ངག་དབང་བྱམས་པ། ས་རཱ་མཐོ་སློབ།
དང་པོ། ཡིག་གཟུགས་ཀྱི་བེད་ནུས། མི་རིགས་སུ་འདྲ་ཞིག་ཡིན་ནའང༌། དེའི་སྐད་དང་མཐུན་པའི་ཡིག་གཟུགས་གང་ཡོད་པ་དེ་ནི་མི་ཕན་ཚུན་དབར་གྱི་སྐད་བརྡ་མཁོ་སྤྲོད་བྱེད་པའི་མཚོན་བྱེད་དམ་བརྡ་རྟགས་ཀྱི་རི་མོ་ཞིག་ཡིན་པ་རེད། མ་གཞི་ཡིག་གཟུགས་ནི་མི་རིགས་དེ་དང་དེའི་སྒྱུ་རྩལ་དང་མཛེས་རིས་ངོམ་རྒྱུ་གཙོ་བོར་གྱུར་པའི་ཆ་ལག་ཅིག་རྩ་བ་ནས་མིན་ལ། གལ་ཏེ་ཡིག་གཟུགས་གང་ཞིག་གིས་མི་རིགས་དེའི་སྐད་བརྡ་བདེ་བླག་གི་ངང་ནས་མཁོ་སྤྲོད་བྱེད་པའི་ནུས་པ་དང་བྲལ་ཞིང་མཛེས་རིས་ལྟ་བུ་གྱུར་སོང་ན། ངོ་ཐོག་ལ་ཡིག་གཟུགས་ཀྱི་ཕན་འབྲས་མ་ཐོན་པས་ཡིག་གཟུགས་དེ་ནི་ཚེ་སྲོག་བྲལ་བའི་བེམ་པོ་དང་གཅིག་པ་རེད། གང་ལྟར་ཡིག་གཟུགས་ནི་དོན་ཕན་ཆེ་བའི་སྐད་བརྡའི་བཀོལ་སྤྱོད་ཅི་བསམ་ཞིག་གཏོང་ཐུབ་སོང་ན། ཡིག་གཟུགས་ཀྱི་བེད་ནུས་དེ་ཙམ་གྱིས་རྫོགས་སོང་བ་རེད།
གཉིས་པ། བོད་ཀྱི་ཡིག་གཟུགས་དེང་དུས་མཁོ་སྤྱོད་ཚོད་འཛིན། དུས་རབས་བདུན་པའི་ནང་དུ། སྲོང་བཙན་གྱིས་ཐོན་མི་ལ་བཀའ་མངགས་ལྟར་བོད་ཀྱི་སྐད་དང་མཐུན་པའི་ཡིག་གཟུགས་འདི་ཉིད་གསར་བཟོ་མཛད་ནས་བཟུང༌། ད་བར་ཆོས་ཕྱོགས་ཀྱི་བྱ་གཞག་གཙོས་པའི་སྟོད་ལ་དྭགས་ནས་སྨད་ཨ་མདོའི་བར་བོད་ཀྱི་རྒྱལ་ཁམས་ཀུན་ཏུ་འཁོར་རྒྱུག་ཧ་ཅང་གིས་ཆེ་བའི་ཁར། རྗེ་ཙོང་ཁ་པའི་སྐབས་ནས་ཤིང་པར་བརྐོས་རྗེས་བོད་ཀྱི་ཡིག་གཟུགས་ནི་གཅིག་གྱུར་སྲ་བརྟན་ཡུན་གནས་ཐུབ་ཡོད་ལུགས་བཤད།
དུས་རབས་ཉེར་གཅིག་གི་གཡས་གཡོན་འདི་ནས་རྒྱལ་ཁབ་དང༌། གླིང་ཕྲན། མི་རིགས་སུ་འདྲ་ཞིག་ཡིན་ནའང་མགྱོགས་མྱུར་ཆེ་བའི་ཡར་རྒྱས་ལ་རྔམ་ཁ་ཟབ་ཅིང༌། ཡར་རྒྱས་དེ་དག་ཀྱང་མང་དག་གློག་རྡུལ་དང་འབྲེལ་བ་ཆེན་པོར་གྱུར་ཏེ། དེང་དུས་སྤྱི་ཚོགས་ནང་དུ་ཡིག་གེ་འབྲི་སའི་མཁོ་སྤྱོད་ཁྱབ་རྒྱ་ཆེ་ཤོས་གློག་ཀླད་ལྟ་བུར་མཚོན་ན། དེའི་ནང་དུ་ཡོད་པའི་ཡིག་གཟུགས་ཨ་མ་ནི་དབྱིན་ཇིའི་ཡིག་གཟུགས་ཡིན་པ་དང༌། དབྱིན་ཇིའི་ཡིག་གཟུགས་ལས་གཞན་པའི་ཡིག་གཟུགས་གཞན་གང་འདྲ་ཞིག་ཡིན་ནའང་གློག་ཀླད་སོགས་དེང་དུས་འཕྲུལ་ཆས་ནང་ལ་མཁོ་སྤྱོད་དབྱིན་ཡིག་ལྟར་གཏོང་མི་ཐུབ་པའི་ཚོད་འཛིན་ཤུགས་ཆེན་ཡོད་པ་མངོན་སུམ་རེད།
གསུམ་པ། བོད་ཀྱི་ཡིག་གཟུགས་དབྱིན་ཇིའི་ཡིག་གཟུགས་ལ་བསྒྱུར་ན་དགེ་མཚན། རང་རེས་བཀོལ་སྤྱོད་བྱེད་བཞིན་པའི་བོད་ཀྱི་ཡིག་གཟུགས་འདི་ཉིད་དབྱིན་ཇིའི་ཡིག་གཟུགས་ནང་དུ་གྲོང་འཇུག་ལྟར་འཕོ་འགྱུར་ཞིག་གཏང་ཐུབ་ན་ཕན་ཆ་ཆེན་པོ་ཞིག་ཡོད་ངེས་སུ་མཐོང༌། གང་ལགས་ཤེ་ན། གནའ་དུས་སུ་ཡིག་གཟུགས་བཀོལ་སྤྱོད་བྱེད་སའི་ཁྱབ་རྒྱ་ལ་ལྕགས་པར་དང༌། ཤིང་པར། ལག་བྲིས་ཙམ་གྱི་ར་བ་ལས་མི་འགོངས་ཤིང༌། དེ་དག་བཀོལ་སྤྱོད་བྱེད་པར་ཡིག་གཟུགས་གང་འདྲ་ཞིག་ཡིན་ནའང་ཁྱད་པར་ཅང་མེད་པ་རེད།
དེང་དུས་འཛམ་གླིང་འདི་ཡང་རང་གི་ཁྱིམ་ཚང་ལྟར་ཆུང་ཆུང་ཞིག་ཏུ་འགྱུར་བཞིན་པར། གློག་ཀླད་གཙོས་པའི་ཡར་རྒྱས་ཅན་གྱི་གློག་འཕྲུལ་འདྲ་མིན་གྱི་ཐོག་ནས་ཡིག་འབྲེལ་བརྡ་འཕྲིན་བེད་སྤྱོད་ཧ་ཅང་གིས་ཆེ་ལ་མྱུར་བའི་སྟོབས་ཀྱིས། དབྱིན་ཡིག་གཙོས་པའི་རྒྱལ་ཁབ་འགའ་ཤས་ཀྱི་ཡིག་གཟུགས་དབྱིན་ཡིག་གི་ཀ་ཕྲེང་འདྲ་བའི་ཡིག་གཟུགས་ཁག་ཅིག་མ་གཏོགས་ཡིག་གཟུགས་གཞན་པ་ཚང་མ་དེང་དུས་བེད་སྤྱོད་དང་ཁོར་རྒྱུག་ཡག་པོ་བྱེད་མི་ཐུབ་པའི་རང་བཞིན་གྱིས་ཚོད་འཛིན་ཆེ་ནས་ཆེ་རུ་འགྲོ་གིན་ཡོད་པ་དངོས་ཡོད་གནས་ཚུལ་གྱིས་ར་སྤྲོད་འབྱུང་བཞིན་པ་རེད། དེས་ན། ད་ལྟའི་བོད་ཀྱི་ཡིག་གཟུགས་འདི་ཉིད་བཀོལ་བདེ་བེད་ཆེན་ཞིག་འབྱུང་བའི་ཆེད་དུ་དབྱིན་ཇིའི་ཡིག་གཟུགས་ནང་ལ་འཕོ་བ་གྲོང་འཇུག་ལྟ་བུའི་འཕོ་འགྱུར་རམ་སྒྱུར་བཅོས་ཐེངས་ཤིག་གཏང་ན་དགེ་ཕན་ཧ་ཅང་གི་ཆེ་བར་སྣང༌།
བཞི་པ། བོད་ཀྱི་ཡིག་གཟུགས་དབྱིན་ཇིའི་ཡིག་གཟུགས་ནང་དུ་གྲོང་འཇུག་བྱེད་སྟངས། ༡)ཀ་སོགས་སུམ་ཅུ། ༢)དབྱངས་བཞི། ༣)སྔོན་འཇུག་ལྔ། ༤)རྗེས་འཇུག་བཅུ། ༥)ཡང་འཇུག་གཉིས། ༦)མགོ་འདོགས་གཉིས་སོགས་མཚོན་དོན་རིམ་བཞིན་གཏན་ལ་ཕབ་ཡོད།
འདིའི་ཐད་དགེ་སྐྱོན་གཉིས་ལས་སྐྱོན་ཉུང་ཞིང་དགེ་བ་ཕུན་སུམ་ཚོགས་པར་གྱུར་འདུག་ན་རིམ་བཞིན་བཀོལ་སྤྱོད་བྱ་རྒྱུ་དང༌། སྒྱུར་བཅོས་བཏང་བའི་ཡིག་གཟུགས་ཐོག་ཚིག་མཛོད་གསར་བསྒྲིག་བྱ་རྒྱུ།
ལྔ་པ། བོད་ཀྱི་ཡིག་གཟུགས་སྒྱུར་བཅོས་བཏང་བའི་དགེ་མཚན་ཟུར་འདོན། དགེ་མཚན་ཁག་ཅིག་གོང་དུ་བཤད་པའི་གནས་ཚུལ་དང་སྦྲེལ་ནས་ངོ་སྤྲོད་ཟིན་ཀྱང༌། དམིགས་བཀར་གསལ་བཤད་འགའ་ཤས་བྱས་ན། ༡) བོད་ཀྱི་ཡིག་གཟུགས་དབྱིན་ཡིག་གི་ཡིག་གཟུགས་ལ་སྒྱུར་བཅོས་བཏང་ན་གློག་ཀླད་ནང་དུ་འབྲི་བདེ་ཞིང་དཀའ་ཚེགས་སྤུ་ཙམ་མེད་པ། ༢)བསྒྱུར་བའི་ཡིག་གཟུགས་དེ་ཉིད་རྐང་པ་རིང་ཐུང་གི་ཁྱད་པར་སོགས་མི་འབྱུང་བ། ༣)དབྱིན་ཡིག་ལྟར་འབྲི་ཆོག་པས། དབྱངས་བཞི་དང༌། མགོ་འདོགས་སོགས་ཀྱིས་གོང་འོག་ནས་ཟང་ཟིང་མི་འབྱུང་ལ། དེའི་དབང་གིས་ཅ་དངོས་སོགས་ལ་བྲིས་ཀྱང་འབྲི་བདེ་བའི་དགེ་མཚན་ཁྱད་དུ་འཕགས་པ། ༤)རྒྱུ་འགྲོ་དཀའ་སྡུག་དང༌། གློག་ཀླད་ནང་དུ་འབྲི་བར་དཀའ་ཚེགས་ཆེ་ལ་གྲུབ་འབྲས་ཞན་པའི་ད་ལྟའི་བོད་ཡིག་ཡིག་གཟུགས་མང་པོ་འདི་བཞིན་གསར་བཟོ་འདྲ་མིན་བྱ་མི་དགོས་པ། ༥)བོད་ཡིག་དབྱིན་ཡིག་ལྟར་འབྲི་ཆོག་པས་གློག་ཀླད་ནང་གི་དབྱིན་ཡིག་དེ་ཉིད་བོད་པ་རང་ཉིད་ཀྱིས་བཟོས་པ་ལྟར་བོད་ཀྱི་སྐད་དང་མཐུན་པའི་ཅི་བསམ་གང་འདོད་ཀྱིས་བཀོལ་སྤྱོད་བྱེད་ཐུབ་པ། ༦)དེང་དུས་ལ་ཁྱབ་ཆེ་བའི་གློག་ཀླད་ཀྱང་བོད་པས་བོད་ཀྱི་ཆེད་དུ་བཟོས་པ་ལྟར་བོད་མི་རྩམ་ཟན་ཡོད་ཚད་ཀྱིས་ཅི་བསམ་བེད་སྤྱོད་གཏོང་རྒྱུ་ཡོད་ཅིང༌། བེད་སྤྱོད་བདེ་བླག་གི་ངང་ནས་གཏོང་ཐུབ་པ། ༥)གློག་ཀླད་ནང་གི་དབྱིན་ཡིག་ཡིག་གཟུགས་འདྲ་མིན་ཇི་ཡོད་ཚང་མ་བོད་སྐད་མཚོན་དོན་ཡིག་གཟུགས་ལ་བཀོལ་སྤྱོད་ཐུབ་པའི་ཕན་ཆ་ཆེ་བ། ༦)ཡིག་མགོ་དང༌། ཡིག་འབྲུ་རེ་རེའི་བར་ན་ཚེག་འབྲི་མི་དགོས་པ་སོགས་ཀྱི་དགེ་མཚན་ལྡན་པ། ༧)འཛམ་གླིང་ནང་ཡི་གེ་ཁོར་རྒྱུག་ཆེ་ཤོས་དབྱིན་ཡིག་དང་དཔུང་གཤིབས་ཀྱིས་ཁྱབ་རྒྱ་མཉམ་ཐུབ་པ་དང༌། ཛ་དྲག་གི་གནས་སྟངས་འོག་ཡུལ་དུས་གང་ནས་ཀྱང་ཡིག་འབྲེལ་བྱ་དགོས་པ་སོགས་དབྱིན་ཡིག་བེད་སྤྱོད་ཀྱི་འཕྲུལ་ཆས་གང་དུ་ཡོད་པ་དེ་ན་བོད་ཡིག་ཀྱང་དེ་བཞིན་དུ་བེད་སྤྱོད་གཏང་ཐུབ་པ་སོགས་དགེ་མཚན་ཡོད་པ། ༨)བོད་པས་དབྱིན་ཇིའི་སྐད་ཡིག་སྦྱང་པ་དང༌། དབྱིན་ཇིས་བོད་ཀྱི་སྐད་ཡིག་སྦྱང་པ་གཉིས་ཀས་ཡིག་གཟུགས་ལོག་སུ་སྦྱང་དགོས་པའི་དཀའ་ཚེགས་མེད་པ་སོགས་དགེ་མཚན་ཧ་ཅང་གིས་ཆེའོ། །གང་ལྟར་ཡིག་སྒྱུར་འདི་ནི་ཡོངས་རྫོགས་དགེ་མཚན་ལས་ལྡོག་ཕྱོགས་སྐྱོན་ཆའི་རིགས་ཕལ་ཆེར་མེད་པ་ལྟ་བུ་ཡིན་ནོ།།
གསལ་བཤད། བོད་ཀྱི་ཡིག་གཟུགས་སྒྱུར་བཅོས་གཏོང་ཕྱོགས་ཀྱི་རྩོམ་ཡིག་འདི་ཉིད་ཟིན་བྲིས་ཀྱི་ཚུལ་དུ་སྤྱི་ཚོགས་སུ་བཀྲམ་ཞིང༌། རང་གི་རྒྱལ་ཁབ་དང་མི་རིགས། ཆོས་དང་རིག་གཞུང༌། སྤྱི་ཕན་དང་གཞན་ཁུར་ཆེ་ཞིང༌། ལྷག་བསམ་དང་རྣམ་དཔྱོད་རབ་ཏུ་ཡངས་པ། མདོར་ན། བོད་ཀྱི་སྐད་ཡིག་སོགས་ལ་ཤ་ཚ་ཆེ་བའི་སྐྱེ་བོ་ཀུན་གྱིས་བསམ་ཚུལ་འདིའི་སྐོར་ལ་གང་ས་ཅི་ཐད་ནས་དགེ་སྐྱོན་ཅི་འབྱུང་གི་བསམ་གཞིག་དང་བགྲོ་གླེང་ཚ་ཚ་འུར་འུར་གནང་རོགས་ཞུ་རྒྱུ་དང༌། སུ་ཞིག་གིས་འདི་དང་འབྲེལ་བའི་བགྲོ་གླེང་དགེ་སྐྱོན་ཅི་ཞིག་གནང་ནའང་སྙིང་ཁོང་རུས་པའི་གཏིང་ནས་དགའ་བསུ་དང་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ལགས་སོ། །
གལ་ཏེ། ཡིག་གཟུགས་སྒྱུར་བཅོས་གཏོང་ཕྱོགས་འདིའི་སྐོར་མཁས་བླུན་ཚང་མས་རྒྱུ་མཚན་ལྡན་པའི་སྐྱོན་ཆའི་རིགས་གནད་ཆེ་གླེང་སློང་ཕལ་ཆེར་མེད་ཚེ། གྲོང་འཇུག་ལྟར་སྒྱུར་བཅོས་བཏང་བའི་ཡིག་གཟུགས་གསར་པ་འདི་ཉིད་ཚགས་ཤོག་དང༌། དུས་དེབ་སོགས་བརྒྱུད་ལམ་ཁག་ནས་དངོས་སུ་ལག་བསྟར་དཔེ་མཚོན་རྩོམ་འགྲེམ་བྱ་རྒྱུ་དང༌། རིམ་བཞིན་སྒྱུར་བའི་ཡིག་གཟུགས་འདིའི་ནང་དུ་ཚིག་མཛོད་གསར་པའང་བསྒྲིག་རྒྱུའི་འཆར་གཞི་ཐོག མི་རབས་གཉིས་དང་གསུམ་གྱི་ནང་དུ་བོད་ཀྱི་སྐད་བརྡ་ཡོད་ཚད་ཡིག་གཟུགས་གསར་པ་འདིའི་ནང་དུ་བཀོལ་སྤྱོད་གཏང་ཐུབ་པ་དང༌། མི་རབས་གསུམ་བཞིའི་རྗེས་ནས་ད་ལྟ་འབྲི་བཞིན་པའི་བོད་ཀྱི་ཡིག་གཟུགས་འདི་ཉིད་འགྲེམ་སྟོན་ཁང་དུ་བགྲེས་ཡོལ་ལ་དངོས་སུ་ཕེབས་ཐུབ་པའི་དཀའ་སྐྱེད་ཞུ་རྒྱུ་དང་བཅས་པ་ལགས་སོ།།
བློ་བཟང་བྱམས་པ་ཟེར་བའི་སློབ་ཕྲུག་འདིས། སྨྱོན་པའི་ལབ་བརྡོལ་འདྲ་ཞིག་བྲིས། གནམ་ལྕགས་ཟེར་བ་དེས་ཅལ་འདྲོགས་བྱས། རྒད་པོ་ཁང་སར་མེད་ན་རྙོག་དྲ་བཟོ་སོང་།
དྲ་གྲོགས་ཚོ།
བོད་ཡིག་ནི་ང་ཚོའི་བླ་སྲོག་ཡིན་ལ།
བོད་ཀྱི་ཡིག་གཟུགས་ནི་ང་ཚོའི་བླ་སྲོག་མཚོན་བྱེད་དུ་བཞག་ན་མི་འགྲིག་མེད།
ནོར་བཅོས། ཁང་གསར་ལ་མགོ་མཁྲེགས་པོ་ཞེས་དགག་པ་བརྒྱག་མི་རུང་བར་མཐོང་། ཁང་སར་ལ་གུས་བཀུར་ཞུ་འོས་པའི་བསམ་སྤྱོད་ཡོད་མཁན་ཞིག་རེད། མགོ་མཁྲེགས་པོ་ཟེར་བ་རྒྱུ་མཚན་ཡོད་མེད་ཀྱི་ཐོག་ནས་དབྱེ་དགོས་པ་ལས། ཀླད་པ་གསར་རྙིང་ཐོག་གི་དབྱེ་བ་ཕྱེ་ན་མི་འགྲིག ཅ་དངོས་དང་རིག་གཞུང་རྙིང་པ་ཞིག་ལ་དུང་ཞེན་ཡོད་པ་ཙམ་གྱིས་མགོ་མཁྲེགས་པོ་རེད་ཟེར་བ་ཡང་དག་མ་རེད། རྒྱུ་མཚན་དང་དོན་སྙིང་མེད་པའི་སྐད་ཆ་དང་བསམ་ཚུལ་གསར་བ་ཞིག་གླེང་ནས་འདི་ཡང་དག་པ་ཡིན་ཟེར་ནས་ཨུ་ཚུགས་མཐར་བསྐྱེལ་བྱས་ན་དེ་ཡང་མགོ་མཁྲེགས་པོ་རེད། དེའི་ཕྱིར་མི་ཞིག་གིས་རྒྱུ་མཚན་བགྲང་བཞིན་པ་ཡང་དག་ཡིན་མིན་ལ་མི་དཔྱད་པར་མགོ་མཁྲེགས་པོ་ཞེས་ཁ་འགོག་ཨེ་ཐུབ་ལྟ་བ་ནི་ཉེས་ཅན་པ་རེད།
༢། སྐད་ཡིག་སྐོར་མང་པོ་བཤད་འདོད་ཀྱང་དུས་ཚོད་ལ་བསམ་བློ་མི་གཏོང་ཀ་མེད་རེད། གང་ལྟར་ཡོད་པ་དེ་མེད་པ་བཟོས་ནས་གསར་བ་ཞིག་བཟོ་ཁུལ་བྱས། དེ་ནས་ཡིག་གཟུགས་གསར་བ་དེ་བོད་རིགས་མི་མང་ལ་གོམས་གོམས་བར་དུ་ངོ་སྤྲོད་བྱེད་དགོས་པ་དང་། བོད་ལ་ཡོད་པའི་ནང་བསྟན་རིགས་གཞུང་ཡོངས་སུ་རྫོགས་པ་ཡིག་གཟུགས་གསར་བ་དེའི་ནང་ལ་ཕར་བསྐྱར་དུ་བསྒྱུར་དགོས་པ་རེད། གང་ལྟར་ཡིག་གཟུགས་གསར་བ་ཞིག་བཟོས་པའི་དབང་དུ་བཏང་ཡང་གཟུགས་ཙམ་ལས་ཡིག་གཟུགས་འདི་ལས་ཁྱད་པར་ཡོང་གི་མ་རེད། དོན་མེད་ཀྱི་བརྗེ་བསྒྱུར་དེའི་ཆེད་མི་རིགས་འདིའི་ནུས་པ་དང་ཆུ་ཚོད་ག་ཚོད་ཅིག་འཕྲོ་བརླག་ཏུ་གཏོང་དགོས་ཐུག་གི་རེད་དམ། དེ་ལས་དེང་སྐབས་བོད་ལ་རྩ་ནས་མེད་པ་ཞིག་ནང་འདྲེན་དང་གསར་གཏོད་བྱེད་ཐུབ་མིན་བསམ་བློ་བཏང་ན་མི་བཟང་། དེ་ལས་ལྷག་པའི་བསམ་བློ་གཏོང་ཐུབ་ཀྱི་མི་འདུག་གམ། དཔེར་ན་སྨོན་ལམ་ཡིག་གཟུགས་ལྟ་བུ་རེད། རྒན་སྨོན་ལམ་གྱིས་གློག་ཀླད་དང་དྲ་རྒྱ་ནང་བོད་ཡིག་བེད་སྤྱོད་གཏོང་ཐུབ་ཀྱི་མི་འདུག་བསམ་ནས་སེམས་མ་ཤི་ཞིང་། བོད་ཡིག་དབྱིན་གཟུགས་བཟོ་འདོད་ཀྱི་འུ་ཐུག་གི་བསམ་བློའང་མ་འཁོར་བར། བོད་ཡིག་གློག་ཀླད་ནང་བཅུག་ནས་གློག་ཀླད་ལ་བཟོ་བཅོས་བརྒྱག་སྟངས་དང་བཅོས་སྒྲིག་བྱེད་སྟངས་ལ་བསམ་བློ་བཏང་བ་རེད། སྙིང་སྟོབས་འདི་ལ་བརྟེན་ནས། གློག་ཀླད་ལ་བཟོ་བཅོས་བརྒྱབ་ནས་བོད་མི་རིགས་ཀྱི་དཀའ་ངལ་ཆེན་པོ་ཞིག་མི་གཅིག་གི་ཐབས་ཤེས་ཀྱིས་སེལ་ཐུབ་པ་བྱུང་བ་རེད། རླབས་ཆེན་རེད། ངག་དབང་བྱམས་པ་ལྟ་བུར་མཚོན་ན་མི་གཅིག་གི་རིག་པ་ལ་བརྟེན་ནས་བོད་རིགས་ཚང་མ་ཐེངས་མ་གཅིག་ལ་ཡིག་གེ་མེད་པའི་ནག་ཁུང་བཟོ་དགོས་པ་དང་། དེ་ནས་སླར་ཡང་ཡིག་གཟུགས་གསར་བ་ཞིག་བསླབ་དགོས་པ་རེད། འདི་ནི་མི་གཅིག་གི་ཐབས་ཤེས་ལ་བརྟེན་ནས་མི་རིགས་ཡོངས་རྫོགས་ལ་དཀའ་ངལ་གཅིག་སྤྲད་པ་རེད། གང་ལྟར་རང་ལ་གང་ཡོད་པ་དེ་མུ་མཐུད་ཡར་རྒྱས་གཏོང་ཕྱོགས་ལ་བསམ་བློ་གཏོང་དགོས་པ་རེད། གལ་སྲིད་སྨོན་ལམ་ཡིག་གཟུགས་ཀྱི་བཀའ་དྲིན་མིན་ན། ངག་དབང་བྱམས་པས་དྲ་རྒྱ་དང་གློག་ཀླད་ནང་བོད་ཡིག་བེད་སྤྱོད་མེད་པ་དང་། བོད་ཡིག་གི་e-mail གཏོང་ཐུབ་ཀྱི་མི་འདུག་ཟེར་ནས་དེ་རིང་གི་རྩོམ་ཡིག་འདིའི་ནང་བྲིས་ཡོད་བཞག་རེད། སྐད་ཆེན་པོ་བརྒྱབ་ནས་རྒྱུ་མཚན་འདི་བོད་ཀྱི་ཡིག་གཟུགས་ལ་བཟོ་བཅོས་བརྒྱག་པའི་རྒྱུ་མཚན་འཕར་མ་ཞིག་ཏུ་བགྲང་གི་ཡོད་བཞག་རེད། སྟབས་ཡག་ནས་བསམ་ཚུལ་འདི་མ་བཏོན་སྔོན་ནས་རྒན་སྨོན་ལམ་ལགས་ཀྱིས་ལན་བརྒྱབ་ཚར་བ་རེད། གཅིག་བྱས་ན་ངག་དབང་བྱམས་པ་རླུང་རྟ་རྒྱུགས་ནས་ངོ་ཚ་འདི་ཉོ་མ་དགོས་པ་རེད། རྒྱུ་མཚན་ལོ་གཅིག་གི་གོང་ལ་ངག་བྱམས་ལ་བསམ་ཚུལ་འདི་ཙང་ཡང་བཤད་པའི་ནུས་པ་མེད་སྟབས་རླུང་རྒྱུགས་པ་རེད།་་་་་་་་་་
ཁང་གསར་ལ་མགོ་མཁྲེགས་པོ་ཞེས་དགག་པ་བརྒྱག་མི་རུང་བར་མཐོང་། ཁང་སར་ལ་གུས་བཀུར་ཞུ་འོས་པའི་བསམ་སྤྱོད་ཡོད་མཁན་ཞིག་རེད། མགོ་མཁྲེགས་པོ་ཟེར་བ་རྒྱུ་མཚན་ཡོད་མེད་ཀྱི་ཐོག་ནས་དབྱེ་དགོས་པ་ལས། ཀླད་པ་གསར་རྙིང་ཐོག་གི་དབྱེ་བ་ཕྱེ་ན་མི་འགྲིག ཅ་དངོས་དང་རིག་གཞུང་རྙིང་པ་ཞིག་ལ་དུང་ཞེན་ཡོད་པ་ཙམ་གྱིས་མགོ་མཁྲེགས་པོ་རེད་ཟེར་བ་ཡང་དག་མ་རེད། རྒྱུ་མཚན་དང་དོན་སྙིང་མེད་པའི་སྐད་ཆ་དང་བསམ་ཚུལ་གསར་བ་ཞིག་གླེང་ནས་འདི་ཡང་དག་པ་ཡིན་ཟེར་ནས་ཨུ་ཚུགས་མཐར་བསྐྱེལ་བྱས་ན་དེ་ཡང་མགོ་མཁྲེགས་པོ་རེད། དེའི་ཕྱིར་མི་ཞིག་གིས་རྒྱུ་མཚན་བགྲང་བཞིན་པ་ཡང་དག་ཡིན་མིན་ལ་མི་དཔྱད་པར་མགོ་མཁྲེགས་པོ་ཞེས་ཁ་འགོག་ཨེ་ཐུབ་ལྟ་བ་ནི་ཉེས་ཅན་པ་རེད།
༢། སྐད་ཡིག་སྐོར་མང་པོ་བཤད་འདོད་ཀྱང་དུས་ཚོད་ལ་བསམ་བློ་མི་གཏོང་ཀ་མེད་རེད། གང་ལྟར་ཡོད་པ་དེ་མེད་པ་བཟོས་ནས་གསར་བ་ཞིག་བཟོ་ཁུལ་བྱས། དེ་ནས་ཡིག་གཟུགས་གསར་བ་དེ་བོད་རིགས་མི་མང་ལ་གོམས་གོམས་བར་དུ་ངོ་སྤྲོད་བྱེད་དགོས་པ་དང་། བོད་ལ་ཡོད་པའི་ནང་བསྟན་རིགས་གཞུང་ཡོངས་སུ་རྫོགས་པ་ཡིག་གཟུགས་གསར་བ་དེའི་ནང་ལ་ཕར་བསྐྱར་དུ་བསྒྱུར་དགོས་པ་རེད། གང་ལྟར་ཡིག་གཟུགས་གསར་བ་ཞིག་བཟོས་པའི་དབང་དུ་བཏང་ཡང་གཟུགས་ཙམ་ལས་ཡིག་གཟུགས་འདི་ལས་ཁྱད་པར་ཡོང་གི་མ་རེད། དོན་མེད་ཀྱི་བརྗེ་བསྒྱུར་དེའི་ཆེད་མི་རིགས་འདིའི་ནུས་པ་དང་ཆུ་ཚོད་ག་ཚོད་ཅིག་འཕྲོ་བརླག་ཏུ་གཏོང་དགོས་ཐུག་གི་རེད་དམ། དེ་ལས་དེང་སྐབས་བོད་ལ་རྩ་ནས་མེད་པ་ཞིག་ནང་འདྲེན་དང་གསར་གཏོད་བྱེད་ཐུབ་མིན་བསམ་བློ་བཏང་ན་མི་བཟང་། དེ་ལས་ལྷག་པའི་བསམ་བློ་གཏོང་ཐུབ་ཀྱི་མི་འདུག་གམ། དཔེར་ན་སྨོན་ལམ་ཡིག་གཟུགས་ལྟ་བུ་རེད། རྒན་སྨོན་ལམ་གྱིས་གློག་ཀླད་དང་དྲ་རྒྱ་ནང་བོད་ཡིག་བེད་སྤྱོད་གཏོང་ཐུབ་ཀྱི་འདུག་བསམ་ནས་སེམས་མ་ཤི་བར། བོད་ཡིག་དབྱིན་གཟུགས་བཟོ་འདོད་ཀྱི་འུ་ཐུག་གི་བསམ་བློ་མ་འཁོར་བར། བོད་ཡིག་གློག་ཀླད་ནང་བཅུག་ནས་གློག་ཀླད་ལ་བཟོ་བཅོས་བརྒྱག་སྟངས་དང་བཅོས་སྒྲིག་བྱེད་སྟངས་ལ་བསམ་བློ་བཏང་ན་རེད། སྙིང་སྟོབས་བརྟེན་ནས། གློག་ཀླད་ལ་བཟོ་བཅོས་བརྒྱབ་ནས་བོད་མི་རིགས་ཀྱི་དཀའ་ཆེན་པོ་ཞིག་མི་གཅིག་གི་ཐབས་ཀྱིས་སེལ་ཐུབ་པ་བྱུང་བ་རེད། རླབས་ཆེན་རེད། ངག་དབང་བྱམས་པ་ལྟ་བུར་མཚོན་ན་མི་གཅིག་གི་རིག་པ་ལ་བརྟེན་ནས་བོད་རིགས་ཚང་མ་ཐེངས་གཅིག་ལ་ཡིག་གེ་་མེད་པའི་ནག་ཁུང་བཟོ་དགོས་དང་། དེ་ནས་སླར་ཡང་ཡིག་གཟུགས་གསར་བ་ཞིག་བསླབ་དགོས་པ་རེད། འདི་ནི་མི་གཅིག་གི་ཐབས་ཤེས་ལ་བརྟེན་ནས་མི་རིགས་ཡོངས་རྫོགས་ལ་དཀའ་ངལ་གཅིག་སྤྲད་པ་རེད། གང་ལྟར་རང་ལ་གང་ཡོད་པ་དེ་མུ་མཐུད་ཡར་རྒྱས་གཏོང་ཕྱོགས་ལ་བསམ་བློ་གཏོང་དགོས་པ་རེད། གལ་སྲིད་སྨོན་ལམ་ཡིག་གཟུགས་ཀྱི་བཀའ་དྲིན་མིན་ན། ངག་དབང་བྱམས་པས་དྲ་རྒྱ་དང་གློག་ཀླད་ནང་བོད་ཡིག་བེད་སྤྱོད་མདེ་པ་དང་། བོད་ཡིག་གི་e-mail གཏོང་ཐུབ་ཀྱི་མི་འདུག་ཟེར་ནས་དེ་རིང་གི་རྩོམ་ཡིག་ནང་བྲིས་ཡོད་བཞག་རེད། སྐད་ཆེན་པོ་བརྒྱབ་ནས་རྒྱུ་མཚན་འདི་བོད་ཀྱི་ཡིག་གཟུགས་ལ་བཟོ་བཅོས་བརྒྱག་པའི་རྒྱུ་མཚན་འཕར་མ་ཞིག་ཏུ་བགྲང་གི་ཡོད་བཞག་རེད། སྟབས་ཡག་ནས་བསམ་ཚུལ་འདི་མ་བཏོན་སྔོན་ནས་རྒན་སྨོན་ལམ་ལགས་ཀྱིས་ལན་བརྒྱབ་ཚར་བ་རེད། གཅིག་བྱས་ན་ངག་དབང་བྱམས་པ་རླུང་རྟ་རྒྱུགས་ནས་ངོ་ཚ་འདི་ཉོ་མ་དགོས་པ་རེད། རྒྱུ་མཚན་ལོ་གཅིག་གི་གོང་ལ་ངག་བྱམས་ལ་བསམ་ཚུལ་འདི་ཙང་ཡང་བཤད་པའི་ནུས་པ་མེད་སྟབས་འཕྱི་དྲགས་པ་རེད། ་་་་་་་་་་་་་
གལ་སྲིད་བོད་ཡིག་གི་ཡིག་གཟུགས་འདི་ལཱ་ཊིན་གྱི་ཡིག་གཟུགས་སུ་བསྒྱུར་བ་ཡིན་ན། བོད་ཡིག་འདིའི་ནང་བྲིས་བཞག་པའི་བཀའ་བསྟན་རི་བོའི་གཏོས་དང་མཉམ་པ་དེ་དག་དང་། རང་ཅག་གི་སྔོན་བྱོན་མཁས་པ་སྐར་ཚོགས་ལྟ་བུ་དག་གི་ཕྱག་དཔེ་བརྩིགས་བཞག་པ་དེ་དག་སུས་ཀློག་དགོས་པ་རེད།
མི་རབས་གཅིག་གི་རྗེས་ནས་ད་ལྟའི་བོད་ཡིག་འདི་ཀློག་ཤེས་མཁན་ཡོང་གི་མ་རེད།
དུས་དེ་ནས་བཟུང་ངས་བོད་ཡིག་སྦྱོང་ན་རྒྱལ་བ་ཚང་།
གློད་ཀླད་དུ་བཀོལ་བདེ་བའི་ཆེད་དུ་དམིགས་པའམ་ཡང་ན། བོད་ཡིག་སྦྱོང་མཁན་ལ་དམིགས་པ་ཞིག་ཡིན་ན། བོད་ཀྱི་ཡིག་གཟུགས་འདི་རང་བཀོལ་དགོས་པ་གལ་ཆེན་པོ་རེད།
གང་ཡིན་ཟེར་ན། དེང་སང་བོད་ཡིག་འདི་གློད་ཀླད་དུ་བཀོལ་བདེ་རུ་ཆགས་པ་མ་ཟད། གློག་ཀླད་ནང་དུ་རྩོམ་ཡིག་དང། ཟིན་བྲིས་འབྲི་མཁན་ག་ཚད་ཙམ་ཡོང་གི་འདུག འདི་དག་ཕར་གཡུགས་ནས་དབྱིན་ཡིག་གི་ཡིག་གཟུགས་གཅིག་འཁྱེར་ཡོང་ན།
གཟིགས་ལྤགས་བཀབ་པའི་བོང་བུ་དང་གཅིག་པ་ཆགས་པ་མ་རེད་དམ།
འོན་ཀྱང་བོད་ཡིག་ལ་སྐྱོན་འགའ་ཤས་ཡོད་པའང་དངོས་ཡོད་གནས་ཚུལ་རེད། དཔེར་ན་ཡི་གེ་ཐམས་ཅད་ཕྲེང་ཐག་བརྒྱུས་པ་ལྟར་གཅིག་རྗེས་གཅིག་གིས་མཐུད་དེ། གཅོད་མཚམས་འཛོལ་ནས་ཀློག་ཉེས་པའི་སྐྱོན་འབྱུང་བ་འདི་ནི་བོད་ཡིག་གི་སྐྱོན་ཆེ་ཤོས་རེད། སྐྱོན་འདི་ལ་གདོང་ལེན་བྱེད་མ་ཐུབ་པས་རྐྱེན་གྱིས་གོང་གི་བསམ་ཚུལ་དེ་བྱུང་བ་རེད། འདི་ལ་སྔོན་ནས་ཐབས་ཤེས་གནང་ཡོད། འོན་ཀྱང་འགའ་ཞིག་གིས་མགོ་མཁྲེགས་པོ་བྱས་ནས་གསར་གཏོད་ཀྱི་འགྱུར་བཅོས་སོང་ཐུབ་མེད། ད་དུང་ཡང་ཐབས་ཤེས་མ་གནང་བར་དེ་མུར་ལུས་ན། བོད་ཡིག་འདི་སུས་ཀྱང་ཉོ་མཁན་མེད་པའི་ཟོག་རོ་ལྟ་བུར་འགྱུར་ཉེན་ཡོད་དོ། །
སྤྱིར་བཏང་Wylie transliteration ཝཡེ་ལི་ཡིག་དོད་ནི་བོད་ཡིག་ལ་རམ་འདེགས་བྱེད་པའི་རླབས་ཆེན་གྱི་ཡི་གེ་ཞིག་རེད། འོན་ཀྱང་འདིས་བོད་ཡིག་གི་ཚབ་གཏན་ནས་བྱེད་མི་ཐུབ། འདི་ནི་བོད་ཀྱི་རིག་གཞུང་སྤྱི་དང་ལྷག་པར་བོད་ཀྱི་ཐུན་མིན་གྱི་རྩ་ཆེའི་བོད་ཡིག་འབུར་ཐོན་པ་འདི་རྩ་བརླག་འགྲོ་གཏོང་རྒྱུའི་སྟ་གོན་བྱས་པ་རེད།
དེ་ནི་བོད་ཀྱི་ཐུན་མིན་གྱི་ཁྱད་ཆོས་མཚོན་མི་ནུས་པ། དཔེར་ན་གྲྭ་པས་སྐྱ་ཆས་གྱོན་པ་དང་འདྲ་བ་ཞིག་ཏུ་མཐོང་ངོ་། །
ཚང་མ་ལ་བཀྲ་ཤིས་བདེ་ལེགས།
ཨ་ལ་ལས་གནད་འགག་ཡོད་པ་ཞིག་བྲིས་འདུག
དྲ་ཐོག་ཏུ་བསམ་འཆར་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་སྤེལ་ཡོང་དུ་ངས་ཀྱང་ལད་མོའི་ཚུལ་དུ་འཆར་སྣང་ཐུང་ཙམ་བརྗོད་འདོད་བྱུང་།ས་རའི་བུ་གུ་བསམ་མེད་ཅིག་གིས་སེམས་ཁྲལ་མེད་པའི་སེམས་ཁྲལ། རི་བོང་གནམ་ལྡིབ་ཀྱི་སེམས་ཁྲལ་བྱས་པ་དང་། དེ་བཞིན་དུ་དེ་དང་འདྲ་བ་མང་པོ་ཞིག་གིས་རི་བོང་ཅལ་འདྲོག་བྱས་ཡོང་དུས་འདི་ལྟར་བརྗོད་འདོད་དེ། ༡། བོད་ཡིག་གི་ཡིག་གཟུགས་བསྒྱུར་བཅོས་ཟེར་བ་དེ་ནི་མི་རིགས་གཞན་གྱི་ཡིག་གཟུགས་དང་གཏན་ནས་འདྲ་བ་མིན། གང་ཞེ་ན།བོད་ཀྱི་ཡིག་གཟུགས་འདི་ནི་བོད་ཀྱི་ཡི་གེ་མཚོན་བྱེད་ཀྱི་གཟུགས་བརྙན་ཙམ་མིན་ལ་བོད་ཀྱི་སྐད་གདངས་མཚོན་བྱེད་ཀྱི་གཟུགས་བརྙན་ཞིག་ཡིན།དཔེར་ན་།ཀ་ཡིག་འདིས་ཀ་ཞེས་ཁ་ནས་བརྗོད་པའི་སྐབས་སུ་ལྕེ་སོགས་ཡི་གེའི་འབྱུང་གནས་དེའི་རྣམ་པ་ཀ་ཡིག་ལྟ་བུ་ཞིག་འབྱུང་གི་ཡོད་པས་ན་ཀ་ཞེས་པ་འདི་ཀ་ཡི་ཡིག་གཟུགས་སུ་གཏན་ལ་ཕབ་པ་ཞིག་རེད།དེའི་རྐྱེན་གྱིས་བོད་ཀྱི་ཡིག་གཟུགས་འདི་ཡི་གེ་མཚོན་བྱེད་ཀྱི་གཟུགས་བརྙན་ཙམ་མིན་པར་མི་རིགས་གཞན་གྱི་ཡིག་གཟུགས་དང་མི་འདྲ་བའི་ཁྱད་ཆོས་ཀྱང་འདི་ཡིན།འདིའི་ཐད་དུ་བོད་ནང་དུ་བོད་ཀྱི་དེང་དུས་མཁས་པ་འགས་ལེགས་བཤད་རྨད་དུ་བྱུང་བའི་སྤྲས་པ་མང་ཙམ་ཡང་མཛད་འདུག་གོ། །༢ ཡིག་གཟུགས་བརྩེགས་མ་མང་པོ་འབྱུང་བ་འདི་ནི་སྟབས་བདེ་མིན་ལ་བརྗོད་ན་ག་ལ་འགྲིག འདི་ལ་ཐུན་མིན་གྱི་ཁྱད་ཆོས་འགྲན་མེད་ཅིག་ཡོད་པ་ནི་སྒྲ་གདངས་ཅི་འདྲ་ཞིག་བརྗོད་དགོས་ཚེ་བོད་པའི་ངག་ནས་མ་ཐོན་པ་མེད་པ་དེ་ཡང་བརྩེགས་མ་འདིའི་ཁྱད་ཆོས་ཡིན།་དེར་བརྟེན་བརྩེགས་མ་འདི་དེའི་ཆེད་དུ་བཟོས་པ་རེད། བརྩེགས་མ་འདི་མེད་པར་གྱུར་ན་དབང་པོ་མ་ཚང་བའི་མི་ལྟ་བུ་ཞིག་ཡིན་པས་དེ་འདྲ་བའི་མི་ཞིག་ལ་ཕྱི་ཚུལ་ཅི་ཙམ་བཅོས་ཀྱང་དོན་སྙིང་མེད།༣དེང་སྐབས་ཚན་རིག་དར་ཁྱབ་དུ་འགྲོ་བཞིན་པའི་དུས་ཡིན་པས་ས་ཕྱོགས་གང་ཞིག་ཏུ་གློག་ཀླད་བེད་སྤྱད་ཀྱང་གློག་ཀླད་ནང་རང་འགྲིག་གི་བོད་ཡིག་ནང་བཅུག་བྱས་ཡོད་པས་བོད་ཡིག་བེད་མེད་དུ་ལུས་པ་དང་བོད་ཡིག་གིས་དགོས་མཁོ་བསྐོང་མ་ཐུབ་པའི་ཡུལ་དུས་འབྱུང་དོགས་མེད།༤སྤྱིར་ན་འདི་འདྲ་བའི་བསམ་ཚུལ་བཟུང་ཆོག་ལ་བཤད་ཀྱང་ཆོག འོན་ཀྱང་དོན་དངོས་སུ་བསམ་ཚུལ་འདིས་བོད་ཡིག་འཕེལ་རྒྱས་ལས་ཉམས་དམས་སུ་བྱེད་པའི་རྐྱེན་དུ་འགྱུར། བོད་ཡིག་འཕེལ་རྒྱས་སུ་འགྲོ་མིན་དེ་ཡིག་གཟུགས་གློག་ཀླད་དུ་བཅུག་བདེ་མིན་དེ་འདྲ་མིན་ལ་བོད་ཡིག་གི་ནང་དོན་ལེགས་པོ་ཞིག་ཤེས་ཐུབ་མིན་དེ་ལ་རག་ལས་པ་ཞིག་རེད།སྤྱིར་ན་ང་ཚོའི་སྤྱི་ཚོགས་སུ་གསར་བཏོད་ཀྱི་རིགས་ཅི་ཙམ་མང་ན་དེ་ཙམ་དགོས་ངེས་ཡིན་ཀྱང་རྣམ་དཔྱོད་དང་ལྡན་པ་ཞིག་དགོས་རྒྱུ་ནི་གཙོ་གནད་ཡིན་ནོ།།
ཕ་བཟང་པོའི་རྒྱ་ཁུག བུ་ངན་པའི་ཇ་ཁུག
བོད་མི་རིགས་ཀྱི་སྲོག་རྩ་ལྟ་བུར་གྱུར་པའི་ཐུན་མོང་མ་ཡིན་པའི་བོད་ཀྱི་སྐད་ཡིག་འདིར་མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཀྱི་ཁྱད་འཕགས་རང་བཞིན་ལྡན་ཡོད།
ས་ར་མཐོ་སློབ་ཀྱི་བློ་གསར་སློབ་མ་ངག་དབང་བྱམས་པ་ལགས་ཀྱིས་གཙོས་པའི་བོད་རིགས་ན་གཞོན་ཅན་ཚོས་སྔོན་བྱོན་མེས་པོ་གོང་མ་སྤྱི་དང་། ལྷག་པར་མཚུངས་ཟླ་མ་མཆིས་པའི་བློ་གྲོས་དང་གཞལ་བར་དཀའ་བའི་བཀའ་དྲིན་ཅན་གྱི་སློབ་དཔོན་ཐོན་མིས་ངལ་བའི་འཁུར་ཆེན་ཕྲག་ཏུ་བླངས་ཏེ་བརྩེ་བའི་གངས་ཅན་གྱི་བུ་རབས་ཚ་བརྒྱུད་ཚོར་ཆེད་དུ་བཞག་པའི་རྩ་ཆེའི་ཤུལ་བཞག་རིན་བྲལ་བཟང་པོའི་བོད་ཡིག་འདི་ཉིད་མི་རབས་གསུམ་བཞི་ནས་འགྲེམ་སྟོན་ཁང་དུ་བགྲེས་ཡོལ་ལ་གཏོང་རྒྱུའི་དགོངས་པ་བཞེད་ན་ནི་རྦད་དེ་ནོར་བ་རེད།
དེ་ནི་ཕ་བཟང་པོས་སྐུ་ལས་སྐྱོན་ནས་བསགས་པའི་ཁྱིམ་ཚང་ནོར་གྱིས་ཕྱུག་པའི་རྒྱ་ཁུག་དེ་བུ་ངན་པ་གཅིག་གི་ཇ་ཁུག་ལྟར་སྟོང་པ་བཟོས་པའི་དཔེ་ཟླར་འགྲོ་བ་གདོན་མི་ཟ།
ཁང་གསར་ལགས་ཀྱི་གསུང་པ་དེར་དངོས་གནས་རྒྱུ་མཚན་འདུག ད་ལྟ་བཀོལ་སྤྱེད་བྱེད་བཞིན་པའི་བོད་ཡིག་འདིར་མཚོན་ན་བོད་མི་རིགས་ཀྱི་ཁྱད་ཆོས་དུ་མ་འཛམ་གླིང་ས་སྟེང་འདིར་གཞན་དང་མི་འདྲ་བར་མངོན་སུམ་འབུར་དུ་ཐོན་ཡོད།
ངག་དབང་བྱམས་པ་ལགས་ཀྱི་བསམ་ཚུལ་འདིའི་གཞི་འཛིན་ས་དེ། རགས་པའི་དབང་དུ་བྱས་ན། བོད་ཡིག་འདི་གློག་ཀླད་ནང་གཏགས་བདེ་ཁྱད་དང་བེད་ཁྱབ་ཙམ་རེད། དེ་ཁོ་ནའི་དབང་དུ་བྱས་ཏེ་བཤད་ན། བསམ་ཚུལ་འདི་འདྲ་ལའང་ལེགས་པའི་ཆ་ཁྱོན་རང་ནས་མེད་པ་མ་རེད། ཡིན་ནའང༌། བོད་ཀྱི་ཡིག་གཟུགས་དེ་ཡིག་གཟུགས་གཞན་ཞིག་ཏུ་གྲོངས་འཇུག་ལྟ་བུ་བྱ་འོས་དང་མི་འོས་དེ་ནི། གཞི་འཛིན་ས་འདི་ཁོ་ནའི་དབང་དུ་བྱས་པས་ཁུངས་འཁྱོལ་འགྲོ་བ་དེ་འདྲ་གང་ཡང་མ་རེད། ད་ལྟའི་བསམ་ཚུལ་འདི་ནི། གློག་ཀླད་ནང་ཡི་གེ་གཏགས་པའི་དཀའ་ངལ་སེལ་ཐབས་དང༌། ཡང་ན་ནི། ད་ཆར་བོད་ཡིག་གི་གློག་ཀླད་ཡིག་གཟུགས་ཉི་ཤུ་རྩ་གཉིས་ཡོད་པ་དག གཅིག་གྱུར་གྱིས་ཁ་འདུམ་ས་ཞིག་གི་དབང་དུ་བྱས་ཏེ་བཤད་པ་ཡིན་མཆི། དེ་ནི་ཁོང་གི་རྩོམ་ཡིག་ནང་དུའང་ལན་གཅིག་མ་ཡིན་པར་བསྙད་དེ་འདུག
ཡང་ཁོང་གིས་བོད་ཡིག་གི་ད་ཡོད་ཡིག་གཟུགས་འདི་ཡིག་གཟུགས་གཞན་ཞིག་སྟེ། དབྱིན་ཡིག་གི་གཟུགས་སུ་གྲོངས་འཇུག་བྱས་པ་ཡིན་ན། དེར་དགེ་མཚན་སྐོར་ཞིག་ཡོད་སྐོར་བཤད་འདུག་པའི་ནང༌། མགོ་འདོགས་སོགས་བརྩེགས་ཡིག་ཏུ་བྱེད་མི་དགོས་པས་ངོས་སྙོམས་པ་དང༌། ཡིག་མགོ་དང་ཤད་སོགས་འབྲི་མི་དགོས་པས་ཟང་ཟིང་ཉུང་བ་སོགས་བཀོད་དེ་མདོར་ན། གྲོངས་འཇུག་བྱས་པའི་ཡིག་གཟུགས་དེ་ནི་ཐད་སོར་བསྟར་དུ་རུང་བ་དེ་ཁྱད་ཆོས་སུ་བགྲངས་ཏེ་འདུག དེ་ལྟར་ན། ཁོང་གིས་གཞི་འཛིན་ས་དེ་གློག་ཀླད་ནང་ཡིག་གཏགས་ཀྱི་དཀའ་ངལ་ཙམ་གྱི་མུ་ནས་ཕར་ཙམ་བརྒལ་ནས་འདུག ཡང་སྙིང༌། དབྱིན་ཇིའི་ཡིག་གཟུགས་སུ་གྲོངས་འཇུག་བྱས་པས་དབྱིན་ཡིག་དང་ཁྱབ་རྒྱ་མཉམ་རྒྱུ་འདྲ་ཞིག་ཀྱང་བཤད་དེ་འདུག དེ་ནི་མ་བརྟག་པ་ཆེན་པོ་སྟེ། དབྱིན་ཇིའི་ཡིག་གཟུགས་སུ་བསྒྱུར་བ་ཙམ་གྱིས་དབྱིན་ཡིག་ཤེས་མཁན་དང་དབྱིན་གཟུགས་བེད་སྤྱོད་ཀྱིས་དོན་མཚོན་པར་བྱེད་པའི་སྐད་རིགས་མང་པོ་ཡོད་ཅིང༌། དེ་སྤྱོད་མཁན་ཚང་མས་དབྱིན་གཟུགས་སུ་བསྒྱུར་བའི་བོད་ཡིག་གི་དོན་དེ་དག་ཀྱང་སྟབས་གཅིག་ཏུ་རྟོགས་འགྲོ་བ་འདྲ་ཞིག་ཡིན་ན་ནི། འགྲིག་པར་འདུག་མོད་ཀྱང༌། དེ་ནི་གཟུགས་བསྒྱུར་བ་དང་མ་བསྒྱུར་བས་ཁྱད་འགྲོ་བ་ཞིག་མིན་པ་ནི་ཤིན་ཏུ་ནས་གསལ་བ་འདི་བས་ན། དབྱིན་ཇི་བ་བོད་སྐད་སྦྱོང་མཁན་དང༌། བོད་པ་དབྱིན་སྐད་སྦྱོང་མཁན་ཚོའི་དཀའ་ངལ་ཞིག་ཀྱང་སེལ་འགྲོ་བར་བཤད་པ་སོགས་ནི་མ་བརྟག་གྱ་ཚོམ་གྱི་གཏམ་དུ་མཐོང༌།
གློག་ཀླད་དང་བོད་ཡིག་བར་གྱི་དཀའ་ངལ་ནི། བོད་ཡིག་གི་ཡིག་གཟུགས་ཤིག་ལ་ཐུག་བསྡད་པ་གང་ཡང་མ་རེད། དེ་ནི་ད་ལྟ་ཕན་ལ་གཅིག་གྱུར་ཨང་རྟགས་ཅན་དུ་བྱས་པའི་བོད་ཡིག་ཅིག་གློག་ཀླད་ནང་མ་ཡོད་པ་དེ་རེད། ཕྱི་ལོ་ ༢༠༠༦ ལོ་ནས་དཀའ་ངལ་དེ་མེད་པ་ཆགས་ཚར་བ་རེད། དེ་ཚུན་ལ་དཀའ་ངལ་དེ་ཉུང་ནས་ཉུང་དུ་སོང་སྟེ། དེ་རིང་ལྟ་བུར་མཚོན་ན། སྨོན་ལམ་དང་གཡུ་མཚོ། ཧི་མ་ལ་ཡ་སོགས་མང་པོ་ཞིག་མཐེབ་གཤོང་གནོན་སྟངས་གཅིག་གིས་གཏགས་ཐུབ་པའི་ཚད་དུ་ཡོད་ཅིང༌། ད་དུང་ཧམ་པ་ཏོག་ཙམ་བཤད་པ་ཡིན་ན། གཟུགས་ཀྱི་ཁྱད་ཡེ་ནས་མེད་པར་བོད་ཡིག་ཏུ་གཏགས་ཚད་གཅིག་གྱུར་བཟོ་ཐུབ་པའི་ཚད་དུའང་སླེབས་ནས་ཡོད་པ་རེད། འདི་ཚོ་ནི། མཉེན་ཆས་ཀྱི་གནད་དོན་རེད། བོད་ཡིག་གི་ཡིག་གཟུགས་གཞན་དུ་བསྒྱུར་དགོས་དོན་མེད་པའི་སྒྲུབ་བྱེད་དང༌། ད་ཆ་ངག་དབང་བྱམས་པ་ལགས་ནས་གླེང་བཞིན་པའི་དཀའ་ངལ་དེ་ཚོའང་ཉིན་མ་རེ་རེ་ནས་ཇེ་ཉུང་དུ་འགྲོ་བཞིན་པ་མངོན་སུམ་ཚད་གྲུབ་ཏུ་ཡོད་པ་འདི་རེད།
དངོས་འབྲེལ་ཡིག་གཟུགས་འདིར་འགྱུར་བ་ཞིག་མ་བཏང་བར་ག་ཤེད་ཅིག་ན་ལྷག་བསྡད་ཡོད་པའི་དབང་དུ་བཏང་ནའང༌། དེ་ནི་ཡིག་གཟུགས་ལ་འགྱུར་བ་བཏང་བ་ཙམ་གྱིས་རྗེས་ཆོད་འགྲོ་རྒྱུ་གང་ཡང་མེད་པ་སྟེ། དེ་རིང་གི་བོད་ཡིག་ཡིག་གཟུགས་འདི། སང་ཉིན་དབྱིན་ཡིག་གི་གཟུགས་སུ་བསྒྱུར་བ་ཡིན་ན། གནངས་ཉིན་འཛམ་གླིང་ན་དབྱིན་ཡིག་དང་དབྱིན་གཟུགས་ཀྱིས་སོ་སོའི་སྐད་ཆ་འབྲི་སྤེལ་བྱེད་ཀྱིན་པ་ཚང་མས་དབྱིན་གཟུགས་སུ་བྱས་པའི་བོད་ཡིག་དེ་མ་བསླབ་མ་སྦྱང་བར་ཤེས་འགྲོ་བ་ཞིག་ཡིན་ན་ནི། དེ་ལས་ལེགས་པ་ཞིག་དང༌། དེ་ལས་ལས་སླ་པོའི་བྱ་ཐབས་ཤིག་གང་ན་ཡོད་དེ། མེད་དོ།། དེ་འདྲ་ནི་ཤེས་བྱ་ལ་མི་སྲིད་པ་ཞིག་རེད།
རྒྱུ་མཚན་འདི་བས་ན། ད་ལྟའི་དཀའ་ངལ་དེ་ཡིག་གཟུགས་འདིས་མ་འགྲིག་པ་མ་རེད་ཅེས་གོང་དུ་ཞུས་པ་དེ་ག་རང་དུ་འདོད་ཅིང༌། གནས་དུས་གང་ནས་ཀྱང་བོད་ཡིག་སྤྱོད་སྟབས་བདེ་བ་ཞིག་དགོས་པ་བདེན་ནའང༌། དེ་ནི་ད་ལྟའི་ཡིག་གཟུགས་འདི་ཡིག་གཟུགས་གཞན་དུ་བསྒྱུར་ན་ལས་ཡོང་ཐབས་མེད་པའི་དཀའ་ངལ་ཆེན་པོ་དེ་འདྲ་གང་ཡང་མ་རེད། གཅིག་གྱུར་ཨང་རྟགས་ཅན་གྱི་ཡིག་གཟུགས་འདི་གནས་དུས་གང་ནས་ཀྱང་སྤྱོད་ཆོག་པ་ལས། འདི་ནི་གནས་དུས་གང་འཚམ་ནས་མ་གཏོགས་སྤྱོད་སྒོ་དེ་ཙམ་མེད་པ་ནི་གང་ཡང་མ་རེད། མདོར་ན། དབྱིན་གཟུགས་སུ་གྲོངས་འཇུག་བྱས་པས། ད་ལྟའི་འདི་ལས་ཡིག་རྫོབ་ཇེ་ཆེར་འགྲོ་བའང་མཐོང་ཆོས་སུ་ཡོད་པ་འདི་ལགས།
འདི་དག་གི་ཕྱིར་ན། བསམ་ཚུལ་འདོན་མཁན་ཚོས་ཀླད་པ་གསར་རྙིང་གི་དབང་དུ་བྱས་ཏེ། བརྩད་ནས་འདུག་ཀྱང༌། བརྒྱ་བཤད་སྟོང་ལ་བཤད་ཀྱང༌།། ཡོས་ལ་འབབ་རྒྱུ་རྩམ་པར་འདུག་ཅེས་ཞུའོ།།
jiojou9j9
ཁང་གསར་རྡོ་རྗེ་ཟེར་བ་འདི་ངོ་མ་ལས་སླ་པོ་མི་འདུག རྒྱུ་མཚན་ཡོད་པ་རྐྱང་བཤད་འདུག རྣམ་པ་ཚོས་མུ་མཐུད་བགྲོ་གླེང་གནང་རོགས། མུ་མཐུད་ཉན་འདོད་ཡོད།
ཨ་རོགས་གནམ་ལྕགས། ཁ་ལ་མཛུབ་མོ་བཅུག་ནས་མ་སྡོད། གཞོན་ནུ་ཞིབ་ཆ་མེད་པ་ཚོར་འདི་འདྲས་རྟག་པར་ཡོང་གི་རེད། བློ་མ་ཕམ། ཡཱ། མུ་མཐུད་ཡིན་ཏ།
གནམ་ལྕགས་ལགས། མཆན་དགོད་མཁན་ཚོར་རྩོམ་ཆ་ཚང་བཀླག་དགོས་པར་མ་སྐུལ་གོང་ཁྱེད་རང་གིས་ཆ་ཚང་ཞིག་ལེགས་པར་བཀླགས་ན་ཡག་པོ་མེད་འགྲོ། ཁྱེད་ཀྱིས་སྔ་རྗེས་སུ་གོང་གི་རྩོམ་ཡིག་ནང་བོད་ཀྱི་ད་ཡོད་ཡིག་གཟུགས་དོར་དགོས་བཤད་མི་འདུག་ཅེས་ཨུ་ཚུགས་བྱས་འདུག ད་ལྟའི་ཡིག་གཟུགས་དོར་དགོས་པ་གསལ་པོ་འདུག ཞིབ་པར་ཀློགས་དང་།
དཔེར་ན། ངག་དབང་བྱམས་པའི་རྩོམ་ནང་༼ད་ལྟའི་བོད་ཀྱི་ཡིག་གཟུགས་འདི་ཉིད་བཀོལ་བདེ་བེད་ཆེན་ཞིག་འབྱུང་བའི་ཆེད་དུ་དབྱིན་ཇིའི་ཡིག་གཟུགས་ནང་ལ་འཕོ་བ་གྲོང་འཇུག་ལྟ་བུའི་འཕོ་འགྱུར་རམ་སྒྱུར་བཅོས་ཐེངས་ཤིག་གཏང་ན་དགེ་ཕན་ཧ་ཅང་གི་ཆེ་བར་སྣང༌།༽ཞེས་པའི་འཕོ་བ་གྲོངས་འཇུག་གི་ནང་དོན་ག་རེ་རེད། ད་ལྟའི་གཟུགས་དོར་ནས་གཟུགས་གཞན་ལ་འཇུག་དགོས་ཟེར་བ་རེད།
འདིས་གསལ་པོ་མ་ཆགས་ན་གོང་གི་རྩོམ་ཡིག་གི་མཇུག་བསྡོམས་སུ་༼ད་ལྟ་འབྲི་བཞིན་པའི་བོད་ཀྱི་ཡིག་གཟུགས་འདི་ཉིད་འགྲེམ་སྟོན་ཁང་དུ་བགྲེས་ཡོལ་ལ་དངོས་སུ་ཕེབས་ཐུབ་པའི་དཀའ་སྐྱེད་ཞུ་རྒྱུ་དང་བཅས་པ་ལགས་སོ།།༽ ཞེས་བཤད་མི་འདུག་གམ།
ད་ཁྱེད་རང་ཕྱོགས་ག་པར་ལངས་ཀྱི་ཡིན། མཁྲེགས་འཛིན་པ་བྱེད་ཀྱི་ཡིན་ཆུ་སྣ་གར་འཁྲིད་ཀྱི་གསར་ཞེན་པ་བྱེད་ཀྱི་ཡིན། ཤོད་དང་།
བཀྲ་ཤིས་བདེ་ལེགས
བཀྲ་ཤིས་བདེ་ལེགས
ཧ་ཧ་ཧ། དྲ་སྐྱག་ཚོ། ཁྱོད་ཚོས་དོན་ལ་མི་དཔྱད་ཚིག་རིས་ལ་འཇུས་ནས་ཅི་ཞིག་ཤོད་འདོད་ཡོད། ལྷག་པར་དུ་ནམས་མཁའ་བསྟན་འཛིན་ཟེར་བ་ཁོང་གིས་ཧ་ཅང་གི་ཅོལ་ཆུང་གི་གཏམ་བཤད་ཀྱིན་འདུག ངས་སྒྲ་གདངས་ཀྱིས་མི་ཡོང་བ་ལོས་ཤེས། དེ་ཙམ་ཡང་མི་ཤེས་ན་འདིའི་བར་ལ་འཚང་ནས་སྐད་ཆ་ག་ལ་བཤད། ངས་བཤད་པ་དེ་ལྟར་བཟོས་པའི་དབང་དུ་བཏང་ནའང༌། སུམ་རྟགས་དག་གསུམ་རང་འཇགས་གནས་ཐུབ་པའི་གནས་ལུགས་དང་རྒྱུ་མཚན་གསལ་བོ་ཡོད། གོང་རྩོམ་མཁན་ཁོང་གིས་ཀྱང་མཐའ་གཅིག་ཏུ་བོད་ཀྱི་ཡིག་གཟུགས་དོར་དགོས་པའི་ཨུ་ཚུགས་ཤིག་ག་བར་རྒྱག་གི་འདུག ཁྱོད་ཚོས་མ་མཐའ་ཡང་ཁོང་གི་རྩོམ་ཡིག་འདི་ལ་རགས་དཔྱད་ཙམ་བྱེད་དགོས་པ་ཡིན། དེ་མ་ཡིན་པར་གནས་ལུགས་མེད་པར་མེས་པོའི་ཤུལ་བཞག་དོར་བར་བསྙད་ན་གནས་ལུགས་དང་མཐུན་ནམ། གལ་སྲིད་དངོས་གནས་ཁྱོད་ཚོར་མེས་པོ་ཤུལ་བཞག་ལ་ཤ་ཞེན་དེ་འདྲ་ཆེ་ན། ཆེས་མ་མཐའ་ཡང་ཁང་གསར་རྡོ་རྗེ་ལགས་ལྟར་གོང་གི་རྩོམ་ཡིག་འདིའི་བརྗོད་དོན་ལ་རགས་བལྟ་ཞིག་བྱེད་དགོས་པ་ཡིན། དེ་ལྟ་མ་ཡིན་པར་མཆན་བུ་དག་ལ་བལྟས་ནས་མཆན་འདེབས་པ་ནི་ཆེས་མུན་འཐོམས་ཀྱི་རྟགས་ཁོ་ནའོ།།
ཕྱི་ཕྱོགས་ལ་འཁྲུགས་ཡོད་པ། ཕྱི་ཕྱོགས་ལ་བཞུགས་ཡོད་པ་ཞེས་བཅོས་རོགས།
མཐོ་སློབ་ཀྱི་རང་རིགས་གཞོན་ནུ་ལགས། ཁྱེད་ཀྱིས་དགོངས་ན་རང་རིགས་ལ་ཡོད་པའི་རིགས་གནས། ཆོས་སྲིད་ལོ་རྒྱུས་སོགས་དཔེ་ཆ་ཁྲི་ཕྲག་དུ་མ་ལས་བརྒལ་བ་རྣམས། དུས་རབས་གསུམ་པ་དང་བཞི་བའི་རང་རིགས་རྒྱུད་འཛིན་གཞོན་ནུ་རྣམས་ཀྱིས་འདོན་ཀློག་ཐུབ་པའི་ཆེད་དུ། ཁྱེད་ཀྱིས་ཡིག་གཟུགས་འདིའི་ཐོག་ལ་བསྒྱུར་འདོད་ཨེ་ཡིན། ཡིན་ན་དཔལ་འབྱོར་གྱི་འགྲོ་ཚང་དེ་ཙམ་དང་དུས་ཚོད་ཀྱི་ཡུན་དེ་ཙམ་བསྒུག་མི་དགོས་པར། ད་ལྟ་རང་རིགས་ལ་ཡོད་པའི་ཡིག་གཟུགས་འདི་དབྱིན་ཡིག་ནང་བཞིན་དེང་དུས་ཀྱི་གློག་བརྡུལ་དུ་འཛུག་ཐུབ་ཐབས་ཤིག་གནང་ན་མི་ལེགས།
མཐོ་སློབ་ཀྱི་གཞོན་ནུ་ལགས། ཁྱེད་ཀྱིས་མཁྱེན་གསལ་ལྟར་གྲྭ་རྐྱང་སྨོན་ལམ་མཆོག་གི་མཛད་རྗེས་ཀྱིས་སྔར་དང་མ་འདྲ་བའི་དཀའ་ངལ་གང་མང་ཞིག་སེལ་ཡོད་པ་ལྟར། རིམ་པས་རང་ཚོད་དང་མཐུན་པའི་དཀའ་ངལ་རང་རིགས་ཀྱིས་སེལ་ཐུབ་ཀྱི་རེད།
དེ་མིན་ད་ལྟའི་རང་རིགས་ཀྱི་ཡི་གེ་འདི་རྒན་ཡོལ་དུ་བསྐྱལ་འདོད་པའི་སྙིང་སྟོབས་དང་མཁྱེན་རྒྱ་དེས་དཀའ་གང་ཞིག་སེལ་གྱི་ཡོད་ན་ལགས།
༼བོད་པས་དབྱིན་ཇིའི་སྐད་ཡིག་སྦྱང་པ་དང༌། དབྱིན་ཇིས་བོད་ཀྱི་སྐད་ཡིག་སྦྱང་པ་གཉིས་ཀས་ཡིག་གཟུགས་ལོག་སུ་སྦྱང་དགོས་པའི་དཀའ་ཚེགས་མེད་པ་སོགས་དགེ་མཚན་ཧ་ཅང་གིས་ཆེའོ། །༽ དེང་སང་ཕྱི་ཕྱོགས་ལ་འཁྲུགས་བོད་ཕྲུག་གཞོན་ནུས་བོད་ཡིག་ཀློག་རྒྱུ་དང་བོད་སྐད་རྒྱག་རྒྱུ་ལ་དཀའ་ངལ་གང་མང་ཞིག་འདུག་མ་གཏོགས་དབྱིན་ཡིག་སྦྱང་རྒྱུ་དང་དབྱིན་སྐད་རྒྱག་རྒྱུ་ལ་དཀའ་ངན་ཡོད་པ་མ་སྣང་། དེ་བཞིན་གསར་འབྱོར་ཕེབས་མཁན་རྣམས་ཀྱིས་དབྱིན་སྐད་དང་དབྱིན་ཡིག་ལ་སློབ་སྦྱོང་བྱེད་ལུགས་ལ་བལྟས་ན་རྒྱུན་རིང་པོའི་དཀའ་ངལ་འཕྲད་ཚོད་མི་འདུག
གཞན་ཡང་བོད་ནང་བཞུགས་རྣམས་ཀྱིས་སློབ་ཕྲུག་རྣམས་ཀྱིས་ཀྱང་རྒྱ་སྐད་དང་བོད་སྐད་གཉིས་སློབ་གཉེར་བྱེད་ཕྱོགས་ལ་བལྟས་ན་རྗེས་དཀའ་ངལ་བོད་ཀྱི་སྐད་ཡིག་ཐོག་འཕྲད་དང་གང་ལ་འཕྲད་མ་ཤེས།
༼མི་རབས་གསུམ་བཞིའི་རྗེས་ནས་ད་ལྟ་འབྲི་བཞིན་པའི་བོད་ཀྱི་ཡིག་གཟུགས་འདི་ཉིད་འགྲེམ་སྟོན་ཁང་དུ་བགྲེས་ཡོལ་ལ་དངོས་སུ་ཕེབས་ཐུབ་པའི་དཀའ་སྐྱེད་ཞུ་རྒྱུ་དང་བཅས་པ་ལགས་སོ།།༽ འདི་ལ་ཐུགས་བསམ་ལེགས་པོ་ཞིག་བཏང་དང་བོད་རིགས་མཐོ་སློབ་ཀྱི་གཞོན་ནུ།
རང་རིགས་ཀྱི་རིགས་གནས་དང་ཆོས་སྲིད་ལོ་རྒྱུས་སོགས་ཀྱི་དཔེ་ཆ་ཁྲི་ཕྲག་དུ་མ་ལས་བརྒལ་བ་དག་ཁྱེད་མཐོ་སློབ་ཀྱི་གཞོན་ནུས་གནས་སྐབས་ཀྱི་ཕན་འབྲས་ཙམ་ལ་དགོངས་ནས་བགྲེས་ཡོལ་དུ་ཕེབས་སུ་བཅུག་འདོད་ཡོད་པ་དེ་གང་ལྟར་ལགས།
བོད་སྐད་ལ་མི་དུངས་ཞིང་བོད་ཡིག་མི་ཤེས་བའི་ང་ཚོའི་བཙན་བྱོལ་བའི་ན་གཞོན་ཚོར་དམིགས་ནས་འདི་འདྲའི་ཕྲལ་སེལ་གྱི་བྱ་ངན་ཞིག་བྱེད་ན་མ་གཏོགས་བོད་ནང་གི་མི་ལ་དགོས་མཁོ་ཅི་ཡང་མི་འདུག ད་དུང་རྩོམ་ཡིག་འདིའི་རྩོམ་པ་པོ་ཁོང་གིས་ཡིག་གཟུགས་ལ་ཊེན་ལ་བསྒྱུར་ན་ཐོག་དང་པོ་ནས་ལ་ཏེན་ཡིག་གཟུགས་གཅིག་བུ་སྦྱངས་ན་ཆོག་པས་ཡིག་གཟུགས་སྦྱོང་བའི་དཀའ་ངལ་མི་འདུག་ཟེར། དེ་ན་ཐོག་དང་པོ་ནས་རང་གིས་བུ་ཕྲུག་ལ་དབྱིན་ཡིག་གཅིག་བུ་བསླབས་པ་ཡིན་ན་འགྲིག་མི་འདུག་གམ
ང་ཚོའི་ས་གནས་སུ་བོད་ཡིག་གམ་བོད་སྐད་ལ་ཁྲིན་ཡི་གེའི་སྟེང་ནས་སྔོན་ཆད་ཅིག་ནས་འཁྲིད་བཞིན་འདུག ཞ་ཞིས་ཚོས་དེ་ལས་སླ་བོར་ཤེས་ཐུབ་ཀི་འདུག ཡིན་ན་ཡང་ངས་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་ཡིན་ཏེ། དགེ་རྒན་དེས་བོད་སྐད་མ་གཏོགས་བོད་ཡིག་མི་ཤེས་ཤིང་བོད་ཡིག་ཤེས་མཁན་ཚོ་ལས་ཀ་ལ་འགྲོ་དགོས་པས་དེ་ལྟར་མི་བྱེད་ཐབས་མེད་རེད་ཟེར་ནས་ངའི་ཁ་ལ་རྡོ་རྗེ་ལྗིད་ཁོག་ཆེ་བ་ཞིག་བཏབ་བྱུང་། ཕྱི་གླིང་བ་བོད་སྐད་བོད་ཡིག་སྦྱོང་མཁན་ཚོས་སྔ་མོ་ཞིག་ནས་འདིའི་ཚིག་མཛོད་ཀྱང་བཟོས་ཚར་ནས་གློག་ཀླད་དུ་བཅུག་འདུག ཝེ་ཏེ་ནམ་པ་ཚོས་ཀྱང་ལོ་མང་སྔོན་ནས་རྒྱ་ཡིག་དོར་ནས་དེ་ལྟར་བཟོས་འདུག
བོད་ཡིག་གི་ཡིག་གཟུགས་བསྒྱུར་དགོས་ཀྱི་འདུག་ཟེར་བའི་སྐད་ཆ་འདི་ངས་ཀྱང་ཐེངས་འགར་ཐོས་མྱོང་མོད། ཞིབ་པར་ཉན་ན་འདི་ནི་བོད་ཡིག་ལ་བྱང་ཆུབ་ཅིང་་སྐད་ཡིག་གཞན་ལ་ཆ་རྒྱུས་དང་ཉམ་ཞིབ་བྱས་མྱོང་ཡོད་པའི་གྲས་ཀྱི་སྐད་ཆ་ཞིག་མ་ཡིན་པར། འདི་ནི་བོད་ཡིག་ཀློག་ཙམ་དང་ཡང་ན་བརྡ་སྤྲོད་ཀྱི་གཞུང་ལ་ཐོས་བ་དམན་པའི་གྲས་སུ་བསམ་ཚུལ་འདི་གླེང་མཁན་མང་བར་འདུག ཁོ་ཚོའི་རྟགས་ཡང་དག་གི་སྒྲུབ་བྱེད་ཉག་གཅིག་དེ་རང་ཉིད་ཀྱི་སྦྱངས་བ་དམན་པར་མི་བཤད་པར་བོད་ཡིག་འདི་འབྲི་ཀློག་དང་ཕྲད་ཀྱི་ཐོབ་ཐང་སོགས་མགོ་རྙོག་འདུག་ཅེས་བའི་སྨྲེ་ངག་ཙམ་རེད། རྩོམ་ཡིག་འདིའི་ནང་གི་སྒྲུབ་བྱེད་གཅིག་དེ་དབྱིན་ཡིག་བཀོལ་སྤྱོད་བདེ་བ་དང་གློག་ཀླད་ཚང་མའི་ནང་འཁོར་རྒྱུག་བྱེད་ཐུབ་པའི་གནད་དོན་དེ་རེད། འོན་ཀྱང་དབྱིན་ཡིག་ཀྱང་མིའི་ནུས་རྩལ་དང་འབད་བརྩོན་ལ་བརྟེན་ནས་གློག་ཀླད་ནང་ཕར་བཅུག་པ་རེད་མ་གཏོགས་གློག་ཀླད་ཀྱིས་དབྱིན་ཡིག་འདི་འབྲི་ཀློག་བདེ་བར་འདུག་ཅེས་ཕར་ནང་དུ་འཇིབས་སོང་བ་ག་ལ་ཡིན། གནམ་ལྕགས་ཀྱི་དགོངས་ཚུལ་ལྟར་བོད་ཡིག་གི་སྒྲ་གདངས་སོར་བཞག་གིས་དབྱིན་ཡིག་ནང་བྲིས་ན་སྒྲ་འདྲ་བའི་ཚིག་མང་པོ་ཞིག་རང་བཞིན་གྱིས་བརླགས་འགྲོ་བས། དཔེར་ན་ཁྱོད་ཀྱི་མིང་གནམ་ལྕགས་ཀྱི་གནམ་དང་ནམ་མཁའའི་ནམ། ཁྱེད་རྣམས་པ་ཞེས་བ་འདི་གསུམ་ཁྱེད་ཀྱིས་ཅི་ལྟར་འབྲི་ངེས་ཡིན། སྔོན་འཇུག་དང་མགོ་འདོགས་སོགས་ཀྱི་ཁྱད་པར་ཅི་ལྟར་འབྱེད།
མིག་སྔར་ང་ཚོས་མཐོང་བཞིན་པ་ཞིག་ལ། ལོ་རྒྱུས་སྟེང་གི་རྒྱ་བོད་གཉིས་ཀྱི་ས་མཚམས་ཀ་ཆུའི་མཆོད་རྟེན་དཀར་པོའི་ཉེ་འཁོར་གྱི་རྒྱའི་དགོན་པ་ཞིག་ན་ཀུན་རིག་གི་ཆོ་ཀ་ཚང་མ་བོད་སྐད་ནང་འདོན་བཞིན་འདུག འོན་ཀྱང་ཁོང་ཚོའི་དཔེ་ཆ་ཚང་མ་རྒྱ་ཡིག་རེད། གནས་ཚུལ་རྒྱུས་ལོན་བྱས་བ་ལྟར་ན་སྔ་མོའི་དུས་སུ་དགོན་པ་དེར་བོད་པའི་དགེ་རྒན་དང་གྲ་བ་ཡོད་ལ་བོད་ཡིག་ཤེས་མཁན་ཀྱང་མི་ཉུང་བ་ཡོད་པར་བཤད་ལ། རྗེས་སུ་དུས་ཚོད་ལ་འགྱུར་བ་ཕྱིན་རྗེས་བོད་ཡིག་ཤེས་མཁན་མེད་སྟབས་དགོན་པའི་ཚོགས་འདོན་སོགས་ཉམས་ཆགས་སུ་གྱུར་ན་བསླབ་མཁན་མེད་སྟབས་་རྒྱའི་སྐད་ཡིག་ནང་བོད་སྐད་ཀྱི་སྒྲ་སོར་བཞག་གིས་བྲིས་བར་བཤད། དེའི་ཉེར་ལེན་གྱིས་དེང་སང་གྲ་བ་དེ་དག་གིས་ཆོས་ཀུན་རིག་འདོན་ཤེས་ཀྱང་ནང་གི་ཚིག་འབྲི་གཅིག་གི་གོ་དོན་ཀྱང་ཤེས་ཀྱི་མི་འདུག འཛམ་གླིང་སྟེང་ནོར་ཝེ་རྩོམ་རིག་གི་གཟེངས་རྟགས་བཞེས་མཁན་མང་བའི་ཊོར་ཁེ་རྒྱལ་ཁབ་ཀྱི་སྐད་ཡིག་ཀྱང་དེང་སང་ཉམས་ཆགས་སུ་འགྲོ་བཞིན་པའི་རྒྱུ་རྐྱེན་ཉག་གཅིག་དེ་ཡིག་གཟུགས་ལ་ཏེན་ནམ་དབྱིན་གཟུགས་ལ་བསྒྱུར་བས་ལན་པ་ཡོངས་གྲགས་མ་ཡིན་ནམ། ད་དུང་དགོད་བྲོ་བ་ཞིག་ལ་བོད་ཀྱི་གསར་འགོད་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་བ་བློ་བཟང་དབང་རྒྱལ་གྱིས་ལོ་འགའི་སྔོན་བོད་ཡིག་ནང་ཚིག་གསར་དགོས་བ་མི་འདུག གློག་ཀླད་ལ་ཀམ་པི་ཊ་མི་ཟེར་བར་གློག་ཀླད་ཅེས་ན་སུས་ཧ་གོ་ཡི་རེད། དེ་ཀམ་པི་ཊ་རེད་བ། གློག་ཀླད་མ་རེད་བ། ཅེས་གངས་སྐྱིད་ཀྱི་ཟ་ཁང་ཅིག་དུ་སྐད་རྒྱགས་བཞིན་འདུག་ཟེར་འདི་ཚོ་སོ་སོའི་སྡུག་བསྔལ་གཅིག་པ་རེད།
ཁང་གསར་ལགས་ཀྱིས་བཤད་པ་ལྟར་རེད། གློག་ཀླད་ཀྱི་ཆེད་དུ་བོད་ཡིག་ལ་བསྒྱུར་བཅོས་མི་གཏོང་བར། བོད་ཡིག་གི་ཆེད་དུ་གློག་ཀླད་ལ་བསྒྱུར་བཅོས་གཏོང་དགོས་པ་རེད། དེ་བྱས་ན་བོད་ཡིག་དང། བོད་ཀྱི་ཆོས་དང་རིག་གཞུང་། བོད་མི་རིགས། བོད་རྒྱལ་ཁབ་བཅས་ཀྱི་སྐུ་ཚེ་ཡུན་རིང་དུ་གནས་པར་ཕན་གྱི་རེད། དེ་མིན་མཇུག་འབྲས་ལྡོག་ཕྱོགས་ནས་ཡོང་གི་རེད།
ཁང་གསེར་རྡོ་རྗེས་བཤད་པར་རྒྱུ་མཚན་འདུག་་་ང་ཚོ་དོན་ཆུང་འདི་འདྲ་ཞིག་གི་ཆེད་དུ་ཕ་མེས་ཀྱི་ཤུལ་བཞག་དོར་དགོས་ན་ཧ་ཅང་གི་ཕམ་པོ་རེད་་དེ་ལས་ལྡོག་སྟེ་ང་ཚོས་སྨོན་ལམ་ལྟ་བུ་རྒྱལ་སྤྱིའི་ཨང་སྒྲིག་ཅན་བོད་ཡིག་རིག་མཛོད་ཀྱི་མ་ལག་ནང་དུ་བཅུག་ནས་བོད་ཡིག་དར་སྤེལ་གཏོང་བ་ནི་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་པའི་རླབས་ཆེན་གྱི་བྱ་བཞག་གོ།
གློག་ཀླད་རང་གི་ཡི་གེ་ནི་ཨང་ཀི་རེད་འདུག་ག གློག་ཀླད་ཀྱི་ལག་རྩལ་དང་བོད་ཡིག་གི་ཤེས་ཚད་ཚད་ལོང་པའི་ཆེད་ལས་མཁས་པ་རིགས་ཞེན་ཅན་འགའ་ཤས་མཉམ་རུབ་བྱས་ན། དཀའ་ངལ་དེ་ལ་གདོང་ལེན་བྱེད་ཐུབ་ཀྱི་རེད་བསམ་གྱི་འདུག དེ་ནི་ང་ཚོའི་དེང་དུས་ཀྱི་གློག་ཀླད་ཆེད་ལས་ཤེས་བྱ་དམན་པའི་རྒྱུ་མཚན་གྱིས་མིན་འགྲོ།
རྩོམ་ཡིག་འདི་འབྲི་མཁན་གྱི་བསམ་ཚུལ་དངོས་དེ་ནི་ཁོ་རང་གི་སྤུན་ཟླ་འདི་དག་ལ་ལན་ཞིག་གནངས་པ་ཡིན་ན། གོང་གི་སྤུན་ཟླ་དག་གི་དོགས་པ་སེལ་འགྲོ་ངེས་ཡིན།
ཁོང་ཉིད་ནས་འགན་ཞིག་བླངས་དེ་གསུངས་པ་བདེན་པ་རེད་དེ། ཡིན་ཡང་། བོད་ཡིག་གི་གདངས་ཙམ་དབྱིན་ཡིག་ལ་བརྟེན་ཐུབ་བྱེད་ཀྱི་ཡིན་ཟེར་བཞིན་ཡོད་དམ། ཡང་ན། བོད་ཡིག་འདི་དབྱིན་ཡིག་གི་བྲན་གཡོག་བྱེད་དུ་འཇུག་དགོས་ཟེར་གྱི་ཡོད་པ་རེད་དམ། དེ་མིན་བོད་ཡིག་དང་དབྱིན་ཡིག་གདན་ཐོབ་འདྲ་མཉམ་ཞིག་བཟོ་འདོད་ཡོད་པ་རེད་དམ། དེ་ལ་ལན་གསལ་བོ་ཞིག་དགོས་ཀྱི་འདུག
ཡོད་སྨྲོས་མེད་རེད། ཡོད་པ་སྨྲོས་མེད་རེད།
ངས་བལྟས་ན་ངག་དབང་བྱམས་པའི་སྐད་ཆ་འདི་རིགས་གཞེན་ཆེ་བའི་སྐད་ཆ་ཞིག་ཡིན་པའི་དབང་དུ་བཏང་ན་ཡང་། སྐད་ཆ་ཤོད་སྟངས་མ་ཤེས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
དབྱིན་ཡིག་གི་འགྲོ་ལུགས་ལྟར། བོད་ཡིག་གི་ཡིག་གཟུགས་དབྱིན་ཡིག་ལ་བསྒྱུར་བ་རེད་ཅེས་ཞུ་སྤོབས་མ་མཆིས་ཀྱང་། བོད་ཡིག་གི་སྒྲ་ཇི་བཞིན་འདོན་ཐུབ་པ་ནི་bod Kyi dus babལྟ་བུ་ཕྱི་རྒྱལ་བ་ཚོས་བོད་ཀྱི་སྔོན་བྱོན་མཁས་གྲུབ་ཁག་གི་གསུང་རྩོམ་ཕྱི་རྒྱལ་བ་ཚོའི་དགོས་མཁོ་ལྟར་ཁོང་ཚོས་བཟོས་ཟིན་པ་རེད། དཔེར་ན། ངའི་ལག་པར་བཀའ་འགྱུར་བསྟན་འགྱུར་གྱི་འོད་སྡེར་ཞིག་ཡོད། དེ་ཚོ་ཚང་མ་དབྱིན་ཡིག་གི་ཐོག་ཡོད་པ་དེ་བོད་སྐད་ཀྱི་སྒྲ་གདངས་སྟེང་ནས་ཤར་མར་ཀློག་ཐུབ་ཀྱི་ཡོད། དེ་ཚོ་དབྱིན་ཡིག་ལྟར། གློག་ཀླད་ནང་བཀོལ་བདེ་པོ་ཡོད་སྨྲོས་མེད་རེད། ཡིག་གཟུགས་དེ་དབྱིན་ཡིག་ཐོག་གནས་པ་རེད། དེ་ང་ཚོའི་སྐད་ཡིག་གི་ཚབ་བྱེད་ཀྱི་ཡིན་ཟེར་ན། ཅི་འདྲའི་ཡིད་སྐྱོ་དགོས་པ་ཞིག་མ་རེད་དམ། ང་ཚོས་རང་ཉིད་མགོ་བོ་དེ་གཞན་གྱི་ལག་འོག་ཏུ་འཇུག་དགོས་དོན་ཡོད་པ་མ་རེད། བློ་རྣལ་དུ་གནས་ནས་བསམ་གཞིགས་ཤིག་སྐོར་རན་རེད།
ཁང་གསར་རྡོ་རྗེ་ལགས་ཀྱིས་གནས་ལུགས་དང་རྒྱ་མཚན་གང་འཚམ་གསུངས་འདུག
ད་དུང་བགྲོ་གླེང་གནང་རོགས།
ས་་་ཅིག་ཆད་འདུག
མགོ་འདོག་ག་ཚོད་ཡོད་མེད་མི་ཤེས་བའི་་་ངག་དབང་བྱམས་པ་ཟེར་བ་འདི་སུ་རེད།
མི་རིགས་ཀྱི་རྩ་བ་སྐད་ཡིག་ལ་ཐུག་ཟེར་བ་གོ་ཨེ་མྱོང་
སྐད་ཀྱི་རྩ་བ་ཡི་གེ་ཐུག་ཡོད་་་་དེ་ལ་འགྱུར་བ་བཏང་ན་མི་རིགས་འདི་ཚར་བ་མ་རེད་དམ།
ཡ་ཡ། གནམ་ལྕགས་ཀྱི་ཁོག་རྒྱ་དེ་ཙམ་ཡིན་པ་རེད། ངས་གོང་གི་རྩོམ་ཡིག་སྤེལ་མཁན་ངག་དབང་བྱམས་པ་ཟེར་བར་བཤད་པ་ཡིན། ཁྱོད་ལ་ཕོག་འདུག ངས་འདིར་རྒྱུ་མཚན་ཁོ་ན་བགྲང་སྟེ་བཤད་ཡོད་མ་གཏོགས། སྡིགས་ར་སྐུལ་བ་དང་བཙན་གཏམ་བཤད་པ། སྙོན་བཙུགས་པ་གང་ཡང་མེད། སྐུ་དྲག་གི་བྱེད་སྟངས་དེ་བས་ཀྱང་མེད། ཁྱོས་འདོད་ནའང་དེ་རེད། མ་འདོད་ནའང་དེ་རེད།
ཁྱོད་ཀྱིས་༼བོད་ལ་ཡིག་གཟུགས་མི་འདྲ་བདུན་བརྒྱད༽ཙམ་ཡོད་ཟེར་ཚུལ་དེ་ལ་དཔག་ན། ཁྱོད་ཀྱིས་ཡིག་གཟུགས་ལ་སྦྱངས་པ་ཡིན། ཉམས་ཞིབ་བྱས་ཡིན་ཟེར་བའི་ཚད་ག་ཚོད་ལ་སླེབས་ཡོད་མེད་ཤེས་སོང་། གཞན་དག་བལྟ་དགོས་མ་རེད། ཨ་ཏི་ཤེས་རབ་ཉི་མའི་ཡིག་གཟུགས་བརྒྱ་ཡི་མ་ཕྱི་ལ་ལྟོས། ལོག་རྟོག་སངས་ཡོང་།
ཀླུ་མཁར་བྱམས་ལ་བཤད་པ་དེ་ཚོ་ཡང་དོན་དངོས་ཤ་སྟག་ཡིན། དངོས་དོན་མིན་པ་འདུག་ན་བསྟན་ཤོག་ངས་ཁས་ལེན་ཆོག
ཡ། དེ་ཙམ་ཡིན།
ཡིག་གཟུགས་ཀྱི་སྐོར་ནས་ང་ལའང་གསལ་ཆ་མེད་པ་ཞིག་གཏན་ནས་མིན། ངས་ནི་དབུ་ཅན་དབུ་མེད་དང༌། ལན་ཙྙ་ཝར་ཏི་སོགས་བྱང་ཆུབ་པར་འབྲི་ཤེས་པ་མ་ཟད། དེའི་སྐོར་ལ་ཆེད་དུ་དམིགས་ནས་ཞིབ་འཇུག་ཀྱང་བྱས་མྱོང་ཡོད། དེ་མིན་དགྱ་ཡིག་གི་བྱུང་རིམ་སོགས་ཀྱང་གཞན་ལ་ངོ་གནོངས་མི་དགོས་པ་ཤེས་ཀྱི་ཡོད། ཡིན་ནའང་ཡིག་གཟུགས་བསྒྱུར་བཅོས་གཏོང་དགོས་མི་དགོས་སོགས་གླེང་ན། འུ་གཉིས་ལ་སྐད་ཆ་མི་འདུག་སྙམ་གྱི་ཡོད།
མཐའ་དོན་ཞུ་རྒྱུ་ཞིག་ལ། སྐད་ཆ་ཇེ་རྩུབ་དང་གོ་བ་ལོག་སྒྲུབ་བྱེད་སྟངས་ལ་བལྟས་ན། ཉེ་ཆར་ཀླུ་མཁར་བྱམས་དང་རྩོད་གླེང་བྱེད་སྐབས་ཀྱི་རྣམ་པ་དེ་མངོན་གྱི་འདུག་པས། ང་ཡང་ཞེད་སྣང་སྐྱེས་པ་ཞིག་རེད། སྐུ་མཁྱེན་ཁང་གསར་ལགས། གནས་ལུགས་ཀྱི་སྟེང་ནས་མི་གཟུར་བར་མཁྱེན།
ཁང་གསར་ལགས་ཀྱིས་གོ་བ་ལོག་སྒྲུབ་གནང་གི་འདུག དུས་རྟག་ཏུ་བོད་ཀྱི་ཡིག་གཟུགས་འདི་དོར་དགོས་པའི་སྐད་ཆ་བཤད་མཁན་གཅིག་ཀྱང་བྱུང་ཡོད་པ་མ་རེད། ངས་བཤད་འདོད་པ་དེ་གཙོ་བོ་གོང་གི་རྩོམ་ཡིག་གི་ནང་དོན་ལྟར་དུ་བྱས་ནའང༌། ང་ཚོའི་བོད་ཀྱི་ཡིག་གཟུགས་ལ་གསར་བ་ཞིག་ཁ་སྣོན་བྱས་པ་དང་མཚུངས། དེ་མི་ཆོག་རྒྱུ་མི་འདུག་སྟེ། བོད་ལ་ཡིག་གཟུགས་མི་འདྲ་བདུན་བརྒྱད་ཙམ་ཡོད་པས་ཡིན།
ད་དུང་གསལ་བཤད་བྱེད་རྒྱུ་ཞིག་ལ། མུ་མཐུད་དུ་བགྲོ་གླེང་གནང་འདོད་ཚེ། མ་ཉེས་ཁ་གཡོགས་ཀྱི་སྔོན་མའི་སྐུ་དྲག་གི་བྱེད་ལས་མ་མངོན་ན་ལེགས།Úž
ང་མཁྲེགས་འཛིན་ཡིན་པར་རྩིས། ཡིན་ནའང་ངས་རྒྱལ་ཁམས་གང་ཙམ་བསྐོར་མྱོང་། གཞན་དག་ཕར་བཞག ཡིག་གཟུགས་གཅིག་པུའི་ཐོག་ནས་ཀྱང་ང་ཚོ་མི་རིགས་གཞན་དང་ཐ་དད་ཡིན་པ་དང་། ང་ཚོ་རྒྱ་ནག་དང་ཐ་དད་ཡིན་པ་སྟོན་ཐུབ་ཀྱི་ཡོད། དེ་བཞིན་དུ་ང་ཚོའི་ཡིག་གཟུགས་ཀྱི་རྣམ་གྲངས་ཐོག་ནས་ཀྱང་ང་ཚོའི་མི་རིགས་འདི་ཤེས་རིག་གཏིང་ཟབ་དར་བའི་མི་རིགས་ཤིག་ཡིན་པ་མཚོན་ཐུབ།
དེ་ནས་བོད་ཡིག་འདི་དེང་སྐབས་ང་ཚོ་བོད་གཅིག་པུའི་ཡིག་གཟུགས་མ་རེད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་མང་པོའི་ཡིག་གཟུགས་རེད། ང་ཚོ་སྐད་བརྡ་འཕྲོད་དཀའ་ཡང་ཡིག་གཟུགས་འདིས་འབྲེལ་བ་བྱེད་ཐུབ་ཀྱི་ཡོད། དེ་ལ་འགྱུར་བ་བཏང་ན་རང་གི་ལྕེ་བཅད་པ་འདྲ་བོ་རེད།
འདིའི་སྐོར་ལ་སྔོན་ཆད་རྗེ་དམུ་དགེ་བསམ་གཏན་ཚང་གིས་ཀྱང་བོད་ཡིག་འདི་ཨང་ཡིག་རྐྱང་རྐྱང་གིས་ཀློག་ཐུབ་པ་ཞིག་བཟོས་ཡོད། དེ་ནི་ཧ་ལས་པའི་སྤུས་དག་ཅིག་ཡིན། རྗེས་ཕྱོགས་ཚོད་བལྟ་བྱེད་འདོད་ན་ཁོང་གི་གསུང་འབུམ་གྱི་ཁྲོད་དུ་ཡོད་ལ། བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཞིག་གི་སྟེང་དུ་ཡང་བཀོད་ཡོད།
དངོས་དོན།
ཀ》 སྐད་ཆ་འདི་གོ་དུས་ངས་འདས་པའི་ལོ་ ༣༠ ནང་བྱུང་བའི་དངོས་དོན་གཅིག་གླེང་གི་ཡིན། ༡༩༨༠ གྱ་གྲངས་ནང་བཙན་བྱོལ་ནང་མཛུབ་གནོན་ལྕགས་པར་ཤུགས་ཆེ་ཙམ་དར་བ་རེད། དེ་དུས་མི་ཚོས་ལྕགས་པར་གྱི་མཛུབ་མིག་བཀོད་སྒྲིག་བྱེད་སྐབས། བོད་ཡིག་འདི་སྟབས་བདེ་པོ་མི་འདུག ལྕགས་པར་ལ་བསྟུན་ནས་བོད་ཡིག་ལ་འདི་དང་འདི་ལྟར་བཟོ་བཅོས་བྱེད་དགོས་ཞེས་སྐད་ཆ་ཤུགས་ཆེན་པོ་བཤད་པ་རེད། སྣར་སྐྱིད་ངག་དབང་དོན་གྲུབ་ཀྱང་དེའི་གྲས་ཤིག་རེད། དེ་དུས་མི་མང་པོས་སྐད་ཆ་དེ་གསར་བརྗེ་ཡིན་པ་དང་དོན་དངོས་དང་མཐུན་པ། ལག་ལེན་བསྟར་བདེ་བ། ཡར་རྒྱས་ཀྱི་ཕྱོགས་ལ་གོམ་པ་སྤོས་པ་རེད་ཅེས་བཤད་པ་རེད།
འོན་ཀྱང་ཤེས་ལྡན་ཁ་ཤས་ཀྱིས་མོས་མཐུན་མ་བྱས་པ་རེད། དེ་ནས་ ༡༩༩༠ གོ་གྲངས་ནས་ལྕགས་པར་གྱི་དུས་ཚོད་ཡོལ་ནས་གློག་ཀླད་དར་བ་རེད། ལེགས་པར་སོམས་དང་། གལ་ཏེ་ང་ཚོས་ལྕགས་པར་ལ་བསྟུན་ནས་བོད་ཡིག་ལ་བཟོ་བཅོས་བརྒྱབ་ན། ལྷམ་གྱི་ཆེ་ཆུང་ལ་གཞིགས་ཏེ་རང་གི་རྐང་པ་གཏུབས་པ་འདྲ་བོ་མ་རེད་དམ། གལ་སྲིད་དེ་དུས་ལོངས་མཆོངས་བྱས་ཡོད་ན། ད་ལྟ་གློག་ཀླད་དར་ཡོང་དུས་ཡང་བཟོ་བཅོས་བྱེད་དགོས་བྱུང་བ་རེད།
དོན་དག་སྙིང་པོ།
༡། ཡིག་གཟུགས་ནི་སྤྱིར་བཏང་གི་བརྡ་རྟགས་ཤིག་མ་རེད། དེས་མི་རིགས་ཀྱི་སེམས་ཁམས་དང་མཛེས་རྩལ་སོགས་མཚོན་བཞིན་ཡོད།
༢། ཡིག་གཟུགས་ཞེས་པ་ལམ་སེང་བསྒྱུར་བཅོས་གཏོང་ཐུབ་པའང་མིན།
༣། དབྱིན་ཡིག་ཡིག་གཟུགས་ཀྱིས་བོད་ཡིག་གི་བརྡ་དག་གི་འགྲོ་སྟངས་ཡོངས་སུ་མཚོན་ཐུབ་པའང་མིན།
༤། དེང་གི་གློག་ཀླད་འདི་མ་འོངས་པའི་ལོ་བཅུ་ཉི་ཤུའི་ནང་ལའང་ཡར་རྒྱས་ཆེན་པོ་འགྲོ་གི་རེད། ལོ་བཅུ་དང་ཉི་ཤུའི་རྗེས་སུ་ད་ལྟའི་གློག་ཀླད་ཀྱི་ནུས་པ་འདི་ཚོ་སྔོན་མའི་ལྕགས་པར་འདྲ་བོ་ཆགས་ངེས་རེད།
དེར་བརྟེན་ལྷམ་གྱི་ཆེད་དུ་རྐང་པ་གཅོད་སྲོལ་མེད་པ་བཞིན་གློག་ཀླད་ཀྱི་ཆེད་དུ་ཡིག་གཟུགས་བཅོས་ནའང་བྱབ་ཆུང་རེད། དེ་ལས་བོད་ཡིག་དང་འཚམས་པའི་གློག་ཀླད་ཅིག་བཟོས་ན་གང་འདྲ་འདུག
ངས་བལྟས་ན། ཁང་གསར་ལགས་ཀྱིས་མཁྲེགས་བཟུང་བྱེད་ཀྱི་འདུག སྤྱིར་ཡིག་གཟུགས་ཀྱི་ནུས་པ་བཤད་པའི་སྐབས་སུ། ཡིག་གཟུགས་དགོས་མིན་བྱེད་ཀྱིན་མེད། དཔེར་ན་ཨ་མདོའི་ཕྱོགས་ནས་རྒྱུན་སྤྱོད་ཀྱི་ཡིག་གཟུགས་དབུ་ཅན་དང༌། དབུས་གཙང་ཕྱོགས་ན་དབུ་མེད་ཡིན་པ་དེས་ག་རེ་མཚོན་གྱི་ཡོད། གཙོ་བོ་གསར་གཏོད་ཀྱི་སྐབས་མཛེས་དཔྱོད་གླེང་ན་ཅུང་མི་འོས་པ་འདྲ། སྤྱིར་ཡིག་གཟུགས་པ་ནི་རི་མོ་བ་དང་མཚུངས། དེའི་རྣམ་པ་ཡིས་འབྲི་མཁན་གྱི་སེམས་ཁམས་མཚོན་པ་ལྡན་མོད། འདིའི་སྐབས་དེ་མ་གླེང་ན་འོས་པར་མཐོང༌། དགྱ་ཡིག་དང་ཉི་ཧོང་གི་ཡི་གེ་བཀོལ་སྤྱོད་ཆེ་བས་ང་ཚོར་གང་ཡང་མི་ཕན། དེ་བས་སི་པན་གྱི་ཡི་གེས་ཀྱང་མི་ཕན། ང་ཚོས་བཀོལ་སྤྱོད་བྱེད་བདེ་བའི་ཕྱིར་ག་རེ་གནང་དགོས་ཀྱི་ཡོད་མེད་ལ་བསམ་བློ་བཏང་ན་རེད། གོང་གི་྄རྩོམ་མཁན་ཁོང་གིས་ཀྱང་བོད་ཀྱི་ཡིག་གཟུགས་རྦད་དེ་དོར་དགོས་པའི་བླང་བྱ་བཏོན་མེད། འདི་ལ་ཏན་ཏན་བསམ་བློ་ཞིག་གཏོང་རྒྱུ་འདུག་པར་སེམས།
རེད་ལགས། མི་ནག་ཚང༌། འདི་ནི་བྱང་ཆར་སོང་ན་ཧ་ལས་པའི་ཡག་པོ་ཞིག་ཏུ་མཐོང་སོང༌། འདི་དར་སྤེལ་གྱི་བརྒྱུད་རིམ་ལ་དཀའ་ལས་ཧ་ཅང་ཅང་ཡོད་ངེས།ཡིན་ནའང་གཏན་འཁེལ་གྱི་རིམ་པ་མང་བོའི་ནང་ནས་ང་ཚོས་ལེགས་ཆ་ཞིག་ཏན་ཏན་ལེན་ཐུབ་པ་རེད་སྙམ་གྱི་འདུག
བོད་ཡིག་ཡིག་གཟུགས་དབྱིན་ཡིག་ཡིག་གཟུགས་བསྒྱུར་དགོས་ན། བོད་མིའི་གཟུགས་དབྱིབས་མགོ་སེར་གྱི་དབྱིབས་སུ་བཅོས་དགོས་ཟེར་བ་དང་འདྲ། ཕན་ཆ་སོགས་ཀྱང་དེ་བཞིན་དུ་འབྱུང་།
ཀ》 མཐོང་རྒྱ་ཆུང་བའི་སྐྱོན།
༡། ཁྱོད་ཀྱིས་༼གང་ལྟར་ཡིག་གཟུགས་ནི་དོན་ཕན་ཆེ་བའི་སྐད་བརྡའི་བཀོལ་སྤྱོད་ཅི་བསམ་ཞིག་གཏོང་ཐུབ་སོང་ན། ཡིག་གཟུགས་ཀྱི་བེད་ནུས་དེ་ཙམ་གྱིས་རྫོགས་སོང་བ་རེད།༽ དེ་ཙམ་ག་ལ་ཡིན། ཡིག་གཟུགས་ཀྱིས་མི་རིགས་སོ་སོའི་འདུ་ཤེས་དང་མཛེས་རིག སེམས་ཁམས་སོགས་ཀྱང་མཚོན་པ་ཡིན། ཐ་ན་མི་སྒེར་སོ་སོའི་ཡིག་གཟུགས་ཀྱིས་མི་སྒེར་སོ་སོའི་གཤིས་ཀ་མཚོན་པ་འདི་ཚོར་ལེགས་པར་སོམ་ཤིག
༢། ཁྱོད་ཀྱིས་༼དབྱིན་ཇིའི་ཡིག་གཟུགས་ལས་གཞན་པའི་ཡིག་གཟུགས་གཞན་གང་འདྲ་ཞིག་ཡིན་ནའང་གློག་ཀླད་སོགས་དེང་དུས་འཕྲུལ་ཆས་ནང་ལ་མཁོ་སྤྱོད་དབྱིན་ཡིག་ལྟར་གཏོང་མི་ཐུབ་པའི་ཚོད་འཛིན་ཤུགས་ཆེན་ཡོད་པ་མངོན་སུམ་རེད།༽ཟེར། ཧྥ་རན་སི་དང་སེ་པན་ནི་ཤེའི་སྐད་ཡིག་སོགས་ནི་དེང་སྐབས་དབྱིན་ཡིག་ལས་ལྷག་ལྷག་ཅིག་འགྲོ་བཞིན་ཡོད། ཨེ་ཤའི་ནང་རྒྱ་ཡིག་དང་ཉི་ཧོང་གི་ཡི་གེ་ཡང་གློག་ཀླད་སོགས་ནང་ཡག་ཐག་ཆོད་འགྲོ་བཞིན་ཡོད།
bod Kyi dus bab ལྟ་བུ་མིན་འགྲོ། འདི་གསར་གཏོད་གནང་མཁན་ནི་ཉི་ཧོང་བ་ཞིག་རེད་དམ། བོད་ཀྱི་བཀའ་བསྟན་མང་པོ་ཞིག་ ཝེ་ལེ་ ནང་དུ་ཕབ་ནས་གློག་ཀླད་ནང་འཇུག་དུས་ཕལ་ཆེར་འབྲི་སྟངས་འདི་བཟོས་པ་ཡིན་སྙམ་པ་ཞིག་འདུག གསལ་བོ་བཤད་རྒྱུ་མེད།
འདི་ནི་གཏམ་བཟང་ཞིག་རེད། ཡིན་ནའང་ཀླད་རྙིང་མཁྲེགས་འཛིན་ཁ་ཤས་ཀྱིས་ངོས་ལེན་གནང་ཨེ་ཡོང་ངམ། ལོ་ངོ་བཅུའི་ཡར་སྔོན་ནས་བོད་ནང་ན་དེ་བཟོས་ཡོད། བཟོས་ཡོད་པས་མི་ཚད། དེའི་སྟེང་ནས་དེབ་གཅིག་ཀྱང་དཔར་བསྐྲུན་བྱས་ཡོད་པ་ཐོས་མྱོང༌། དཔེར་ན་སྦྲང་ཆར་དུས་དེབ་ཀྱི་མཚན་བྱང་ཉིད་ཀྱི་དགོངས་པ་ལྟར་དུ་ཀློག་ཐུབ་པ་ཡིན། ཉིད་ཀྱི་དགོངས་པ་འདི་བཞིན་འགྲོ་ཐུབ་ན་ང་ཚོས་འཛམ་གླིང་མི་མང་དང་དཔུང་བ་མཉམ་གཤིབ་བྱེད་ཐུབ་པར་ཕན་པ་ཆེ། ངས་ཀྱང་དེའི་སྐོར་ལ་བསམ་བློ་བཏང་ནས་ཡུན་རིང་འགོར་སོང༌། དེ་ལྟ་ཡིན་ནའང་བོད་ཡིག་གི་ཡིག་གཟུགས་འདི་མི་དགོས་ཟེར་གྱི་མེད་པར། འདི་རང་འཇགས་ཀྱི་སྟེང་ནས་ཕར་དབྱིན་ཇིའི་ཡིག་གཟུགས་ཀློག་ཐུབ་པ་བྱ་རྒྱུ་དེ་རེད་མོད། འདི་ནི་བྱ་བ་ཧ་ཅང་གི་བཟང་བོ་ཞིག་རེད། སྐུ་ཉིད་ཀྱིས་འདི་འདྲའི་ཕྱག་ལས་ཤིག་གནང་གི་ཡོད་ན། དེ་ལ་རྒྱབ་སྐྱོར་དང་རང་ཉིད་ཀྱིས་གང་འཇོན་གྱིས་ཞབས་ཞུ་ཞུ་འདོད་ཡོད།