མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སྐད་དང་བོད་ཡིག་ནི་ང་ཚོའི་སྲོག་རྩ་རེད།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༢
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོས་རང་གི་སྲོག་རྩ་ལྟ་བུའི་སྐད་དང་ཡི་གེ་འདིར་དོ་སྣང་མ་བྱས་པ་ཡིན་ན། མ་འོངས་བོད་གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བ་ཞིག་ལྡན་པ་ཡིན་ན་ང་ཚོ་བཙན་བྱོལ་བོད་པ་ཚོ་ངོ་ཚ་དགོས་པའི་གནས་སུ་གྱར་ངེས་རེད་ཟེར།

འདས་པའི་བདུན་ཕྲག་འདིའི་ནང་འདི་གའི་གསར་འགོད་པས་ཉེ་ཆར་བོད་ནས་གསར་དུ་འབྱོར་ཞིང་ཕ་ཡུལ་ཀན་ལྷོ་ཧོར་གཙང་ནས་ཡིན་པའི་བསོད་ནམས་ལགས་སུ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཞིགས་པའི་བོད་སྐད་དང་བོད་ཡིག་གི་ཉམས་ཆག་སྐོར་ལ་བཀའ་འདྲི་ཞུས་པར།  ཁོང་གིས་ཐོག་མར་རང་ཉིད་ངོ་སྤྲོད་དང་འབྲེལ་བརྗོད་དོན། ང་རང་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་སྐབས་བཅུ་གཉིས་པའི་མཐར་ཕྱིན་སློབ་མ་ཡིན་ལ། སྔོན་མ་ནས་བོད་སྐད་ཡིག་གི་དར་རྒུད་དང་འཇིགས་ཉེན་ལ་ནམ་རྒྱུན་དོ་སྣང་བྱས་བསྡད་མཁན་ཞིག་ཡིན། ངས་ད་ལྟའི་དུས་རབས་འདི་དང་ང་ཚོའི་མི་རབས་འདིའི་དུས་སྐབས་ཀྱི་བོད་སྐད་ཡིག་གི་ཉམས་རྒུད་གླེང་བ་ཡིན་ན། ཧ་ཅང་ཉག་ཕྲ་བའི་གནས་སུ་གྱར་འདུག་བསམ། ང་རང་བཙན་བྱོལ་དུ་མ་འབྱོར་བའི་ཡར་སྔོན་ང་བོད་ནང་གི་ས་ཁུལ་འགར་སོང་སྟེ། བོད་སྐད་དང་བོད་ཡིག་གི་གནས་སྟངས་སྐོར་ལ་རྒྱུས་ལོན་བྱས་པ་ཡིན། བོད་ནང་ལ་མཚོན་ན། བོད་སྐད་བོད་ཡིག་སྲུང་སྐྱོབ་ཐད་མི་སྒེར་ནས་བཟུང་དོ་སྣང་བྱེད་ཀྱིན་འདུག དཔེར་ན། ལོ་སྔོན་མར་གསེར་རྟ་ས་ཁུལ་ཏུ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་གངས་ཅན་རིས་མཛོད་ཅེས་བོད་ཡིག་གི་ཚིག་མཛོད་ཅིག་པར་སྐྲུན་བྱས་ཏེ་བོད་ཀྱི་ཐ་སྙད་མང་པོ་དག་བསྒྲིགས་བྱས་ཡོད་པ་དང་། བོད་ནང་དུ་ནུས་པ་མི་དམན་པ་ཞིག་ཐོན་ཡོད་པ་དང་།  དེ་བཞིན། གངས་ལྗོངས་ཤེས་རིག་གླིང་ལ་མཚོན་ནའང་སྐབས་དགུ་བ་ནས་བཟུང་ཕ་སྐད་དུང་གི་སྒྲ་དབྱངས་དང་རྒྱུན་བཀོལ་ཐ་སྙད་ཕྱོགས་བསྒྲིགས་སོགས་ཕ་སྐད་ཕྱོགས་ཀྱི་དཔེ་དེབ་གང་མང་ཞིག་སྤྱི་ཚོགས་ལ་བཀྲམས་ཏེ། བོད་རང་གི་ཕ་སྐད་སྲུང་སྐྱོབ་དང་རྒྱུད་འཛིན་ཀྱི་ཐད་ལ་ནུས་པ་གང་ཡོད་བཏོན་དང་འདོན་གྱིན་ཡོད་འདུག་ལ། མཚོ་སྔོན་བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན། དེ་མིན་མཚོ་སྔོན་ཕྱོགས་ཀྱི་ས་ཁུལ་གཞན་པ་ཁག་ཅིག་ཏུ་བོད་ཡིག་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་པའི་གནས་སྟངས་ཆགས་འདུག  དེ་ཡང་གཙོ་བོ། གང་ཟག་སྒེར་བ་དང་སྒེར་གཉེར་སློབ་གྲྭ། དེ་མིན་དགོན་སྡེ་ཁག་ཏུ་དོ་སྣང་ཤུགས་ཆེར་བྱེད་ཀྱིན་ཡོད་པ་ལས། རྒྱལ་གཉེར་སློབ་གྲྭར་མཚོན་ན་ཕ་སྐད་ཕྱོགས་ཀྱི་དོ་སྣང་མེད་པ་དང་། སློབ་སྦྱོང་གི་ཁ་དབུགས་དང་སློབ་ཁྲིད་ཀྱི་སྤུས་ཚད། སློབ་མའི་གྲུབ་འབྲས་སོགས་གང་ཅིའི་ཐད་ནས་ཀྱང་འདུ་ཤེས་བཟང་བོ་ཞིག་ཆགས་ཐུབ་ཀྱིན་མེད་པའི་གནས་སྟངས་དང་དཀའ་ངལ་ཞིག་རང་བཞིན་གྱིས་ཆགས་འདུག  ཅེས་ཁོང་གིས་མུ་མཐུད་བརྗོད་དོན། བླ་བྲང་ཕྱོགས་ནས་བཤད་ན་བླ་བྲང་དགོན་པ་དང་ཉེ་བའི་ས་ཁུལ་ཁག་ཅིག་བཟང་བ་ལས། གཞན་པའི་ས་ཁུལ་དུ་དེ་འདྲའི་དོ་སྣང་མེད་པའི་ཚོད་དུ་གནས་འདུག་ལ། ང་རང་དངོས་སུ་ཕྱིན་ས་སྐུ་འབུམ་དགོན་པའི་ཉེ་ཁུལ་གྱི་ས་ཆ་དེ་དག་གི་གནས་སྡོོད་བོད་མི་ཚོས་བསང་ཕུལ་བ་དང་དུང་འབུད་པའི་ཆོས་ལུགས་ཀྱི་ཆོ་ག་ཁག་ཅིག་རྒྱུད་འཛིན་བྱས་པ་ལས། བོད་སྐད་བཤད་མི་ཤེས་པ་དང་བོད་ལྭ་གྱོན་མི་ཤེས་པའི་གནས་སྟངས་ཆགས་འདུག དེ་བཞིན་མཚོ་སྔོན་གྱི་ཞོན་ཧྭ་ས་ཁུལ་དང་བླ་བྲང་གི་ཧོར་གཙང་ཉེ་ཁུལ་སོགས་ས་ཆ་གང་མང་ཞིག་ཏུ་བོད་ཡིག་དང་བོད་སྐད་ཀྱི་དོ་སྣང་མེད་པ་མ་ཟད། བོད་རང་གི་ཕལ་སྐད་ཀྱི་གདངས་ནས་བཟུང་སྟེ་ཉམས་རྒུད་དུ་འགྲོ་བཞིན་པ་གསལ་བོ་རེད། ཅེས་བརྗོད་བྱུང་།
 
ཡང་ཁོང་གིས། ད་ལྟ་གནས་སྟངས་འདི་ལྟ་བུ་ཞིག་གྱུར་དོན་ཐད་བརྗོད་དོན། ང་རང་གིས་བསམ་ན་ང་ཚོའི་བོད་སྐད་དང་བོད་ཡིག་གི་གནས་སྟངས་འདི་ལྟ་བུ་ཞིག་ཏུ་གྱུར་དོན་གཙོ་བོ། ང་ཚོ་བོད་ཀྱི་ཤེས་ལྡན་པ་དང་གཞི་རིམ་མང་ཚོགས་ཀྱི་བར་ཐག་རིང་བ་དང། དེ་དག་ཕན་ཚུན་ལ་གོ་བརྡ་གསལ་བོ་ཞིག་མ་འཕྲོད་པའི་དབང་གིས་གནས་སྟངས་འདི་ཆགས་པ་རེད་ལ། ལྷག་པར་ཏུ་རྒྱལ་གཉེར་སློབ་འབྲིང་དང་སློབ་ཆེན་གྱི་སློབ་མ། ད་དུང་གྲོང་ཁྱེར་དུ་ཚོང་ལས་གཉེར་བཞིན་པའི་བོད་མི་དེ་དག་གིས་ནམ་རྒྱུན་བསྲེས་ལྷད་ཅན་གྱི་སྐད་བེད་སྤྱོད་བྱས་པ་དང་། དེ་དག་གི་ཤན་ཤུགས་རིམ་བཞིན་སྤྱི་ཚོགས་ཀྱི་གཞི་རིམ་མང་ཚོགས་སུ་སླེབས་ཏེ། ཨག་གསར་ལ་དགའ་བའི་མི་ཚོས་རིམ་བཞིན་དེ་དག་གི་ལད་ཟློས་བྱས་སྟབས། བསྲེས་ལྷད་ཅན་གྱི་སྐད་ཆ་རྒྱུན་འབྱམས་དང་གོམ་ལོབས་སུ་སོང་སྟེ། ད་ལྟའི་ཆར་ས་ཆ་གང་མང་ཞིག་ཏུ་ཕ་སྐད་ངོ་མ་དང་རྒྱ་སྐད་ངོ་མ་གང་ཡིན་དབྱེ་འབྱེད་བྱ་དགོས་བའི་གནས་སུ་ལྷག་འདུག ཅེས་དང་། ད་ལྟའི་བར་ངས་བཙན་བྱོལ་སྤྱི་ཚོགས་ནི་བོད་སྐད་དང་བོད་ཡིག་གི་ཐད་ནས་བོད་ཁུལ་ལས་ལྷག་པའི་དོ་སྣང་དང་རྒྱུད་འཛིན་བྱེད་ཀྱིན་པ་ཞིག་ལ་ངོས་འཛིན་བྱས་པ་ཡིན། འོན་ཀྱང་། ང་རང་འདིར་སླེབས་པ་དང་གནས་སྟངས་དང་གནས་ཚུལ་གང་མང་ཞིག་ཤེས་རྟོགས་བྱུང་རྗེས་བཙན་བྱོལ་སྤྱི་ཚོགས་ཀྱི་བོད་སྐད་དང་བོད་ཡིག་གི་འཇིག་ཉེན་དེ་བོད་ནང་ཁུལ་ལས་ལྷག་པའི་ཛ་དྲག་གི་གནས་སུ་གྱར་འདུག་བསམ་པ་དྲན་སོང་ལ། གལ་སྲིད། ང་ཚོས་རང་གི་སྲོག་རྩ་ལྟ་བུའི་སྐད་དང་ཡི་གེ་འདིར་དོ་སྣང་མ་བྱས་པ་ཡིན་ན། མ་འོངས་བོད་གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བ་ཞིག་ལྡན་པ་ཡིན་ན་ང་ཚོ་བཙན་བྱོལ་བོད་པ་ཚོ་ངོ་ཚ་དགོས་པའི་གནས་སུ་གྱར་ངེས་རེད་ལ། འདི་ལྟ་བུའི་གནས་སྟངས་ཤིག་ཏུ་གྱུར་ཡོད་པ་ང་རང་གི་བློ་ཡུལ་ཏུ་མི་ཤོང་བ་ཞིག་རེད། རྒྱུ་མཚན་ནི་ང་ཚོ་བཙན་བྱོལ་བ་ཆགས་དགོས་དོན་དང་ཆགས་རྐྱེན་སོགས་ལ་གཞིགས་ན་ང་རང་ཉིད་བློ་ཕམ་གྱི་གནས་སུ་ལྷག་སོང། ཅེས་བརྗོད་བྱུང།།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 7

  1. ཨ་ཆོས་འཛིན། says:
    ལོ་ 17 སྔོན།

    དེ་བདེན་པ་རེད་།དངོས་ནས་བསམ་ཚུལ་ཡག་པོ་འདུག

    Reply
  2. Dhonling Bhu says:
    ལོ་ 17 སྔོན།

    དེ་བདེན་པ་རེད། དེང་གི་ཆར་ང་རང་ཚོའི་བོད་ཀྱི་སྐད་ཡིག་འདི་བཞིན་བཀོལ་སྤྱོད་བྱེད་མཁན་དཀོན་ད་ུའགྲོ་བཞིན་འདུག་ལ་། བཀོལ་སྤྱོད་བྱེད་མཁན་དེ་ཚོས་ཀྱང་ནན་ཟབ་ཀྱིས་མ་ཡིན་པར། རང་སྣང་གང་ཤར་དང་ཁ་ནས་གང་ཐོན་ཡིན་འདུག་ལ། ལྷག་པར་བོད་སྐད་གཙང་མ་ཞིག་དང་བོད་ཀྱི་བརྡ་སྤྲོད་དང་མཐུན་པ་ཞིག་ཤིན་ཏུ་ནས་དཀོན། ད་དུང་བཙན་བྱོལ་ནང་གི་བོད་མི་མང་དག་ཤིག་ནུབ་ཕྱོགས་ཨ་རིའི་ཡུལ་དུ་རང་ཉིད་ཀྱི་ཁྱིམ་ཚང་རྒྱུ་ནོར་ཡོངས་རྫོགས་གཏའ་མར་བཞག་ནས་བསྐྱོད་ཐཱུབ་རྒྱུ་ཐབས་ཤེས་སྣ་ཚོགས་བྱེད་ཅིང། ནུབ་ཕྱོགས་ཨ་རིའི་ཡུལ་དུ་སྐྱེས་ཤིང་ཚར་ལོངས་བྱུང་བའི་བོད་ཕྲུག་རྣམས་ཕ མ་གཉིས་བོད་པ་རེད་ཟེར་བ་མ་གཏོགས། དོན་གྱི་ཐོག་བོད་པའི་སྐད་དང་ལོ་རྒྱུས། ཡུལ་སྲོལ་གོམས་གཤིས་ཐཱུན་མོང་མ་ཡིན་པ་རྣམས་ཡོངས་སུ་དོར་ཞིང་། མགོ་སེར་རྣམས་ཀྱི་བྱེད་སྟངས་བྱེད་ཀྱི་ཡོད་ལ། བོད་ཡིག་མཐོང་དུས་ཞེ་མེར་ལངས་ཤིང། བོད་ཡིག་སྦྱོང་དུས་མགོ་བོ་ཡང་ན་ཡི་ཡོད། དེར་བརྟེན་ངེད་ཚོ་ལོ་གཞོན་སྤུན་གྲོགས་རྣམས་ཀྱི་དུས་ནས་དུས་སུ་རང་ཉིད་ཀྱི་བུ་ཕྲུག་དང་སྤུན་གཉེན་ཚན་རྣམས་ཀྱི་བོད་ཀྱི་སྐད་ཡིག་དང་བྱམས་སྙིང་རྗེའི་རང་བཞིན་ལྡན་པའི་ཐཱུན་མིན་གྱི་གཤིས་ཀ་འདི་བཞིན་བསླབ་དགོས་པ་ཤིན་ཏུ་ནས་གལ་ཆེན་ཞིག་ཏུ་རྩིས་ནས་ལག་ལེན་བསྟར་རོགས་ཞེས་ཞུ་རྒྱུ་ཡིན།

    བོད་ཀྱི་སྐད་ཡིག་རྒྱལ་ལོ། བོད་རྒྱལ་ལོ།

    Reply
  3. སློབ་དཔོན་ says:
    ལོ་ 17 སྔོན།

    ཧོར་གཙང་བསོད་ནམས་ལགས་་་་་་་་་་་སྐུ་ཉིད་བཙན་བྱོལ་དུ་འབྱོར་བ་ལ་སྙིང་དབུས་ནས་དགའ་བསུ་ཡོད་་་་་་་་་སྐུ་ཉིད་ལ་ད་ལྟ་བོད་སྤྱི་སེམས་སླད་མེད་ཞིག་འདུག་པ་དེ་ཡང་དབྱིན་དཀྲུག་གྱི་ལས་དོན་གཉེར་བཞིན་པའི་ཨ་མདོའི་སྤྱི་མཐུས་གྱི་ཁོངས་ནས་བསྟན་འཛིན་མགོན་པོ་སོགས་ཀྱི་གཞན་དབང་དུ་མ་སོང་བ་དྲངས་བདེན་གྱི་ལམ་ནས་གཞིས་བྱེས་བོད་མིའི་རང་གཤིས་ངོམ་ཐུབ་པ་བྱེད་རྒྱུའི་རེ་བ་ཞུ་

    Reply
  4. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    བོད་ཡིག་བོད་སྐད་བོད་མིའི་སྲོག་རྩ་ཡིན་ཞེས་དེང་སང་ཕལ་ཆེར་བརྒྱད་བཅུའི་རྒད་པོ་མན་ཆད་དང་ལོ་བརྒྱད་བྱིས་པ་ཡིན་ཆད་ཀྱི་མ་ཎི་བཞིན་བགྲང་གི་ཡོད་པ་འདྲ། ཡིན་ན་མགོ་སེར་དང་འགྲོག་ན་བོད་སྐདབརླག་། སྐྲ་སེར་དང་ཐུག་ན་བོད་ཡིག་བརྗེད། ད་ཡིན་ན་ཤུ་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  5. གསེར་རྟ་ཆོས་དབྱིངས། says:
    ལོ་ 17 སྔོན།

    ཧོར་གཙང་བསོད་ནམས་ལགས་སུ་བཀྲ་ཤིས་བདེ་ལེགས་ཡོད། དངོས་གནས་ཁོང་གི་བསམ་ཚུལ་དེ་ཡག་པོ་རེད་འདུག བོད་མི་རིགས་ཟེར་བ་འདི་མུ་མཐུད་དེ་གནས་ཐུབ་མི་
    ཐུབ་ཟེར་བ་དེ་གཙོ་བོ་གཅིག་སྐད་ཡིག་གཉིས་ཀ་ཡིན་པ་རེད། མ་འོངས་པར་ང་ཚོའི་མི་
    རིགས་ཀྱི་ཆས་གོས་སྤྱོད་ལམ་ཇི་ལྟ་བུ་ཞིག་ཆགས་རུང་སོ་སོའི་སྐད་ཡིག་གི་རང་རྐང་མ་ཉམས་པར་གནས་ཐུབ་ཚེ་བོད་མི་རིགས་འདི་ལོ་སྟོང་གི་བར་དུ་རྒྱ་མའི་འོག་ཏུ་གནས་
    སྡོད་བྱེད་དགོས་བྱུང་ན་ཡང་བོད་ཅེས་མཛུབ་མོ་བཙུགས་ས་ངོ་མ་དེ་མུ་མཐུད་དེ་
    གནས་ཡོད་པ་རེད། དེ་མིན་སྐད་ཡིག་ཉམས་པའི་ཚར་བའི་རྗེས་ལ་ང་ཚོ་རང་དབང་ཞིག་ཐོབ་པའི་དབང་དུ་བྱས་ན་ཡང་རྒྱ་མི་རིགས་དང་དབྱེ་འབྱེད་མེད་པ་ཞིག་ཏུ་གྱུར་
    ཟིན་པ་རེད། སྐད་ཡིག་སྲུང་སྐྱོབ་ཀྱི་ཐབས་ལམ་འདི་བོད་མི་གཞིས་བྱེས་གཉིས་ཀའི་འབད་བརྩོན་ངེས་བར་དུ་བྱེད་དགོས་པ་གལ་ཆེན་པོ་ཡིན་པ་ནི་ཚང་མས་ཤེས་བཞིན་པ་རེད། ཡིན་ན་ཡང་དེའི་ཐབས་ལམ་གང་འདྲ་བྱེད་དགོས་མིན་ལ་བསམ་མནོ་གཏོང་རྒྱུ་
    ལས་གལ་ཆེ་བའི་ལས་ཀ་ཞིག་བོད་པ་མཚོན་ན་མེད་པ་ལྟ་བུ་ཆགས་ཡོད་པ་རེད།
    ང་ཚོས་དོན་མེད་འཐེན་ཁྱེར་དང་ཕྱོགས་ཞེན་གྱི་རིགས་འདི་དོར་ནས་རང་རང་གི་སྒྲུབ་ཐུབ་རྒྱུའི་ལས་ཀ་ཞིག་ལ་འབད་བརྩོན་བྱེད་རྒྱུ་ཡིན་པ་མ་གཏོགས་སོ་སོའི་མི་ནུས་པའི་ལས་ཀ་ཞིག་དང་ཡོང་རྒྱུ་མེད་པའི་སྐད་ཆ་ཞིག་བཤད་བསྡད་ན་གང་ཡང་ཕན་གྱི་མ་རེད། འོན་ཀྱང་སྐད་ཡིག་སྲུང་སྐྱོབ་འདི་གཙོ་བོ་བོད་ནང་གི་ནུས་ཤུགས་འདོན་དགོས་པ་ལས་བཙན་བྱོལ་ནང་ནས་དཀའ་ལས་ཁག་པོ་རེད། བཙན་བྱོལ་བོད་མིའི་གནས་ཡུལ་མིའི་ལུང་པ་ཡིན་ཙང་གནས་ཡུལ་རྒྱལ་ཁབ་དང་ཡུལ་མི་དུང་ཕྱུར་མང་པོའི་ནང་དུ་བོད་པ་གྲོང་སྡེ་རེ་ཟུང་གི་སྐད་ཡིག་ནི་བེད་སྤྱོད་མེད་པ་དང་ཁང་པའི་ཕྱི་ལོག་ལ་སླེབས་དུས་ནས་སྐད་ཡིག་འདི་ལ་བདག་པོ་རྒྱག་མཁན་མེད་པ་ལྟ་བུ་ཆགས་ཡོད་པ་རེད། རྒྱུ་མཚན་དེ་ལྟ་བུས་གནས་སྟངས་འོག་བཙན་བྱོལ་བོད་མི་ལ་ཐུགས་ཁག་ཡོད་མ་རེད། གཞོན་སྐྱེས་མང་པོ་ཞིག་གིས་བོད་སྐད་བོད་ཡིག་ལ་དེ་ཙམ་མོས་པ་མེད་པའི་རྒྱུ་མཚན་གཙོ་གཅིག་དེ་རེད། བོད་ནང་ལྟ་བུ་ལ་མཚོན་ན་གང་ལྟར་ཡང་བོད་མི་ས་ཡ་དྲུག་གནས་སྡོད་བྱེད་སའི་ལུང་པ་ཞིག་ཡིན་དུས་བོད་སྐད་དང་བོད་ཡིག་གི་འཁོར་ཡུག་མི་དམན་པ་ཙམ་ཞིག་
    ཏན་ཏན་ཡོད་པ་རེད། བོད་ནང་ནས་ནུས་པ་གཙོ་བོ་འདོན་དགོས་པ་རེད་ལ་བོད་པའི་སྐད་ཡིག་གི་འཁོར་ཡུག་གང་མང་མང་ཞིག་བསྐྲུན་པའི་ཐབས་ཤེས་བྱེད་དགོས་པའི་དུས་སུ་བབ་ཡོད་པ་རེད།

    Reply
  6. ཨ་མྱེ says:
    ལོ་ 17 སྔོན།

    སྐུ་ཉིད་ལ་བདེ་ལེགས་ཞུ

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    སྐུ་ཉིད་བཙན་བྱོལ་དུ་འབྱོར་བ་ལ་སྙིང་དབུས་ནས་དགའ་བ་ཡིན། རང་དབང་གི་ལུང་བ་རུ་འབྱོར་བ་རེད། ད་ནི་སྐུ་ཉིད་ཀྱིས་གནད་འགག་མི་ཉུང་བ་ཞིག་གསུངས་པ་དེ་བཞིན་དུ། རང་ཉིད་བཙན་བྱོལ་བ་ཞེས་པའི་མིང་འདི་ཐོག་ཚར་བ་སེམས་སུ་བཟུང་དེ་འབད་རྒྱུ་དེ་ནི་བདག་གི་རེ་སྐུལ་ཡིན།

    སྐུ་ཉིད་ཀྱིས་གསུངས་པ་དེ་དག་ནི་དངོས་འབྲེལ་ཆགས་ཡོད་པ་རེད། ད་ནི་དེ་དག་ལ་འགྱུར་བ་ཞིག་གཏོང་ཐུབ་མཁན་དང་འགྱུར་བ་གཏོང་རྒྱུར་འུ་ཅག་བོད་མི་ཡོད་དོ་ཅོག་ལ་འགན་ཞིག་ཡོད་པ་རེད་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese