མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཉེན་ཁ་ཆེན་པོ་བཅུ། ཀླུ་སྨྱོན་ཧེ་རུ་ཀ

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp

 

བོད་རིགས་སྤྱི་དང་ཡང་སྒོས་བཙན་བྱོལ་བོད་གཞུང་གི་ཉེན་ཁ་ཆེན་པོ་བཅུ།
ཀླུ་སྨྱོན་ཧེ་རུ་ཀ

རྩོམ་ཡིག་འདི་ལོ་འགའི་སྔོན་བྲིས་ནས་སྤེལ་ན་ཡང་ད་དུང་རྩོམ་ཡིག་འདིའི་རྒྱབ་ལྗོངས་གསལ་དུ་འགྲོ་བཞིན་འདུག་པས་འདིར་ཡང་སྐྱར་ཐེངས་གཅིག་འགྲེམ་དགོས་བྱུང་སོང་།

སྤྱི་ལོ་༡༩༥༩ལོ་ནས་སྤྱི་ལོ་༢༠༠༩ལོའི་བར་དུ་བོད་བཙན་བྱོལ་གཞུང་འདིའི་ངོས་ནས། ༧གོང་ས་མཆོག་གི་དབུ་ཁྲིད་དང་གཞུང་ཞབས་དང་མི་དམངས་དཀྱུས་མའི་ཞབས་འདེགས། ཕྱི་ནང་ཚོགས་སྡེ་མང་པོ་ཞིག་གི་རོགས་སྐྱོར་རྒྱུ་རྐྱེན་སྣ་ཚོགས་ཀྱི་འབྲེལ་བ་ལ་བརྟེན་ནས། བོད་མི་རང་དབང་རང་བཙན་གྱི་ཆེད་དུ་རྒྱ་ནག་གཞུང་ལ་བསུན་པོ་སྣ་ཚོགས་ཤིག་བཟོས་ཤིང་། རང་རིགས་ཀྱི་མ་འོངས་པའི་སོན་རྩ་ཚོའི་ཆེད་དུ་སློབ་གྲྭ་མང་པོ་ཞིག་བཙུགས་པ་དང་། དེ་བཞིན་ཚོགས་པ་དང་མི་སྒེར་གྱི་ཆེད་དུ་ཁེ་ལས་སྣ་མང་གཉེར་བ། ཕྱི་རྒྱལ་ཡུལ་གྲུ་མང་པོའི་དཀྱིལ་དུ་བོད་ཀྱི་ལས་འགུལ་སྤེལ་སའི་ལས་ཁུངས་བཙུགས་པ་སོགས་བོད་ནང་གི་བོད་མི་ཚོའི་སེམས་ཤུགས་མི་ཆགས་ཤིང་། བོད་དོན་རྩ་བརླག་ཏུ་མི་འགྲོ་བའི་ལས་ཀ་སྣ་མང་རྙོག་འཛིང་ཆེ་བ་མང་པོ་ཞིག་བྱས་ཡོད་པ་ནི་དངོས་ཡོད་གནས་ཚུལ་ཡིན་པས་སུས་ཀྱང་བསྙོན་པར་མི་ནུས། བོད་དོན་འདིའི་ཐོག་མའི་ལང་ཕྱོགས་ནི་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་སྐྱར་གསོ་བྱེད་རྒྱུ་དེ་ཡིན་ཡང་། རྒྱ་ནག་གཞུང་གི་ཕྱོགས་ནས་དེ་ལ་ཁས་ལེན་རྩ་བ་ནས་མ་བྱས་སྟབས། ང་ཚོའི་གཞུང་གིས་ལངས་ཕྱོགས་དེར་འགྱུར་བ་བཏང་ནས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་སྤྲད་ན་འགྲིག་པའི་འདོད་ཚུལ་བཏོན་པ་དང་། དེའི་ཆེད་དུ་ཕྱི་ནང་གསང་བའི་ལས་འགུལ་སྣ་མང་ཞིག་སྤེལ་ཡང་། རྒྱ་ནག་གཞུང་གི་ངོས་ནས་ད་བར་ང་ཚོར་རང་བཙན་གཙང་མའི་སྐད་ཆ་འཆད་སྐབས་ཀྱི་ཚིག་རྩུབ་དེ་རང་མ་གཏོགས་དེ་ལས་གཞན་པའི་ཚིག་སྙན་པོ་རྡོག་པོ་གཅིག་བརྗོད་མེད། སྤྱིར་རྒྱལ་ཁབ་ཅིག་གི་རང་དབང་སྐྱར་གསོའི་ལས་འགུལ་ནི་སྣེ་མང་རྙོིག་འཛིང་འགལ་རྐྱེན་མང་ཞིང་ཀྱག་ཀྱོག་ཅན་ཞིག་ཡིན་ལ། དེར་གདོང་ལེན་བྱེད་པར་དགོས་ངེས་ཀྱི་ཆ་རྐྱེན་ཆེན་པོ་ཁག་ཅིག་ཡོད་པ་ནི། ཐོག་མར་མང་ཚོགས་ཀྱིས་དགའ་བསུ་བྱེད་ཅིང་ཤེས་འཇོན་ལྷག་བསམ་ཚང་བའི་དབུ་ཁྲིད་ཅིག་མེད་ཐབས་མེད་ཅིང་། སོ་སོའི་རྒྱལ་ཁབ་ལ་དགའ་ཞེན་དང་མ་འོངས་པའི་དམིགས་འབེན་ཆེད་དུ་དཀའ་ངལ་ལ་བཟོད་ཐུབ་པའི་མང་ཚོགས་ཀྱི་རྒྱབ་རྟེན་དགོས་པ། མི་རིགས་དེས་སོ་སོའི་རྒྱལ་ཁབ་ཀྱི་བླ་སྲོག་ཏུ་གྱུར་པའི་རིག་གཞུང་གོམས་སྲོལ་ལ་གཅེས་སྐྱོང་དང་འདོར་ལེན་བྱེད་ཕོད་པའི་བསམ་བློ་དགོས་པ། སོ་སོའི་རྒྱལ་ཁབ་དེའི་མཚོན་རྟགས་རིག་གཞུང་གོམས་སྲོལ་དང་ས་མཚམས་གཏན་འཁེལ་དགོས་པ། དེ་ལ་མཐུན་གྲོགས་རོམས་རམ་བྱེད་མཁན་གྱི་གཞུང་སྒེར་མི་དམངས་ཡོད་པ། སོ་སོའི་མ་འོངས་པའི་སོན་རྩར་གྱུར་པའི་མི་རབས་རྗེས་མ་ཚོར་རང་གི་རྒྱལ་ཁབ་སླར་གསོའི་ལས་དོན་ལ་ཞབས་ཞུ་བསྒྲུབ་བློ་ཚིག་ཙམ་མིན་པ་ཡོད་དགོས་པ། རང་དབང་སྐྱོར་གསོའི་ཆེད་དུ་འཐབ་རྩོད་བྱེད་མཁན་གྱི་གཞུང་དེར་མ་འོངས་པའི་བྱེད་སྒོ་ཁག་ལ་བེད་སྤྱོད་བྱེད་རྒྱུའི་འཆར་གཞི་ལྡེང་ངེས་ཡོད་དགོས་པ་སོགས་ཚད་ལྡན་གྱི་སྒྲོམ་གཞི་མང་པོ་ཞིག་ལ་བརྟེན་ནས་རང་དབང་འཐབ་རྩོད་བྱེད་དགོས་པ་ཡིན་མོད། རང་ཚོའི་གཞུང་དང་མི་དམངས་ཀྱི་ངོས་ནས་ད་བར་རང་དབང་སྐྱར་གསོའི་ཆེད་དུ་འཐབ་རྩོད་བྱས་པ་དེར་གོང་གསལ་ཆ་རྐྱེན་ཆེན་པོ་དེ་ཚོའི་གྲས་ཀྱི་མང་པོ་ཞིག་ཚང་ཡོད་ན་ཡང་། མ་འོངས་པར་ང་ཚོས་བོད་ཁ་བ་ཅན་གྱི་རྒྱལ་ཁབ་དེ་སླར་གསོའི་ཆེད་དུ་དགོས་ངེས་ཀྱི་ཆ་རྐྱེན་ཁག་མང་པོ་ཞིག་ད་ལྟའི་དུས་འདིར་རྩ་མེད་དུ་འགྲོ་བཞིན་པའི་དངོས་ཡོད་གནས་ཚུལ་ཁག་མཐོང་སྟེ་གཤམ་དུ་རང་གི་བསམ་ཚུལ་ཁག་ཅིག་ཁྱེད་རྣམ་པའི་སྤྱན་ལམ་དུ་བསྟར་རྒྱུ་ཡིན།

དང་པོ། ང་ཚོ་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་མགོ་ནག་རྩམ་ཟན་པ་ས་ཡ་དྲུག་གི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུ། ༧གོང་ས་ཡིད་བཞིན་ནོར་བུའི་སྐུ་ཚེ་མཛད་འཕྲིན་ལ་བརྟེན་ནས་བོད་འདི་འཛམ་བུ་གླིང་འདིའི་སྒང་ལ་མི་ཤི་གསོན་པོར་གནས་ཐུབ་ཙམ་ཞིག་ད་བར་བྱུང་བ་རེད་ལ། མ་འོངས་པར་ཡང་༧གོང་ས་མཆོག་གི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་ལ་བརྟེན་ནས་རང་རེ་བོད་མི་ཚོ་འཚོ་གཞིས་བྱ་དགོས་པ་རེད། ཡིན་ན་ཡང་། ངེས་དོན་དག་པའི་སྣང་ངོར་༧གོང་ས་མཆོག་གི་གསང་གསུམ་མི་འགྱུར་རྡུལ་སྙེད་གྲངས་མཉམ་གྱི་བསྐལ་པར་བཞུགས་ཐུབ་པ་ནི་དངོས་གནས་ཡིན་མོད། རང་ཅག་མ་དག་པའི་གདུལ་བྱའི་སྣང་ངོར་སྐྱེ་བ་མངོན་པར་སྐྱེ་བའི་མཛད་པ་ཆུ་ཟླའི་རོལ་གར་ལྟ་བུ་བསྒྱུར་དང་སྒྱུར་བཞིན་བསྒྱུར་དགོས་པ་ནི་སངས་རྒྱས་བྱང་སེམས་ཐུན་མོང་གི་མཛད་པ་ཞིག་རེད། དེའི་ཕྱིར། ༧གོང་ས་མཆོག་གིས་ཀྱང་རང་ཅག་གི་སྣང་ངོར་འཛམ་བུ་གླིང་བའི་མི་ཚེའི་སྤྱི་འགྲོས་ཏེ་སྐྱེ་བ་དང་རྒ་བ། ན་བ་དང་འཆི་བའི་གོ་རིམ་འདིའི་ནང་རོལ་ཏུ་རང་རེའི་མགོན་དཔུང་དུ་བཞུགས་པའི་ཚུལ་སྟོན་བཞིན་ཡོད་ལ། ༧གོང་ས་མཆོག་རིང་མིན་དགུང་གྲངས་དོན་ལྔར་ཕེབས་རྒྱུ་ཡིན་ཞིང་། རང་རེ་སོ་སྐྱེ་སྤྱི་སྲོལ་ལྟར་བྱས་ན་མི་ལོ་བདུན་ཅུའི་དོན་དཀྱིལ་དུ་བསླེབས་ཚེ་འཇིག་རྟེན་གྱི་འགྲོ་ལུགས་འདུག་སྟངས་གང་ཅིའི་ཐད་ནས་ལུས་ངག་ཡིད་གསུམ་གྱི་བྱེད་ནུས་བརྒྱ་ཆའི་ཕྱེད་ཀ་ཙམ་ཞིག་ཉམས་འགྲོ་བ་ནི་ཟློག་མེད་ཀྱི་ཆོས་ཉིད་ཅིག་རེད། དེའི་ཕྱིར། ༧གོང་ས་མཆོག་གིས་ཀྱང་སྐུ་ནའི་བབས་ཀྱིས་སྔོན་དང་མི་འདྲ་བར་ཆོས་སྲིད་ཀྱི་ཕྱག་ལས་མཛད་སྟངས་ཐད་ཐུགས་རིག་གསལ་མི་གསལ་གྱི་གནས་སྐབས་འབྱུང་མི་སྲིད་པ་ཞིག་ག་ལ་ཡིན། དེ་མིན་༧གོང་ས་མཆོག་གི་སྐུ་ཕྱྭའི་ཐད་དུ་ཡང་རྒྱ་གར་གཞུང་དང་རང་རེའི་བཙན་བྱོལ་གཞུང་གཉིས་ཀའི་ངོས་ནས་སྲུང་སྐྱོབ་ཀྱིས་ལྡེང་གི་མེད་པ་ནི་ལོ་ཤས་སྔོན་ཝ་ར་ཎ་སིའི་ཆིབས་འཁོར་གདོང་གཏུགས་ཀྱི་དོན་རྐྱེན་དེས་ར་འཕྲོད་ནུས་པ་ཞིག་རེད། རྒྱུ་མཚན་དེ་དང་དེའི་རྐྱེན་གྱིས་༧གོང་ས་མཆོག་དགུང་གྲངས་མཐོན་པོར་ཕེབས་པ་དང་སྐུ་ཕྱྭའི་སྲུང་སྐྱོབ་ལྡེང་ངེས་ཤིག་མེད་པ་ནི་བོད་ཕྱི་ནང་གི་མི་མང་པོ་ཞིག་གིས་རེ་བ་རྒྱག་སའི་བཙན་བྱོལ་བོད་
གཞུང་གི་ཉེན་ཁ་ཆེན་པོ་དང་པོ་དེ་རེད།

གཉིས་པ། བཙན་བྱོལ་བོད་གཞུང་གི་སྒྲོམ་གཞི་ཆེན་པོ་གསུམ་སྟེ་བཀའ་ཤག་དང་སྤྱི་འཐུས་ཁྲིམས་བཟོ་ལྷན་ཚོགས་བཅས་ནས་བོད་ཀྱི་མ་འོངས་པའི་མདུན་ལམ་ལ་ཕན་ནུས་ཐོན་ངེས་ཀྱི་ཕྱག་ལས་རྒྱ་ཆེན་ཞིག་མཛད་མི་ཐུབ་ཅིང་། མི་དམངས་ལ་ཡང་མ་འོངས་པའི་མདུན་ལམ་ཐད་ཁ་ཕྱོགས་གསལ་བོར་སྟོན་མི་ཐུབ་པས། བོད་ཕྱི་ནང་གཉིས་ཀའི་བོད་མི་ཚོའི་འདོད་བློ་མི་ཁེངས་པའམ། ཡང་ན་རྒྱ་ནག་གཞུང་གི་སྣང་ཆུང་ཁྱད་གསོད་བྱེད་ཡུལ་ཞིག་ཏུ་གྱུར་འདུག་པ་ནི་མ་འོངས་པའི་ཉེན་ཁ་གཉིས་པ་དེ་རེད།

གསུམ་པ། ང་ཚོའི་བཙན་བྱོལ་སྤྱི་ཚོགས་འདི་བཞིན་དམངས་གཙོའི་ལམ་ལུགས་ལག་བསྟར་བྱེད་བཞིན་པའི་སྤྱི་ཚོགས་ཤིག་ཡིན་པས། ང་ཚོའི་སྤྱི་ཚོགས་ནང་དུ་ཡང་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོ་ཞིག་ཡོད་པ་སྟེ། གཞོན་ནུའི་མཐུན་ཚོགས་དང་བུད་མེད་ཚོགས་པ། དམངས་གཙོ་འཕེལ་རྒྱས་ལྟེ་གནས། དགུ་བཅུ་གསུམ། ཆོལ་གསུམ་མཉམ་འབྲེལ། དེ་མིན་ཕྱོགས་འགལ་ཚོགས་པ་རེ་ཟུང་ཡོད་པ་བཅས་བོད་སྤྱི་བའི་ལས་དོན་ལ་ཕན་ནུས་ཐོན་མིན་གྱི་ཚོགས་པ་དང་སྐྱིད་སྡུག་འདྲ་མིན་མང་པོ་ཞིག་བཙུགས་ཏེ། རང་རང་ཕྱོགས་ནས་དེའི་ལས་གཞི་རེ་བཏོན་ཏེ་དེའི་ཕྱོགས་སུ་ནུས་ཤུགས་འདོན་བཞིན་པ་ནི་། མ་འོངས་པར་བཙན་བྱོལ་བོད་གཞུང་འདི་འཐོར་ཞིག་ཏུ་འགྲོ་བའམ་ཡང་ན་ནུས་མེད་དུ་འགྲོ་བའི་ནད་ཡམས་ལྟ་བུའི་ཉེན་ཁ་གསུམ་པ་དེ་རེད།

བཞི་པ། རང་གཞུང་གིས་སྔ་ཕྱིར་སིད་སི་དང་ཨ་རི། ཨོ་སི་ཀྲི་ལི་ཡ་སོགས་སུ་གཞིས་ཆགས་བོད་མི་གང་འཚམ་ཞིག་བཏང་བ་དེས་མི་དམངས་ཀྱི་བསམ་བློའི་ནང་དུ་ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབ་དཔལ་འབྱོར་གྱི་མར་ཁུ་དེ་སིམ་ནས་བོད་མི་བརྒྱ་ཆའི་དགུ་ཅུ་ལས་བརྒལ་བ་ཞིག་འཚང་ཁ་ཤིག་ཤིག་གིས་ཨ་རིས་གཙོས་པའི་ཕྱི་རྒྱལ་ཁག་ཏུ་མི་ཚེའི་མདུན་ལམ་འཚོལ་དུ་སོང་དང་འགྲོ་བཞིན་པ་འདིས། ༧གོང་ས་མཆོག་གིས་བོད་མི་བཙན་བྱོལ་བ་རུབ་རུབ་བྱས་ནས་བོད་དོན་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པའི་བཀའ་སློབ་འདི་ནུས་མེད་དུ་ཕྱིན་ཏེ། བོད་མི་བཙན་བྱོལ་བ་ཚོ་འཛམ་གླིང་གི་ས་ཆ་གང་སར་ཁ་འཐོར་དུ་ཕྱིན་ནས་རང་རང་གི་ལྟོ་གོས་ཀྱི་ཕྱིར་དངུལ་གསོག་རྒྱུ་ལས་བོད་ཀྱི་ད་ལྟ་དང་མ་འོངས་པའི་མདུན་ལམ་ལ་སེམས་ཁུར་བྱེད་མཁན་ཉུང་ཤས་ལས་མེད་པའི་གནས་སྟངས་ཛ་དྲག་ཅིག་བསླེབས་དང་སླེབ་བཞིན་པ་ནི་ཉེན་ཁ་བཞི་པ་དེ་རེད།

ལྔ་པ། བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གི་བཙན་གནོན་ལ་མགོ་མ་བསྒུར་བར་ཕྱི་ལོགས་སུ་བཙན་བྱོལ་ལ་ཡོང་བའི་ལམ་ཁ་སྟེ་བལ་བོད་ས་མཚམས་དང་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་སྔོན་ལས་དམ་པོར་གྱུར་པ་དང་། ལོ་འགའི་སྔོན་ནས་རྒྱ་ནག་གིས་བལ་ཡུལ་གཞུང་ལ་གནོན་ཤུགས་སྔ་རྗེས་སུ་སྤྲད་དེ་བོད་མི་སྐྱབས་བཅོལ་ཚོ་རྒྱ་གར་དུ་རང་དབང་ངང་འགྲོ་སྐྱོད་ཆོག་པའི་གནས་སྟངས་འདིར་གནོད་སྐྱོན་བཟོ་བཞིན་པ་འདིས། མ་འོངས་པར་བོད་ནས་རྒྱ་གར་དང་བལ་ཡུལ་དུ་བཙན་བྱོལ་ལ་ཡོང་མཁན་བོད་མི་ཚོའི་འགྲིམ་འགྲུལ་གྱི་ལམ་ཁ་འགག་སྟེ། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་བར་ཕན་ཚུན་འགྲོ་འོང་གི་འབྲེལ་བ་ཆད་ནས་དེང་སྐབས་བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཁག་གི་ནང་དུ་ཡོད་པའི་བོད་འབྱོར་ལས་བྱེད་ཀྱི་གྲངས་ཀ་ཇེ་ཉུང་དུ་འགྱུར་རྒྱུ་ཡིན་པ་ནི་ཉེན་ཁ་ལྔ་བ་དེ་རེད།

དྲུག་པ། ང་ཚོའི་བོད་དོན་འཐབ་རྩོད་འདིར་འབྲས་བུ་ཡག་པོ་ཞིག་མ་ཐོན་པར་མི་ལོ་ཧྲིལ་བོ་ལྔ་བཅུ་རྫོགས་སོང་བ་དང་། བོད་མི་མང་པོ་ཞིག་ལ་བོད་ཀྱི་མ་འོངས་པའི་མདུན་ལམ་ཐད་བསམ་གཞིག་བྱ་རྒྱུའི་ཀླད་ཤུགས་སམ་ཤེས་ཡོན་མེད་པར་བོད་དོན་སྐོར་གྱི་གསར་འགྱུར་དང་གསལ་བསྒྲགས་ལ་དོ་སྣང་བྱེད་མཁན་ཧ་ཅང་ཉུང་ཞིང་། སུམ་ཅུའི་དུས་དྲན་ལྟ་བུའི་བོད་ཀྱི་འདས་མ་འོངས་ད་ལྟའི་གནས་ཚུལ་དང་འབྲེལ་བ་ཡོད་པའི་ལས་འགུལ་ཁག་གི་ནང་དུ་མཉམ་ཞུགས་བྱེད་མཁན་ལོ་རེ་ནས་ལོ་རེར་ཇེ་ཉུང་དུ་འགྲོ་བཞིན་པ་འདི་ནི་ཉེན་ཁ་དྲུག་པ་དེ་རེད།

བདུན་པ། རྒྱ་ནག་གཞུང་དེ་ལྷོ་ཤར་ཨེ་ཤི་ཡའི་ཁྱབ་ཁོངས་ལས་བརྒལ་ནས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་འགྱུར་བཞིན་པ་དང་། རྒྱ་ནག་གི་ཆབ་སྲིད་ནུས་ཤུགས་དེ་རིམ་བཞིན་གླིང་ཆེན་ཨ་རི་དང་ཡོ་རོབ། ཨ་ཧྥེ་རི་ཁ། དེ་བཞིན་ཨེ་ཤི་ཡའི་ཕྱོགས་གང་སར་རྩྭ་ལྡུམ་ངན་པ་བཞིན་མཆེད་དེ། ཕྱི་ནང་གསང་གསུམ་གྱི་རྐྱེན་ངན་མང་པོ་ཞིག་རུ་འཛིངས་ནས་ང་ཚོའི་བཙན་བྱོལ་གཞུང་གི་སྒྲིག་འཛུག་འདི་ཕྱོགས་གང་ས་ནས་ནུས་ཆུང་དུ་བཏང་དང་གཏོང་བཞིན་པ་འདི་ནི་ཉེན་ཁ་བདུན་པ་དེ་རེད།

བརྒྱད་པ། མི་ལོ་ལྔ་བཅུའི་རིང་གི་བོད་དོན་འཐབ་རྩོད་ཀྱི་རླབས་རྒྱུན་ཁྲོད། ཤེས་འཇོན་ལྷག་བསམ་ལྡན་པའི་མི་རབས་སྔོན་མ་ཞིག་རིམ་བཞིན་རྫོགས་འགྲོ་བ་དང་། བོད་ནང་ནས་བོད་དོན་སེམས་ཤུགས་ཅན་མང་པོ་ཞིག་ཕྱི་རུ་བཙན་བྱོལ་དུ་འབྱོར་མི་ཐུབ་པའི་དཀའ་ངལ་འོིག བཙན་བྱོལ་སྤྱི་ཚོགས་ནང་བོད་པའི་ན་གཞོན་མང་པོ་ཞིག་ལ་བོད་དོན་ཐད་ཤེས་འཇོན་ལྷག་བསམ་གང་ཡང་མེད་པར་ནམ་ཡང་ཕྱི་རྒྱལ་གྱི་སྐད་ཡིག་དང་འགྲོ་སྟངས་སྦྱོང་རྒྱུ་ཁོ་ན་ལས། རང་རིགས་བོད་ཀྱི་ལས་དབང་ལ་སེམས་ཁུར་བྱེད་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་པ་འདི་ནི་ཉེན་ཁ་བརྒྱད་པ་དེ་རེད།

དགུ་བ། རང་རེ་བཙན་བྱོལ་སྤྱི་ཚོགས་ནང་སྔོན་མ་ནས་ཡོད་པའི་མི་ངན་རེ་ཟུང་གི་བྱ་སྤྱོད་ཀྱིས་བཟོས་པའི་ཆོལ་ཁ་དང་ཆོས་ལུགས་ཀྱི་དབྱེ་འབྱེད་བྱེད་སྟངས་ངན་པ་དང་། ཆོས་བརྒྱུད་རེ་ཟུང་གི་སེར་སྐྱ་མང་པོ་ཞིག་གིས་ནམ་རྒྱུན་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་དང་འགན་འཛིན་བསྐོ་བཞག་གི་ཕྱོགས་སུ་འདོད་བློ་མི་ཁེངས་པའི་རྣམ་འགྱུར་སྣ་ཚོགས་བསྟན་དང་སྟོན་བཞིན་ཡོད་པ་དང་། ལོ་རབས་དགུ་བཅུ་བ་ནས་མགོ་བཙུགས་པའི་སྲུང་མའི་རྩོད་རྙོག་སོགས་ནི་ཉེན་ཁ་དགུ་བ་དེ་རེད།

བཅུ་བ། དུས་རབས་ཀྱི་འགྱུར་འགྲོས་དང་གནོན་ཤུགས། སྤྱི་ཚོགས་ཀྱི་འབྲེལ་ལམ་དང་མིའི་རིགས་ཀྱི་བསམ་བློ་སོགས་སྣེ་མང་རྙོག་འཛིང་ག་ཁྲོད་ནས། བོད་གངས་ཅན་པའི་ཐུན་མོང་མ་ཡིན་པའི་སྔར་སྲོལ་རིག་གཞུང་དང་བྱ་སྤྱོད་ཆས་གོས་སོགས་རྒྱུན་འཛིན་བྱེད་མཁན་རིམ་བཞིན་ཉུང་དུ་སོང་སྟེ། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་མང་པོ་ཞིག་རང་རང་གནས་སའི་རྒྱལ་ཁབ་དེའི་རིག་གཞུང་གི་གཡམ་ལ་བརྒྱུགས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྣོད་བཅུད་ཀྱི་རིག་གཞུང་བཟང་པོ་འདི་རྩ་བརླག་ཏུ་སོང་དང་འགྲོ་བཞིན་པ་ནི་ཉེན་ཁ་བཅུ་པ་དེ་རེད།

གོང་གསལ་རང་རེ་བོད་རིགས་སྤྱི་དང་ཡང་སྒོས་བཙན་བྱོལ་བོད་གཞུང་གི་ཉེན་ཁ་ཆེན་པོ་བཅུ་བགྲངས་པ་དེ་ནི། བོད་ནང་གི་གནས་སྟངས་གཅིག་བུའམ། ཡང་ན་བོད་ཕྱི་ལོགས་ཀྱི་གནས་ཚུལ་ཕྱོགས་རེ་བ་ལས་མ་མཐོང་བའི་འཆལ་གཏམ་ཕྱོགས་བསྡུས་བྱས་པ་ཞིག་མ་ཡིན་པར། རང་ཉིད་བོད་དང་བལ་ཡུལ། རྒྱ་གར་དང་ཨ་རི་སོགས་སུ་གནས་པའི་ཆོལ་ཁ་གསུམ་དང་ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་པའི་མི་དམངས་ཀྱི་ཁྲོད་དུ་འཁྱམ་ཉུལ་བྱེད་སྐབས་ཀྱི་མཐོང་ཐོས་མྱོང་གསུམ་གྱི་བྱུང་བ་ངོ་མ་སྟེ། བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ཀྱི་མངར་སྐྱུར་ཁ་བའི་འཚོ་བ་རང་གིས་དངོས་སུ་མྱངས་པའི་མྱོང་བ་གཞིར་བཞག་གིས་བྲིས་པ་ཞིག་ཡིན་པས། བོད་ཀྱི་རིགས་སུ་སྐྱེས་ཤིང་བོད་དོན་སེམས་སུ་འཆང་བའི་རང་རིགས་རྩམ་ཟན་སུ་ཞིག་ཡིན་ཡང་འདིའི་ཕྱོགས་སུ་དེང་སྐབས་རྒྱ་གར་ལྷོ་ཕྱོགས་དང་རྡ་རམ་ས་ལར་ཡོད་པའི་མི་སྐོར་ཞིག་གི་བྱེད་སྟངས་ངན་པ་ལྟར་བརྟག་དཔྱད་མེད་པའི་དཀྲོག་གཏམ་སྤེལ་རྒྱུའི་ཚབ་ཏུ་ཕན་ཚུན་བསམ་འཆར་བརྗེ་རེས་བྱེད་རྒྱུ་དེ་ནི་བདག་གི་མཐའ་མའི་རེ་བ་ལགས་སོ། །

ཡི་ཆད་ངལ་དུབ་ཁྲོད་ཀྱི་བཙན་བྱོལ་གཞུང་། །
རྒུད་ཅིང་འཐོར་བའི་ཚུལ་ལ་ཡིད་གདུང་སྟེ། །
ལྷག་བསམ་འཇག་མ་ལྗང་ཁུའི་ལྷན་པ་འདི། །
དཔྱོད་ལྡན་གསེར་གྱི་ཀ་བའི་སྟེང་དུ་སྦྱར། །

མཆན། 24

  1. བསྟན་འཛིན། says:
    ལོ་ 13 སྔོན།

    དོན་ཚན་བརྒྱད་པ་དེ་ཉེན་ཁ་མ་རེད། དེ་འགྱུར་བ་རེད། འགྱུར་བ་ལ་འཇིགས་སྣང་ཡོང་བ་དེ་རང་བཞིན་ཞིག་རེད།

    Reply
  2. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 13 སྔོན།

    སྤྱི་འཐུས་ཚོས་འཁྲུག་ཆ་ཆེ་བའི་ཞེས་བསྒྱུར་རོགས།

    Reply
  3. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 13 སྔོན།

    ཁ་བ་དཀར་པོ་ལགས། ཁྱོད་རང་གི་ཤོད་སྟངས་ལྟར་ན། ཁ་བ་དཀར་པོ་དེ་དག་ཁ་བ་ནག་པོ་ལ་བཟོ་མཁན་འདྲ་ཞིག་འདུག
    ཟམ་གདོང་ལྟ་བུ་ཞིག་ལས་བཀའ་ཁྲི་རྙེད་རྒྱུ་མེད་པ་དེ་བཙན་བྱོལ་བོད་་གཞུང་གི་ནོར་འཁྲུལ་མ་རེད། དེ་ནི་མང་གཙོའི་གཟི་བརྗིད་རེད།
    གྲོས་ཚོགས་མཇུག་བསྡུ་མ་ཐུབ་པ་དེའང་མཐའ་གཅིག་ཏུ་སྡུག་ཆགས་མ་རེད། དེ་མང་གཙོའི་རང་དབང་གི་རིན་ཐང་ལོངས་སུ་སྤྱད་པ་རེད།
    སྤྱི་འཐུས་ཚོའི་འཁྲུག་ཆ་ཆེ་བའི་གྲོས་ཚོགས་དེ་འདྲ་ཞིག་འཚོགས་མེད་ན། ད་སྐབས་བོད་པའི་སྤྱི་ཚོགས་ནང་དུ་གྲོས་ཚོགས་ལ་དོ་སྣང་བྱེད་མཁན་མང་པོ་དེ་འདྲ་ཞིག་ཡོང་མི་སྲིད། ལྟོས་དང། ལྡི་ལི་མན་ཇོ་ཊི་ལིའི་སྲང་ལམ་ནང་དུ་གྲོས་ཚོགས་ཀྱི་སྐོར་ལྟ་མཁན་ག་ཚད་འདུག་ཟེར། དེ་སྔོན་ཡིན་ན། གྲོས་ཚོགས་ཀྱི་ཚོགས་འདུ་ཟེར་དུས་ཟ་རྒྱུ་ཡིན་ནམ་འཐུང་རྒྱུ་ཡིན་ཧ་མི་གོ་མཁན་དེ་ཚོ་ལ་དོ་སྣང་སྤྲོད་དགོས་པ་ཞིག་བཟོས་འདུག་གཱ

    Reply
  4. ཁ་བ་དཀར་པོ། says:
    ལོ་ 13 སྔོན།

    བཀའ་བློན་ཟམ་གདོང་ལྟ་བུ་ཞིག་ཀྱང་ལོ་ནས་ལོ་མཐུད་ཀྱང་རྙེད་རྒྱུ་མེད་པ། སྤྱི་འཐུས་ཚོས་གནམ་གྲུའི་རྐུབ་སྟེགས་གཅིག་གི་གླ་ཆ་བརྩད་ནས་ལོ་འཁོར་གཅིག་གི་ཚོགས་འདུ་ཡང་འཚོག་མགོ་བསྡུ་མི་ཐུབ་པ་ལྟ་བུ་རྒྱ་ནག་གཞུང་དང་འཛམ་གླིང་སྤྱི་ལ་ངོ་ཚ་ཁ་སྐྱེངས་དགོས་པའི་ཐབས་རྡུག་གི་དོན་དག་འདི་ཚོར་དཔྱོད་དང་བཙན་བྱོལ་གཞུང་འདི་ཉིན་བཞིན་སྟོབས་འབྱོར་རྒྱས་ཀི་ཡོད་མེད་རྡ་སའི་སྤྲང་པོ་ལག་རྡུམ་ཡན་ཆད་ཀྱིས་ལན་འདེབས་བྱེད་ཐུབ་ཀི་རེད།

    Reply
  5. ཁ་བ་དཀར་པོ། says:
    ལོ་ 13 སྔོན།

    བྱམས་པ་ལགས་ཀྱིས་རང་རེའི་སྐྱབས་བཅོལ་སྤྱི་ཚོགས་ལག་མཐིལ་འདྲ་བ་ཆོལ་ཁའི་རྩོད་རྙོག་མང་ཞིང་ཆོས་ལུགས་ཀྱི་འཐེན་འཁྱེར་རྒོད་པ། བཀའ་བློན་དང་སྤྱི་འཐུས་ཚོར་ཤེས་འཇོན་ལྷག་བསམ་དཀོན་པ། གཞུང་འབྲེལ་གཏོང་སྒོའི་སྒོར་མོ་འབུམ་གཅིག་ཡན་ཆད་དགོས་ན་ལམ་སེང་གོང་ས་མཆོག་གི་གསོལ་ཅོག་རྡུང་དགོས་པ་འདི་འདྲ་ཞིག་དང་། ཆབ་དཔལ་དམག་རིག་བཞི་ཡི་ཐད་ནས་འཛམ་གླིང་གི་མགོ་ན་གདུགས་བཞིན་འཁོར་བའི་སྟོབས་ཆེན་ཨ་མེ་རི་ཁ་གཉིས་གཤིབས་བསྡུར་གནང་བ་འདི་གཅིག་པོས་ངས་ཁོང་ལ་ལན་འདེབས་ཅི་ཡང་བྱེད་མི་དགོས་པའི་དྲན་སྐུལ་གནང་སོང་།

    Reply
  6. རྒྱ་རགས། says:
    ལོ་ 13 སྔོན།

    ང་ཚོ་བོད་པར་སེམས་ཁྲལ་གྱིས་མདུར་རྒྱུག་བྱེད་མཁན་ཉུང་ལ་སྐྱིད་པོ་བཤད་དེ་ཉལ་ནས་འདུག་མང་བ་ལ་ཨང་།

    Reply
  7. jampa says:
    ལོ་ 13 སྔོན།

    ཀླུ་སྨྱོན་ལ་ལན་ཕུལ་བ།
    དགོངས་དག ཞུ་དག་བྱས་ནས་བསྐྱར་བཀོད་བྱས་པ་ཡིན།

    དང་པོ། ༧གོང་ས་མཆོག་གཏན་དུ་བཞུགས་རྒྱུ་མིན་ཀྱང་ཁྱོད་ཀྱིས་གསུང་པ་ལྟར་སྐུ་ནའི་བབས་ཀྱིས་ཕྱག་ལས་མཛད་སྟངས་ཐད་ཐུགས་རིག་གསལ་མི་གསལ་གྱི་གནས་སྐབས་འབྱུང་མི་སྲིད་པས་སེམས་ཁྲལ་མི་དགོས། སྐུ་ཕྱྭའི་སྲུང་སྐྱོབ་གློད་གཡེང་བྱེད་རྒྱུ་མེད་ཀྱང་ལྡེང་ངེས་ཤིག་མེད་པའི་ཁུངས་སྐྱེལ་མི་འདུག

    གཉིས་པ། བཙན་བྱོལ་བོད་གཞུང་གི་སྒྲོམ་གཞི་ཆེན་པོ་གསུམ་སྟེ་བཀའ་ཤག་དང་སྤྱི་འཐུས་ཁྲིམས་བཟོ་ལྷན་ཚོགས་བཅས་ནས་བོད་ཀྱི་མ་འོངས་པའི་མདུན་ལམ་ལ་ཕན་ནུས་ཐོན་ངེས་ཀྱི་ཕྱག་ལས་རྒྱ་ཆེན་ཞིག་མཛད་མི་ཐུབ་པ་དང༌། མི་དམངས་ལ་ཡང་མ་འོངས་པའི་མདུན་ལམ་ཐད་ཁ་ཕྱོགས་གསལ་བོར་སྟོན་མི་ཐུབ་པ་སྐྱག་རྫུན་རེད། རྒྱ་ནག་གཞུང་གིས་སྣང་ཆུང་ཁྱད་གསོད་བྱེད་ཡུལ་ནི་བོད་ཙམ་མ་ཡིན་པར་མང་པོ་ཡོད།

    གསུམ་པ། ཚོགས་པ་དང་སྐྱིད་སྡུག་འདྲ་མིན་མང་པོ་ཞིག་བཙུགས་ན་བོད་གཞུང་འདི་འཐོར་ཞིག་ཏུ་འགྲོ་ཡི་ཡོད་ན་ཨ་མེ་རི་ཀ་ཡང་ད་ཚོད་འཐོར་ཟིན་ཚོད་ཡིན།

    བཞི་པ། བོད་མི་ཕྱི་རྒྱལ་ལ་འགྲོ་བ་དེ་དང་༧གོང་ས་མཆོག་གིས་བོད་མི་བཙན་བྱོལ་བ་རུབ་རུབ་བྱས་ནས་བོད་དོན་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པའི་བཀའ་སློབ་འདི་ནུས་མེད་དུ་ཕྱིན་མེད། ༧གོང་ས་མཆོག་གིས་བོད་མི་མང་ཙམ་ཨ་རི་དང་ཡོ་རོབ་ཁུལ་གཏོང་ཐུབ་ན་ཡག་པོ་འདུག་ཅེས་མང་པོ་གསུང་ཡོད།

    ལྔ་པ། བལ་བོད་ས་མཚམས་དང་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་སྔོན་ལས་དམ་པོར་གྱུར་པ་དང་། རྒྱ་ནག་གིས་བལ་ཡུལ་གཞུང་ལ་གནོན་ཤུགས་སྔ་རྗེས་སུ་སྤྲད་དེ་བོད་མི་སྐྱབས་བཅོལ་ཚོ་རྒྱ་གར་དུ་རང་དབང་ངང་འགྲོ་སྐྱོད་ཆོག་པའི་གནས་སྟངས་འདིར་གནོད་སྐྱོན་བཟོ་བཞིན་པ་བདེན་ཡང༌། བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཁག་གི་ནང་དུ་ལས་བྱེད་ཀྱི་གྲངས་ཀ་ཇེ་ཉུང་དུ་འགྱུར་རྒྱུ་མིན་པས་སེམས་ཁྲལ་མ་དགོས།

    དྲུག་པ། བོད་དོན་སྐོར་གྱི་གསར་འགྱུར་དང་གསལ་བསྒྲགས་ལ་དོ་སྣང་བྱེད་མཁན་ཉུང་ཉུང་ཡིན་ཀྱང་མི་འབོར་གྱི་བརྒྱ་ཆ་ལ་གཞིགས་ན་ཉུང་ཉུང་མིན། སུམ་ཅུའི་དུས་དྲན་ལྟ་བུའི་བོད་ཀྱི་འདས་མ་འོངས་ད་ལྟའི་གནས་ཚུལ་དང་འབྲེལ་བ་ཡོད་པའི་ལས་འགུལ་ཁག་གི་ནང་དུ་མཉམ་ཞུགས་བྱེད་མཁན་ལོ་རེ་ནས་ལོ་རེར་ཇེ་ཉུང་དུ་འགྲོ་རྒྱུའི་ཚབ་ཏུ་ད་ལོ་བོད་ཕྱི་ནང་གཉིས་སུ་སྔར་བྱུང་མ་མྱོང་བ་དེ་བྱུང་ཡོད།

    བདུན་པ། རྒྱ་ནག་གཞུང་གིས་ཐབས་ཤེས་ཡོད་དགུས་ང་ཚོའི་བཙན་བྱོལ་གཞུང་གི་སྒྲིག་འཛུགས་འདི་ཕྱོགས་གང་ས་ནས་ནུས་ཆུང་དུ་བཏང་དང་གཏོང་བཞིན་པ་བདེན་པ་ཡིན་ཀྱང༌། ང་ཚོས་ཀྱང་རྒྱ་ནག་གཞུང་གི་ཉེན་སྐྱོན་མང་པོ་ཞིག་འཛམ་གླིང་མི་མང་ལ་བཤད་ནས་ཁོ་ཚོའི་ནུས་པ་བཅོམ་བཞིན་ཡོད།

    བརྒྱད་པ། བོད་ནང་ནས་བོད་དོན་སེམས་ཤུགས་ཅན་མང་པོ་ཞིག་ཕྱི་རུ་བཙན་བྱོལ་དུ་འབྱོར་མི་ཐུབ་པ་དེ་དཀའ་ངལ་མ་རེད། བོད་ནང་ལོགས་ནས་ལས་ཀ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན། བཙན་བྱོལ་སྤྱི་ཚོགས་ནང་བོད་པའི་ན་གཞོན་མང་པོ་ཞིག་བོད་ཀྱི་ལས་དབང་ལ་སེམས་ཁུར་བྱེད་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་པ་ཟེར་བ་འདི་ཡང་གོང་གི་ལན་དྲུག་པ་དེས་འཐུས་པར་གྱིས།

    དགུ་བ། ནང་ཁུལ་ལ་རྩོད་རྙོག་ཡོད་ཀྱང་རྒྱལ་ཁབ་གཞན་དང་མི་རིགས་གཞན་དང་བསྡུར་ན་ཆུང་ཆུང་ནས་ཕལ་ཆེར་མེད་པ་ལྟ་བུ་རེད། རྒྱལ་ཁབ་གཞན་པའི་ནང་གཟིགས་དང༌། ཐ་ན་འོས་བླུག་སྐབས་ཀྱང་མི་མང་པོ་གསོད་རེས་བྱེད་ཀྱིན་འདུག

    བཅུ་བ། བོད་གངས་ཅན་པའི་ཐུན་མོང་མ་ཡིན་པའི་སྔར་སྲོལ་རིག་གཞུང་དང་བྱ་སྤྱོད་ཆས་གོས་སོགས་ལ་ འགྱུར་བ་ཕྱིན་པ་དང་རྩ་བརླག་ཏུ་སོང་བ་མི་འདྲ་བ་ཡིན། དེ་ཡིན་ན་བོད་ཀྱི་སྐད་ཡིག་ལ་བཀས་བཅད་གསུམ་བཏང་ནས་འགྱུར་བ་བཏང་ཡོད་པས་དེ་སྐབས་བོད་སྐད་རྩ་བརླག་ཏུ་སོང་བ་ཨེ་རེད།

    གོང་གསལ་བོད་གཞུང་གི་ཉེན་ཁ་ཆེན་པོ་བཅུ་བགྲངས་པ་དེ་ནི་བོད་ཕྱི་ལོགས་ཀྱི་གནས་ཚུལ་ཕྱོགས་རེ་བ་ལས་མ་མཐོང་བའི་འཆལ་གཏམ་ཕྱོགས་བསྡུས་བྱས་པ་ཞིག་མ་ཡིན་པར། རང་ཉིད་བོད་དང་བལ་ཡུལ། རྒྱ་གར་དང་ཨ་རི་སོགས་སུ་གནས་པའི་ཆོལ་ཁ་གསུམ་དང་ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་པའི་མི་དམངས་ཀྱི་ཁྲོད་དུ་འཁྱམ་ཉུལ་བྱེད་སྐབས་ཀྱི་མཐོང་ཐོས་མྱོང་གསུམ་གྱི་བྱུང་བ་ངོ་མ་ཡིན་ཞེས་བྲིས་འདུག དེ་མ་རེད་ཟེར་བ་མིན་ཀྱང་ཁྱེད་ཀྱི་འགྲོ་རོགས་དེ་ཚོའི་ཤུགས་རྐྱེན་ལས་ཡིན་སྲིད། དེ་མིན་ན་ང་ཡང་ཁྱེད་རང་ནང་བཞིན་རྒྱལ་ཁམས་ཉུལ་ནས་འགྲོ་མཁན་ཞིག་ཡིན་ཀྱང་ངའི་མཐོང་ཐོས་མྱོང་གསུམ་ངོ་མ་ནི་ཁྱེད་ལས་ལྡོག་པ་དེ་དག་རེད།

    ཡིད་ཆེས་རེ་བས་ཁེངས་པའི་བཙན་བྱོལ་གཞུང་། །
    ཉིན་བཞིན་སྟོབས་འབྱོར་རྒྱས་པ་འདི་མཐོང་ཚེ༎ །
    རྩེ་གཅིག་ལྷག་བསམ་དཀར་བའི་རྣལ་འབྱོར་ང་། །
    གཅིག་པུར་གནས་ཀྱང་དགའ་བའི་ཅ་ཅོར་འཆོར། །

    Reply
  8. jampa says:
    ལོ་ 13 སྔོན།

    ཀླུ་སྨྱོན་ལ་ལན་ཕུལ་བ།
    དང་པོ། ༧གོང་ས་མཆོག་གཏན་དུ་བཞུགས་རྒྱུ་མིན་ཀྱང་ཁྱོད་ཀྱིས་གདུང་པ་ལྟར་སྐུ་ནའི་བབས་ཀྱིས་ཕྱག་ལས་མཛད་སྟངས་ཐད་ཐུགས་རིག་གསལ་མི་གསལ་གྱི་གནས་སྐབས་འབྱུང་མི་སྲིད་པས་སེམས་ཁྲལ་མི་དགོས། སྐུ་ཕྱྭའི་སྲུང་སྐྱོབ་གློད་གཡེང་བྱེད་རྒྱུ་མེད་ཀྱང་ལྡེང་ངེས་ཤིག་མེད་པའི་ཁུངས་སྐྱེལ་མི་འདུག
    གཉིས་པ། བཙན་བྱོལ་བོད་གཞུང་གི་སྒྲོམ་གཞི་ཆེན་པོ་གསུམ་སྟེ་བཀའ་ཤག་དང་སྤྱི་འཐུས་ཁྲིམས་བཟོ་ལྷན་ཚོགས་བཅས་ནས་བོད་ཀྱི་མ་འོངས་པའི་མདུན་ལམ་ལ་ཕན་ནུས་ཐོན་ངེས་ཀྱི་ཕྱག་ལས་རྒྱ་ཆེན་ཞིག་མཛད་མི་ཐུབ་པ་དང༌། མི་དམངས་ལ་ཡང་མ་འོངས་པའི་མདུན་ལམ་ཐད་ཁ་ཕྱོགས་གསལ་བོར་སྟོན་མི་ཐུབ་པ་སྐྱག་རྫུན་རེད། རྒྱ་ནག་གཞུང་གི་སྣང་ཆུང་ཁྱད་གསོད་བྱེད་ཡུལ་ནི་བོད་ཙམ་མ་ཡིན་པར་མང་པོ་ཡོད།
    གསུམ་པ། ཚོགས་པ་དང་སྐྱིད་སྡུག་འདྲ་མིན་མང་པོ་ཞིག་བཙུགས་ན་བོད་གཞུང་འདི་འཐོར་ཞིག་ཏུ་འགྲོ་ཡི་ཡོད་ན་ཨ་མེ་རི་ཀ་ཡང་ད་ཚོད་འཐོར་ཟིན་ཚོད་ཡིན།
    བཞི་པ། བོད་མི་ཕྱི་རྒྱལ་ལ་འགྲོ་བ་དེ་དང་༧གོང་ས་མཆོག་གིས་བོད་མི་བཙན་བྱོལ་བ་རུབ་རུབ་བྱས་ནས་བོད་དོན་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པའི་བཀའ་སློབ་འདི་ནུས་མེད་དུ་ཕྱིན་མེད། ༧གོང་ས་མཆོག་གིས་བོད་མི་མང་ཙམ་ཨརི་དང་ཡོ་རོབ་ཁུང་གཏོང་ཐུབ་ན་ཡག་པོ་འདུག་ཅེས་མང་གསུང་ཡོད།
    ལྔ་པ། བལ་བོད་ས་མཚམས་དང་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་སྔོན་ལས་དམ་པོར་གྱུར་པ་དང་། རྒྱ་ནག་གིས་བལ་ཡུལ་གཞུང་ལ་གནོན་ཤུགས་སྔ་རྗེས་སུ་སྤྲད་དེ་བོད་མི་སྐྱབས་བཅོལ་ཚོ་རྒྱ་གར་དུ་རང་དབང་ངང་འགྲོ་སྐྱོད་ཆོག་པའི་གནས་སྟངས་འདིར་གནོད་སྐྱོན་བཟོ་བཞིན་པ་བདེན་ཡང༌། བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཁག་གི་ནང་དུ་ལས་བྱེད་ཀྱི་གྲངས་ཀ་ཇེ་ཉུང་དུ་འགྱུར་རྒྱུ་མིན་པས་སེམས་ཁྲལ་མ་དགོས།

    དྲུག་པ། བོད་དོན་སྐོར་གྱི་གསར་འགྱུར་དང་གསལ་བསྒྲགས་ལ་དོ་སྣང་བྱེད་མཁན་ཉུང་ཉུང་ཡིན་ཀྱང་མི་འབོར་གྱི་བརྒྱ་ཆ་ལ་གཞིགས་ན་ཉུང་ཉུང་མིན། སུམ་ཅུའི་དུས་དྲན་ལྟ་བུའི་བོད་ཀྱི་འདས་མ་འོངས་ད་ལྟའི་གནས་ཚུལ་དང་འབྲེལ་བ་ཡོད་པའི་ལས་འགུལ་ཁག་གི་ནང་དུ་མཉམ་ཞུགས་བྱེད་མཁན་ལོ་རེ་ནས་ལོ་རེར་ཇེ་ཉུང་དུ་འགྲོ་རྒྱུའི་ཚབ་ཏུ་ད་ལོ་བོད་ནང་གཉིས་སུ་སྔར་བྱུང་བ་མྱོང་བ་དེ་འབྱུང་ཡོད།

    བདུན་པ། རྒྱ་ནག་གཞུང་གིས་ཐབས་ཤེས་ཡོད་དགུས་ང་ཚོའི་བཙན་བྱོལ་གཞུང་གི་སྒྲིག་འཛུག་འདི་ཕྱོགས་གང་ས་ནས་ནུས་ཆུང་དུ་བཏང་དང་གཏོང་བཞིན་པ་བདེན་པ་ཡིན་ཀྱང༌། ང་ཚོས་ཀྱང་རྒྱ་ནག་གཞུང་གི་ཉེན་སྐྱོན་མང་པོ་ཞིག་འཛམ་གླིང་མི་མང་ལ་བཤད་ནས་ཁོ་ཚོའི་ནུས་པ་བཅོམ་བཞིན་ཡོད།
    བརྒྱད་པ། བོད་ནང་ནས་བོད་དོན་སེམས་ཤུགས་ཅན་མང་པོ་ཞིག་ཕྱི་རུ་བཙན་བྱོལ་དུ་འབྱོར་མི་ཐུབ་པ་དེ་དཀའ་ངལ་མ་རེད། བོད་ནང་ལོགས་ནས་ལད་ཀ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན། བཙན་བྱོལ་སྤྱི་ཚོགས་ནང་བོད་པའི་ན་གཞོན་མང་པོ་ཞིག་བོད་ཀྱི་ལས་དབང་ལ་སེམས་ཁུར་བྱེད་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་པ་ཟེར་བ་འདི་ཡང་གོང་གི་ལན་དྲུག་པ་དེས་འཐུས་པར་གྱིས།
    དགུ་བ། ནང་ཁུལ་ལ་རྩོད་རྙོག་ཡོད་ཀྱང་རྒྱལ་ཁབ་གཞན་དང་མི་རིགས་གཞན་དང་བསྡུར་ན་ཆུང་ཆུང་ནས་ཕལ་ཆེར་མེད་པ་ལྟ་བུ་རེད། རྒྱལ་ཁབ་གཞན་པའི་ནང་གཟིགས་དང༌། ཐ་ན་འོས་བླུག་སྐབས་ཀྱང་མི་མང་པོ་གསོད་རེས་བྱེད་ཀྱིན་འདུག
    བཅུ་བ། བོད་གངས་ཅན་པའི་ཐུན་མོང་མ་ཡིན་པའི་སྔར་སྲོལ་རིག་གཞུང་དང་བྱ་སྤྱོད་ཆས་གོས་སོགས་ལ་ འགྱུར་བ་ཕྱིན་པ་དང་རྩ་བརླག་ཏུ་སོང་བ་མི་འདྲ་བ་ཡིན། དེ་ཡིན་ན་བོད་ཀྱི་སྐད་ཡིག་ལ་བཀས་བཅད་གསུམ་བཏང་ནས་འགྱུར་བ་བཏང་ཡོད་པས་དེ་སྐབས་བོད་སྐད་རྩ་བརླག་ཏུ་སང་བ་ཨེ་རེད།

    གོང་གསལ་བོད་གཞུང་གི་ཉེན་ཁ་ཆེན་པོ་བཅུ་བགྲངས་པ་དེ་ནི་བོད་ཕྱི་ལོགས་ཀྱི་གནས་ཚུལ་ཕྱོགས་རེ་བ་ལས་མ་མཐོང་བའི་འཆལ་གཏམ་ཕྱོགས་བསྡུས་བྱས་པ་ཞིག་མ་ཡིན་པར། རང་ཉིད་བོད་དང་བལ་ཡུལ། རྒྱ་གར་དང་ཨ་རི་སོགས་སུ་གནས་པའི་ཆོལ་ཁ་གསུམ་དང་ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་པའི་མི་དམངས་ཀྱི་ཁྲོད་དུ་འཁྱམ་ཉུལ་བྱེད་སྐབས་ཀྱི་མཐོང་ཐོས་མྱོང་གསུམ་གྱི་བྱུང་བ་ངོ་མ་ཡིན་ཞེས་བྲིས་འདུག །དེ་མ་རེད་ཟེར་བ་མིན་ཀྱང་ཁྱེད་ཀྱི་འགྲོ་རོགས་དེ་ཚོས་ཤུགས་རྐྱེན་ལས་ཡིན་སྲིད། དེ་མིན་ན་ང་ཡང་ཀྱེད་རང་ནང་བཞིན་རྒྱལ་ཁམས་ཉུལ་ནས་འགྲོ་མཁན་ཞིག་ཡིན་ཀྱང་ངའི་མཐོང་ཐོས་མྱོང་གསུམ་ངོ་མ་ནི་ཁྱེད་ལས་ལྡོག་པ་དེ་དག་རེད།
    ཡིད་ཆེས་རེ་བས་ཁེངས་པའི་བཙན་བྱོལ་གཞུང་། །
    ཉིན་བཞིན་སྟོབས་འབྱོར་རྒྱས་པ་འདི་མཐོང་ཚེ༎ །
    རྩེ་གཅིག་ལྷག་བསམ་དཀར་བའི་རྣལ་འབྱོར་ང་། །
    གཅིག་པུར་གནས་ཀྱང་དགའ་བའི་ཅ་ཅོར་འཆོར། །

    Reply
  9. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 13 སྔོན།

    རྩོམ་པ་པོས་འདིར་བསྐུར་བ་བཞིན་རྩོམ་ཡིག་འདིའི་ནང་གི་ཉེན་ཁ་བརྒྱད་པ་དེ་བཀོད་ཡོད་ལགས།

    Reply
  10. ཁ་བ་དཀར་པོ། says:
    ལོ་ 13 སྔོན།

    ཀླུ་ཡི་འབྱུང་ཁུངས་ཁྱེད་ལ་བཤད་དགོས་ན། །
    ཕ་ཡུལ་ཀླུ་ཚང་ཁམས་ཚན་ཀླུ་འབུམ་ཡིན། །
    ཧེ་རུ་ཀ་ནི་ཁྲག་འཐུང་ཞེས་པ་སྟེ། །
    དམངས་ལ་བཤུ་གཞོག་བྱས་པས་ཁྲག་འཐུང་བཏགས། །
    ཨ་ལ་ལའི་དོགས་སེལ།

    Reply
  11. ཨ་རིག་དགེ་མཐོང་། says:
    ལོ་ 13 སྔོན།

    ཁོང་སང་ལ་ད་འདྲ་རྒྱུ་ཞིག་ཡོད་ནས།

    Reply
  12. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 13 སྔོན།

    ཚིག་ལ་རིན་ཐང་ཡོད་མེད་སོགས་རྩོད་ཀྱིན་འདུག དོན་ལ་དགོས་མཁོ་ཡོད་མེད་དེ་གླེང་ན་འོས་པར་མཐོང་ལ། བོད་མིས་བོད་མིའི་སྐྱིད་སྡུག་གླེང་རྒྱུ་ནི་རྒན་གཞོན་སྐྱ་སེར་ཚང་མར་འཁྲི་བ་ཞིག་ཡིན་པ་སྤུན་ཟླ་ཚང་མས་ཐུགས་སུ་འཇག་པར་འཚལ། དེ་ནི་བདག་གི་རེ་སྐུལ་ཡིན། སྐྱོན་བརྗོད་བྱས་ན་འགྲིག་གི་རེད། དེ་ལ་རྒྱུ་མཚན་དང་གནས་ལུགས། བོད་མི་རང་གི་རིགས་ལ་ཤ་ཚ་ཡོད་པ་དང་བརྩེ་ཞེན་ཡོད་པ་ནམ་ཡང་བྱེད་དགོས་པ་སེམས་སུ་གཉར་རྒྱུར་འབོད་སྐུལ་ཡོད་ལགས།

    Reply
  13. རྒྱ་རགས། says:
    ལོ་ 13 སྔོན།

    ཚིག་ལ་མི་ལྟ་བར་ཞེས་དང་། རྩོམ་པ་པོའི་ཞེས་བཅོས་རོགས།

    Reply
  14. རྒྱ་རགས། says:
    ལོ་ 13 སྔོན།

    བཀླགས་ཟིན། འདི་ལྟར་རྒྱལ་ཁབ་གང་དུ་གནས་ཀྱང་རང་རིགས་ཀྱི་ཆེད་དུ་བསམ་གཞིགས་དང་དེའི་འབྲས་བུར་སྐད་ཆ་རེ་བཤད་རྒྱུ་གལ་ཆེ་བ་རེད།

    ཚོགས་བདག་ལགས།
    ཁྱེད་ཀྱིས་བརྗོད་དགོས་པའི་གནད་འགག་མི་བརྗོད་པར་མི་དགོས་པའི་སྐོར་བཤད་ཀྱི་འདུག་བསམ།
    རྩོམ་པ་པོར་མི་ལྟ་བར་རྩོམ་ལ་ལྟ་རོགས། ཚིག་ལ་མི་ལ་མི་ལྟ་བར་དོན་ལ་ལྟ་རོགས། བཙོག་ས་ནས་མི་ལེན་པར་ཡག་ས་ནས་ལེན་རོགས།
    རྩོམ་པོའི་མིང་དང་དེའི་སྤུན་མཆེད་ཇི་འདྲ་ཡིན་པ་སོགས་གཡུག་ཞོག གཙོ་བོར་དེའི་སྐད་ཆ་ལ་ལེགས་ཆ་ཅི་ཡོད་ལྟོས།
    སྐད་ཆ་འདི་ཨ་ལ་ལ་ལ་ཡང་བཤད་པ་ཡིན།

    Reply
  15. རིག་པའི་རལ་གྲི། says:
    ལོ་ 13 སྔོན།

    ཨ་ཁུ་ཀླུ་སྨྱོན་ལགས། བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས། ཁྲིམས་ཞིབ་ཁང་གསུམ་དེ་མང་གཙོའི་ཀ་གསུམ་རེད། ཁྲིམས་བཟོ་ལྷན་ཚོགས་དེ་ཁྲིམས་ཞིབ་ཁང་དུ་བཅོས་དགོས་འདུག། སྤྱི་འཐུས་ལྷན་ཚོགས་དེ་དང་ཁྲིམས་བཟོ་ལྷན་ཚོགས་གཉིས་གཅིག་པ་རེད། བསམ་ཆར་ཡག་པོ་གཏོན་འདུག

    དྲྭ་གྲོགས་ཁ་ཤས་འཆོལ་ཁ་དང་ཆོས་ལུགས་ཀྱིས་ཕྱོགས་ཞེན་གྱིས་སླད་པས། ཉིད་ལྟ་བུ་དེ་དག་ཕྱོགས་ཞེན་མེད་པར་ཁོང་ཚོས་གྲས་སུ་ཚུད་མ་རེད་ལ། ཁྱེད་རང་གི་བསམ་ཆར་བཟང་པོ་དེ་རྣམས་ལ་ཡང་ཕྱོགས་ཞེན་གྱིས་སྒྲིབ་ནས་ཇི་བཞིན་དང་རིན་ཐང་མཐོང་གི་མ་རེད། ཁོ་ཅག་ནི་ཕྱོགས་ཞེན་ཅན་ཧོར་འཇིག་འདྲ་ཡོད་ན་དགའ་མོས་དང་མོས་མཐུན་བྱེད་ཆེ་རེད།

    བཙན་བྱོལ་བོད་འདི་རྩ་འཐོར་འགྲོ་བའི་ཉེས་ཁ་ཆེ་ཤོས་འདི་རེད།

    Reply
  16. ཨ་ལ་ལ says:
    ལོ་ 13 སྔོན།

    རི་བོང་ནི་བློ་དང་ལྡན་པ་ཡིན་ཚོད་རེད། ཁྱེད་འགྲིག་གི་བསམ་ན་འགྲིག་ནི་བྱོས།
    རྩོམ་པ་པོ་ཞིག་དང་ཤེས་ཡོན་ཅན་ཞིག་གིས་སྒྲོ་ལོར་ཁ་ཤས་རེག་པའི་ཆེད་ལ་འདི་འདྲ་བློས་བཏང་ན་ང་ཕང་པོ་འདུག་སྟེ། ད་མང་པོ་བཤད་ཀྱང་གོ་ས་མ་རེད། ད་དུ་ཤེས།

    Reply
  17. རི་བོང། says:
    ལོ་ 13 སྔོན།

    ཨ་ལ་ལ་ལགས།
    ཁ་བ་དཀར་བོས་བཙན་བྱོལ་གྱི་སློབ་ཕྲུག་ཚོར་བོད་ཡིག་བསླབ་ནའང་། སློབ་ཕྲུག་ཚོས་སྐུ་ཞབས་ཀྱིས་ཨམ་སྐད་བརྒྱབ་ནས་གོ་མ་སོང་ལབ་ངེས། གྲོགས་པོ་ཚོས་ཀླུ་སྨྱོན་འགྲོ་ས་མ་རྙེད་ནས་དགེ་རྒན་བྱས་བསྡད་འདུག་ལབ་ངེས། དེ་ལས་ཨ་རི་ནས་སྒྲོ་ལ་ཁ་ཤས་རེག་ན་ཏག་ཏག་རེད། རྩོམ་པ་པོ་སྤྲང་པོ་ཁ་ཤས་ཀྱི་དེབ་དཔར་རྒྱུའི་མཐུན་རྐྱེན་རེའང་བསྒྲུབ་བཞིན་ཡོད་ས་རེད། ངས་བལྟས་ན་ཁ་བ་དཀར་པོ་འགྲིག་གི་སྙམ།

    Reply
  18. གཉན་པོ། says:
    ལོ་ 13 སྔོན།

    ཨ་ཁུ་ཁ་བ་དཀར་བོའི་གསུངས་བདེན་པར་འདུག

    Reply
  19. ཨ་ལ་ལ says:
    ལོ་ 13 སྔོན།

    ངས་ཀྱང་བསམ་ཚུལ་ཐུང་ངུ་ཞིག་ཞུ་ཆོག་པར་གྱིས། ཀླུ་སྨྱོན་ཧེ་རུ་ཀ་ལགས། ཁྱེད་ཀྱི་བསམ་ཚུལ་བཅུ་ལས་གཅིག་མ་གཏོགས་ཚང་མ་བཀླགས་པ་ཡིན། བསམ་ཚུལ་ཡག་པོ་བཏོན་འདུག་ཡག་བྱུང་ལབ་འདོད་ཡོད། ཐོག་མར་ང་ལ་མཚོན་ན་ཁྱེད་ཀྱི་མིང་དེ་ལ་རྣམ་རྟོག་ཟ་གི་འདུག གང་ཞེ་ན། གོ་ཚོད་དང་ཤེས་ཚོད་ལ་ཁྱེད་རང་ཀླུ་ཡུལ་ནས་ཡིན་ཚོད་འདུག དོན་དངོས་སུ་སྨྱོན་པ་ཞིག་ཀྱང་མིན་ཚོད་འདུག དེ་བཞིན་དུ་ཧེ་རུ་ཀ་ཞེས་པ་ནི་དཔལ་འཁོར་ལོ་སྡོམ་པའི་མཚན་ཞིག་ཡིན་པས་སྔོན་གཤེགས་གྲུབ་དབང་རྣམས་ལ་འཁོར་ལོ་སྡོམ་པའི་ཉམས་ལེན་གྱི་རྟོགས་པའི་ཆ་ནས་མཚན་གནས་དེ་ལྟར་འབོད་སྲོལ་ཡོད་ཀྱང་། ཁྱེད་རང་ལ་དོན་དངོས་སུ་འཁོར་ལོ་སྡོམ་པའི་ཉམས་ལེན་གྱི་ཕྱོགས་ནས་ཆེན་པོ་ཞིག་ཕར་བཞག་མཚན་སྔགས་ཙམ་ཡང་བགྲང་སྲོལ་ཡོད་ཚོད་མི་འདུག དེ་ལྟ་བུའི་རྒྱུད་རིམ་འོག་ཏུ་སྨྱོན་མིན་སྨྱོན་རྫུ་བཏབ་ཅིང་རང་མིང་ཧེ་རུ་ཀ་ཞེས་ཆོས་བརྗོད་བྱས་ཡོང་དུས་ཁ་བཤད་དོན་ལ་གནས་མཁན་ཞིག་མིན་པ་གསལ་པོ་ཤེས། མ་ཟད་ཤེས་གསལ་ལ་ཡོན་ཏན་པ་ཞིག་དང་བླ་གྲྭ་ཞིག་ཀྱང་ཡིན་ཚོད་འདུག ངས་ཁྱེད་ལ་དྲི་བ་ཞིག་འདྲི། ཁྱེད་ཀྱིས་བཤད་པ་བཞིན་དུ་རང་རེའི་བོད་ཀྱི་དུས་ཚོད་ཛ་དྲག་ཅན་འདིའི་སྐབས་སུ་ཁྱེད་ཅག་རང་རེའི་བོད་ཀྱི་རིག་གནས་དང་རྩོམ་རིག་ལ་མཁས་པ་རྣམས་ཀྱི་ལས་འགན་ཅི་ཡིན་པ་དང་། ལས་གནས་རྫེས་འབྲེལ་ཀྱི་ལས་དོན་ཞིག་སྐྱོང་གི་ཡོད་དམ། ད་དུང་ཁ་གསལ་དུ་བཏང་ན་ཁྱེད་རང་ནི་བཙན་བྱོལ་སྤྱི་ཚོགས་དང་ལྷག་པར་དུ་རྒྱ་གར་ནང་དུ་བོད་ཀྱི་ས་ཁུལ་དུ་སློབ་གྲྭའི་དགེ་རྒན་གྱི་ཁུར་བླངས་ནས་བོད་ཕྲུག་དག་གི་ཤེས་ཡོན་ལ་གཞོགས་འདེགས་བྱེད་དགོས་པའི་ཁ་ཚ་དགོས་གཏུགས་ཡིན་ཡང་། དེ་འདྲའི་ལས་དོན་ལ་ཉིན་གཅིག་ཀྱང་དཀའ་ངལ་ཁྱད་གསོད་བྱས་མྱོང་ངམ། མ་ཟད་བླ་གྲྭ་ཞིག་ཀྱང་ཡིན་ཚོད་འདུག་པས་ཨ་རིའི་ནིའུ་ཡོག་སྲང་ལམ་ན་བླ་གྲྭ་ཞིག་ལ་དེ་ཙམ་གྱི་གལ་ཆེའི་ལས་དོན་ཞིག་ཡོད་དམ། མཁས་དབང་ཚེ་ཏན་ཞབས་དྲུང་སོགས་ཡོན་ཏན་ཅན་གྱི་བླ་གྲྭ་དེ་ཚོས་བ་རང་རིགས་སློབ་ཕྲུག་བསྐྱངས་པའི་མཛད་པ་ཁྱེད་ཀྱིས་མ་ཤེས་པ་ཡིན་མི་སྲིད། སངས་བལྟས་ན་ཐོག་མར་རང་གིས་རང་ལ་མིག་་ཅིག་བལྟས་ནས་གཟོད་བཙན་བྱོལ་སྤྱི་ཚོགས་ཀྱི་སྐྱོན་བཏོན་ན་འགྲོ་ལུགས་དང་ལས་འབྲས་གཉིས་ཀར་མཐུན་པ་ཞིག་རེད། ཁྱེད་ཀྱིས་སོམས་དང་ཁྱེད་ཀྱིས་བཤད་པ་དེ་ཚོ་བདེན་པ་མ་རེད་ཟེར་གྱི་མེད། གནས་ཚུལ་དེ་ཚོ་འདི་ཕྱོགས་ནས་མ་ཤེས་པས་དོན་དག་ལྷགས་པ་ཞིག་ཀྱང་མ་རེད། ཁྱེད་རང་དང་རིགས་མཐུན་མང་པོ་ཞིག་གིས་མིད་པ་ནས་ཡར་བཏང་ཚར་ན་འགན་འཁུར་ལེན་མི་དགོས་པར་བརྩིས་དྲགས་ནས་ད་ལྟའི་བཙན་བྱོལ་གཞུང་གི་དཀའ་ངལ་འདི་འཕྲད་པ་རེད། ཁ་ནས་བཙན་བྱོལ་གཞུང་གིས་མ་འགྲིག་ཚུལ་དང་ྋརྒྱལ་བ་རིན་པོ་ཆེ་ལ་ཤ་ཚ་ཚ་བྱེད་མཁན་ཐམས་ཅད་དོན་ངོ་མའི་རང་མགོ་གང་མཐོན་གྱིས་ཕྱི་རྒྱལ་ཡུལ་གྲུ་དུ་མར་སྔ་མོ་ནས་གནས་གཞི་བཅས་ཡོད་པ་ལས་བཙན་བྱོལ་གཞུང་དང་ྋགོང་ས་མཆོན་གི་མདུན་ས་ན་དུ་ཙམ་ཞིག་མཛུབ་མོར་བགྲང་རྒྱུ་ཡོད་དམ། ངས་ཁ་རྩོད་བརྒྱགས་ཀྱི་མེད་ལ་རྒྱགདགོས་ཀྱང་མེད། འོན་ཀྱང་དོན་དངོས་སུ་དེ་འདྲ་ཞིག་རེད། དེ་ལྟ་ན། གཏམ་དཔེར། རང་སྐྱོན་རི་འདྲ་ཟིག་བཞག་ནས་གཞན་སྐྱོན་ཤིག་འདྲ་ཟིག་བཤད་།ཟེར་བ་ལྟར་མ་བཤད་ན་བཟང་།

    Reply
  20. ཚོགས་བདག says:
    ལོ་ 13 སྔོན།

    ཀླུ་སྨྱོན་འདིས་སྙན་ངག་དམ་དུམ་རེ་འབྲི་བ་ཙམ་ལས་གནས་ཚུལ་འདི་རིགས་དཤད་པའི་གནས་ཚད་ཚང་གི་མི་འདུག ལྷག་པར་རྩོམ་ཡིག་འདིའི་ཤུགས་ལ་སྔར་ནས་ཁོ་པས་ལུང་བསྟན་བརྒྱབས་པའི་སྟེབ་ལ་འགྲོ་བཞིན་ཡོད་ཚུལ་བཤད་ནས་ཆོས་ཕྱོགས་མངོན་ཤེས་སམ་མ་འོངས་པར་དཔྱད་རྒྱ་ཟབ་ཚུལ་ཁྱབ་བསྒྲགས་བྱེད་ཀྱི་འདུག ཁོའི་མི་རྒྱུད་ཚང་མ་འདི་འདྲ་རྐྱང་ཡིན། ཁོའི་སྤུན་བླ་ནག་ཡེ་ཤེས་བཟང་པོས་ཁོ་རང་དང་ཀླུ་སྨྱོན་ཁྱབ་བསྒྲགས་རྐྱང་བྱས་ནས་བསྡད་ཡོད། ཁོས་བཤད་པ་འདི་ཚོའི་ནང་སྙན་ངག་ག་ཚད་འདྲེས་འདུག་ལྟོས་དང་སྤྱི་ཚོགས་དང་ཆབ་སྲིད་ལ་རྒྱུས་མྱོང་ཞན་པའི་ཐོག་ནམ་རྒྱུན་ནས་ཁོས་བྲིས་ཚང་མ་ལ་ཞིབ་ཆ་མེད་ལྟར། དོན་ཚན་བཅུ་བཤད་ཁུལ་བྱས་པའི་ནང་བརྒྱད་པ་མེད་བཞིན་བཅུ་བཤད་ཁུལ་བྱས་པ་དང་། དམངས་གཙོའི་ཀ་བ་གསུམ་པོ་ཡང་ངོས་མ་ཟིན་པར། སྤྱི་འཐུས་དང་ཁྲིམས་བཟོ་ལྷན་ཚོགས་གཉིས་ཀ་བ་གཉིས་བྱས་འདུག་པ་སོགས་ལ་ལྟོས་དང་འཕྲང་ཡར་ནང་གི་སྔགས་རྒན་རྡོ་རྡོའི་སྤྲུལ་སྐུའི་མཁྱེན་རྒྱ་ལ་ལྟད་མོ་མང་པོ་འདུག

    Reply
  21. གནམ་སྔོན་པོ། says:
    ལོ་ 13 སྔོན།

    ཉེན་ཁ་བརྒྱད་པ་དེ་གནས་སྐབས་རིང་གསང་བ་ཡིན་ནམ

    Reply
  22. གནས་ཚང་། says:
    ལོ་ 13 སྔོན།

    ཟུར་སྣོན། དེང་སྐབས་བོད་ཀྱི་བླ་གྲྭ་གང་མང་ཞིག་ཕྱི་རྒྱལ་དང་རྒྱ་ནང་། ཨེ་ཤི་ཡ་ཤར་མའི་རྒྱལ་ཁབ་ཁག་ནང་དངུལ་ལོར་ཁོ་ན་གཉེར་བཞིན་པ་འདི་བོད་བརྒྱུད་ནང་བསྟན་ཉམས་རྒུད་ཀྱི་རྒུལ་ཤུགས་གཅིག་པུ་ཡིན།

    Reply
  23. ལྷ་ཆབ་སྦྱིན་པ། says:
    ལོ་ 13 སྔོན།

    ནམ་རྒྱུན་ཤོད་ཀྱིན་པ་རྐྱང་རེད། དེ་རིང་གི་ཨ་ཁུ་ཁ་བས་གསུང་བ་འདི་དེང་སང་དྲ་ཐོག་གི་མི་ཚང་མས་བཤད་ཀྱིན་པ་ཞིག་རེད། གསར་བ་གང་ཡང་བརྗོད་ཐུབ་མི་འདུག་མོད། འདི་འདྲའི་བསམ་ཚུལ་རྒྱུན་མཐུད་ནས་བཤད་དགོས་པ་ཞིག་རེད།

    Reply
  24. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 13 སྔོན།

    ཉེན་ཁ་བརྒྱད་པ་དེ་གནས་སྐབས་རིང་གསང་བ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist