མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མ་ནི་ང་ཚོ་སྲུང་སྐྱོབ་བྱེད་མཁན་གྱི་ལྕཊ་རི་ཡིན།

བོད་ཀྱི་དུས་བབ།
༢༠༠༩/༡༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

བུད་མེད་ཚོ་རང་བཞིན་གྱིས་སྐྱེས་པ་ལས་སེམས་གཉོམ་ཞིང་ཉམས་ཆུང་བ། ཧམ་སེམས་དང་ང་རྒྱལ་དེ་ཙམ་མེད་པ་བཅས་ལྷན་སྐྱེས་ཀྱིས་ཞི་བདེ་དང་། འཚེ་བ་མེད་པས་རྒྱུད་ཟིན་ཡོད་ཟེར་ཆོག་པ་རེད། དེར་བརྟེན། བུད་མེད་ཚོས་སྣེ་ཁྲིད་དེ་ཞི་བདེ་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་རེད། སྤྱི་ཚོགས་ནང་ཐད་གར་ནུས་པ་ཐོན་ཐུབ་མཁན་ཡང་བུད་མེད་ཚོ་ཆགས་ཡོད། ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

 

སྤྱི་ནོར་༧གོང་ས་མཆོག་གིས་ཨི་ཊ་ལིའི་ཉིན་གསུམ་རིང་གི་མཛད་འཕྲིན་ཡོངས་ལེགས་པར་གྲུབ་རྗེས་ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་གྱི་ཕྱི་དྲོ་རྒྱ་གར་རྒྱལ་ས་ལྡི་ལིར་ཕེབས་འབྱོར་བྱུང་ཡོད། ཕྱི་ཚེས་ ༢༠ ཉིན་ནས་སླར་ཡང་ལྡི་ལི་ཁུལ་གྱི་ཉིན་གྲངས་ ༤ རིང་གི་མཛད་འཆར་ཁག་ཅིག་བསྐྱང་མགོ་བཙུགས་ཡོད། ཕྱི་ཚེས་ཉི་ཤུ་ཉིན་གྱི་དགོང་མོིའི་ཆུ་ཚོད་ ༦ སྟེང་ལྡི་ལི་གསར་བའི་སི་རི་ཧྤོ་ཊི་ siri fort ཚོགས་ཁང་ཆེན་མོའི་ནང་རྒྱ་གར་དབུས་གཞུང་གི་ཁྲིམས་དཔོན་ལྕམ་སྐུ་དམ་པ་སའུ་ནན་ཌ་བྷན་ཌར་ Justice Sunanda Bhandare མཆོག་གི་རྗེས་དྲན་ཚོགས་འདུ་ཐེངས་བཅོ་ལྔ་བའི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཏེ། ༼ བུད་མེད་དང་ཞི་བདེ ༽ ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་གནང་ཡོད། མཛད་སྒོའི་ཐོག་མར་༧གོང་ས་མཆོག་གཙོས་པའི་སྐུ་མགྲོན་གཙོ་བོ་གསུམ་གྱིས་སྐུ་གཤེགས་དམ་པ་སའུ་ནན་ཌ་མཆོག་གི་སྐུ་པར་ལ་མཆོད་མེ་སྒྲོན་ཞིང་མེ་ཏོག་ཕུལ་ཡོད་ལ། དེའི་རྗེས་རྒྱ་གར་གྱི་སྲིད་འཛིན་དང་ཀཱང་རི་སི་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་སའོ་ནེ་ཡ་གྷན་ངྷི་གཉིས་ཀྱིས་གསུང་འཕྲིན་སྒྲོག་སྦྱོང་གནང་ཡོད།

 

སྐབས་དེར་༧གོང་ས་མཆོག་གིས་སྐུ་གཤེགས་དམ་པ་སའུ་ནན་ཌ་མཆོག་སྐུ་འཚོ་བཞུགས་སྐབས་ཀྱི་མཛད་རྗེས་ལ་བསྔགས་བརྗོད་དང་། དམ་པ་དེ་ཉིད་ཀྱི་རླབས་ཆེན་དགོངས་གཞི་མཐའ་དག་ལ་རྗེས་རབས་པ་དག་གིས་སློབ་སྦྱོང་ནན་ཏན་དང་། ལག་ལེན་རྒྱུན་འཁྱོངས་བྱ་དགོས་པའི་འབོད་སྐུལ་དང་སྦྲགས་ཏེ། འཛམ་གླིང་ཞི་བདེ་སྐོར་ལ་གསུང་བཤད་གནང་དོན། ཐེངས་འདིར་ང་རང་ལྕམ་སྐུ་དམ་པ་སའུ་ནན་ཌ་མཆོག་གི་རྗེས་དྲན་ཚོགས་འདུར་ཞུགས་ཐུབ་པ་གཟི་བརྗིད་ཆེན་པོ་རེད་དྲན་ཡོད། དམ་པ་སའུ་ནན་ཌ་མོ་རང་ལོ་ ༥༦ སྟེང་སྐུ་གྲོངས་པ་རེད། ཧ་ཅང་ལོ་ཆུང་ཆུང་རེད། སེམས་པ་སྐྱོ་བོ་ཞེ་དྲག་རེད། སྤྱིར་མི་སུ་འདྲ་ཞིག་ཡིན་ནའང་མི་ཚེ་ཚད་ཡོད་པ་ཞིག་ཡིན་ཡང་། མི་དེའི་རླབས་ཆེན་གྱི་དགོངས་པ་དང་ལྟ་གྲུབ། བརྩམས་ཆོས་དག་ནི་ལོ་ངོ་སྟོང་ཕྲག་རིང་གནས་པ་ཞིག་རེད། ངས་རྟག་པར་ང་རང་རྒྱ་གར་གྱི་སྐད་འཁྱེར་བ་ཡིན་ཟེར་གྱིན་ཡོད། དེ་ལས་གཞན་པའི་ང་ལ་དམིགས་བསལ་གྱི་ཁྱད་ཆོས་གང་ཡང་མེད། ངས་བཤད་ཀྱིན་པའི་འཚེ་བ་མེད་པའི་ལྟ་བ་དང་། བྱམས་སྙིང་རྗེ་རྩ་བར་གྱུར་བའི་ཞི་བདེ་ལས་དོན་དེ་དག་རྒྱ་གར་ནས་བོད་དུ་དར་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་དང་མཚན་ཉིད་རིག་པའི་ལྟ་གྲུབ་ལས་བྱུང་པ་ཤ་སྟག་རེད། མཐར་གཏུགས་ན་གནའ་བོའི་རྒྱ་གར་བའི་རིག་གཞུང་རེད། ཅེས་དང་།

 

ཁོང་གིས་མུ་མཐུད་དུ་གསུངས་དོན། དེ་རིང་འདིར་རྒྱ་གར་གྱི་གནད་ཡོད་མི་སྣ་མང་པོ་ཕེབས་འདུག་ལ། ཡུ་རོབ་ཁག་ནས་ཀྱང་འགའ་རེ་ཕེབས་ཡོད་ས་རེད། ངས་འདིར་བུད་མེད་དང་ཞི་བདེ་ཞེས་པའི་ཐོག་ལ་སྐད་ཆ་བཤད་ཀྱིན་ཡོད། ང་འཛམ་གླིང་ཞི་བདེ་ཟེར་བ་དེར་ལག་པ་འཆང་མཁན་ཞིག་དང་བསམ་བློ་གཏོང་མཁན་ཞིག་ཡིན་པའི་ཁུལ་རེད། དེང་སྐབས་ཞི་བདེ་ཟེར་བ་དེ་རིག་གསར་དང་། དེང་རབས་ཅན་གྱི་ཚིག་རྫིག་ཤོས་ཤིག་ཆགས་ཡོད། འཛམ་གླིང་གི་མཁས་དབང་ཁག་དང་དབུ་ཁྲིད་མང་པོ་ཞིག་གིས་ཀྱང་ཞི་བདེ་དང་ཞི་བདེ་ཟེར་གྱིན་ཡོད། འོན་ཀྱང་། ལག་ལེན་དངོས་ལ་དེ་ཙམ་དོ་སྣང་མེད་པ་ཞིག་ཆགས་འདུག ཞི་བདེ་ཟེར་བ་དེ་ཁ་ནས་བཤད་རྐྱང་བྱ་རྒྱུའི་ཚིག་སྐམ་པོ་ཙམ་ཞིག་མ་རེད། མི་རེ་ངོ་རེ་ནས་སོ་སོའི་སེམས་ལ་བཅང་དགོས་པ་ཞིག་རེད། མིའི་སེམས་ན་ཞི་བདེ་དང་བྱམས་སྙིང་རྗེ་མེད་ན། འདོད་ཆགས་དང་ཞེ་སྡང་། ང་རྒྱལ། ཁོང་ཁྲོ། འཚེ་བ་སོགས་མིའི་སེམས་ནས་བྱུང་བའི་བྱས་འབྲས་ཁོ་ན་རེད། མིའི་དགའ་སྐྱོ་ཆགས་སྡང་སོགས་ཀྱི་དབང་གིས་མི་དང་མིའི་བར། སྤྱི་ཚོགས་དང་ལུང་པའི་བར། ཐ་ན་རྒྱལ་ཁབ་དང་རྒྱལ་ཁབ་བར་བཅས་སུ་མི་གསོད་ཁྲག་སྦྱོར་དང་དམག་འཁྲུག་སོགས་ཀྱི་འཚེ་བའི་དོན་རྐྱེན་བསྟུད་མར་ཡོང་གིན་ཡོད། དེར་བརྟེན། ཐོག་མར་མི་སོ་སོས་རང་ཉིད་ཀྱི་སེམས་ལ་ཞི་བདེའི་རྨང་གཞི་བརྟན་པོ་ཞིག་ཚུགས་ཐུབ་པ་བྱ་དགོས། སེམས་སུ་བྱམས་བརྩེ་དང་ཞི་བདེ་ཡོད་ན། ཁོས་ལས་དོན་གང་ཞིག་སྒྲུབ་ཀྱང་ཞི་བདེ་ཡིས་ཟིན་པའི་འགུལ་སྐྱོད་ཅིག་ཆགས་ཡོད་ལ། ཐ་ན་ཁོ་ལས་བརྒྱུད་པའི་བྱ་བ་དག་ཀྱང་ཞི་བདེ་དང་འཚེ་བ་མེད་པའི་ཟིན་པ་ཞིག་ཡོང་གི་རེད། ཅེས་གསུངས་བྱུང་།

 

༧གོང་ས་མཆོག་གིས་མུ་མཐུད་དུ་ཞི་བདེ་ཐད་བུད་མེད་ཚོས་ནུས་པ་ཆེ་ཙམ་འདོན་ཐུབ་པའི་སྐོར་གསུངས་དོན། སྤྱི་ཡོངས་ཀྱི་ཆ་ནས་བཤད་ན། ཕོ་དང་མོ་གཉིས་ལས་ཞི་བདེ་དང་འཚེ་བ་མེད་པ། བྱམས་སྙིང་རྗེ་སོགས་བུད་མེད་ཚོར་ཅུང་ཤུགས་ཆེ་བ་མེད་དམ་སྙམ། གང་ཡིན་ཟེར་ན། འཛམ་གླིང་ནང་བྱུང་དང་འབྱུང་བཞིན་པའི་རྙོག་དྲ་དང་། དྲག་སྤྱོད། འཚེ་བའི་ལས་རིགས་བྱེད་མཁན་མང་ཆེ་ཤོས་སྐྱེས་པ་ཚོ་ཡིན་ཞིང་། འདས་པའི་དུས་རབས་ནང་འཛམ་གླིང་ནང་མི་གྲངས་ས་ཡ་ཉི་ཤུ་ལྷག་དྲག་སྤྱོད་ཀྱི་ལམ་ནས་རྐྱེན་ལམ་དུ་ཕྱིན་ཡོད། དེ་དག་མང་ཆེ་ཤས་སྐྱེས་པ་རེད། འཛམ་གླིང་རྒྱལ་ཁབ་ཁག་གི་དམག་འཁྲུག་རིམ་པར་ཆ་མཚོན་ན་ཡང་། དྲག་འཐབ་བྱེད་མཁན་གྱི་དམག་མི་ཚོ་སྐྱེས་པ་ཡིན་ལ། ཚེ་སྲོག་ཤོར་མཁན་དག་ཀྱང་སྐྱེས་པ་ཆགས་ཡོད། བུད་མེད་ཚོ་རང་བཞིན་གྱིས་སྐྱེས་པ་ལས་སེམས་གཉོམ་ཞིང་ཉམས་ཆུང་བ། ཧམ་སེམས་དང་ང་རྒྱལ་དེ་ཙམ་མེད་པ་བཅས་ལྷན་སྐྱེས་ཀྱིས་ཞི་བདེ་དང་། འཚེ་བ་མེད་པས་རྒྱུད་ཟིན་ཡོད་ཟེར་ཆོག་པ་རེད། དེར་བརྟེན། བུད་མེད་ཚོས་སྣེ་ཁྲིད་དེ་ཞི་བདེ་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་རེད། སྤྱི་ཚོགས་ནང་ཐད་གར་ནུས་པ་ཐོན་མཁན་ཡང་བུད་མེད་ཚོ་ཆགས་ཡོད། ཅེས་གསུངས་བྱུང་།

 

སྐབས་དེར་གསར་འགོད་པའི་ལྡི་ལི་མཐོ་སློབ་བོད་ཁང་གི་འགན་འཛིན་ཀརྨ་འཕྲིན་ལས་ལགས་སུ་ཁྲིམས་དཔོན་འདས་པོ་སའུ་ནན་ཌ་མཆོག་གི་ལོ་རྒྱུས་སྐོར་བཅར་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། དེ་རིང་འདིར་རྒྱ་གར་གྱི་ཁྲིམས་དཔོན་ལྕམ་སྐུ་འདས་པོ་སའུ་ནན་ཌ་གྲོངས་ཏེ། རྗེས་དྲན་ཐེངས་བཅོ་ལྔ་བ་ཚོགས་ཀྱིན་ཡོད་པ་རེད། མོ་རང་སྔོན་ཆད་བུད་མེད་དང་ཞི་བདེ་སྐོར་ལ་ཕྱག་ལས་རླབས་ཆེན་མང་པོ་གནང་མཁན་ཞིག་ཡིན། སྔར་རྒྱ་གར་གྱི་སྲོལ་རྒྱུན་ནང་བུད་མེད་ལ་གཉའ་གནོན་དང་བརྙས་བཅོས། མཐོང་ཆུང་ཁྱད་གསོད་ཚད་ལས་འདས་པ་བྱེད་པའི་ལུགས་སྲོལ་མ་དག་ཅིག་ཡོད། དེ་དག་བཅོས་སྒྱུར་ཐད་མོ་རང་གིས་ཚོགས་པ་བཙུགས་ཏེ། སྐུ་ངལ་མང་པོ་སྐྱོན་ཞིང་གྲུབ་འབྲས་མངོན་གསལ་བླངས་ཡོད། མོ་རང་སྐུ་གྲོངས་རྗེས་མོའི་ཁྱོ་ག་དང་བྱིས་པ་དག་གིས་ཚོགས་པའི་ལས་དོན་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་ནང་བུད་མེད་ཀྱི་ཐོབ་ཐང་དང་ཞི་བདེ། ཤེས་ཡོན། འཕྲོད་བསྟེན། མིའི་ཀུན་སྤྱོད་སོགས་ལས་རིགས་མང་པོའི་ཐད་བྱ་འགུལ་རིམ་པ་སྤེལ་ཀྱིན་ཡོད། དེ་རིང་འདིར་རྒྱ་གར་དབུས་གཞུང་གི་གནད་ཡོད་མི་སྣ་མང་པོ་དང་། ལྷག་པར་དུ་ཁྲིམས་དཔོན་ཁག་ཕེབས་འདུག ང་ཚོ་ལྡི་ལི་མཐོ་སློབ་ཀྱི་འགན་འཛིན་དང་ལས་བྱེད། སློབ་ཕྲུག་གི་འཐུས་མི་བཅས་ཀྱང་མགྲོན་འབོད་བྱས་པ་ལྟར་བཅར་རྒྱུའི་གོ་སྐབས་བྱུང་སོང་། ཞེས་ངོ་སྤྲོད་གནང་བྱུང་།

 

ཡང་རྗེས་དྲན་གོ་སྒྲིག་གནང་མཁན་རྒྱ་གར་བ་སྐུ་ཞབས་ངྷར་མ་སེན་ཀའུ་ཞེ་ཁུ་ Dharamsingh Kaushik ལགས་སུ། ཐེངས་འདིའི་མཛད་སྒོའི་སྒུ་མགྲོན་གཙོ་བོར་༧གོང་ས་ཏཱ་ལའི་བླ་མ་མགྲོན་འབོད་གནང་དོན་གང་ཡིན་དང་། ༧གོང་ས་མཆོག་གི་གསུང་བཤད་ཐད་དགོངས་ཚུལ་གང་འདྲ་བྱུང་སྐོར་དྲིས་པར་ཁོས་བརྗོད་དོན། དེང་གི་དུས་འདིར་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ཡོངས་སུ་ཧ་ཅང་གི་གལ་གནད་ཆེ་བའི་མི་ཞིག་ཆགས་ཡོད་པ་མ་ཟད། ལྷག་པར་དུ་ང་ཚོ་རྒྱ་གར་གཞུང་དམངས་གཉིས་ལ་གཟི་བརྗིད་དང་སོ་ནམས་ཆེན་པོ་ཞིག་ཆགས་ཡོད། ད་ལྟའི་དུས་འདིར་རྒྱ་ནག་གཞུང་གིས་རྒྱ་གར་ལ་བཙན་འཛུལ་དང་གཉའ་གནོན་བྱ་རྒྱུའི་ཉེན་ཁ་ཆེན་པོ་ཞིག་ཏུ་སླེབས་ཡོད། ༧གོང་ས་ཏཱ་ལའི་བླ་མ་ནི་ང་ཚོ་སྲུང་སྐྱོབ་བྱེད་མཁན་གྱི་ལྕགས་རི་ལྟ་བུ་ཡིན། རྒྱ་གར་གཞུང་དམངས་ཀྱི་སེམས་འཚབ་དང་དངངས་སྐྲག་དེ་སེལ་དགོས་ན། སྔོན་ལ་བོད་རྒྱའི་གནད་དོན་ཐག་གཅོད་ཡོང་དགོས། ༧གོང་ས་ཏཱ་ལའི་བླ་མ་ནི་བོད་རྒྱའི་གནད་དོན་ཙམ་དུ་མ་ཟད། རྒྱ་གར་དང་རྒྱ་ནག་བར་གྱི་རྩོད་རྙོག་ཐོག་ལའང་མེད་དུ་མི་རུང་བ་ཞིག་ཆགས་ཡོད། ཅེས་དང་བརྗོད་བྱུང་།

 

མཇུག་མཐར་ཁོས་༧གོང་ས་མཆོག་གི་གསུང་བཤད་བརྒྱུད་དེ་ཁོ་རང་ལ་སེམས་ཚོར་ཅི་བྱུང་བརྗོད་དོན། ཏཱ་ལའི་བླ་མ་འདིར་ཕེབས་ཏེ། ཞི་བདེ་སྐོར་ལ་གསུང་བཤད་གནང་བ་དེས་ང་ལ་བློ་སྟོབས་དང་སྤོབས་པ་སྐྱེད་སོང་། ཏཱ་ལའི་བླ་མས་ཞི་བདེ་ཟེར་བ་དེ་ཁ་ནས་བཤད་རྒྱུ་ཙམ་མ་ཡིན་པར། མི་སོ་སོས་སེམས་ལ་འགྱུར་བ་བཏང་སྟེ་ཞི་བདེ་བསྐྲུན་པ་ཡིན་ན། རང་ཉིད་ཀྱི་ཁོར་ཡུག་གི་མི་ལ་ཤུགས་རྐྱེན་བཟང་པོ་ཐེབས་ལ། སྡེ་བ་ཚོ་བ་དང་སྤྱི་ཚོགས། རིམ་པས་རྒྱལ་ཁབ་དང་འཛམ་གླིང་ཡོངས་ཞི་བདེ་ཕྱོགས་སུ་བསྐྱོད་ཐུབ་པ་རེད། ཅེས་བཀའ་སློབ་ཟབ་མོ་གནང་བ་དེ་དག་གིས་ང་དང་ང་ལྟ་བུ་མང་པོ་ཞིག་ལ་ཡིད་འགུལ་ཐེབས་སུ་བཅུག་སོང་། ད་བར་སོ་སོར་ནུས་པ་དང་འཇོན་ཐང་གང་ཡང་མེད་སྙམ་པའི་བག་འཁུམ་གྱི་བསམ་བློ་དེ་ལ་སད་རྟོགས་བྱུང་སྟེ། མི་སུ་འདྲ་ཞིག་ཡིན་ནའང་འཛམ་གླིང་ཞི་བདེ་དང་། མི་ལ་ཕན་ཐོགས་པའི་ནུས་པ་འདུག་སྙམ་པའི་ངེས་ཤེས་སྐྱེས་བྱུང་། ཞེས་བརྗོད་བྱུང་།

༼ གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་རྒྱ་གར་རྒྱལ་ས་ལྡི་ལི་ནས་སྤེལ ༽

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 20

  1. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    དོན་འགྲུབ་བཀྲ་ཤིས་ཐུགས་མ་སྐྱོ།།
    སྐྱོན་རེ་བསྟན་ན་ཡོན་ཏན་རེ།།
    མེ་རེ་དཀྲུགས་ན་དྲོད་རེ་ཆེ།།
    ཐུྲུགས་རྒྱ་ཆེན་པོའི་ཕྱག་ལས་གནོངས།།

    Reply
  2. ཨ་རུ་ར། says:
    ལོ་ 16 སྔོན།

    འཆད་དོན་བཙན་པར་བྱ་ཞིང་ཚིག་རྗེས་དོན་གྱིས་བསབ། །ངན་ལས་ཆད་ཀྱང་བཟློག་ཅིང་བཟང་ལས་བཤོལ་ཡང་བརྩམ། །གཞིག་པ་སྔོན་ལ་བཏང་ཞིང་ཕྱིས་ཀྱི་ལེགས་འཕེན་བཅའ། །ཟེར་དགུ་བདེན་པར་མི་བཟུང་ལེགས་པར་དཔྱད་ནས་བཟུང་། །

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    བློ་བྷེ་ལེ་ལེ། ད་སྤོ་བཤད་ཡེད་ཀི་མ་འདུག དགོངས་པ་དྭངས་ནི་བྱོས། རེ་རེ་ལ་ལན་རེ་བྲགྱབས་ནས་བ་ནི་མ་རེད། ད་གཡུགས་ཞོགས།

    Reply
  4. Bugig says:
    ལོ་ 16 སྔོན།

    རེ་ཞིག་དྲ་གྲོགས་བསེ་རུ་ལགས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།

    Reply
  5. བསེ་རུ། says:
    ལོ་ 16 སྔོན།

    བླ་མའི་མཛད་འཕྲིན་ལས་འཕྲོས་ཏེ།།
    དྲ་གྲོགས་ཚིག་མཚོན་འདེབས་རེས་ཀྱིས།།
    ྶསྙིང་ལ་ན་ཟུག་སློང་བའི་ཚེ།།
    ྦམཐུན་སྒྲིལ་ཞེས་པ་འཇའ་ལྟར་ཡལ།།

    གཅིག་གིས་བཤད་དེ་གཅིག་གིས་ཉན།།
    ཕན་ཚུན་བསམ་ཤེས་གོ་ཤེས་ཀྱིས།།
    གཟུར་གནས་བློ་མིག་ལྡན་གྱུར་ན།།
    ལྷག་བསམ་དཀར་པོའི་གཏམ་གླེང་མཛོད།།

    ཁ་ནས་ཐོན་ཚད་ཤོད་པ་དང་།།
    ལག་ལ་གང་ཡོང་བྲིས་གྱུར་ན།།
    སྤྱི་སྒེར་ཀུན་ལ་མི་ཕན་པས།།
    དེ་དོན་ཡིད་ལ་འཇགས་པར་མཛོད།།

    བསེ་རུའི་བློ་མིག་ཞར་བས་ན།།
    དོན་དམ་དཔྱོད་པའི་སྐལ་བ་ཕྲ།།
    འོན་ཀྱང་སེམས་ཀྱི་སྐད་ཆ་འདི།།
    དྲ་གྲོགས་ཀུན་གྱི་སྙན་དུ་ཕུལ།།

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    རིགས་ཀྱི་དུངས་ཞེན་སེམས་ལ་ཡོད་གྱུར་ན།།
    རིགས་ལ་དུངས་པའི་སྐད་ཆ་བཤད་ལུགས་དེ།།
    རིགས་ལ་མི་དམོད་ལས་ལ་མི་འཕོག་པ།།
    རིགས་ཀྱི་བུ་དག་བརྩོན་རྒྱུར་དེ་བས་གལ།།

    Reply
  7. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    སོ་སོ་སྐྱེས་བོ་ཡིན་ཙ་ན།།
    ནོར་བ་མེད་པ་མི་སྲིད་པས།།
    བཟང་དང་སྐྱོན་གྱི་བརྒྱ་ཆ་ལ།།
    བལྟས་ཏེ་བསམ་ཚུལ་གླེང་གལ་ཆེ།།

    རྒྱ་དམར་ཚང་གི་རྒྱུག་ཁྱི་ཚོས།།
    ༸གོང་ས་མཆོག་ཡང་འདྲེ་རུ་བཤད།།
    འདི་འདྲའི་ལོག་པའི་ཚིག་དག་ལ།།
    གཏན་ཚིགས་ཡོད་པ་མ་ཡིན་ནོ།།

    དེས་ན་བོད་ཀྱི་གསར་འགོད་པ།།
    དགོས་མེད་ཚིག་གི་རྗེས་མ་འབྲངས།།
    བཟང་བོའི་ཕྱོགས་ན་ལེགས་པའི་ཆ།།
    ཅི་ཙམ་ཡོད་མེད་བསམ་ཤེས་མཛོད།།

    རྣམ་དག་བསམ་པ་ཤེལ་བཞིན་མཛོད།།
    གང་ཡོང་ནུས་བ་རྒྱུན་འཁྱོངས་བྱས།།
    ཕན་པའི་དགེ་རྩ་སེམས་ངོར་སྦྱོར།།
    འདི་ཕྱི་གཉིས་ཀྱི་དོན་དུ་སེམས།།

    རེ་ཟུང་གཏམ་ལ་འགན་འཁུར་མེད།།
    རེ་ཟུང་བསམ་བཞིན་རྙོག་དྲ་བཟོ།།
    རེ་ཟུང་མི་ཡི་སེམས་ཤུགས་གཅོག།
    འདི་དག་སྙན་གྱི་རྒྱབ་ཏུ་གཡུག།

    དོན་འགྲུབ་བཀྲ་ཤིས་དོན་གྱིས་ཕྱུག།
    དུས་བབ་ཚང་གི་སོན་རྩ་རེད།།
    ཆེན་པོའི་ལམ་དུ་ཆུང་ངུ་དག།
    རྡོ་བཞིན་སྐྱུར་ཤིག་ཨ་མའི་བུ།།

    Reply
  8. ཨ་རུ་ར། says:
    ལོ་ 16 སྔོན།

    བློ་བྷེ་ལགས། གསར་འགོད་པས་དགོངས་དག་ཞུས་ཀྱང་། ཁྱེད་རང་གི་སེམས་པ་ལ་འགྱུར་བ་གང་ཡང་མི་འདུག སླར་ཡང་༸གོང་ས་མཆོག་གིས་བཀའ་སློབ་དེ་ཐེངས་གཅིག་ཀློག་རོགས་གནང་།
    ༸གོང་ས་མཆོག་གིས་བཀའ་སློབ་གནང་དོན། ཞི་བདེ་ཟེར་བ་དེ་ཁ་ནས་བཤད་རྐྱང་བྱ་རྒྱུའི་ཚིག་སྐམ་པོ་ཙམ་ཞིག་མ་རེད། མི་རེ་ངོ་རེ་ནས་སོ་སོའི་སེམས་ལ་བཅང་དགོས་པ་ཞིག་རེད། འདོད་ཆགས་དང་ཞེ་སྡང་། ང་རྒྱལ། ཁོང་ཁྲོ། འཚེ་བ་སོགས་མིའི་སེམས་ནས་བྱུང་བའི་བྱས་འབྲས་ཁོ་ན་རེད། མིའི་དགའ་སྐྱོ་ཆགས་སྡང་སོགས་ཀྱི་དབང་གིས་མི་དང་མིའི་བར། སྤྱི་ཚོགས་དང་ལུང་པའི་བར། ཐ་ན་རྒྱལ་ཁབ་དང་རྒྱལ་ཁབ་བར་བཅས་སུ་མི་གསོད་ཁྲག་སྦྱོར་དང་དམག་འཁྲུག་སོགས་ཀྱི་འཚེ་བའི་དོན་རྐྱེན་བསྟུད་མར་ཡོང་གིན་ཡོད། དེར་བརྟེན། ཐོག་མར་མི་སོ་སོས་རང་ཉིད་ཀྱི་སེམས་ལ་ཞི་བདེའི་རྨང་གཞི་བརྟན་པོ་ཞིག་ཚུགས་ཐུབ་པ་བྱ་དགོས། སེམས་སུ་བྱམས་བརྩེ་དང་ཞི་བདེ་ཡོད་ན། ཁོས་ལས་དོན་གང་ཞིག་སྒྲུབ་ཀྱང་ཞི་བདེ་ཡིས་ཟིན་པའི་འགུལ་སྐྱོད་ཅིག་ཆགས་ཡོད་ལ། ཐ་ན་ཁོ་ལས་བརྒྱུད་པའི་བྱ་བ་དག་ཀྱང་ཞི་བདེ་དང་འཚེ་བ་མེད་པའི་ཟིན་པ་ཞིག་ཡོང་གི་རེད།

    Reply
  9. ཨ་རུ་ར། says:
    ལོ་ 16 སྔོན།

    ཞི་བདེའི་བཀའ་སློབ་ཀློག་ཟིན་མ་ཐག་ཏུ་གཞན་ལ་ཚིག་རྩུབ་བརྗོད་པ་དེ་ནེ་ཙོའི་མཎི་འདོན་པའི་དཔེ་ལས་མ་འདས་སོ།།

    Reply
  10. བློ་བྷེ། says:
    ལོ་ 16 སྔོན།

    ད་རྒན་མོས་ཉལ་ས་བཟོ་ཚར་འདུག་དོ་དགོང་ཁོམ་པ་མེད་ཁི། སང་ཉིན་ཞོགས་པ་སུ་སྔ་བལྟ།

    Reply
  11. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    རེད་རེད། ད་གསར་འགོད་པ་ཚོར་སྡིགས་དང་ཐལ། གསར་པས་ཀྱང་བཅོས་དང་ཐལ། ད་འདི་མན་ནས་མཆན་བུ་འགོད་མཁན་ཚོས་སྡིགས་དམོད་ཀྱི་ཚིག་བེད་མི་སྤྱོད་རྒྱུ་སྐུ་མཁྱེན།

    Reply
  12. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    གསར་ཁང་གིས་ནོར་བཅོས་ཟིན་འདུག

    ད་ཁ་བརྡུང་དང་ཚིག་ངན་གཅིག་ཐོག་གཉིས་བརྩེགས་བྱས་པས་ཕན་རྒྱུ་ཞིག་ཅང་མེད།
    དེ་བས་གནད་དོན་གཞན་དག་གླེང་ན་དགའ་བ་མེད་འགྲོ།

    Reply
  13. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    གོང་གི་མཆན་འདེབས་མཁན་དག་ལ་དགོངས་སེལ་ཞུ་རྒྱུ་ཞིག་ལ། ཁེ་ན་ཊ་ཟེར་བ་ནོར་བ་གསར་འགོད་པས་ནོར་བ་རེད། དོན་དངོས་ཨི་ཊ་ལི་རེད། ཁྱེད་ཅག་གི་གསལ་བཤད་ལྟར་ནོར་བཅོས་བཏང་ཡོད། སླར་ཡང་འབོད་སྐུལ་ཞུ་རྒྱུ་ཞིག་ལ། གོང་དུ་དྲ་གྲོགས་བཙན་པོ་ཟེར་བ་ཞིག་གིས་གསར་འགོད་པ་ཁྱི་འདྲ་བ་ཚོས། ཞེས་གུས་མེད་ཀྱི་ཚིག་རྩུབ་བེད་སྤྱོད་བཏང་འདུག་པ་དེ་དག་མཐོང་ན་ཅུང་བློ་ཕམ་སྐྱེ་གི

    Reply
  14. བློ་བྷེ། says:
    ལོ་ 16 སྔོན།

    དུས་བབ་ཚང་གི་གསར་འགྱུར་རྫུན་བཟོ།
    ད་དུང་གསར་འགྱུར་དེའི་མཇུག་ཏུ་གསར་འགོད་པ་དོན་གྲུབ་བཀྲ་ཤིས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས། ཞེས་རྫིག་ཉམས་ཀྱིས་བྲིས་འདུག དོན་དུ་༸གོང་ས་མཆོག་ལུང་པ་གང་ཞིག་ཏུ་ཕེབས་ཡོད་པ་མ་ཤེས་པར་འོལ་ཚོད་ཀྱིས་གསར་འགྱུར་རྫུན་བཟོ་བྱེད་བཞིན་འདུག

    Reply
  15. བློ་བྷེ། says:
    ལོ་ 16 སྔོན།

    ༸གོང་ས་མཆོག་རྒྱལ་ཁབ་གང་ཞིག་ཏུ་ཆིབས་བསྒྱུར་བསྐྱངས་སའི་ལུང་པ་ཙམ་ཡང་མི་ཤེས་པའི་དུས་བབ་གསར་འགོད་པ་འདི་ཚོས། མི་གཞན་གྱི་མཆན་མང་པོ་ཞིག་སྨྱོ་ཧམ་ཆེན་པོས་བསུབ་ཀྱང་བྱེད་བཞིན་པ་འདི་ཚོ་བློ་གཟུ་བོར་གནས་པའི་ལས་ཀ་ཞིག་གཏན་ནས་མིན་ལ། དེ་ལས་ཤེས་ཡོན་པ་ཞིག་གི་ལས་ཀ་དེ་བས་ཡིན་མི་སྲིད། ལར་ནས་འདི་ཚོས་གནས་ལུགས་ཀྱི་སྐད་ཆ་ལ་རྩིས་མེད་བཏང་སྟེ། ཕྱོགས་ཞེན་ཁོ་ན་ལས་ཅི་ཡང་མེད་ངེས་རེད། དྲྭ་གྲོགས་ཚོ་གཟིགས་དང་།

    Reply
  16. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    འདི་ལྟ་བུའི་ནོར་འཁྲུལ་འབྲི་མཁན་གྱི་གསར་འགོད་པ་དེ་ཚོ་ཧ་ཅིང་སྨྱོན་པ་རེད། ཕྱིར་གསར་འགོད་པ་ཞིག་ལ་མཚོན་ན་དངོས་ཡོད་ཀྱི་གནས་ཚུལ་ལས་འདས་པའི་བརྗོད་བྱ་དང་བརྗོད་བྱེད་གང་ཞིག་ལ་ནོར་འཁྲུལ་ཡོད་ན་དེ་མ་ཐག་དུ་ནོར་བཅོས་དང་འགྲེལ་བཤད་རྒྱག་དགོས།

    Reply
  17. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ཡིག་ནོར་དང་བཤད་ནོར་ཇེ་མང་ལས་ཇེ་ཉུང་ལ་འགྲོ་གི་མི་འདུག་
    དེར་བརྟེན་འདི་འདྲ་ཀློག་དུས་སེམས་སྐྱོ་ནི་འདྲ་ཞིག་རེད།

    Reply
  18. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ༸གོང་ས་མཆོག་ཁེ་ན་ཌར་ཕེབས་ཡོད་པ་ཞིག་གོ་མ་སོང་། ཕལ་ཆེར་ཡིག་ནོར་ཡིན་པ་འདྲ།

    Reply
  19. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ༧བླ་མས་མཛད་པ་དྲན་ཐེངས་རེར། སེམས་པ་འདར་ནས་མིག་ཟུང་ལ་མཆི་མ་འཁོར་ནས་ཡོང་གི་འདུག ༧ཁོང་གིས་སྐུ་ཚེ་བཀང་བོར་འགྲོ་དོན་རྐྱང་བ་འདིས་ང་ཚོ་སྒྱིད་ལུག་གི་གཡང་ནས་ཡར་སྐུལ་ཆེས་མི་ཉུང་བ་ཞིག་བཏང་ཡོད། བླ་མའི་སྐུ་ཚེ་བརྟན་པར་ཤོག བཞེན་དོན་ལྷུན་གྱིས་འགྲུབ་གྱུར་ཅིག།

    Reply
  20. བསེ་རུ། says:
    ལོ་ 16 སྔོན།

    སྐུ་གཟི་བྱིན་འབར་བའི་དཀྱིལ་འཁོར་ནས།།
    གསུང་འཚེ་མེད་བྱམས་བརྩེའི་འོ་རྒྱུན་འཕྱུར།།
    ཐུགས་ཀུན་ཁྱབ་ལང་ཚོའི་སྒེག་ཉམས་ཀྱིས།།
    གླིང་འདི་ཡི་སྐྱེ་འགྲོའི་ཡིད་གདུང་ཞི།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese