་བཏོན་པའི་འོས་ཆོས་དེ་དག་ཚང་བའི་འོས་མི་སུ་སུ་འདུག

    ༢། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བཀའ་ཁྲིའི་འོས་ཆོས་སུ་
    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ཉེར་གཅིག་པའི་ནང་། བཀའ་བློན་ཁྲི་པ་དང་བཀའ་བློན་གྱི་འོས་གཞིར་རུང་བའི་སྐྱེ་བོ་ནི།
    ཀ བོད་ཀྱི་ཡུལ་མི་ཡིན་པ།
    ཁ རང་ལོ་སོ་ལྔ་ཧྲིལ་པོ་ལོན་པ།
    ག ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།
    ང། བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།
    ཆ། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་སུམ་ཆ་གཉིས་ཡན་གྱིས་མོས་མཐུན་གྱིས་བཀའ་བློན་ཁྲི་པའམ་བཀའ་བློན་གྱི་འོས་གཞིར་མ་འོས་པར་ཐག་བཅད་པ་མ་ཡིན་པ།
    ཇ། ཡུན་ཚད་གཉིས་བསྟུད་མར་བཀའ་བློན་ཁྲི་པའམ་བཀའ་བློན་གྱི་ལས་ཁུར་བྱེད་བཞིན་པ་མ་ཡིན་པ།
    ཉ། བཅའ་ཁྲིམས་དོན་ཚན་ཉེར་དགུ་པའི་ནང་གསེས་ ༣ པའི་ཀ༽དང་ ༤ ལྟར་བཀའ་བློན་ཁྲི་པའམ་བཀའ་བློན་འཕོ་འགྱུར་བྱ་དགོས་བྱུང་བ་མ་ཡིན་པ།
    ཏ། བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང་། གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ་ཞེས་བཀོད་ཡོད།

    འདི་དག་ཉུང་མཐར་ཚང་བའི་ཐོག་ནས་འོས་གཞི་ཁ་ཤས་བདམས། འོས་གཞིའི་ནང་ནས་རྩེ་ཕུད་དེ་བདམས་ན་ཅི་འདྲ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese