མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱའི་ལྷན་ཚོགས་དང་འབྲེལ་བའི་བགྲོ་གླེང་།

བོད་ཀྱི་དུས་བབ།
༢༠༠༩/༠༨/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་སུད་སིར་ཚོགས་པའི་བོད་རྒྱའི་ལྷན་ཚོགས་དེའི་ཐད། སྤྱི་ཚོགས་ནང་གླེང་སློང་དང་ངོས་འཛིན་འདྲ་མིན་ཡོང་གིན་འདུག་ལ། བཞུགས་སྒར་ངྷ་རམ་ལ་ནས་ཀྱང་ཚོགས་འདུ་དེ་དང་འབྲེལ་དེ། བོད་རྒྱ་མི་རིགས་གཉིས་བར་མཛའ་མཐུན་འབྲེལ་ལམ་འཛུགས་ཕྱོགས་དང་། ཕན་ཚུན་བསམ་ཚུལ་བརྗེ་རེས་དང་བདེན་པ་ར་སྤྲོད་ཀྱི་ཁོར་ཡུག་སྐྲུན་ཕྱོགས་ཐད་བགྲོ་གླེང་གནང་ཡོད།

 

ཕྱི་ཚེས་ ༢༢ རེས་གཟའ་ཉི་མའི་ཉིན་ངྷ་ས་བོད་དོན་གླེང་བའི་གོ་སྒྲིག་འོག ངྷ་ས་བདེ་དོན་ཚོགས་ཁང་ནང་། ཉེ་ཆར་སུད་སིར་ཚོགས་པའི་རྒྱལ་སྤྱིའི་བོད་རྒྱའི་ལྷན་ཚོགས་དང་འབྲེལ་ཏེ། འབྱུང་འགྱུར་བོད་རྒྱ་མི་རིགས་གཉིས་བར་འབྲེལ་བ་འཛུགས་ཕྱོགས་སྐོར་ལ་བགྲོ་གླེང་ཞིག་ཚོགས་ཡོད་ལ། བགྲོ་གླེང་སྟེང་བོད་གཞུང་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་དང་བོད་མི་མང་སྤྱི་འཐུས་སྐལ་བཟང་རྒྱལ་མཚན། བོད་ཀྱི་ཡིག་སྒྱུར་ཁང་གི་འགན་འཛིན་ཀུན་ཐར་དོན་འགྲུབ། རང་དབང་གི་ཉམས་ཞིབ་པ་ཀླུ་མཁར་བྱམས་བཅས་ཀྱིས་གཏམ་བཤད་དང་མི་དམངས་ཀྱི་དྲི་བར་ལན་འདེབས་གནང་ཡོད།  

སྐབས་དེར་བོད་གཞུང་ཕྱི་དྲིལ་དྲུང་ཆེན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ཉེ་ཆར་སུད་སིར་ཚོགས་པའི་བོད་རྒྱའི་ལྷན་ཚོགས་ཀྱི་ནང་དོན་མདོ་བསྡུས་ངོ་སྤྲོད་གནང་དོན། སྔར་རྒྱལ་ཁབ་འདྲ་མིན་ནང་བོད་རྒྱའི་ཚོགས་འདུ་ཚོགས་ཡོད་ཀྱང་། ཐེངས་འདིར་དམིགས་བསལ་བ་ཞིག་ནི། ༧གོང་ས་མཆོག་དང་བཀའ་བློན་ཁྲི་པ་གཉིས་ཕེབས་ཏེ་བཀའ་སློབ་གནང་ཡོད། བོད་ཕྱོགས་ནས་རྒྱ་མི་ཚོར་བཤད་དགོས་པ་ཆ་ཚང་གསལ་བཤད་བྱས་ཡོད། ཉིན་དང་པོར་༧གོང་ས་མཆོག་གིས། བོད་ཀྱི་གནད་དོན་སེལ་དགོས་ཤིག་ཡིན་ལ། དེ་ཇི་ལྟར་སེལ་ཕྱོགས་སྐོར་ལ་ང་ཚོས་ཐེངས་འདིར་གྲོས་བསྡུར་བྱ་དགོས། རྒྱ་རིགས་མཁས་པ་དང་བོད་པར་ཉེ་བོ་ཡོད་རིགས་ཚོའི་བསམ་ཚུལ་དང་ཐབས་ལམ་ལ་ཉན་འདོད་ཡོད། བོད་ནང་དཀའ་ངལ་ཡོད་པ་གསལ་བོ་རེད། སྔར་ལོ་བོད་ནང་ངོ་རྒོལ་བྱུང་སྐབས། ལས་འགུལ་ནང་ཞུགས་མཁན་མང་ཆེ་བ་མི་རབས་གསར་བ་རེད། བོད་གཞུང་གི་ཕྱོགས་ནས་རྒྱ་ནག་ལ་འབྲེལ་བ་བྱ་རྒྱུ་ཁག་ནས་ཁག་ཏུ་འགྲོ་བཞིན་འདུག དེར་བརྟེན། ང་ཚོས་རྒྱ་ནག་མི་དམངས་ལ་འབྲེལ་བ་ཤུགས་ཆེ་རུ་གཏོང་གིན་ཡོད། རྒྱ་རིགས་མཁས་པ་ཚོས་དོན་དངོས་ཐོག་ལ་རྩོམ་ཡིག་སྤེལ་རྒྱུ་གལ་ཆན་པོ་རེད། ཞེས་བཀའ་གནང་སོང་།

 

ཐེངས་འདིར་རྒྱ་ཕྱོགས་ནས་སྐུ་མགྲོན་གཙོ་བོ་ཡན་གྱ་ཆེ་རེད། ཁོང་སྔོན་མ་སྲིད་བློན་འདས་པོ་ཀྲའོ་ཙི་ཡཱང་གི་སློབ་སྟོན་པ་རེད། ཁོང་གིས་༧རྒྱལ་བ་རིན་པོ་ཆེ་བོད་མི་བཙན་བྱོལ་བ་ཙམ་མ་ཡིན་པར་བོད་མི་དམངས་ཀྱི་སྐུ་ཚབ་དང་མགོ་ཁྲིད་རེད། ངས་སྔར་རྒྱ་ནག་ནང་ལས་ཀ་བྱེད་སྐབས། ཆོས་ཀྱི་ནུས་པ་དེ་ཙམ་ཞིག་ཡོད་པ་ཧ་གོ་མ་སོང་མོད། དེང་སྐབས་ཕྱི་རྒྱལ་དུ་སྡོད་སྐབས། ཆོས་ཀྱི་ནུས་པར་ངེས་ཟིན་བྱུང་སོང་། བཀའ་བློན་ཁྲི་པས་དོགས་འདྲི་ཁག་ལ་ལན་འདེབས་གནང་བ་དེར་ཧ་ཅང་ཡིད་འཚིམ་པ་དང་བློ་བདེ་བོ་ཞིག་བྱུང་སོང་། ཞེས་གསུངས་སོང་། ཚོགས་འདུའི་མཇུག་སྡོམ་གྱི་ནང་དོན་གཙོ་བོ་ཁག་ནི། ཚོགས་བཅར་བ་ཚང་མས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གཞི་རྩར་བཟུང་ཡོད། བོད་ཀྱི་རྩ་དོན་དེ་རྒྱ་བོད་མི་རིགས་བར་གྱི་འཐབ་རྩོད་ཅིག་མ་རེད། རྒྱ་ནག་གཞུང་ཕྱོགས་ནས་བོད་མི་དམངས་ལ་བཙན་གནོན་དང་བཤུ་གཞོག་ཐལ་དྲགས་པ་ལས་བྱུང་བ་དང་། རྒྱ་གཞུང་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཁ་འབྲེལ་ཐབས་མེད་པའི་ཆ་ཤས་ཤིག་རེད་ཟེར་བ་དེ་བདེན་པ་མིན་སྐོར་བཅས་ཁ་གསལ་བོས་བཀོད་ཡོད། ཅེས་ཚོགས་འདུའི་གཏན་འབེབས་ཁག་སྙིང་བསྡུས་སུ་ངོ་སྤྲོད་གནང་སོང་།

 

དེའི་རྗེས་བོད་མི་མང་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བོད་རྒྱའི་ལྷན་ཚོགས་སྐབས་ཀྱི་གནས་ཚུལ་བྱེ་བྲག་གིས་ངོ་སྤྲོད་གནང་དོན། སྔར་བོད་རྒྱ་གཉིས་བར་གྱི་བགྲོ་གླེང་ཐེངས་འགར་བྱུང་ཡོད། སྐབས་དེ་དག་ཏུ་ལྟ་བ་ལངས་ཕྱོགས་དང་། དགོངས་ཚུལ་མ་མཐུན་པའི་དབང་གིས་རྩོད་པ་རྐྱང་རྐྱང་བརྒྱབས་ཏེ། མཐའ་སྡོམ་གྱི་ཡིག་ཆ་ཡག་པོ་ཞིག་འཇོག་ཐུབ་མེད། ཐེངས་འདིར་ཚོགས་བཅར་འཐུས་མིའི་ཡོང་ཁུངས། རྒྱལ་ཁབ་ ༡༤ དང་རྒྱ་ནག་པེ་ཅིན་བཅས་ནས་ཡོད་ལ། ཕྱི་རྒྱལ་སློབ་གྲྭ་ཆེ་ཁག་གི་དགེ་རྒན་དང་གསར་ལམ་ཁག་གི་རྩོམ་སྒྲིག་པ་རེད། བོད་གཞུང་གི་ཕྱོགས་ནས་༧གོང་ས་མཆོག་དང་བཀའ་བློན་ཁྲི་པ། སྐུ་ཚབ་རྣམ་གཉིས་བཅས་ཀྱིས་གཙོས་པའི་རྒྱ་ཡིག་གི་ལས་ཀ་བྱེད་མཁན་ཚོ་ཡོད། བགྲོ་གླེང་སྐབས་ཚོགས་ཆུང་ཁག་བཞི་ལ་བགོས་ཤིང་། ཚོགས་ཆུང་རེ་རེའི་ནང་དུ་བོད་པ་བཞི་ལྔ་རེ་ཞུགས་ཏེ་བསམ་ཚུལ་བརྗེ་རེས་བྱས་ཏེ། མཐའ་མའི་ཡིག་ཆ་ཡག་པོ་ཞིག་འཇོག་ཐུབ་པ་བྱུང་སོང་། ཚོགས་འདུའི་སྐབས་ང་ལ་ཚོར་བ་ཆེ་ཤོས་ཤིག་ལ། རྒྱ་རིགས་མང་པོ་ཞིག་གིས་བོད་རང་བཙན་དེ་བོད་མི་ཚོས་ཐོབ་ཐང་རེད། རང་བཙན་རྩོད་དགོས་པ་རེད། ཅེས་ང་ཚོ་ལས་ལྷག་པའི་མངར་ཤུགས་ཆེན་པོས་བཤད་མཁན་ཡང་བྱུང་སོང་།

 

ཐེངས་འདིའི་ཚོགས་འདུ་དེ་བོད་དོན་ཙམ་དུ་མ་ཟད་ཕྱི་རྒྱལ་གྱི་རྒྱ་རིགས་ཁོ་རང་ཚོ་ལྷན་ཚོགས་ཀྱི་གོ་སྐབས་རྩ་ཆེན་པོ་ཞིག་ཏུའང་ངོས་འཛིན་བྱེད་ཀྱིན་འདུག ཐེངས་འདིར་ང་གལ་ཆེ་བ་ཁག་ཅིག་ལ། དང་པོ། བོད་ཀྱི་གནད་དོན་ཟེར་དེ། རྒྱ་ནག་དམར་པོའི་གཞུང་གིས་བོད་མིའི་ཐོག་དྲག་པོའི་སྲིད་བྱུས་དང་ཆོས་རིག་མི་རིགས་དང་བཅས་པ་རྩ་མེད་དུ་གཏོང་རྒྱུའི་སྲིད་བྱུས་འོག་ནས་བྱུང་བ་དང་། གཉིས་པ། ལོ་རྒྱུས་ཐོག་ནས་བོད་དེ་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཡིན་ཟེར་བ་དེ་དངོས་ཡོད་ལོ་རྒྱུས་དང་མི་མཐུན་པ་གསལ་བོར་བཀོད་ཡོད། གསུམ་པ། རྒྱ་རིགས་མཁས་དབང་ཚོར་ཞན་ཆ་ཞིག་ཡོད་པ་ནི། མི་གཞན་ལ་སློབ་སྟོན་དང་བཙན་བྱོལ་གཞུང་གིས་རྒྱ་གཞུང་ལ་རྒྱུས་མངའ་མེད་པའི་བཤད་སྲོལ་ཞིག་ཡོད་མོད། ཐེངས་འདིར་འཐུས་མི་མང་ཆེ་བས། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ། ནང་ཆོས་བཤད་མ་དགོས་པ་རེད། རྒྱལ་སྤྱིའི་ཆབ་སྲིད་དང་བོད་རྒྱའི་གནས་བབ་ལ་ཐུགས་རྒྱུས་ཧ་ཅང་ཚད་མཐོན་པོ་ཡིན་པར་ངོས་འཛིན་དང་། བོད་མིའི་ཚོས་སོ་སོའི་འཚོ་བ་སྐྱེལ་སྟངས་ཀྱི་ལམ་ཁ་གང་ཞིག་བདམས་པ་ཡིན་ན། རྒྱ་གཞུང་གིས་རྩི་འཇོག་བྱ་དགོས་ཤུགས་ཆེན་པོས་བརྗོད་ཡོད།  

 

དེའི་རྗེས་ཀུན་མཐར་དོན་འགྲུབ་ལགས་ཀྱིས་གསུངས་དོན། ངས་དེ་རིང་རྒྱ་ནག་གུང་ཁྲིན་ཏང་གི་བསམ་བློའི་ཁྱེར་ཕྱོགས་དང་། མི་དམངས་ལ་མགོ་སྐོར་གཏོང་སྟངས་སྐོར་ནས་བཤད་ན་བསམ་སོང་། སྤྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་ཤོག་གཞུང་བཙུགས་པའི་སྐབས་སུ། མའོ་ཙེ་ཏུང་གིས། དེ་རིང་ནས་ཀྲུང་གོའི་མི་དམངས་ཡར་ལངས་པ་རེད། ཅེས་བརྗོད་ཡོད། དེས་རྒྱ་རིགས་མི་དམངས་སྔར་ནུབ་ཕྱོགས་པའི་གཉའ་གནོན་འོག་ཚུད་བསྡད་པ་སྟོན་ཐབས་བྱེད་ཀྱིན་ཡོད། སྐབས་དེའི་གཞུང་དེ་བཟོ་བ་གྲལ་རིམ་གྱིས་དབུ་ཁྲིད་པའི་བཟོ་ཞིང་མཉམ་འབྲེལ་གྱི་ཚོགས་པ་ཞིག་ཡིན་ཟེར་གྱིན་ཡོད། ལོ་བཅུའི་རིང་གི་རིག་གསར་རྫོགས་ཏེ་སྤྱི་ལོ་ ༡༩༧༩ རྗེས་སུ་ཏིན་ཞོ་ཕིན་གྱིས་སྲིད་དབང་བཟུང་སྐབས། སྔར་གྱི་མའོ་ཙེ་ཏུང་གི་སྲིད་བྱུས་དང་བཤད་སྟངས་བཅས་ལ་ནོར་འཁྲུལ་ཡོད་པར་མཐོང་སྟེ། རྒྱུན་འཁྱོངས་བཞི་ཟེར་བ་དེ་གཏན་འབེབས་བྱས་ཡོད། དང་པོ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས། གཉིས་པ། འབྱོར་མེད་གྲལ་རིམ་གྱི་སྲིད་དབང་རྒྱུན་འཁྱོངས། གསུམ་པ། གུང་ཁྲིན་ཏང་གི་དབུ་ཁྲིད་རྒྱུན་འཁྱོངས། བཞི་བ། མར་ཁུ་སི་དང་མའོ་ཙེ་ཏུང་གི་དགོངས་པ་རྒྱུན་འཁྱོངས་བཅས་རེད། གཞན། ནུབ་ཕྱོགས་ལ་ཁ་གཏད་གཅོག་པར་རང་ཉིད་སྟོབས་ལྡན་ཅན་དུ་བསྒྱུར་དགོས་ཚུལ་བརྗོད་ཡོད། རྗེས་སུ་ཅིང་ཙེ་མིན་གྱིས་སྲིད་དབང་འཛིན་སྐབས་སྤྱི་ཚོགས་ཁྲོད་རྒྱུ་འབྱོར་ཆེན་པོ་མང་པོ་བྱུང་སྟེ། བསླར་ཡང་སྤྱི་ཚོགས་ནང་འགལ་བ་བྱུང་བ་རེད། སྐབས་དེར་གུང་ཁྲིན་ཏང་གིས་བཟོ་ཞིང་གྲལ་རིམ་ཁོ་ནའི་ཚབ་བྱས་ན་འགྲིག་གིན་མེད་པར་མཐོང་སྟེ། ཚབ་མཚོན་གསུམ་ཟེར་བ་དེ་གཏན་འབེབས་བྱས་པ་རེད། གུང་ཁྲིན་ཏང་གི་གྲལ་རིམ་གྱི་ཚོགས་པ་དེ་གཏོར་ཏེ། ཚོང་པ་དང་ཞིང་པ། བཟོ་བ་བཅས་ལ་ཁྱད་པར་མེད་པར་གུང་ཁྲིན་ཏང་ནང་ཞུགས་ཆོག་པའི་ལམ་སྲོལ་བཟོས་པ་རེད། བརྒྱུད་རིམ་དེ་དག་ཁྲོད། ནུབ་ཕྱོགས་པར་ཁ་གཏད་གཅོག་པའི་བསལ་བློ་དང་འདུ་ཤེས་མི་དམངས་ལ་ཅི་ཐུབ་ཀྱིས་སྤེལ་ཡོད།

 

ཧུའུ་ཅིན་ཐའོ་ཡི་སྐབས་གུང་ཁྲིན་ཏང་གཅིག་པའི་རྒྱལ་ཁབ་དབང་འཛིན་བྱས་ན་འགྲིག་གིན་མེད་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། སྨྲ་བརྗོད་རང་དབང་བཅས་ཀྱི་ཐད། སྤྱི་ཚོགས་ནང་ངོ་རྒོལ་དང་སྐད་འབོད། གཞུང་ལ་གཏུགས་བཤེར་སོགས་བྱུང་ཡོད་ཀྱང་། རྙོག་དྲ་ཡོད་ཚད་ནུབ་ཕྱོགས་པའི་སྟེང་ལ་བཀལ་ཡོད། ང་དགུ་ལོར་བོད་པས་གྱེན་ལངས་བྱེད་སྐབས། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་ཏང་ལ་ངོ་རྒོལ་གྱི་ཞ་མོ་གཡོགས་ཡོད། བརྒྱད་ཅུ་གྱ་གྲངས་ནང་ལྷ་སའི་ངོ་རྒོལ་སྐབས་ནུབ་ཕྱོགས་པའི་ངན་སྐུལ་ལ་ཁ་གཡར་ཡོད། སྔར་ལོའི་ཞི་རྒོལ་དེ་༧གོང་ས་མཆོག་དང་བཙན་བཙོལ་བོད་གཞུང་གི་བརྒྱུད་སྐུལ་ལ་ཁ་གཡར་ཡོད། བོད་དེ་རྒྱ་ནག་ལས་ལོགས་སུ་རང་བཙན་གྱི་ལམ་དུ་འགྲོ་རྒྱུ་ཡིན་ཟེར་ན། རྒྱ་ནག་མི་དམངས་བརྒྱ་ཆ་ ༩༥ ཡིས་མོས་མཐུན་གནང་གི་མ་རེད། རྒྱ་ནག་ལ་མི་རིགས་རིང་ལུགས་ཀྱི་ཞེན་ཁོག་ཤུགས་ཆེན་པོ་རེད། གུང་ཁྲན་ཏང་ལ་བཅོས་བསྒྱུར་བྱ་འདོད་མེད་པ་དེ་ཡང་། མི་རིགས་རིང་ལུགས་ཀྱི་ཞེན་ཁོག་ལས་ཡོང་གིན་ཡོད། བརྒྱད་ཅུ་གྱ་གྲངས་ཀྱི་ལྷ་སའི་ངོ་རྒོལ་སྐོར་གྱི་གསང་བའི་ཡིག་ཆ་ཞིག་ཏུ་སྐབས་དེའི་ནོར་འཁྲུལ་གཙོ་བོ་ ༡༩༧༩ ལོར་བོད་ཕྱི་ནང་བར་སྒོ་ཕྱེས་པ་དེ་ལ་ངོས་འཛིན་བྱས་འདུག ཕྱི་ལོགས་སུ་ནུབ་ཕྱོགས་པའི་ངན་ཇུས་ཀྱིས་རྒྱལ་ཁབ་ཁ་བྲལ་གཏོང་གིན་ཡོད། ཅེས་བསྒྲགས་ཡོད་སྟབས། མི་དམངས་གཞུང་གི་སྲིད་བྱུས་ལ་འདོད་པ་མེད་ཀྱང་། རྒྱལ་ཁབ་གཅིག་གྱུར་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། དེར་བརྟེན། ང་ཚོས་རྒྱ་ནག་མི་དམངས་ལ་འབྲེལ་བ་འཛུགས་དགོས་པ་རེད། སྔར་ལོ་བོད་ནང་དོན་རྐྱེན་བྱུང་རྗེས། རྒྱ་རིགས་རྩོམ་པ་པོ་ཚོས་བྲིས་པའི་རྩོམ་ཡིག་ ༧༠༠ ལྷག་འདུག ང་ཚོས་བརྒྱ་དང་སྟོང་བཤད་པ་ལས། རྒྱ་རིགས་ཁོ་རང་ཚོས་རྩོམ་ཡིག་གཅིག་བྲིས་པ་དེ་ལ་རྒྱ་རིགས་མི་དམངས་ཚོས་དོ་སྣང་དང་ཡིད་ཆེས་སྡབ་འགྱུར་གྱིས་ཡོང་གིན་འདུག ཅེས་གསུངས་སོང་།

 

དེའི་རྗེས་ཀླུ་མཁར་བྱམས་ཀྱིས་གསུངས་དོན། ང་ཉེ་ཆར་གྱི་ཚོགས་འདུ་དེ་ཞུགས་དགོས་བསམ་ཡང་ཞུགས་ཐུབ་མ་སོང་། རྒྱ་དང་བོད་གཉིས་བར་གྱི་སྐད་ཆ་ཞིག་བཤད་སྐབས། མགྲིན་དབྱངས་གཅིག་གིས་གང་གི་ཚབ་ཀྱང་མཚོན་ཐུབ་གི་མ་རེད། ང་རང་གིས་བོད་ནང་གི་ཛ་དྲག་གི་གནས་བབ་ཁག་ཅིག་དང་སྔར་ལོའི་དོན་རྐྱེན་རྗེས་སུ་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་བྲིས་པའི་རྩོམ་ཡིག་ཁག་ཅིག་ངོ་སྤྲོད་དང་། གཞོན་ནུའི་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལྟ་བ་ལངས་ཕྱོགས་གསལ་བཤད་ཅིག་ཞུ་ཐུབ་ན་བསམ་ཡང་འགྲུབ་མ་སོང་། བཙན་བྱོལ་བོད་གཞུང་གི་རྒྱ་ནག་ལ་མཐུན་ལམ་གྱི་སྲིད་བྱུས་དེར་ང་ལ་དགག་བྱ་མེད། འོན་ཀྱང་། མཐུན་ལམ་བཟོ་ཕྱོགས་ཐད། རྒྱ་མི་རིགས་ལ་སྤྲེལ་ལད་འཁྲབ་པ་དང་མགོ་འདོག་ཞུ་པ་བཅས་ཀྱི་དབྱེ་མཚམས་ཤེས་དགོས་པ་རེད། དེང་སྐབས་བོད་མི་ཧ་ཅང་གི་ཉམས་ཞན་གྱི་གནས་སུ་ལུས་ཡོད་པ་བདེན་ཡང་། གནའ་ནས་ད་བར་མགོ་འདོག་ཞུས་ཏེ། གང་ཡང་ཐོབ་ཡོད་པ་མ་རེད། གོང་དུ་སྐལ་བཟང་གིས། ཚོགས་འདུའི་སྐབས་རྒྱ་རིགས་ཚོས་བོད་པས་རང་བཙན་རྩོད་དགོས་སྐོར་བཤད་སོང་ཟེར། འོན་ཀྱང་། བོད་པ་ཚོས་རང་བཙན་ཕར་ཞོག རང་ཐག་རང་གཅོད་ཙམ་ཡང་གླེང་མ་ཕོད་པ་དེར་བློ་ཕམ་ཆེན་པོ་བྱུང་། བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་ཐོག་ནས་རྒྱ་ནག་ལ་འབྲེལ་བ་བཙུགས་པ་དེར་ཁོངས་མ་འཁྱོལ་བ་རེད། སྔར་ལོའི་དམིགས་བསལ་ཚོགས་ཆེན་དང་ད་ལོའི་བོད་རྒྱའི་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ལ་འགྱུར་བ་འགྲོ་བའི་མགོ་བཙུགས་པར་ངོས་འཛིན་མཁན་འདུག་ཀྱང་། ཡིག་ཆ་ཁག་ཏུ་དེ་འདྲ་བཀོད་མེད། གང་ལྟར། རྒྱ་ཆེའི་མི་དམངས་གཞུང་འབྲེལ་གྱི་འབྲེལ་ལམ་དེ་ལ་ཐང་ཆད་ཡོད་པ་དེ་གསལ་བོ་རེད། སྔར་ལོ་བོད་མི་དམངས་ཚོས་གྱེན་ལངས་བྱས་པ་དེ། བོད་མི་དམངས་ངོ་མ་ཨུ་ཐུག་སོང་བ་རེད།

 

ང་ཚོ་རྒྱ་ནག་གཞུང་ལ་རེ་བ་ཇེ་སྲབ་ནས་ཇེ་སྲབ་ཏུ་འགྲོ་བཞིན་ཡོད་ན། ཕྱི་ལོགས་ནས་རང་མཚང་སྟོན་རྒྱུ་མང་དྲགས་པ་འདིར་དགོས་པ་མི་འདུག་སྙམ། ལྷག་པར་དུ་ཉེ་ཆར་༧གོང་ས་མཆོག་གི་བྷེ་བྷེ་སིིའི་བཅར་འདྲི་དེའི་ནང་དོན་ཐད། ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་གླེང་སློང་ཤུགས་ཆེན་བྱེད་ཀྱིན་འདུག བློ་ཕམ་ཆེན་པོ་བྱེད་ཀྱིན་འདུག དེའི་སྟེང་དུ་ཉེ་ཆར་འཇར་མན་གྱི་གསར་ལམ་ཞིག་ཏུ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ཡིས། རྒྱ་ནག་དཔལ་འབྱོར་ཡར་རྒྱས་ཤུགས་ཆེན་འགྲོ་བཞིན་ཡོད་པ་རེད། མ་འོངས་པར་ང་ཚོ་རྒྱལ་ཁབ་དེ་འདྲ་ཞིག་གི་འོག་ནས་སྡོད་རྒྱུ་བྱུང་བ་དེ་ང་ཚོའི་སྤོབས་པ་ཡིན། ཞེས་གསུངས་འདུག སྤྱིར་ང་ཚོས་རྒྱ་མི་རིགས་ལ་འབྲེལ་ལམ་འཛུགས་དགོས་ན། ཐེ་ཝན་དང་ཧོང་ཀུང་། དེ་བཞིན་ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་རིགས། དམངས་གཙོ་དོན་གཉེར་ཅན་དག རྒྱ་ནག་ནང་ཁུལ་གྱི་སློབ་ཕྲུག་དང་བཟོ་བ། མི་དམངས་བཅས་ལ་བསལ་ཚུལ་གང་ཡོད་ལ་བལྟ་ཉན་དགོས། འབྲེལ་ལམ་དེ་ཡང་ཕྱོགས་འདྲ་མིན་ནས་འཚོལ་དགོས། ངས་རྩེད་མོ་དང་སྦྲགས་ཏེ་འདི་ལྟར་བཤད་ཀྱིན་ཡོད། ཐེངས་འདིའི་ཚོགས་ཐོག་ལ་བོད་པའི་བླ་སྤྲུལ་ཁག་ཅིག་ཕེབས་ཡོད་ན། དོན་དག་ཆེན་པོ་འགྲུབ་ཡོད་ཤག་ཡིན། དེང་སྐབས་རྒྱ་རིགས་ཁྲོད་ཕྱི་རྒྱལ་ཁག་གི་བོད་པའི་བླ་སྤྲུལ་ཚོར་གདུལ་བྱ་རྒྱས་ཀྱིན་ཡོད། ཅེས་བཤད་ཡིན། བཙན་བྱོལ་བོད་གཞུང་འདིའི་འོག་ན་སྐད་ཆ་འདྲ་མིན་བཤད་དབང་ཡོད་པ་མ་རེད། དེ་ང་རང་གི་ཉམས་མྱོང་ཐོག་ནས་བཤད་ཀྱིན་ཡོད། གཞུང་འབྲེལ་གྱི་མི་སྣ་བརྒྱ་ཕྱིན་ཡང་ཕན་ཐོགས་མེད། སྔར་ལོའི་བོད་ནང་དོན་རྐྱེན་དང་། པེ་ཅིན་ཨོ་ལིམ་ཕིག་བཅས་ཀྱི་རྗེས་ནས་རྒྱ་རིགས་ཁག་ཅིག་གིས་བོད་པར་ངོ་རྒོལ་བྱེད་པ་དང་། ལྷག་པར་དུ་ཕྱི་རྒྱལ་ཁག་གི་རྒྱ་རིགས་ཚོས་༧གོང་ས་མཆོག་ལ་ངོ་རྒོལ་བྱས་པ་དེར། བཙན་བྱོལ་བོད་གཞུང་ཞེད་སྣང་སྐྱེས་ཏེ། ཐེངས་འདིའི་ལྷན་ཚོགས་ཀྱིས་མཚོན་པས་འདི་ལྟ་བུའི་བྱེད་སྒོ་སྤེལ་གྱིན་ཡོད་ན་ནོར་འཁྲུལ་རེད།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 17

  1. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ཨོ་ངས་བརྗེད་སོང་རེད། ང་འདི། དྲ་གྲོགས་གངས་རི་ལགས་ཀྱི་ཀུན་སྤྱོད་ལ་ཡིད་སྨོན་དང་ཁོང་རང་གི་ལྟ་བ་ལ་རྩི་འཇོག་ལས་ཁོང་དང་མི་མཐུན་པའི་ལྟ་བ་ངས་ད་རུང་བཤད་ཡོད་ནི་མ་རེད། དྲ་གྲོགས་ལགས་གུས་པས་མདོར་བསྡུས་ཤིག་བཤད་སྐད་ཆ་རིང་བས་གོ་ཆོད་ནི་མ་རེད། ངས་ད་ཐེངས་གི་བོད་རྒྱ་ཉིས་འཛོམས་དེ་ལ་རྒྱལ་ཁ་ཚན་པ་བཞི་ཡི་སྟེང་ནས་ངོས་འཛིན་བྱས་ཡོད། དང་པོ། ཁྱེད་ཀྱིས་གསུངས་བ་ནང་བཞིན་གངས་རིའི་བདག་པོ་ངོ་མ་༸གོང་ས་མཆོག་གདན་འདྲེན་ཞུས་པ་ཙམ་རེད། རྒྱ་རྒན་ཁོ་ཚོའི་དམིགས་ཡུལ་ངས་གཙོ་བོ་བཟུང་མེད་ད། གཉིས་པ། ཁོང་གི་འགྲོ་བ་མིའི་རིགས་ལ་བདུད་རྩི་བཞིན་གྱི་གསུངས་བཤད་དེ་རྒྱ་རྒན་ཚོའི་སྐྱི་མོའི་ནང་དུ་བླུགས་པའི་སྐལ་བ་དེ་རེད། གསུམ་པ། རྒྱ་རྒན་ཚོས་བཀའ་ཁྲིའི་གསུངས་ལ་དགའ་མགུ་ཡི་རང་བྱས་པ་དེ་རེད། བཞི་བ། མཐའ་མའི་དོན་ཚན་དེ་དག་རེད། དེའི་ང་ཚོ་ལ་གོ་སྐབས་མང་པོ་སྤྲད་ཡོད་རེད། རྗེས་མར་བཙན་བྱོལ་ནང་དུ་དངོས་ཡོད་ཀྱི་བསམ་བློ་བ་ཡོད་ན་གོ་སྐབས་ཡོད་རེད།

    Reply
  2. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    དྲ་གྲོགས་གངས་རི་སྐྱབས་ལགས་ཀྱི་དགོངས་ཚུལ་ལ་མོས་མཐུན་ཡོད་པ་མ་ཟད་ཡིག་ནོར་བཅོས་པ་དེ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ། གུས་པ་ངོ་མ་བཤད་ན་ཡིད་ལ་ཤར་ཤར་བོ་ཕྱིར་གཏོན་ལ་དགའ་བ་མ་གཏོགས་དོན་ངོ་མ་་བོད་ཡིག་ཡག་པོ་མེད་ད་བསམ་བློ་ཡང་མཐོན་པོ་མེད། རྒྱུན་དུ་དྲ་གྲོགས་དང་མཉམ་དུ་ཁ་བརྡ་རེ་བྱས་ན་དེའི་ནང་ན་རང་ལ་མཁོ་བ་མང་པོ་ལེན་རྒྱུ་འདུག། ཨ་ལེ། བསམ་བློ་བརྗེ་རེས་འདི་ལྟར་བྱེད་ན་མ་འོངས་བར་དྲ་གྲོགས་ཕན་བར་ཚུན་རོགས་རམ་ཐུབ་ཀྱི་རེད་ལ་ཕན་ཚུན་གྱི་མཐུན་ལམ་ལ་གནོད་པ་བཟོ་གི་མ་རེད་སེམས། མ་གཏོགས་ངས་གཅིག་དྲན་ནོ་འདི་ཡ་མཚན་སྤྱད་ཅིག་ཡིན། ཁྱོས་ཅིག་བཤད་ནོ་དེ་བླུན་བཤད་རྐྱང་རྐྱང་རེད་ཅེས་ཚིག་རྩུབ་གང་སར་སྤྱད་ན། སུ་ཡིན་རུང་དགའ་གི་མ་རེད། ཁྱོད་ལ་མཁའ་ལྡིང་གི་འཕུར་རྩལ་ཡོད་ན་སྤྲིནདཀར་གྱི་བང་རུམ་ཆོད་དང་། ང་ལ་བྱེའུ་ཆུང་གི་གཤོག་རྩལ་ལས་མེད་ཀྱང་རང་ལ་དབང་བའི་ཚང་ཀླད་ནས་གཤོག་རྡེབ་བྱེད་ཀྱི་རེད། ཡང་གཅིག་བཤད་ན་གུས་པས་འཚམས་རེར་ཟིན་བྲིས་རེ་སྤེལ་བའམ་མཆན་རེ་བཏབ་པའི་དམིགས་ཡུལ་གཙོ་བོ་ང་རང་ཕྱོགས་གང་ཐད་ནས་ཡར་རྒྱས་ཀྱི་ཆེད་དུ་ལས། ང་ཅིག་བསམ་བློ་བ་ཞིག་དང་ངས་དྲ་གྲོགས་རྣམ་པར་ལམ་སྟོན་གསར་བ་ཞིག་གི་ནུས་པ་ཐོན་གྱི་རེད་འདོད་མྱོངམེད་ལ། དྲ་གྲོགས་ཚོའི་མཐུན་ལམ་ལ་གནོད་པ་བཟོ་བསམ་པའི་དམིགས་ཡུལ་དེ་བས་ཀྱང་མེད། རྗེས་མར་དྲ་གྲོགས་ཚོས་གུས་པའི་ཡིག་ནོར་ལ་རོགས་རམ་བྱེད་པར་དགའ་བསུ་ཡོད། བསམ་ཚུལ་གྱི་ཐད་ནས་ཁྱེད་ཚོའི་གསུངས་ཀྱི་ནང་ན་ཡག་པོ་ཡོད་ན་གུས་པའི་ཉར་ཚགས་བྱེད་ཀྱི་རེད། ཡང་བསྐྱང་དྲ་གྲོགས་གངས་རི་སྐྱབས་ལ་བཀྲ་ཤིས་བདེ་ལེགས་གང་མང་ཡོད་ད རྗེས་མ་མཇལ་ཡོང།

    Reply
  3. གངས་རི་སྐྱབས། says:
    ལོ་ 16 སྔོན།

    ཁྱེད་རང་གིས༧གོང་ས་མཆོག་དང་བཀའ་ཁྲི་བོད་རྒྱའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཕེབས་པ་ཙམ་གྱིས་འཇོན་ཡོད་པར་ཁས་ལེན་ན་འགྲིག་གི་ཡོད་པ་མ་རེད། དེང་སང་གི་ཚོགས་པ་ཐམས་ཆད་ཀྱིས་སོ་སོའི་ལས་གཞི་ཅི་ཞིག་སྤེལ་ན་༧གོང་ས་མཆོག་གདན་འདྲེན་ཞུ་རྒྱུར་རྩོད་པ་གནང་བསྡད་ཡོད་ནི་རེད། དེ་ནི་ཚོགས་པ་སྒྲིག་འཛུགས་གང་ཡིན་པའི་བྱ་འགུལ་བརྟན་བརླིང་དང་གཟི་བརྗིད་ལྡན་པ་ཞིག་ཏུ་བསྒྱུར་བྱེད་ཁོ་ནར་དམིགས་པ་ཞིག་ལས་ཅི་ཡང་མིན། གཙོ་བོ་བོད་རྒྱ་གཉིས་ཀྱི་སྐུ་ཚབ་ལྟ་བུའི་ཚོགས་ཞུགས་པ་རྣམས་ཀྱི་གླེང་མོལ་དང་། དེའི་མཇུག་སྡོམ། ཚོགས་ཞུགས་པའི་སྤུས་ག ཚོགས་མིའི་ཡོངས་ཁོངས་བཅས་ལ་དཔྱད་དགོས། ཡིན་ནའང་ང་ཚོའི་ཕྱོགས་ནས་ད་ཐེངས་མང་བོ་ཞིག་གི་ཐོག་ནས་གླེང་ཡོད་པ་རེད། དེ་ཡིས་ང་ཚོ་འཕྲད་སའི་ཕྱི་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་གོ་རྟོགས་ཤིག་སྤྲད་ཡོད་སྲིད་པ་རེད། ཡིན་ནའང་། ཁོང་ཚོས་ང་ཚོའི་ཁེ་ཕན་ཐད་ནུས་ཅི་ཡང་ཐོན་མི་ནུས་ཟེར་བ་དེ་ཡིན། འདི་ཡིས་ད་རུང་བོད་རྒྱའི་འབྲེལ་མོལ་ལ་བར་ཆད་ཀྱང་ཡོང་སྲིད་པའི་སེམས་ཁྲལ་བརྒྱུད་ལམ་རེ་ཟུང་ནའང་གླེང་བཞིན་པ་རང་རེད། དེའང་སྔ་བོ་ནས་བསམ་བློ་གཏོང་ས་ཞིག་རེད་དྲན་ཡོད་མ་གཏོགས། གཞན་ཟིང་སློང་གི་དམིགས་ཡུལ་ཡང་མེད། ལྷག་བསམ་རྣམ་དག་ཡིན།

    Reply
  4. གངས་རི་སྐྱབས། says:
    ལོ་ 16 སྔོན།

    ཆད་པ། བཞུ་ན་ཐང་། མི་ལོན་པ།

    Reply
  5. གངས་རི་སྐྱབས། says:
    ལོ་ 16 སྔོན།

    སྐར་ཁྲི་བཙན་ལགས། སྐུ་ཉིད་ཀྱིས་བཏབ་པའི་མཆན་བུའི་ནང་གཏགས་ནོར་རེ་གཉིས་ཀྱིས་ལམ་སེང་གོ་བ་མི་ལོན་ལྟ་བུར་བསྒྱུར་འདུག་པས། དོགས་སེལ་གྱི་ཆེད་དམ། འུ་གཉིས་ལ་ཕན་པའི་ཕྱིར་དུ་རེ་གཉིས་ཤིག་གཤམ་དུ་དཔེ་རུ་བཀོད་གསལ་ལྟར་དགོངས་འགལ་མེད་པར་ཞུ། བློས་བཤད་ཟེར་བ་ནི་ཨ་མདོའི་ཁ་སྐད་ལྟར་འབྲི་ན་ཧ་ལམ་གློའུ་བཤད་ཅེས་བྲིས་ན་བདེ་བར་སེམས། དེ་ལས་གཞན་དུ་དུང་། འབྱོན། – འཇོན། བུད། – འབུད། ཟུར་ཚིག- ཚིག་ཟུར། སོགས་བཅོས་ན་འོས་པར་བདག་གིས་མཐོང་པས་གཙོ་བོ་སྐུ་ཉིད་ཀྱིས་ཐག་གཅོད་གནང་ཆོག འདིའི་རིགས་ཀྱིས་ང་ལ་ཅང་མི་གནོད་མོད། དུས་བབ་ཚང་གི་མི་ནག་ཚང་དང་ཨ་ཁུ་མེ་གཉིས་ཀྱིས་རིག་ན་ཁྱེད་ལ་འགྲམ་ལྕག་བཞུ་ཐང་། སེམས་ཆུང་བྱོས་ཨ། སེམས་ཀྱི་སྐད་ཆ་ཡིན།

    Reply
  6. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    དགོངས་པ་ཟབ་མོ་ཡོད་མཁན་༸གོང་ས་མཆོག་དང་བཀའ་ཁྲི་མཆོག་གིས་ད་ཐེངས་བོད་རྒྱའི་ལྷན་ཚོགས་སྐབས་འབྱོན་མེད་མདོག་གི་ཟུར་ཚིག་ཐོན་འདུག ད་ད་བློས་བཤད་རྒྱག་མཁན་ཞིག་མ་གཏོགས་བསམ་བློ་གཏོང་ཤེས་ནི་ལྷག་ཡོད་རྒྱུ་མ་རེད་གོ མིན་ཁ་ཁེར་མི་ཚོགས་ཀྱི་གསེང་ན་ཡིབ་སྡད་ཡོད་ན་ད་ཕྱིར་བུད་རན་རེད ༸གོང་ས་མཆོག་༸གོང་ས་མཆོག་ཞེས་འབོད་མི་ཉན་ན། བོད་མི་ས་དྲུག་གི་བརྒྱ་ཆ་དགུ་བཅུ་ཡན་གྱིས་དེ་ལྟར་འབོད་པས། ད་ཐབས་ཤེས་ཞིག་མ་དྲན་ན་བླུན་པོའི་མི་རིགས་འདིས་ད་དུང་འབོད་ཀྱི་རེད་ད

    Reply
  7. ཨ་བུ་གངས་དཀར says:
    ལོ་ 16 སྔོན།

    གོང་༧་ས་མཆོག་ལ་དད་པ་བྱེད་པ་ང་ལ་རང་དབང་ཡོད།ང་དད་པ་བྱེད་པ་རང་མེད་ན་ཁྱེད་ཀྱི་སེམས་ཤུགས་་ཡོད་མདོག་ལ་རྒྱ་ཆེ་མདོག་སྟོན་པ་ཅི་རེད།

    Reply
  8. གནས་ཚང་། says:
    ལོ་ 16 སྔོན།

    བརྗོད་གཞི་འདི་དག་ཡིག་ངོ་ཙམ་ཆོད་པ་ཞིག་གིས་ཡོང་གི་མ་རེད་ལ། དེ་ལས་བསམ་བློ་གཏོང་ཤེས་མཁན་ཚོས་བཤད་ཡ་ཞིག་རེད། ཕལ་ཆེར་དྲ་བ་འདིར་ཡོང་མཁན་ལྷན་རྒྱས་ཀྱང་ང་ལྟ་བུའི་ཡིག་ངོ་ཙམ་ཆོད་མཁན་ཤ་སྟག་ཡིན་ས་རེད།

    དོན་དག་གཞན་དེ༼གོང་ས༽༼གོང་ས༽ཞེས་ཞེ་བོ་ཞིག་དད་པ་ཡོད་མདོག་བསྟན་མ་ཡོང་རོགས། གལ་སྲིད་དད་པ་ཡོད་ན། ཐོག་མར་ངས་ལྷན་རྒྱས་སྤྱན་ཕུལ་ཞུས་ཟིན་པའི་ཡབ་གཞིས་ཀྱི་འོས་མིའི་སྒང་ལ་སྐད་ཆ་ཤོད། དེ་ནས་གསེར་དང་རག་གི་ཁྱད་པར་འབྱེད་ཡ་སླ་བོ་རེད།

    Reply
  9. ཨ་བུ་གངས་དཀར says:
    ལོ་ 16 སྔོན།

    ཨ་ཚོགས་ཀླུ་བྱམས་འདིའི་ཤ་ཁྲག་རུས་གསང་ལ་ཟུག་པའི་རིགས་ཞེན་ཟབ་མོ་ཞིག་ཡོད་ན་བཟང་གི་ང་ཚོ་དགོ་ནོ་དེ་རེད།འདི་ལ་རྒྱབ་མདུན་མེད་པའི་ལྷག་བསམ་དཀར་པོ་ཞིག་ཡོད་ན་ང་དགའ་ནི།མཁས་དབང་ཞོགས་དུང་དང་འདི་གཉིས་སྡུར་ཐུབ་མི་འདུག་མཁས་དབང་ཞོགས་དུང་གི་མི་རིགས་འདིའི་བསམ་བློའི་སྐོར་ལ་བྲིས་བའི་དེབ་དེ་ཚོའི་ནང་ལ་གཟིགས་དང་མི་རིགས་འདིའི་ཞན་ཆ་ངོ་མ་རེ་ལ་ཐད་ཀར་མཛུབ་མོ་བཙུག་འདུག་ཀླུ་བྱམས་འདིའི་ནང་ལ་སྐྱོན་བརྗོད་བྱེད་པའི་མཛུབ་མོ་རང་གི་དབུ་ཁྲིད་ལ་བཙུག་འདུག་གོང་༧་ས་མཆོག་ལ་འདི་འདྲའི་ནོར་བ་ཡོད་དམ།ཁྱོད་ཀྱིས་རང་བཙུན་གྱི་ལྟ་བ་བཟུང་ནས་རང་བཙུན་འཐབ་རྩོད་ཀྱིས་ལས་འགུད་ཅི་ཞིག་སྒྲུབ་ཡོད་མང་ཚོགས་ལ་སྣེ་ཁྲིད་བྱས་བ་ཅི་འདྲ་རེད།རང་བཙུན་འཐབབརྩོད་པ་སྟན་འཛིན་རྩོན་འགྲོས་ལྟ་བུ་མིག་དཔེ་་ལྟ་མི་འོས་སམ།ད་དུང་ཁོ་བ་རང་དབང་མེད་པ་དང་བཟང་བཙོན་ལྟ་བུ་ཞིག་གི་འོག་ན་ཡོད་མདོག་གསུང་འདུག།

    Reply
  10. གངས་རི་སྐྱབས། says:
    ལོ་ 16 སྔོན།

    སྐར་ཁྲི་བཙན་ལགས་ནི་སྐད་ཆ་བཤད་ཤེས་མཁན་ཞིག་རེད། ང་ཚོས་ཁོང་གི་སྐད་ཆ་བཤད་སྟངས་བྱས་ན་མི་སུ་ཡིན་ནའང་ལམ་སེང་ཕོག་མི་འགྲོ་བའི་ཁྱད་ཆོས་ཡོད་ནི་རེད། ངོ་མས་ངར་བ་ཞིག་རེད། བདག་གིས་ཀྱང་འདི་འདྲ་ཞིག་དྲན་གྱི་འདུག ཁ་སང་དེ་རིང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རྒྱ་མཛའ་འབྲེལ་ཟེར་བ་དང་། ཉེ་སྔོན་གྱི་རྒྱ་བོད་གཉིས་ཀྱི་བགྲོ་གླེང་འཚོགས་པ་དེ་དག་ལས་འགུལ་ཞིག་ཏུ་བརྩིས་ཆོག་མོད། འདིའི་རིགས་ཀྱིས་ང་ཚོའི་འགྲོ་བ་སྤྱིའི་མཐུན་ལམ་རྒྱུན་སྲུང་ཞིག་ལས། ད་ལྟ་ང་ཚོས་རྩོད་པའམ་གླེང་བཞིན་པའི་བོད་དང་རྒྱའི་བར་གྱི་ཞི་བའི་གྲོས་མོལ་ངོས་ཐད་ནས་ཕན་འབྲས་དེ་ཙམ་ཞིག་ལས་ཐོན་མི་ཐུབ་པ་ཐག་གིས་གཅོད་ཐུབ། གང་ཡིན་ཞེ་ན། ང་ཚོ་འཕྲད་སའི་རྒྱ་རིགས་དེ་དག་རྒྱ་མི་མང་གཙོ་དོན་གཉེར་བ་རྐྱང་རྐྱང་གིས་གྲུབ་ཡོད་པས། ཁོང་ཚོས་ང་ཚོ་དང་ལག་འབྲེལ་བྱས་ཏེ་གུང་ཁྲན་ཏང་ལ་ཞེ་སྡང་རེ་སློང་བ་དང་། ཞེ་སྣང་རེ་སྐུལ་བའི་ལས་འཆར་ཞིག་གི་བསམ་བློ་འཁུར་ཡོད་ཀྱི་རེད། ང་ཚོ་དངོས་གནས་ཞི་བའི་གྲོས་མོལ་གྱི་ལམ་ཁར་ཤར་བསྐྱོད་བྱ་རྒྱུ་ཡིན་ཚེ། དེ་ལས་འབྲེལ་ལམ་གལ་ཆེར་འཛིན་དགོས་པ་ནི་རྒྱ་དམར་སྲིད་གཞུང་གི་སྤར་མོའི་ནང་གནས་བསྡད་ཡོད་པའི་རྒྱ་རིགས་དེ་དག་ཡིན། བརྒྱུད་ལམ་སྣ་ཚོགས་བརྒྱུད་ཁོང་ཚོ་དང་འབྲེལ་ལམ་འཛུགས་པ་དང་། རྒྱལ་བ་རིན་པོ་ཆེའི་ཡངས་དག་པའི་དགོངས་གཞི་དེ་འགྲེལ་བཤད་གསལ་བོ་ཞིག་གནང་ཐུབ་བྱ་རྒྱུ་དེ་ཡིན། འདི་ལྟར་རྒྱ་བོད་མང་ཚོགས་མཉམ་འབྲེལ་གྱི་མཐུན་ལམ་ཞིག་སྐྲུན་ཐུབ་ན། ད་གཟོད་ང་ཚོ་བཙན་བྱོལ་གཞུང་གི་དམིགས་ཕྱོགས་ལྟར་ཆེས་མཐོའི་རང་སྲིད་རང་སྐྱོང་གི་ལམ་ཁ་རེའང་རྙེད་མི་སྲིད་པའི་ངེས་པ་མེད།

    Reply
  11. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ངས་འདི་ནས་ཐོག་མར་གོང་གི་བསམ་ཚུལ་བཏོན་མཁན་དྲ་གྲོགས་ཚོར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
    གུས་པས་འདི་ནས་གོང་གི་བརྗོད་གཞི་གཅིག་པོ་མ་ཡིན་པར་ཟུར་ནས་བསམ་ཚུལ་ཕྲན་བུ་ཞིག་འདོན་འདོད་བྱུང་།
    ངས་ད་ཐེངས་བོད་རྒྱའི་ལྷན་ཚོགས་འདིའི་ང་ཚོ་ལ་འཐབ་རྩོད་ཀྱི་ལམ་ཁ་གསར་བ་ཞིག་བསྐྲུན་སོང་འདོད་བཞིན་ཡོད་ལ། མ་འོངས་བོད་རྒྱ་གཉིས་ཕན་གྱི་རྨང་གཞི་འམ་ས་བོན་གསར་བ་ཞིག་ལ་ངོས་འཛིན་བྱ་བཞིན་ཡོད། དགྱ་རྒན་ཁ་ཤས་ཞིག་གི་ཚིག་ལ་ངས་ཡིད་ཆེས་དང་གདེངས་འཇོག་བྱས་ནི་མིན། དགྱ་ཁོག་སྒྱུ་མའི་ཁུག་ན་ཅི་ཤར་ཡང་དེ་གཙོ་བོ་མ་རེད། གཙོ་བོ་ང་ཚོ་ལ་མཚོན་ན་འདི་ནི་ཤིན་དུ་གལ་ཆེ་བའི་གོ་སྐབས་ཤིག་རེད། ཕྱི་དགྱ་ནང་དགྱ་གང་ཡིན་རུང་གུང་ཁྲན་ཚོགས་པ་དང་དམངས་གཙོ་དོན་ཉེར་བ་གང་ཡིན་ཡང་རྩ་བའི་མི་རིགས་ཆེན་པོའི་ལྟ་བ་གཅིག་མཚུངས་ཡིན་པ་ཧ་གོ་དོན་གསལ་རེད། རེད་ད་ཁོ་ཚོའི་བར་ལ་ཚབས་ཆེ་བའི་ཆབ་སྲིད་གྱི་འགལ་ཟླ་ཞིག་ཡོད་པ་ཡང་མངོན་གསལ་རེད། དགྱ་མི་དེ་ཚོས་ང་ཚོ་ལ་ཉམས་ཚོད་བླངས་ནི་ཡིན་ནའང་འདྲ། ཁ་ཞེ་གཉིས་མེད་ཀྱི་མཉམ་འབྲེལ་བྱེད་འདོད་ཡོད་ནི་ཡིན་ན་ཆོག ང་ཚོ་ལ་དགོས་པ་འདི་འདྲའི་གོ་སྐབས་རེད། ང་ཚོའི་ངོས་ནས་འདི་རྒྱལ་ཁ་ཆུང་ཆུང་ཞིག་ལ་ངོས་འཛིན་བྱས་ན་མི་ཆོག་པ་ཡོད་ནི་མ་རེད་སྙམ། སྐུ་འཚབ་རྣམ་པས་དོན་ཆེན་པོ་ཆོད་ཡོད་རེད། གསལ་བོ་ར། མཐའ་སྡོམ་གྱི་དོན་ཚན་དག་ལ་ཞིབ་མོར་ལྟོས་དང་། དགྱ་རྒན་ཚོ་དགའ་ཐག་མགུ་ཐག་ཆོད་འདུག་ག ཀླུ་མཁར་བྱམས་ལ་དངོས་ཡོད་ཀྱི་གནས་ལུགས་རྒྱུ་མཚན་མང་པོ་ཡོད་རེད། ཡིན་ན་ད་ཐེངས་ཐོག་མའི་གྲོས་ལྟེབ་ཏུ་འཇོག་ཉན་གྱི་མ་རེད། གལ་སྲིད་དགྱ་རྒན་དེ་ཚོས་ང་ཚོར་ཉམས་ཚོད་ཡིན་ན། ཀླུ་མཁར་བྱམས་ཀྱི་དགོངས་ཚུལ་དེ་སྐབས་སུ་བབས་ཡོད་ནི་མ་རེད། དགྱ་ཁོག་གཡོ་ཡིས་ཚོད་ཡོད་ནི་བོ་ང་ཚོས་ཤེས་ཀྱི་ར། ད་ང་ཚོས་སྐབས་སུ་བབས་པའི་ཐོག་མའི་རྒྱལ་ཁ་བླངས་ཟིན་པས། རྗེས་མར་གོ་སྐབས་འཚོལ་བཞིན་ཁོ་ཚོས་རྔ་ག་འདྲ་རྡུང་ན་ང་ཚོས་བྲོ་དེ་འདྲ་འཁྲབ་ཆོག་གི་རེད། གང་ལྟར་མདའ་དང་མདུང་གི་དམིགས་ས་གཅིག་ཡིན་དུས་འགྲིག་སོང་རེད།
    ངས་འདི་ནས་བསྐྱར་སྣོན་ཞིག་བྱ་བ་ཡིན་ན ད་ལྟའི་བོད་ཕྱི་ནང་གི་བསམ་བློ་བའམ་རྩོམ་པ་ཚང་མས་གཅིག་སྒྲིལ་གྱིས་མི་འབོར་གྱི་བརྒྱ་ཆ་དྲུག་ཅུ་བདུན་ཡན་ཡིག་རྨོངས་སེལ་མེད་པའི་མི་རིགས་འདིའི་སེམས་ཁམས་ངོ་མ་རྟོགས་དགོས་པ་མ་ཟད་འདི་དག་ས་ཡ་མང་པོའི་སྣེ་འཁྲིད་ཀྱི་ནུས་པ་ག་འདྲ་འདོན་དགོས་པར་གཞིག་པའི་དུས་སུ་སླེབས་འདུག་པར་སྣང་། དེ་མིན་རྩོམ་པ་པོ་ཞོགས་དུང་ལྟ་བུར་མཚོན་ན་ཁོང་གི་མི་རིགས་ལ་བཅངས་པའི་བརྩེ་སེམས་དེ་ལྷད་མེད་ཡིན་པ་དང་ཁོང་གི་་བསམ་བློ་ཡང་སྔོན་ཐོན་ཡིན་པ་དངོས་ཡོད་རེད། ཡིན་ནའང་བོད་མི་ས་ཡ་མང་པོའི་བསམ་བློའི་སྣེ་འཁྲིད་དམ་ལམ་སྟོན་པ་ཆགས་ཐུབ་ཡོད་ནི་མ་རེད། ཁོང་གི་ཆེས་མཐོ་བའི་ལྟ་བ་དེ་ཡིག་རྨོངས་སེལ་མེད་པའི་རྒྱ་ཆེའི་མི་མང་དང་བསྟུན་ཤེས་མེད་པ་མ་ཟད་བོད་མི་དམངས་ལ་གང་དགོས་པ་དང་གང་མཁོ་བ་དེ་རྟོགས་ཡོད་པ་མ་རེད། དེ་བས་ཁོ་ལ་ཁ་རྡུང་དང་སྣ་ཚོགས་ཕོག་ཡོད་རེད། ཡིནའང་ཁོའི་རྩོམ་ཡིག་ལ་རིན་ཐང་མེད་པ་རྩ་བ་ནས་མ་རེད་བོད་ཀྱི་ན་གཞོན་ཤེས་ཡོན་ཅན་ཚོའི་ནང་ནས་བརྒྱ་ཆ་ཉི་ཤུ་དང་སུམ་བཅུའི་ཁོ་ལ་གདེངས་འཇོག་མཐོན་པོ་བྱས་ཡོད། ཁོས་དང་པོ་ནས་སྨྱུག་ཁ་དེ་བོད་མི་དམངས་ཀྱི་ཡིག་རྨོངས་སེལ་པའི་ཐབས་ལམ་སྣ་ཚོགས་ནས་འགོ་བཙུགས་ཤིང་། ཁོང་གིས་ལམ་སྟོན་གྱི་འབྲས་བུ་སྨིན་པའི་བརྒྱུད་རིམ་ནས་རྒྱང་འབོད་བྱས་ན་རིན་ཐང་ལྡབ་མང་པོ་འཕར་གྱི་རེད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན༸གོང་ས་མཆོག་གིས་བོད་མའི་རང་དབང་འཐབ་རྩོད་ཀྱི་མཐའ་མའི་ཐག་གཅོད་ཀྱི་དབང་ཆ་དེ་བོད་མི་དམངས་ལ་ཡོད་གསུངས་མྱོང་ཡོད་པ་དངོས་ཡོདརེད། རྒྱུ་མཚན་དེ་ལ་བསྟེན་ནས་བོད་ནང་གི་རྩོམ་པ་པོ་རེ་ཟུང་གིས་བོད་མི་ས་ཡ་དྲུག་གི་འཚབ་བྱེད་ཐུབ་ཀྱི་མ་རེད་འདོད་ཀྱི་ཡོད། ན་ནང་གི་དམིགས་བསལ་ཚོགས་ཆེན་དང་ད་ལོའི་བོད་རྒྱའི་ཚོགས་འདུ་གང་ཡིན་ཡང་ཆོག་་༸གོང་ས་མཆོག་གིས་འཛམ་གླིང་གི་ས་ཆ་གང་ནས་མཛད་པ་གང་ཞིག་བསྐྱངས་དང་སྐྱོང་བཞིན་ཡོད་ན་བོད་མི་ས་ཡ་མང་པོ་བྲང་ཁར་ཐལ་མོ་ཉིས་སྦྱར་གྱིས་རྗེས་སུ་ཡི་རང་བྱེད་ཀྱི་རེད། བློ་བདེ་བོ་ཆོག་གི་རེད་ང་ཚོས་ཕྱི་ཡུལ་ནས་རང་མཚང་སྟོན་ཡོད་ནི་མ་རེད་ལ་མགོ་བཏགས་ཀྱང་བྱས་ཡོད་ནི་མ་རེད་འདོད་ཀྱིན་ཡོད། ངོ་མ་ཡིན་ཅིག་བྱས་ན་ངའི་བློ་ཆུང་འདིའི་ནང་ན་ཅི་ཡང་འཆར་ཐུབ་ཀྱི་མེད་པ་ཡིན་སྲིད་ཀྱི་རེད། གང་ལྟར་༸གོང་ས་མཆོག་གི་ཕྱག་འོག་ན་ས་ཆེན་འདིའི་སྒང་ནས་མཁས་དབང་སུ་དང་དབུ་འཁྲིད་སུ་གསར་འགོད་པ་སུ་འདྲ་ཞིག་དང་ཐུག་འཕྲད་དགོས་ན། བཀའ་བློན་ཁྲི་བའི་ཡན་གྱི་སྤྱང་གྲུང་ལྡན་པའི་མཁས་དབང་ཞིག་ད་ལྟ་པར་དུ་མཐོང་མ་སོང་། ད་ཐེངས་རྒྱ་རྒན་ཁ་ཤས་ཞིག་ལ་ཐུག་ཕྲད་བགྲོ་གླེང་བྱས་པ་དེ་ལ་ཁོང་གིས་སྐུ་ངལ་ཆེན་པོ་མྱོང་མེད་པས་ཡིད་ཆེས་ཟབ་མོ་ཡོད། གནས་སྐབས་ཁ་རྡར་མཚམས་འཇོག་གི་ཡིན།
    ཡངས་བའི་ཁམས་ཀྱི་ལྟད་མོར་མ་གོམས་པར།།
    ཆུ་རྫིང་ལག་མཐིལ་ཙམ་གྱི་རྒྱ་ཁྱོན་དེར།།
    སྲིད་གསུམ་ཤོང་བར་སྣང་བ་ཀླུ་ཡི་རིགས།།
    འཁྲུལ་བློ་ཅན་གྱི་སྤུན་དུ་འགྱུར་སྲིད་མོད།།
    ས་ཡ་དྲུག་གི་གྲངས་ཀར་རག་ལས་པས།།
    ས་མཐའི་འཁྱར་བོའི་སེམས་ཀྱི་ན་ཚ་དེ།།
    ས་ཁྱོན་ཁ་བའི་གདན་ལ་མ་ཕན་ཡང་།།
    ས་བཤད་རྡོ་བཤད་ཐེངས་གཅིག་ཤོར་ནས་ཐལ།།

    Reply
  12. ཨ་མྱེ says:
    ལོ་ 16 སྔོན།

    གང་བཤད་ན་བོད་དོན་བཤད་ནས་ཐག་གཅོད་དགོས་ཞིག་རེད།དེ་ལས་གཞན་མེད་སྙམ།

    Reply
  13. གངས་རི་སྐྱབས། says:
    ལོ་ 16 སྔོན།

    ངས་འདི་ཡིས་བཤད་ན་ཡང་མི་སྐོར་ཞིག་ལ་ཕོག་སྲིད་པ་རེད། ཡིན་ནའང་སྐྱོན་མེད་ཀི། ང་རང་ཉིད་ཀྱིས་བལྟས་ན་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་སྐད་ཆ་འདི་དྲང་མོ་རེད་བསམ་སོང་། དངོས་ཡོད་ཀྱང་དེ་ག་རང་ཆགས་བསྡད་ཡོད། ཤ་ཚ་བའི་ཚིག་ལ་སྙན་མོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད་ཅེས་བཤད་སྲོལ་ཡོད་པ་བཞིན། ཁོང་གི་ཤ་གསེང་ནའང་རང་རེའི་སྤྱི་ཚོགས་འདིར་ན་ཟུག་ཞིག་དང་སེམས་ཁུར་ཞིག་ཡོད་པའི་རྟགས་རེད། ལོ་འདི་སྙེད་ཅིག་ལ་བོད་ནང་གི་རྩོམ་པ་པོ་ཞོགས་དུང་སོགས་ལའང་ང་ཚོའི་སྤྱི་ཚོགས་འདིའི་བྱེད་སྟངས་སྐོར་ཞིག་གིས་ཡིད་མ་ཚིམ་པར་དཔའ་ངར་ཆེན་པོས་དངོས་སུ་སྤྱི་ཚོགས་ཀྱི་གདོང་དུ་བུད་དེ་དཔྱད་གླེང་བྱས་པ་རེད། སྐབས་དེ་དུས་ནས་མདོ་མེད་སྐོར་ཞིག་གིས་ལྟ་ལོག་པ་དང་མྱུལ་མ་ཟེར་བའི་ཚིག་རྫོབ་སྤྱད་དེ་མི་འཐད་པའི་རྣམ་འགྱུར་བསྟན་པ་རེད། རེབས་ཅིག་ལ་རྡ་ས་བོད་ཁྱིམ་ནས་གསུང་ཆོས་ཤིག་གསུང་བའི་སྐབས་འདིའི་ཕྱོགས་ནས་དྲི་བ་ཞིག་སླེབས་པར། ༧གོང་ས་མཆོག་ཞལ་སྔ་ནས་དེ་ནི་མི་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེ་དྲགས་པ་ལས་སྐྱོན་ནི་གང་ཡང་མ་རེད། མི་སྲིད་པའི་ཡག་པོ་རེད། འབའ་པ་ཕུན་ཚོགས་དབང་རྒྱལ་མཆོག་ལ་ཡང་བཤད་སྲོལ་མང་བོ་ཡོད་པ་རེད། དངོས་གནས་ཁོང་ལ་མི་རིགས་རང་ལུགས་ཀྱི་ལྟ་བ་ཤུགས་ཆེ་བ་དང་རྒྱལ་ཞེན་ལྷག་བསམ་དཀར་ཚུལ་སོགས་ཀྱིས་གསུང་ལན་གནང་ཡོད་པ་རེད། འདིའི་རིགས་ལ་ཕྱོགས་ཞེན་དང་དགའ་ཁ་འཁྱེར་ཕྱོགས་ཀྱི་ཚོར་བ་མ་བསྲེས་པར་ཞིབ་འདང་བྱས་ན་ཧ་ཅང་ངེས་ཤེས་ཤིག་རྙེད་སྲིད། ང་ཚོའི་བཙན་བྱོལ་ནང་གི་ཨ་ཚོགས་ཀླུ་མཁར་བྱམས་དང་། ཁོང་ལྟ་བུའི་གཞོན་རབས་པ་སྐོར་ཞིག་ལ་བཙན་བྱོལ་གཞུང་གི་སྲིད་བྱུས་སྤེལ་སྟངས་དང་། མི་རིགས་ཀྱི་ཁེ་དབང་རྩོད་ཕྱོགས་ཐད་ནས་འདོད་བློ་མ་ཚིམ་པ་ཞིག་ཏུ་ངོས་འཛིན་པ་ལས། བདག་ལ་མཚོན་ན་བཞན་དོགས་པ་རྣམ་རྟོགས་གང་ཡང་མེད།

    Reply
  14. ཨ་བུ་གངས་དཀར says:
    ལོ་ 16 སྔོན།

    ཀླུ་ལགས་ཅི་འདྲའི་མཚར་བོ་ཁྱོད་གང་ལ་སོང་ན་ལམ་ཞིག་རྙེད་རྒྱུ་མ་རེད།ཁྱོད་ཀྱི་གཞུང་ལ་སྐྱོན་ལས་མི་མཐོང་བ་ཅི་རེད།ཁྱོད་ཀྱི་མིག་ལམ་ན་གོང་༧་ས་མཆོག་དང་བོད་གཞུང་ཅི་འདྲའི་ཆུང་བ་ལ་ཁྱོད་ཀྱི་མིག་ལམ་ན་ཡང་དག་དབུ་ཁྲིད་མཐོང་དཀའ།

    Reply
  15. གངས་རི་སྐྱབས། says:
    ལོ་ 16 སྔོན།

    ཉི་མ་གཏོང་ཐབས་ཀྱི་ང་ཚོའི་ལས་འགུལ་འདིས་བློ་ཡིད་ཚིམ་གྱི་མི་འདུག དཔེར་ན། ཉེ་སྔོན་གྱི་ཚོགས་འདུ་འདི་འདྲའི་སྒང་བོད་ཀྱི་མངོན་འདོད་སྤོབས་པས་གླེང་མ་ཐུབ་པ་དང་། ལོ་རྒྱུས་ཀྱི་དན་རྟགས་ཕྱིར་བསྒྲགས་བྱ་མི་ཐུབ་པ་ནི་སྡར་མའི་ངང་ཚུལ་ཞིག་ལས་ཅི་ཡང་མ་རེད། གཞིས་ལུས་མི་མང་གི་ཆོད་སེམས་འདིས་ང་ཚོར་དཔའ་གདེངས་ཤིག་བསྩལ་མི་ཡོང་ངམ། ང་ཚོ་མི་ལོ་ག་ཚད་ལ་འདི་ལྟར་ཅི་ཡང་བརྗོད་མ་ནུས་པར་འཆི་རྒྱུ་ཡིན་ནམ། ཆེས་བློ་ཕམ་པ་ཞིག་ནི། ཐབས་ཅད་བྱང་ཆུབ་སེམས་དཔའ་བཞིན་གཞན་དོན་དམིགས་པ་དང་། ཡོད་ཚད་ཀྱིས་མགྲིན་གཅིག་ཏུ་བསྐྱར་ཟློས་བྱ་རྒྱུ་ལས་རང་རང་གི་བསམ་ཚུལ་གླེང་མི་ཐུབ་པ་དེ་རེད། ད་དུང་། སྤྱི་ཚོགས་ནང་གི་དྲན་འགྱུ་རྒོད་པོ་དང་ལྟ་སྟངས་གསར་བ་སྨྲ་མཁན་ཚང་མ་སྐེ་འབུ་གཅུ་སྲོལ་ཡོད་པའི་གོམས་སྲོལ་དེ་རེད། ང་ཚོ་ད་དུང་ལོ་ངོ་དུ་མར་འདི་ལྟར་ཤི་གསོན་གྱིས་འཚོ་དགོས་སམ། ཨ་གནམ་རྒན་མ།

    Reply
  16. བསེ་རུ། says:
    ལོ་ 16 སྔོན།

    བོད་ནས་བཏང་བའི་གནས་ཚུལ།
    ༄༅།།བཙན་གཤེད་དང་དམ་དྲག་གི་འོག་ཏུ་སྤེལ་བའི་ཆོས་ལུགས་ཀྱི་ཆོ་ག།ཞེས་པ་ཞིག་རྩེ་སྐར་གྱི་ཟིན་བྲིས་སུ་འདུག་པས་ཞིབ་པ་དེར་གཟིགས་རོགས།།

    Reply
  17. དུག་ཚེར། says:
    ལོ་ 16 སྔོན།

    ཚོགས་འདུ་འདི་ལྟ་བུ་ལོ་རེ་ནས་ལོརེ་སྤུས་ཇེ་དག་གཏོང་ནས་འཚོགས་ན་ཡགཔོ་
    འདུག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese