མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་འདུན་པའི་ནང་དུའང་རེག་དུག་གི་ནད་པ་འདུག

བོད་ཀྱི་དུས་བབ།
༢༠༠༩/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

 

སང་ཉིན་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་ནི་འཛམ་གླིང་ཨེ་ཙིའི་ཉིན་མོ་ AIDS DAY ཡིན་སྟབས། འཛམ་གླིང་གང་སར་གཉན་ནད་རེག་དུག་སྔོན་འགོག་དང་བཅོས་ཐབས་སྐོར་ལ་གོ་རྟོགས་སྤེལ་བ་སོགས་ཀྱི་ལས་འགུལ་འདྲ་མིན་སྤེལ་འཆར་ཡོད་པ་ལྟར། བཙན་བྱོལ་བོད་མིའི་བསྟི་ནས་བཞུགས་སྒར་ངྷ་རམ་ས་ལར་ཡང་། བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་གདམ་ག་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག འཛམ་གླིང་རེག་དུག་ཉིན་མོ་སྲུང་གཙིའི་ལས་འགུལ་སྤེལ་འཆར་ཡོད་འདུག སང་ཉིན་ཞོགས་པའི་ཆུ་ཚོད་ ༡༠ ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཕྲོད་བསྟེན་ལས་ཁུངས་ཀྱི་སྐུ་ཚབ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཉན་དད་རེག་དུག་སྔོན་འགོག་དང་བཅོས་ཐབས་སྐོར་ལ་གསུང་བཤད་གནང་རྒྱུ་ཡིན་པ་དང་། དེའི་རྗེས་དཔར་དང་རི་མོའི་འགྲན་བསྡུར་དང་། ༢༠༠༩ ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་ཆོས་འཛོམས་ལགས་ཀྱིས་རེག་དུག་ཉིན་མོ་དང་འབྲེལ་བའི་སྐོར་ལ་གསུང་བཤད་གནང་འཆར་ཡོད་འདུག

 

སྤྱིར་འཛམ་གླིང་ཡོངས་སུ་རེག་དུག་གི་ནད་གཞི་ཁྱབ་གདལ་དུ་འགྲོ་བའི་མྱུར་ཚད་ཧ་ཅང་མགྱོགས་ཤིང་། ལྷག་པར་དུ་ལྷོ་ཨ་ཧྥེ་རུ་ཀ་དང་རྒྱ་གར་སོགས་མི་འབོར་མང་ཞིང་དཔལ་འབྱོར་རྗེས་ལུས་ཡིན་པའི་རྒྱལ་ཁབ་ཁག་དང་། སྐྱབས་བཅོལ་གྱི་ངོ་བོར་བསྡད་ཡོད་པ་དང་ཡུལ་གྱར་གྱི་འཚོ་བར་བརྟེན་ཡོད་པའི་མི་སེར་དག་གི་ཆ་རྐྱེན་ཞན་པ་དང་འགྲུལ་བཞུད་མང་བ་བཅས་ལ་བརྟེན། བཅོས་ཐབས་དཀའ་པའི་རིམས་ནད་དེ་ཕོག་པའི་ནད་པའི་གྲངས་འབོར་ལོ་རེ་ནས་ལོ་རེར་ལྡབ་འགྱུར་གྱིས་འཕེལ་གྱིན་ཡོད་པ་བཞིན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུའང་རེག་དུག་གི་ནད་ཚ་ཕོག་མཁན་གང་འཚམ་བྱུང་དང་འབྱུང་མུས་ཡིན་ཞིང་། སྔར་ལོའི་ཕྱི་ཟླ་ ༡༡ པར་འདི་གའི་གསར་ཁང་གིས་རྒྱུས་ལོན་བྱས་པ་ལྟར་ན། ཕྱི་ལོ་ ༢༠༠༨ བར་རེག་དུག་གི་ནད་ཚས་འཛམ་གླིང་གི་མི་གྲངས་ས་ཡ་ ༢༥ ཙམ་བསད་ཡོད་པ་དང་། བཞུགས་སྒར་ངྷ་རམ་ས་ལ་ཁུལ་དུ་ཉུང་མཐར་རེག་དུག་གི་ནད་ཚ་ཕོག་ཡོད་མཁན་ ༣༠༠ ཙམ་ཡོད་པའི་གནས་སྟངས་བྱུང་ཡོད།  

 

དེ་རིང་སྔ་དྲོ་འདི་གའི་གསར་འགོད་པ་བོད་གཞུང་བདེ་ལེགས་སྨན་ཁང་དུ་བསྐྱོད་དེ། བདེ་ལེགས་སྨན་ཁང་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་སུ། སྔར་ལོ་དང་བསྡུར་ན་རེག་དུག་ནད་ཚའི་གནས་སྟངས་གང་འདྲ་ཆགས་ཡོད་མེད་བཅར་འདྲི་ཞུས་པར་ཁོང་གིས་གསུངས་དོན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་རེག་དུག་གི་གནས་སྟངས་དེ་སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་འདུག འོན་ཀྱང་། ང་ཚོ་རེག་དུག་ཆེད་ལས་ཀྱི་ཚོགས་པ་དེ་འདྲ་མིན་སྟབས། ལས་འགུལ་དམིགས་བསལ་འདྲ་སྤེལ་ཐུབ་ཀྱིན་མེད་མོད། རེག་དུག་སྔོན་འགོག་ཆེད་གཞོན་སྐྱེས་ཚོར་གོ་རྟོགས་སྤེལ་རྒྱུ་དང་། རེག་དུག་ཕོག་ཟིན་པ་ཚོར་འདང་ངེས་ཀྱི་མཐུན་འགྱུར་གནང་རྒྱུ་གལ་ཆེན་དུ་རྩི་བཞིན་ཡོད། དེ་བཞིན་བོད་དབྱིན་གཉིས་ཐོག་ཡིག་ཆ་འགྲེམས་སྤེལ་དང་། གདམ་ག་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་རེག་དུག་སྐོར་ལ་ལས་འགུལ་སྤེལ་སྐབས་མཁོ་དངོས་ཀྱི་མཐུན་འགྱུར་གནང་རྒྱུར་འབད་བརྩོན་ཞུ་བཞིན་ཡོད། ཅེས་གསུངས་བྱུང་།

 

ཡང་ཁོང་ལ་ད་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རེག་དུག་ཕོག་པའི་ནད་པ་ག་ཚོད་ཡོད་པ་དང་། བོད་མི་ཚོར་རེག་དུག་གི་འབྱུང་ཁུངས་གཙོ་བོ་གང་ཆགས་ཀྱིན་ཡོད་མེད་དྲིས་པར། གྲངས་འབོར་ཧ་ཅང་མང་པོ་རེད། འོན་ཀྱང་འདི་ཙམ་འདུག ཅེས་ཁ་གསལ་བོ་བྱས་ཏེ་བཤད་ཀྱིན་ཡོད་པ་མ་རེད། གང་ཡིན་ཟེར་ན། དང་པོ་འགའ་རེ་ཡིས་ཧི་མ་ཅཱལ་ནང་དུ་རེག་དུག་ཕོག་མཁན་བོད་པ་མང་པོ་ཆགས་ཡོད་སྟབས། རྒྱ་གར་བ་ལ་འགོས་ཀྱིན་འདུག ཅེས་རང་སྐྱོན་གཞན་མགོར་གཡོག་རྒྱུའི་ཉེན་ཁ་ཡོད་ལ། གཉིས་པ་རེག་དུག་ཕོག་མཁན་ཚོར་སྤྱི་ཚོགས་ནང་ལྟ་སྟངས་མི་ལེགས་པ་དང་། མི་གཞན་གྱིས་འཛེམ་ཟོན་གྱིས་ཁེར་རྐྱང་ལ་འཕུད་ན། སྨན་བཅོས་ཀྱི་འགོག་རྐྱེན་དུ་གྱུར་ཏེ་ནད་ཚ་ཁྱབ་གདལ་དུ་འགྲོ་ཉེན་ཡོད། ནད་ཚ་དེའི་འབྱུང་ཁུངས་འདི་རེད་ཅེས་ཞུ་ཐུབ་ཀྱིན་མི་འདུག གང་ཡིན་ཟེར་ན། དགེ་འདུན་པའི་ནང་དུའང་རེག་དུག་ཕོག་མཁན་རེ་གཉིས་ཡོང་གིན་འདུག དེ་དག་ལ་འཁྲིག་སྤྱོད་ཐོག་ནས་ཡོང་བར་ངོས་འཛིན་བྱེད་ཐུབ་ཀྱིན་མི་འདུག ཡང་ཊེ་བྷེ་ T.B ནད་པའི་ནང་དུའང་གང་འཚམ་ཡོང་གིན་འདུག ཅེས་ངོ་སྤྲོད་གནང་བྱུང་།

 

ཡང་ཁོང་ལ་ངྷ་རམ་ས་ལས་གཞན་པའི་གཞིས་ཆགས་ཁག་ཏུ་རེག་དུག་གི་གནས་སྟངས་གང་འདྲ་ཡིན་མིན་དང་བཅོས་ཐབས་སྐོར་དྲིས་པར་ཁོང་གིས། ད་བར་ངྷ་རམ་ས་ལ་ཛ་དྲག་ཆེ་ཤོས་སུ་ངོས་འཛིན་བྱས་ཀྱང་། གོ་ཐོས་སུ་མོན་གྷོ་ཊི་དང་མན་པ་ཊི། རྡེ་ར་རྡུན། ལྡི་ལི་བོད་སྒར་བསམ་ཡས་གླིང་བཅས་སུའང་མང་ཐག་ཆོད་ཡོད་པའི་སྐད་ཆ་འདུག གཞན། རེག་དུག་གི་ནད་ཚར་བརྟག་དཔྱད་གཏོང་སྐབས་ (HIV) དེ་ནི་ནད་ཚ་དེས་ཟིན་མ་ཐག་པའི་སྐབས་རེད། (AIDS) ཡིན་ན་ནད་ཚ་དེ་སྡུག་ཅག་ཆགས་ཚར་བ་རེད། ཕལ་ཆེར་སྐྱོབ་ཐུབ་ཁག་པོ་རེད། འོན་ཀྱང་། (HIV) སྐབས་སུ་ངོས་ཟིན་གསལ་བོ་བྱུང་ན་རྩད་ནས་དྲག་སྐྱེད་ཁག་པོ་ཡིན་ཡང་། ཇེ་སྡུག་ཏུ་འགྲོ་རུ་མ་བཅུག་པར་མི་ཚེ་མཐར་འཁྱོལ་ཐུབ་པའི་ཐབས་ལམ་ཡོད་པ་རེད། དེ་ལ་བོད་སྨན་གྱིས་ཞེ་དྲག་ཕན་པའི་སྐད་ཆ་འདུག ཅེས་གསུངས་བྱུང་།

 

དེའི་རྗེས་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་རེག་དུག་རྟོགས་ཞིབ་སྡེ་ཚན་གྱི་སྐལ་བཟང་ལྷ་མོ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། ན་ནིང་འཛམ་གླིང་རེག་དུག་གི་ཉིན་མོ་ནས་བཟུང་ཟླ་གསུམ་ལྷག་རིང་། ང་ཚོ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་རིན་མེད་ཐོག་མི་མང་ལ་བརྟག་དཔྱད་བྱས་པ་རེད། སྐབས་དེའི་གནས་སྟངས་ལ་གཞིགས་ན། དེ་ཙམ་གྱི་ཉེན་ཁ་ཆེན་པོ་ཆགས་མི་འདུག འོན་ཀྱང་། ང་ཚོ་མུ་མཐུད་གཞིས་ཆགས་ཁག་ཏུ་བསྐྱོད་དེ་སྔོན་འགོག་ལ་ཤུགས་སྣོན་བརྒྱབས་པ་རེད། ནད་ཚ་དེ་ཕོག་ཟིན་པ་ཚོར་མཐོང་ཆུང་དང་ཁྱད་གསོད་མི་ཡོང་ཆེད་མི་མང་ལ་ལམ་སྟོན་བྱས་པ་ཡིན། དེ་བཞིན། རེག་དུག་གི་ནད་པ་ཚོར་རྒྱ་གར་གཞུང་གི་སྨན་ཁང་ཆེ་ཁག་ཏུ་ ( AID ) ཞེས་པའི་སྨན་ཞིག་རིན་མེད་ཐོག་སྤྲོད་ཀྱིན་ཡོད། སྨན་དེ་ལེན་དུ་འགྲོ་བར་འགྲོ་གྲོན་ཆ་ཚང་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་འབུལ་གྱིན་ཡོད། ཅེས་གསུངས་བྱུང་།

 

མཇུག་མཐར་ཁོ་མོས་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་གྱི་ལས་འགུལ་སྐོར་ངོ་སྤྲོད་གནང་དོན། སང་ཉིན་ནས་བཟུང་སྟེ་ཡང་བསྐྱར་ང་ཚོས་རིན་མེད་ཐོག་མི་མང་ལ་བརྟག་དཔྱད་ཀྱི་ལས་འགུལ་ཞིག་སྤེལ་ཐུབ་རྒྱུར་རེ་བ་རྒྱག་གིན་ཡོད་ལ། སང་ཉིན་ཞོགས་པའི་ཆུ་ཚོད་ ༡༠ ཐོག་བཞུགས་སྒར་གཙུག་ལག་ཁང་དུ་འཕྲོད་བསྟེན་བཀའ་བློན་མཆོག་ནས་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་གསུང་འཕྲིན་སྒྲོག་སྦྱོང་གནང་རྒྱུ་རེད། དེའི་རྗེས་རྒྱུག་རེས་དང་རི་མོའི་འགྲེམས་སྟོན། དེ་བཞིན་ ༢༠༠༩ ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་ཆོས་འཛོམས་ལགས་ནས་གཏམ་བཤད་བཅས་ཡོད་ལ། ལས་འགུལ་དེ་དག་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་གདམ་ག་ཚོགས་པ་གཉིས་ཀྱི་གོ་སྒྲིག་དང་། ངྷ་ས་ས་གནས་མགོ་འཛིན་དང་བུད་མེད་ལྷན་ཚོགས། གཞོན་ནུ་ལྷན་ཚོགས། ཀུན་ཕན་ཚོགས་པ། དུད་འགྲོའི་རང་དབང་ཚོགས་ཆུང་བཅས་ནས་མཐུན་འགྱུར་གནང་རྒྱུ་དང་། ཕ་ཡུལ་དྲ་བས་དྲིལ་བསྒྲགས་ཀྱི་རོགས་འདེགས་བྱ་རྒྱུ་རེད། ཅེས་ངོ་སྤྲོད་གནང་བྱུང་།

 

འབྲེལ་ཡོད་གསར་འགྱུར།

Mobile App

སྐུ་པར་རྙིང་བ་ཞིག

ཆུ་ཚོད་ ༢ སྔོན་ལ།
མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་སླར་ཡང་འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་རྟགས་མ་ཐོབ་སོང་། ༢༠༢༥།༠༦།༡༡ དུས་བབ་ཀྱི་པར།
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་སླར་ཡང་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་ཐོབ། 

ཆུ་ཚོད་ ༢ སྔོན་ལ།
Crew members of the "Madleen" are seen with their hands in the air as Israeli forces come aboard, in this image from the Freedom Flotilla Coalition. Freedom Flotilla Coalition/Freedom Flotilla Coalition/Teleg

Mobile App

ངལ་སེལ་ཆེད་གྷ་ཛར་སྐྱོད་མཁན་གྱི་ལས་འགུལ་བ་རྣམས་འཛིན་བཟུང་བྱས།

༢༠༢༥/༠༦/༡༠
About 358 fresh cases of the virus were reported in the last 24 hours in the country. (Express Archive Photo)
Mobile App

རྒྱ་གར་ནང་ཏོག་དབྱིབས་ན་མཁན་མི་གྲངས་ ༦༤༩༡ ཙམ་འདུག

༢༠༢༥/༠༦/༡༠
བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུ་འཚོགས། ༢༠༢༥།༠༦།༠༩ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༥/༠༦/༡༠
China expert warn of 'something worse than Covid' after fungus smuggling plot
Mobile App

ཏོག་དབྱིབས་གཉན་རིམས་ལས་ཀྱང་ཉེན་ཚབས་ཆེ་བའི་དཀའ་ངལ་འཕྲད་སྲིད་པའི་ཉེན་བརྡ་བཏང་། 

༢༠༢༥/༠༦/༠༩

མཆན། 15

  1. ལྷ་་སྤྱན་གསུམ་པ says:
    ལོ་ 13 སྔོན།

    ཧང་སང་ཡ་ཡོ་མ་རེ། གང་ ཡིན་ཟེར་ན། མ་གཡབ་ན་ཕན་ཐོག་ཡོད་རེ།

    Reply
  2. གངས་མྱུག says:
    ལོ་ 16 སྔོན།

    སྐྱབས་གནས་དགེ་འདུན་གྱི་སྡེ་ལ་ཁུངས་ལུང་ཅི་ཡང་མེད་པར་ལམ་སེང་ཁ་གཏོང་རྐྱང་བྱེད་པ་ནི་མི་འཚམ་པ་ཞིག་རེད། འཁྲིག་སྤྱོད་ཀྱིས་ན་ཚ་དེ་འགོས་ན་དེ་ཉིན་ནས་དེ་དགེ་འདུན་པའི་གྲས་སུ་མི་ཚུད་ལ། དེ་འཁྲིག་སྤྱོད་ཀྱིས་འགོས་པའི་ངེས་པ་མེད། ཁབ་དང་གཤག་བཅོས་ཁྲག་མི་གཙང་བ་བརླན་གཤེར་སོགས་གང་མང་ཞིག་ནས་འབྱུང་བཞིན་ཡོད་པས་དགེ་འདུན་པར་ཡོང་མི་ཆོག་པའི་རྒྱུ་མཚན་ཅི་ཡང་མེད། ཁ་ནས་གང་བྱུང་མི་བཤད་པར་མཁྱེན།

    Reply
  3. བཀྲ་ཤིས། says:
    ལོ་ 16 སྔོན།

    ནད་ནི་ཤེས་བྱ་ནད་གྱི་རྒྱུ་ནི་སྤང་བྱ་ལ།། ཞེས་ཇི་ལྟར་གསུང་པ་བཞིན་ནད་གང་འདྲ་ཡིན་ཀྱང་དེའི་རྒྱུ་དེ་ཐོག་མར་ངོས་འཛིན་ཐུབ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་འདྲ་སོང་ཙང་རང་དབང་ཚོགས་པ་ཡིན་ནའང་འདྲ་བྱམས་སྐྱོང་ཚོགས་ཡིན་ནའང་འདྲ་འགན་འཛིན་དང་བཀའ་བློན་སུ་ཡིན་རུང་། ཞིབ་འཇུག་ནན་པོ་བྱས་ནས་སྤྱི་ཚོགས་ནང་ལ་གསལ་བཤད་བྱས་ན་ཕན་ཐོག་ཡོང་གི་རེད་མ་གཏོགས། སྐད་ཆ་ཡམ་ཡམ་ཙམ་ཞིག་གིས་ཉེན་ཁ་ལས་སྐྱབས་ཐུབ་པ་ཧ་ཅང་ཁག་པོ་རེད།

    Reply
  4. ཨ་རུ་ར། says:
    ལོ་ 16 སྔོན།

    ནོཪ་བཅོས། རྨ་དཀྲིས།

    Reply
  5. ཨ་རུ་ར། says:
    ལོ་ 16 སྔོན།

    གྲྭ་བ་ལ་རེག་དུག་གི་ནས་གཞི་ཡོད་ན་དེ་ཧང་སང་སང་བྱེད་དགོས་དོན་མི་འདུག
    ནད་གཞི་དེ་འགོས་སྟངས་འཁྲིག་སྤྱོད་གཅིག་བུ་མིན།
    ཟུངས་ཁྲག་ནས་འགོས་སྟངས་བཤད་ན།
    ༡ གཤགས་བཅོས་བྱེད་སྐབས་ཆ་བྱད་གཙང་མ་མེད་པ་ནས་འགོས།
    ༢ སོ་སྨན་བཅོས་བྱེད་སྐབས་ཆ་བྱད་གཙང་མ་མེད་པ་ནས་འགོས།
    ༣ མིག་གཤགས་བཅོས་བྱེད་སྐབས་ཆ་བྱད་གཙང་མིན་ནས་འགོས།
    ༤ ལུས་སུ་རྨས་སྐྱོན་བྱུང་བའམ་རྨ་དེ་འདྲ་བྱུང་སྐབས་སྨན་ཁང་དུ་རྨ་དཀྲུས་རྒྱག་སྐབས་ཆ་བྱད་གཙང་མིན་ནས་འགོས་སྲིད།
    ༥ ང་ཚོའི་བོད་མི་ཚོ་ལ་ཚ་བ་ཅུང་རྒྱས་ན་འཕྲད་དུ་སྨན་ཁང་ག་གེ་མོ་དེ་འདྲ་ལ་སོང་ནི་ཁབ་རྒྱག་རྒྱུ་དགའ་བོ་ཡོད་པའི་ཁབ་གཙང་མ་མེད་པའི་འགོས་སྲིད།

    Reply
  6. སེམས་བཟང་། says:
    ལོ་ 16 སྔོན།

    ང་ཚོ་ཚང་མ་བདེ་སྐྱིད་ལ་རྩོད་ལེན་བྱ་མཁན་ཡིན་སྟབས། དུས་ཡུན་ཐུང་བའི་རེག་བདེ་ལ་ཞེན་ནས། སོ་སོའི་མི་ཚེའི་འདུན་ལམ་ཡོངས་རྫོགས་ཕྲོག་རླག་ཏུ་མ་གཏོང་ཞེས། ངས་རྒས་གཞོན་ཚང་མ་ལ་འབོད་སྐུལ་ཞུ་བགྱི་ཡིན། ན་ཚ་རྒས་གཞོན་ཚང་མ་ལ་འགོ་བ་ལས་གཞོན་པོ་གཅིག་པུ་མ་རེད་ཡ།

    Reply
  7. ཐུབ་པ། says:
    ལོ་ 16 སྔོན།

    ནད་དེ་འགོས་སྟངས་རིགས་འདྲ་མིན་ཡོད་སྟབས་ནད་དེ་འགོས་པ་ཙམ་གྱིས་སྐད་ཆ་གང་བྱུང་དུ་བཤད་ན་ཅོལ་ཆུང་གི་གཏམ་ཞིག་མ་རེད་དམ།

    Reply
  8. གྲགས་པ་རྒྱ་མཚོ། says:
    ལོ་ 16 སྔོན།

    ཧཧཧཧཧཧཧཧཧཧཧཧཧཧཧ། གྲྭ་པ་དེ་ལ་གསར་འགོད་པས་བཀའ་འདྲི་ཞིག་ཞུ་ཐུབ་ན་ལེགས་པར་སྙམ།

    Reply
  9. གཉན་མདང་ཕོ་ཉ། says:
    ལོ་ 16 སྔོན།

    དཀོན་མཆོག་མཁྱེན།
    ད་རུང་ན་ཚ་དེ་གོང་ནས་གོང་དུ་མ་འཕེལ་བ་ཤོག
    མ་མཐའ་ཡང་བོད་རང་བཙན་མ་ཐོབ་བར་ན་ཚ་དེ་སྔོན་འགོག་ཐུབ་པར་ཤོག

    Reply
  10. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཤ་ཁྲག་ལ་ཀ་སྣོན་ཞིག་བྱེད།
    འགྲོ་བའི་ནང་ནི་མ་ལུས་པ།།
    རྟག་ཏུ་འབྱུང་བ་མེད་པར་ཤོག།

    Reply
  11. འཁོར་ཡུག། says:
    ལོ་ 16 སྔོན།

    དྲདགའ་བདེའི་ལས་ལ་མི་དགའ་བ་སུ་ཞིག་ཡོད། དེས་ནས་རེག་དུག་གི་ན་ཚ་ལས་གཡོལ་ཕྱིར་ཁྱེད་རྣམས་ཀྱི་ངེས་པར་དུ་འགྱིག་ཤུག་བེད་སྤྱོད་བྱེད་རོག་ ན་ཚ་དེས་ང་ཚོའི་མི་རིགས་མེད་པར་བྱེད་པའི་ནུས་པ་མེད་པ་མིན།
    དེས་ན་ཁྱེད་ཕོ་མོ་རྣམས་ཀྱི་རང་གི་དགའ་རོགས་ཡིན་ཡང་མནོ་བསམ་ལེགས་པོ་བཏང་རྗེས་རྩེད་
    དགའི་ལས་ལ་བཞུག་ན་ལེགས།་

    སེམས་ཅན་ཐམས་ཅད་ནད་མེད་བདེ་དང་ལྡན་འགྱུར་ཅིག།
    སྨོན་ལམ་འདི་དག་སྐྱོན་དང་དྲ་གྲོགས་རྣམ་པ་ཚོ།།

    Reply
  12. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ཁྲག་ཁབ་གཙང་མ་མེད་པའི་འགོས་པ་རེད། སེམས་ཁྲལ་མ་བྱེད། ལུས་འབྲེལ་བྱས་དེ་འགོས་པ་འདྲ་ཡིན་ན། དེའི་མིང་ལ་གྲྭ་བ་མི་ཟེར། མི་སྐྱ་ཟེར་དགོས་སོ།

    སེམས་ཅན་ནད་པ་ཇི་སྙེད་པ།། མྱུར་དུ་ནད་ལས་ཐར་གྱུར་ཅིག།

    Reply
  13. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    གྲྭ་བར་AIDS་ན་ཚ་ཡོད་མཁན་དེ་ཚོ་གྲྭ་སའི་གྲྭ་བ་ཨེ་ཡིན་ནམ། སྐྱབས་མགོན་མཁྱེན། ད་ཡིན་ན་གྲྭ་སར་ཡང་འདི་འདྲ་བའི་ལས་འགུལ་སྤེལ་དགོས་དུས་ཞབས་འདྲེན་རེད་ཟེར་མཁན་མང་པོ་ཡོང་གི་རེད། གྲྭ་བར་ན་ཚ་དེ་གང་ནས་འགོས་པ་ཡིན་ནམ། ཅི་ལྟར་འགོས་པ་ཡིན་ནམ།

    Reply
  14. རུ་དམ་ལུང་གི་བུ། says:
    ལོ་ 16 སྔོན།

    ཁྱེད་རྣམ་པ་ལ་གཉད་ནད་རེག་དུག་འདིའི་བསྐོར་གྱི་ཡི་གེ་དང་། པར། རི་མོ་སོགས་ཡོད་ན་ཕྲན་གྱི་ཁ་བྱང་འདིའི་ཐོག་ལ་གནང་རོགས།
    padamba@gmail.com
    གང་ལགས་ཤེ་ན་ཕྲན་གྱི་གྲོགས་པོ་ཞིག་གིས་ལོ་རྗེས་མར། གཉད་ནད་རེག་དུག་བསྐོར་གྱི་དེབ་ཞིག་ཁྲི་ཕྲག་ཁ་ཤས་པར་ནས། བོད་མདོ་དབུས་ཁམས་གསུམ་སོགས་ལ་རིན་མེད་ཐོག་གནང་འཆར་འདུག་ལགས།

    Reply
  15. བསེ་རུ། says:
    ལོ་ 16 སྔོན།

    གཉན་ནད་རེག་དུག་གི་ཉིན་མོར་ཚང་མས་གཉན་ནད་རེག་དུག་དེ་ཉིད་འཛམ་གླིང་སྐྱེ་འགྲོ་སུ་ལ་ཡང་མ་ཕོག་པའི་སྨོན་ལམ་རེ་ཡང་འདེབས་རོགས་ལ། དེ་ལས་གལ་ཆེ་བ་གང་ཟག་གཅིག་ནས་བཅུ་དང་བཅུ་བརྒྱ་སོགས་རིམ་པར་ལམ་སྟོན་བསླབ་བྱ་ཡང་ཅི་ནས་གནང་རོགས་ཞུ། དེ་ནི་འགྲོ་བ་མིའི་བདེ་སྐྱིད་བཅོམ་པའི་དུག་རྩ་ཉེན་ཁ་ཅན་ཞིག་རེད། །

    དག་ཆའི་ཐད་མང་མོས་འོས་བསྡུ།

    ནད་ཚ། ན་ཚ།
    ནད་ཚས། ན་ཚས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese