མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལེགས་སྐྱེས་གྱ་ནོམ་པ་ཞིག་ཕུལ་འདུག མུ་ཏོ་བ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཡང་བསྐྱར། ལེགས་སྐྱེས་གྱ་ནོམ་པ་ཞིག་ཕུལ་འདུག
 མུ་ཏོ་བ།  ཝཱ་ཎ་མཐོ་སློབ།
        

ངས་རེ་བ་དང་ཡིད་ཆེས་ཀྱི་ཀློང་ནས་རྨི་ལམ་གཞན་ཞིག་གི་མངར་ཁ་ལྡག་བཞིན་ཐེངས་འདིའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ལས་གྲུབ་འབྲས་ཅི་ཞིག་འབྱུང་བར་ཧ་ཅང་ཤེས་འདོད་ཆེན་པོ་བྱུང་། དེ་བས། ཉིན་རེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་ལ་རྣ་ཅོག་ཀྲོང་ངེར་ཉན་ཞིང་། དྲ་རྒྱ་དང་ཚགས་པར་གྱི་ནང་དུ་ཅི་ཞིག་འཚོལ་བའི་མིག་ཟུང་རིག་རིག་གིས་བལྟས་པ་ཐེངས་གཅིག་ག་ལ་ཡིན།  རྒྱུ་མཚན། གཅིག་ནས་ངས་བོད་མི་རིགས་ཀྱི་མི་སེར་དཀྱུས་མ་ཞིག་གི་མིང་བྱང་ཁུར་ཡོད་ལ། བོད་མི་རིགས་འདི་ཆགས་འཇིག་གནས་གསུམ་འདི་ངའི་འཚོ་གནས་དང་ཐད་ཀར་འབྲེལ་བ་ཡོད་པས་སོ།

     གཉིས་ནས་ང་རང་གཏོགས་པའི་བོད་མི་མང་གིས་ཡིད་ཆེས་དང་བློ་གཏད་གཙང་མའི་སྒོ་ནས་བདམས་ཟིན་པའི་སྤྱི་འཐུས་འདི་དག་གིས་མི་མང་གི་བདེ་སྡུག་དང་སྲིད་གཞུང་གིི་འཛིན་སྐྱོང་ལ་ཕྱག་ལས་གནང་བཞིན་པར་བརྩི་མཐོང་དང་རྗེས་སུ་ཡི་རང་ཞུ་བཞིན་ཡོད།

     གསུམ་ནས་ད་ལོ་འུ་ཚང་ལ་མཚོན་ན། རང་ཡུལ་ཤོར་ནས་མི་ཡུལ་དུ་གྱར་ཏེ་མི་ལོ་ལྔ་བཅུའམ་དུས་རབས་ཅིག་གི་ཕྱེད་ཀ་ཏག་ཏག་ཟིན་པའི་སྐྱོ་ངལ་དང་མྱ་ངན་གྱི་ལོ་ངོ་གཅིག་ཡིན་ལ། རྒྱ་དམར་ལ་མཚོན་ན། དམར་པོའི་སྲིད་དབང་བཙུགས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་རྒྱས་སྤྲོས་ཆེ་བའི་སྤྲོ་སྐྱིད་ཀྱི་དུས་སྟོན་ཁྱད་པར་ཅན་ཞིག་ཏུ་ངོས་འཛིན་གྱིན་ཡོད།  གང་ལྟར།  མྱ་ངན་གྱི་ཉིན་མོ་བསུ་བཞིན་སྤྲོ་སྐྱིད་ཀྱི་དུས་སྟོན་ལ་རེ་སྒུག་བྱེད་བཞིན་པའི་དུས་ཚོད་འདི་གཉིས་ཀྱི་བར་མཚམས་སུ། བོད་མི་མང་གི་སྤྱི་འཐུས་ཀྱི་གྲོས་ཚོགས་འཚོགས་པ་འདིས་ངའི་སེམས་སུ་ད་ནི་སྔར་ལས་ལྷག་པའི་སྒོ་ནས་ནུས་ཤུགས་གཅིག་ཏུ་སྤུངས་ཏེ།  འཆར་འགོད་དང་གྲུབ་འབྲས་ཀྱི་འོད་སྟོང་འཕྲོ་པའི་ཁ་ཕྱོགས་སུ་བསྐྱོད་ཐུབ་པར་རེ་བས་ཁེངས་ཡོད།

       འོན་ཀྱང།  སྟབས་མ་ལེགས་པ་ཞིག་ལ།  ངའི་རེ་བའི་ཞིང་སར་གྲུབ་འབྲས་ཀྱི་ལོ་ལེགས་སྨིན་རྒྱུ་ཕར་ཞོག  དེ་ལས་ལྡོག་སྟེ་ཆེས་སྐྱུག་བྲོ་ཞིང་ཡི་མུག་པའི་གྲོས་ཆོད་དྲང་བདེན་ཡིན་མིན་དང་རྒྱབ་སྐྱོར་ཡོད་མེད་ཀྱི་ནང་ཁུལ་རྩོད་གླེང་དེས།  གྲོས་ཚོགས་ཀྱི་ལྷིང་འཇགས་རྨང་ནས་དཀྲོགས་ཟིན་ལ་མི་མང་གི་སེམས་ཁམས་ལ་སོས་ཐབས་བྲལ་བའི་ན་ཟུག་བཞག་སོང་བས།  དོན་ངོ་མར་བཤད་ན།  ཐེངས་འདིའི་རྩོད་གླེང་གི་རིན་ཐང་ཆུང་ཡང་དེའི་བཞག་པའི་ཤུགས་རྐྱེན་ནི་ཧ་ཅང་བློ་ཡིད་ལས་འདས་པ་ཞིག་རེད། ང་ལ་མཚོན་ནས་བཤད་ན། ཐེངས་འདིའི་སྤྱི་འཐུས་རེ་ཟུང་གི་འགན་འཁྲི་མེད་པའི་སྐད་ཆ་དང་རྩོད་གླེང་གིས་བཞག་པའི་བག་ཆགས་ངན་པ་སེམས་ནས་མ་བཟོད་པར་ངས་ཁོང་ཚོ་བྱ་སྤྱོད་གནས་ལུགས་ཀྱི་སྡོམ་ཚིག་ལྟ་བུ་འདི་མི་འགོད་ཀ་མེད་བྱུང་སོང་།

     གཅིག  ནམ་རྒྱུན་རྒྱལ་བའི་བཀའ་དགོངས་སྒྲུབ་དགོས་ཟེར་བའི་གཏམ་བཤད་རྫིག་པོ་བྱེད་མཁན་གྱི་སྤྱི་འཐུས་འདི་དག་གིས། ཁ་ཚ་དགོས་གཏུགས་ཀྱི་ལག་ལེན་ཐོག་སླེབ་དུས།  དགུང་ལོ་དོན་ལྔར་ཕེབས་ཟིན་པའི་༧ཁོང་གིས་བོད་མི་རིགས་ཆེད་དུ་ཉིན་མཚན་དུས་དྲུག་ཏུ་སྐུ་ངལ་འཛད་མེད་བསྐྱོན་དང་སྐྱོན་བཞིན་པར་བཀའ་དྲིན་བསམ་ཤེས་ཅི་ཡང་མེད་པར་འདི་ལྟར་ཐ་ཤལ་གྱི་བྱ་སྤྱོད་བརྩམས་འདུག

     གཉིས། བོད་མི་མང་གིས་བདམས་པའི་བཀའ་ཁྲི་དང་གྲོས་ཚོགས་ཚོགས་མིས་བདམས་་པའི་སྤྱི་འཐུས་ཚོགས་གཙོ། དེ་བཞིན་བོད་མི་ས་ཡ་དྲུག་གི་ཚབ་མཚོན་རང་བཞིན་གྱི་གྲོས་ཚོགས་འདི་ལ་བརྩི་མཐོང་དང་རིན་ཐང་། གདེང་འཇོག་ཅི་ཡང་མེད་པར་རང་སྣང་གང་དྲན་གྱི་སྒོ་ནས་གྲོས་ཚོགས་ནས་ཕྱི་ལ་ཐོན་པའི་བཅའ་ཁྲིམས་རྡོག་རོལ་གྱི་ནག་ཉེས་བསགས་ཡོད།

         གསུམ། བོད་ཕྱི་ནང་གང་སར་འཚོ་ཞིང་བཞུགས་པའི་བོད་མི་ཡོངས་ཀྱི་སེམས་ཁམས་དྲོན་མོ་འཁྱགས་ལ་སྦྱར་བའི་ཁྲེལ་མེད་ངོ་ཚའི་བྱ་སྤྱོད་འདི་འཇིག་རྟེན་མི་ཆོས་དང་འགལ་འདུག

       བཞི། འཛམ་གླིང་མི་མང་གིས་རེ་སྙེག་དང་འཐབ་རྩོད་བྱེད་བཞིན་པའི་མང་གཙོའི་ལམ་ལུགས་ལ་སྣང་མེད་བཏང་སྟེ་མང་མོས་འོས་བསྡུ་ལ་མཆིལ་ཞགས་འཕེན་པའི་བསམ་བློ་སྒེར་གཅོད་མཁན་དུ་ངོས་འཛིན་ཞུ་བཞིན་ཡོད།

     འདི་ལྟར།  ང་ཚོས་ཕྱོགས་གཞན་ཞིག་ནས།  གནད་དོན་འདིའི་ཐོག་མཐའ་བར་གསུམ་གྱི་བྱུང་རིམ་ལ་དབྱེ་ཞིབ་ཅུང་བྱས་ན།  བློ་ཕམ་རང་བཞིན་གྱི་གནད་དོན་འདི་གློ་བུར་དུ་བྱུང་བ་ཞིག་མིན་པ་གསལ་བོ་རྟོགས་ངེས་ཤིང་།  གནད་དོན་འདིའི་རྩ་བ་གྲོས་ཚོགས་ཀྱི་སྤྱི་འཐུས་ནང་ཁུལ་དུ་ཆོལ་ཁ་དང་ཆོས་བརྒྱུད་གཙོས་ཕྱོགས་ཞེན་དང་ལྟ་ཚུལ་ངན་པ་ནད་རྙིང་བཞིན་མི་མངོན་པའི་ཚུལ་དུ་ཡོད་པ་ཚོད་དཔག་ཐུབ་ངེས།་མདོར་ན།  ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་གྱི་དུག་རླངས་འཐིབ་པའི་མཁའ་དབུགས་རྫོབ་པོའི་ཁོར་ཡུག་ཏུ།  ཐེངས་འདིའི་གྲོས་ཆོད་ལ་མོས་མཐུན་ཡོད་མེད་ཀྱི་རྩོད་གླེང་གི་རླུང་བུ་ཁོང་ཚོའི་ཤ་རུས་ཀྱི་བར་གསེང་དུ་ལྡང་བས།  མཐར་གྲོས་འཚོགས་ཀྱི་འཚོགས་འདུ་འཚོགས་མ་ཐུབ་པའི་དྲི་ངན་བྲོ་བའི་གནས་སྟངས་འདི་ཚང་མས་དངོས་སུ་ཚོར་བ་རེད།

           ཉེ་བའི་ཆར་རྒྱ་དམར་སྲིང་གཞུང་བཙུགས་ནས་ལོ་འཁོར་༦༠་ལོན་པར་ཉེ་སྐབས་སུ་ཉི་ཧོང་སོགས་སུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་གྱིན་ཡོད་ལའང། རྡ་རམས་སའི་ཁོར་ཡུག་འདི་སྔར་བཞིན་གོ་མེད་ཚོར་མེད་ངང་ཏིང་འཛིན་ཀློང་ན་རེ་ཞིག་མལ་དུ་གཟིམས་ཟིན་པའི་སྣང་བ་སྟེར་ལ། དེ་དང་ཆབས་ཅིག་བོད་མི་མང་གི་སྤྱི་འཐུས་རྣམས་ཀྱི་བྱས་རྗེས་ལ་མང་པོ་ཞིག་དང་ག་འགགས་ཏེ་རེ་ཞིག་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་བཟུང་ཡོད།  འདི་ལྟར་གྲོས་ཚོགས་ཀྱི་གནད་དོན་འདིའི་བརྒྱུད་རིམ་ལ་ཐག་གཅོད་ཅི་འདྲ་འབྱུང་མིན་གྱི་སེམས་འཚབ་འཕར་མའི་ཁྲོད། སྤྱི་ཟླ་བཅུ་བའི་ཚེས་གཅིག་ཕལ་ཆེར་འདི་ལྟར་ནང་གྱོད་ཀྱི་ཁ་ཕྱེས་ཏེ་བསྐྱལ་ཚར་བ་རེད།

     བར་སྐབས་འདིར་ངས་ཡང་བསྐྱར་འདས་ཟིན་པའི་གླེང་མི་འདོད་ཅིང་སྐྱུག་བྲོ་བའི་འུ་ཚང་གི་གཏམ་རྒྱུད་ཅིག་གླེང་ན་འདོོད།  དེ་ནི་འདི་ནས་ཡར་ལ་བརྩིས་པའི་ལོ་ངོ་དྲུག་ཅུའི་སྔ་གཞུག་གི་གཏམ་རྒྱུད་ཞིག་ཡིན་ལ། བློ་གནད་དུ་ཕབ་སྟེ་གཏམ་རྒྱུད་དེ་ལ་ཕྱིར་འདང་རེ་བརྒྱབ་ན།  འུ་ཚང་གི་སྡེ་བ་གཞུང་གི་སྐུ་དྲག་དང་བླ་ཆེན་དཔོན་ཆེན་དག་གིས་སྲིད་དབང་འཐབ་རྩོད་ཀྱི་གཡུལ་འགྱེད་ཁྲོད་ནས།  ཁྱོད་ཤི་ང་གསོན་གྱི་སྐྱི་གཡའ་བའི་འཐབ་འཛིང་བྱས་ཏེ། མོའོ་ཡིས་ཐོག་མར་རྒྱ་དམར་སྲིད་གཞུང་བཙུགས་ཏེ་ཕལ་ཆེེར་ལོ་ངོ་གསུམ་ཟིན་ལ་ཉེ་དུས་ཀྱི་མུན་ནག་གི་ཉིན་མོ་ཞིག་ལ།  རང་ཡུལ་ལུང་བ་ནས་བོད་རྒྱལ་ཁབ་ཀྱི་བདག་དབང་ཆ་ཚང་བ་ལེགས་སྐྱེས་སུ་ཕུལ་བའི་གཏམ་རྒྱུད་དེ་སེམས་ཁམས་བདེ་ཐང་ཅན་ཞིག་ཡིན་ན་ལྷང་ལྷང་དྲན་འོང་ངེས་ལ། དེ་ནི་འུ་ཚང་གི་མི་བུ་རེ་རེའི་སེམས་ངོས་ནས་ཅི་འདྲའི་བརྗེད་མི་སྲིད་པ་ཞིག་རེད་ཨང་།

       དེ་ནས་མར་ལ་བརྩིས་ཏེ་ལོ་ངོ་དྲུག་ཅུ་འཁོར་བའི་དེ་རིང་ཡང་།  སྐྱབས་བཅོལ་བའི་མིང་བྱང་ཁུར་བའི་གཞན་ཡུལ་འདི་ནས།  བོད་མི་མང་གི་སྤྱི་འཐུས་ཕལ་མོ་ཆེའི་སེམས་ཁམས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་འཐེན་འཁྱེར་ཆེ་བའི་ནད་རྙིང་དེས་ཡོངས་སུ་བཟུང་འདུག་ལ།  ད་དུང་སྤྱི་དོན་ཁ་ལ་ཁྱེར་ནས་རང་དོན་ལ་གཞོལ་བའི་ངོ་གདོང་དམར་རྗེན་དུ་མཐོང་སོང་། དེ་ལས་ཀྱང་བོད་བསྟན་པ་ཆབ་སྲིད་ཀྱི་ཆགས་འཇིག་གི་གནས་སྟངས་དང་རང་དབང་འཐབ་རྩོད་ཀྱི་སླད་དུ་གཅེས་པའི་ཚེ་སྲོག་ཕངས་མེད་དུ་ཕུལ་དང་འབུལ་བཞིན་པའི་རྒྱལ་ཞེན་པ་ཚོའི་རྣམ་ཤེས་ལ་རྡོག་རོལ་བཏང་འདུག་པ་ཅི་འདྲའི་ཕངས་སེམས་སྐྱེ་འོས་པ་ཞིག་རེད། མདོར་ན་ནང་བཀྲ་མི་ཤིས་ཤིང་དགྲ་དགའ་གཉེན་སྡུག་གི་གནས་ཚུལ་འདི་ལྟ་བུ་རྒྱ་དམར་སྲིད་གཞུང་ལ་མཚོན་ན། རྣ་བར་སྙན་ཞིང་འཇེབས་ལ་ཡིད་དབང་འགུགས་པའི་གནས་ཚུལ་ཞིག་ཅི་ལ་མ་ཡིན། དེ་བས།ད་ལྟ་ཧུའུ་ཡིས་འཛིན་སྐྱོང་བྱེད་བཞིན་པའི་རྒྱ་དམར་སྲིད་གཞུང་བཙུགས་ནས་ལོ་འཁོར་༦༠་ལོན་པའི་རྒྱས་སྤྲོས་ཀྱི་དུས་སྟོན་འདི་ལ་བོད་མི་མང་སྤྱི་འཐུས་རྣམས་ཀྱིས་གངས་ཅན་སྐྱིད་གཤོངས་ནས་ཡང་བསྐྱར་གྱ་ནོམ་པའི་ལེགས་སྐྱེས་ཤིག་ཕུལ་མི་འདུག་གམ།

          ཕྱོགས་གཞན་ཞིག་ནས་བཤད་ན།  ལེགས་སྐྱེས་འདི་གཉིས་ཕན་ཚུན་བསྡུར་ན་འབུལ་སའི་ས་གནས། དུས་ཚོད།  འབུལ་མཁན་སོགས་ཀྱི་རྣམ་པ་ཅུང་མི་འདྲ་བ་ཙམ་ལས།  རྩ་བའི་ཆ་ནས་ཏན་ཏན་རྒྱ་དམར་ལ་ཆེས་མཁོ་བའི་ལེགས་སྐྱེས་རིགས་ཤིག་ཡིན་པ་བསྙོན་མེད་རེད།  མཐར་ང་ཚོས་ངོས་ནས་ལེགས་སྐྱེས་འབུལ་མཁན་ཚོའི་བྱས་རྗེས་ལ་རྗེས་སུ་ཡི་རང་ཞུས་ཏེ་ཉམས་མྱོང་གི་བསླབ་བྱ་ལེན་དགོས་སམ།  ཡང་ན། ད་ནས་བཟུང་རང་ལ་ལྐོག་ཏུ་མ་གྱུར་བའི་རང་སེམས་ལ་ཕྱི་གཙང་ནང་གཙང་གིས་ཕྱི་དོར་བྱས་ཏེ། ཕྱོགས་ཞེན་གྱི་མཁའ་དབུགས་འདི་རྨང་ནས་གཙང་སེལ་ཡོང་བར་’’རང་ངོ་རང་ཤེས་’’དང་’’རང་འགན་རང་འཁུར་’’བྱེད་དགོས་སམ།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡༧ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༢༠ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༢༣ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 5

  1. རུ་དམ་ལུང་གི་བུ། says:
    ལོ་ 17 སྔོན།

    རེད་ཡ། སྔོན་ནས་ད་བར་ང་བདེན་པ་དང་དྲང་པོ་ཡིན་ཟེར་མཁན་མང་པོ་ཞིག མི་འདི་མི་བདེན་པ་དང་མི་དྲང་གི་ཟེར་ཞོར་དེ་རྣམས་ཀྱི་ལག་ཏུ་དབང་ཆ་བཞག་ནས་རང་ཕྱིར་དོན་འགྲོ་གི་འདུག བསམ་བློ་ཡག་པོ་ཞིག་བཏང་ན་དེ་ནི་རང་གིས་རང་བརླག་པ་རང་རེད།

    Reply
  2. ཁ་རུ་ཁ་ཐུག says:
    ལོ་ 17 སྔོན།

    ང་ཚོར་ཕ་ཤི་བའི་སྟེང་ལ་མ་ཤི་ཞེས་པའི་དཔེ་བཞིན་ཕྱོགས་མང་བོ་ཞིག་ནས་ལྟས་ངན་སྟོན་གྱིན་འདུག་པས།ད་ནི་བགེགས་གཏོར་ཞིག་བྱས་ནས་འདྲེ་ཚོགས་དེ་ཕྱིར་ཕུད་རན་རེད།

    Reply
  3. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    མུ་ཏོ་བ་ལགས། ཁྱེད་ཀྱིས་སྔ་ཕྱིར་སྤེལ་བའི་བཀའ་ཁྲི་དང་སྤྱི་འཐུས་སྐོར་གྱི་རྩོམ་ཡིག་འདི་གཉིས་ཀས། ངའི་སེམས་ལ་བག་ཆགས་ཟབ་མོ་ཞིག་བཞག་སོང་ལ། རང་རེའི་མཐོ་སློབ་ཁག་ན་འདི་ལྟ་བུའི་གཞོན་སྐྱེས་རེ་འདུག་བསམ་ནས་དགའ་སྣང་ཆེན་པོ་ཞིག་གིས་ཕྲན་བཟི་རུ་བཅུག་སོང་། མུ་མཐུད་དུ་སྙུག་གུ་ལག་ཏུ་འཆང་ནས་སྤྱི་ཚོགས་ལ་ཁ་ཕྱོགས་གསར་བ་རེ་འབྲི་རོགས། དོན་ངོ་མ་བཤད་ན་ཁྱེད་ཀྱི་དངོས་མིང་ཤེས་ན་བསམ་པ་ཞིག་དྲན་བྱུང་། ཚིག་གི་དག་ཆ་དང་གནད་ལ་ཁེལ་བའི་བརྗོད་བྱ་རིག་ན་ཧེབ་ལངས་ནི་ཞིག་རེད།

    Reply
  4. ནད་པ says:
    ལོ་ 17 སྔོན།

    ༸ གོང་ས་སྐྱབས་མགོན་པོའི་བཀའ་དགོངས་དང་། བཙན་བྱོལ་དོབ་གཞུང་གི་མཛད་ཇུས། བོད་མི་རིགས་ཀྱི་མངོན་འདོད་བཅས་ལ་སྲི་ཞུ་དང་ལེགས་སྐྱེས་ཡག་པོ་འབུལ་མ་ཐུབ་པ་དང་། འབུལ་འདོད་མེད་ཚེ་ད་ནས་བཟུང་རང་ངོས་ནས་རྩ་དགོངས་ཞུས་ན་ཡག་ཤོས་ཤིག་ཡིན།

    རྒྱ་ཆེའི་མི་དམངས་ཚོས་ངེས་པར་དུ་དོ་སྣང་དང་། ཡིད་གཟབ་བྱས་ཏེ་བོད་བསྟན་སྲིད་ལ་ཕན་མ་ཐོགས་མཁན་མདོ་སྟོད་དང་། མདོ་སྨད། དབུས་གཙང་བཅས་བོད་ཆོལ་ཁ་གསུམ་གྱི་འཐུས་མི་དག་ལ་དབྱེ་ཞིབ་ཡག་པོ་བྱས་ཏེ་ངེས་པར་དུ་གཙང་སེལ་ཐུབ་པ་དགོས་ལ་བྱེད་དགོས་པའི་དུས་ལ་བབ་ཡོད།

    ཕན་མ་ཐོགས་ན་ཁ་ནང་གི་སོ་ཡིན་ཀྱང་འབུད་དགོས། མི་ངན་གཅིག་གིས་ལུང་པའི་ཕུ་མདའ་དཀྲུགས། ཟས་ངན་གཅིག་གིས་ཁོག་པའི་སྟོད་སྨད་དཀྲུགས། ཟེར་བ་ལྟོ་སྣོད་ནང་ཟས་དྲི་ངན་ཅན་ལྷག་ཚེ་ཟས་གསར་པ་རྣམས་ཀྱང་དྲི་མ་ཅན་དུ་འགྱུར་འགྲོ་བས་ཆོལ་ཁ་གསུམ་གྱི་རྒྱ་ཆེའི་མི་དམངས་ཀྱིས་ངེས་པར་དུ་ད་རེས་གཙང་སེལ་བྱེད་དགོས།

    Reply
  5. གངས་ཅན། says:
    ལོ་ 17 སྔོན།

    འདི་ནི་ང་ཚོའི་སྤྱི་འཐུས་ཚོས་བཀའ་ཤག་གི་སྐྱོན་དང་ནོར་འཁྲུལ་ལ་མཛུབ་མོ་འཛུགས་ཐུབ་ཀྱང་རང་གི་སྐྱོན་དང་ནོར་འཁྲུལ་མི་མཐོང་བའི་མཚང་བརྟོལ་བ་རེད། གཅིག་བྱས་ན། ང་ཚོ་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་བྱེད་ཀྱི་ཡོད་པའི་སྐབས་འདིར་འདི་ནི་སྤྱི་འཐུས་གྲོས་ཚོགས་ཀྱི་དུས་དྲན་གྱི་ཆ་ཤས་ཤིག་མིན་འགྲོ། ཡང་མིན་ན། རྒྱ་ནག་ལ་”ལོ་འཁོར་དྲུག་ཅུ་འཁོར་བའི་རྒྱལ་སྟོན་དུས་ཆེན་ལ་སྤྲོ་སེམས་འཁོལ་བ་དང་གྲ་རྒྱས་པོ་བྱས་ནས་རོལ་དང། ང་ཚོ་འདི་ལྟར་འཐོར་ནས་མ་འོངས་པར་ཁྱེད་ཅིག་གི་རྗེས་སུ་ཞུགས་ཆོག་”ཅེས་བརྡ་ལན་སྤྲོད་པ་དང་བཀྲ་ཤིས་སྨོན་ཚིག་ཅིག་བསྒྲགས་པ་མ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese