མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧ཏཱ་ལའི་བླ་མའི་དྲ་ཚིགས་སྟེང་ད་དུང་བོད་ཡིག་མེད་ཟེར།

བོད་ཀྱི་དུས་བབ།
༢༠༠༩/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་༧གོང་ས་མཆོག་གི་ཞི་བདེ་གཟེངས་རྟགས་ཀྱི་ཉིན་མོ་དང་བསྟུན་ཏེ། སྐུ་སྒེར་ཡིག་ཚང་གིས་སྔར་གྱི་དབྱིན་ཡིག་རྐྱང་པའི་ཏཱ་ལའི་བླ་མའི་དྲ་ཚིགས་ (www.dalailama.com) དེ་ལ་བཅོས་སྒྱུར་དང་། འཐུས་སྒོ་ཇེ་ཚང་དུ་བཏང་སྟེ་བསྐྱར་དུ་སྒོ་འབྱེད་བྱ་འཆར་ཡོད་པའི་གསལ་བསྒྲགས་གནང་ཡོད་ཀྱང་། གསར་འགོད་པས་བཅར་འདྲི་ཞུས་པ་ལྟར་ན་དྲ་ཚིགས་དེར་སྔར་བཞིན་བོད་ཡིག་མེད་སྐོར་བརྗོད་བྱུང་།

 

ད་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ཏེ་༧གོང་ས་མཆོག་གིས་ཞི་བདེ་གཟེངས་རྟགས་བཞེས་པའི་ཉིན་མོ་དང་བསྟུན་ཏེ། སྐུ་སྒེར་ཡིག་ཚང་གི་ངོས་ནས་སྔར་གྱི་དབྱིན་ཡིག་རྐྱང་པའི་ཏཱ་ལའི་བླ་མའི་དྲ་ཚིགས་(www.dalailama.com) ཞེས་པ་དེའི་ཇུས་འགོད་གསར་པ་ཞིག་བསྐྱར་དུ་སྒོ་འབྱེད་བྱ་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་ཡོད། སྔར་ཡོད་ཏཱ་ལའི་བླ་མའི་དྲ་ཚིགས་སྟེང་བོད་ཡིག་མེད་པ་དང་རྒྱུ་ཆ་འཐུས་ཚང་མིན་པ། གསར་འགྱུར་དུས་ཐོག་ལ་སྤེལ་ཐུབ་ཀྱིན་མེད་པ་སོགས་ཀྱི་ཐད། བོད་རིགས་དྲ་དམངས་ཚོས་གླེང་སློང་དང་དགོངས་འཆར་སྣ་ཚོགས་འདོན་བཞིན་ཡོད་སྟབས། ཐེངས་འདིར་ཏཱ་ལའི་བླ་མའི་དྲ་ཚིགས་གསར་པ་ཞིག་བསྐྱར་དུ་གཏོང་རྒྱུའི་གསལ་བསྒྲགས་བྱས་མ་ཐག དྲ་ཚིགས་གསར་པ་དེར་བོད་ཡིག་ཡོད་མེད་དང་། སྔར་དང་མི་འདྲ་བའི་ཆ་རྐྱེན་གང་ཡོད་སོགས་ལ་དྲི་བ་མང་པོ་ཞིག་ཡོང་གིན་ཡོད་སྟབས། འདི་གའི་གསར་འགོད་པས་ཏཱ་ལའི་བླ་མའི་དྲ་ཚིགས་གསར་པར་རྒྱུས་ལོན་བྱ་ཆེད། དེ་རིང་སྔ་དྲོ་སྐུ་སྒེར་ཡིག་ཚང་ལ་ཆེད་བཅར་གྱིས་སྐུ་སྒེར་དྲུང་ཆེ་རྣམ་པར་འབྲེལ་བ་ཞུས་སྐབས། དྲུང་ཆེ་འཆི་མེད་རིག་འཛིན་མཆོག་དང་། དྲུང་ཆེ་རྔ་བ་ཚེ་རྒྱམ་མཆོག་རྣམ་གཉིས་ཨོ་སི་ཊི་ལི་ཡར་༧གོང་ས་མཆོག་གི་སྐུ་བཅར་དུ་ཕེབས་ཏེ་མི་བཞུགས་སྟབས། ཁ་པར་བརྒྱུད་སྐུ་ངོ་བྲེ་སེང་ལགས་སུ་འབྲེལ་བ་གནང་པར། སྐུ་སྒེར་ཡིག་ཚང་གི་དྲ་ཚིགས་དོ་དམ་པ་དང་བརྙན་འཕྲིན་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ཆོས་འབྱོར་ལགས་གསར་འགོད་པར་ཐུག་འཕྲད་བྱེད་དུ་བཏང་བྱུང་།

 

སྐབས་དེར་གསར་འགོད་པས་བསྟན་འཛིན་ཆོས་འབྱོར་ལགས་སུ་དྲ་ཚིགས་གསར་པ་དེའི་སྐོར་ལ་གླེང་མོལ་བྱས་སྐབས། ཁོང་གིས་ཧ་ཅང་དྭངས་སྣང་ཆེན་པོས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་དང་། ཁོང་སྒེར་གྱི་བསམ་ཚུལ་བཅས་བརྗོད་དོན། ངའི་མིང་ལ་བསྟན་འཛིན་ཆོས་འབྱོར་ཟེར་གྱིན་ཡོད། སྐུ་སྒེར་ཡིག་ཚང་གི་པར་པ་དང་བརྙན་འཕྲིན་སྡེ་ཚན་གྱི་འགན་འཛིན། དྲ་རྒྱ་དོ་དམ་པ་སོགས་ཀྱི་ལས་ཀ་བྱེད་ཀྱིན་ཡོད། ང་ཚོས་ཏཱ་ལའི་བླ་མའི་དྲ་རྒྱ་གསར་པ་བཟོས་པ་མ་རེད། སྔར་དྲ་རྒྱའི་སྟེང་ཡོད་པའི་༧གོང་ས་མཆོག་གི་ལོ་རྒྱུས་རགས་བསྡུས་དང་ད་བར་གྱི་མཛད་འཆར་སོགས་རང་འཇགས་ཐོག དྲ་རྒྱ་རྙིང་པའི་མདུན་ངོས་སུ་གནས་ཚུལ་ཆ་ཚང་བ་ཞིག་མཐོང་ཐུབ་ཀྱིན་ཡོད་པ་མ་རེད། ཐེངས་འདིར་༧གོང་ས་མཆོག་གི་མཛད་འཆར་དང་གསར་འགྱུར། བརྙན་འཕྲིན། བཀའ་སློབ་སྒྲ་འཇུག་སོགས་དྲ་རྒྱའི་མདུན་ངོས་སུ་འཆར་ཐུབ་པ་བཟོས་ཏེ། ཀློག་པ་པོ་ཚོར་སྟབས་ཇེ་བདེར་བཏང་བ་ཙམ་རེད། གསར་པ་ཞིག་ལ། ང་ཚོས་དོན་གཅོད་ཁག་དང་འབྲེལ་བ་བྱས་ཏེ། ༧གོང་ས་མཆོག་གི་ཕྱི་རྒྱལ་གྱི་མཛད་འཕྲིན་ཁག་གི་བརྙན་འཕྲིན་དང་སྒྲ་འཇུག པར་སོགས་བསྡུ་རུབ་བྱས་ཏེ་ཐེངས་འདིར་དྲ་རྒྱའི་སྟེང་ཁ་སྣོན་བྱས་ཡོད། ཅེས་གསུངས་སོང་།

 

ཡང་གསར་འགོད་པས་ཁོང་ལ་དེང་སྐབས་བོད་ཕྱི་ནང་གཉིས་སུ་བོད་ཡིག་གི་དྲ་ཚིགས་དར་ཁྱབ་ཆེ་པ་དང་། སྔར་གྱི་སྐུ་སྒེར་ཡིག་ཚང་གི་དྲ་ཚིགས་སྟེང་བོད་ཡིག་མེད་པ་དེར་སྤྱི་ཚོགས་ནང་གླེང་སློང་ཡོང་གིན་ཡོད་སྐོར། ཐེངས་འདིའི་ཏཱ་ལའི་བླ་མའི་དྲ་ཚིགས་བསྐྱར་བཅོས་ལ་བོད་ཡིག་ཡོད་མེད་བཅས་ཀྱི་སྐོར་དྲིས་པར་ཁོང་ཡང་ཅུང་དོག་མི་བདེ་བའི་ངང་བརྗོད་དོན། ང་ཚོའི་དྲ་ཚིགས་གསར་པ་དེ་བཟོ་མཁན་ཕྱི་རྒྱལ་བ་ཞིག་ཡིན། སྤྱིར་ཐོག་མ་ནས་བོད་ཡིག་གི་དྲ་རྒྱ་བཟོ་རྒྱུའི་འཆར་གཞི་ཞིག་ཡོད་པ་རེད། འོན་ཀྱང་། ལུང་པ་གང་ནས་ཡིན་རུང་ལྟ་ཀློག་བྱ་ཐུབ་པའི་བོད་ཡིག་གི་ཡིག་གཟུགས་གང་འདྲ་ཞིག་གི་ཐོག་ལ་བཟོ་རྒྱུའི་གཏན་འཁེལ་དེ་ད་དུང་བྱ་ཐུབ་ཡོད་པ་མ་རེད། གང་ཡིན་ཟེར་ན། དེང་སྐབས་བོད་ཡིག་གི་ཡིག་གཟུགས་མང་པོ་ཞིག་ཐོན་ཡོད་པ་རེད། ཏཱ་ལའི་བླ་མའི་དྲ་ཚིགས་དེ་ནི་ཡིག་གཟུགས་ཚད་ལྡན་ཞིག་གི་ཐོག་ལ་བཟོ་རྒྱུ་གལ་ཆེན་པོ་ཆགས་ཡོད། ད་ཆར་ང་ཚོས་བོད་ཡིག་གི་དྲ་ཚིགས་གསར་བཟོའི་སྐོར་ལ་ལས་ཀ་བྱེད་ཀྱིན་ཡོད། མི་འགྱངས་པར་བོད་ཡིག་གི་ཏཱ་ལའི་བླ་མའི་དྲ་ཚིགས་ཚད་ལྡན་ཞིག་སྤེལ་གཏོང་བྱ་ཐུབ་རྒྱུར་རེ་བ་རྒྱག་གིན་ཡོད། ཅེས་བརྗོད་བྱུང་།

 

ཁོང་ལ་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ཅན་གྱི་བོད་ཡིག་གི་དགེ་མཚན་སྐོར་དང་། ཧི་མ་ལ་ཡའི་བོད་ཡིག་དང་སྨོན་ལམ་བོད་ཡིག་གསུམ་པ། དེ་ལས་གཞན་པའི་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ཅན་གྱི་བོད་ཡིག་ཁག་ཅིག་ངོ་སྤྲོད་དང་བཅས། ཁོང་རང་ཉིད་གྱི་དགོངས་ཚུལ་ལྟར་ན་ཏཱ་ལའི་བླ་མའི་དྲ་ཚིགས་དེ་ཡིག་གཟུགས་གང་ཞིག་གི་སྟེང་བཟོས་ན་ལེགས་ཚུལ་དྲིས་པར། ང་རང་གི་བསམ་པར་ཧི་མ་ལ་ཡའི་བོད་ཡིག་དེ་ཡག་པོ་མེད་དམ་སྙམ་གྱིན་ཡོད། གང་ཡིན་ཟེར་ན། བོད་ནང་ལྟ་བུར་མཚོན་ན། ཊེ་སེ་ཨར་སེ་བོད་ཡིག་ལ་རྒྱུས་མངའ་ཡོད་པ་མ་རེད་ལ། བེད་སྤྱོད་ཀྱང་གཏོང་ཐུབ་གི་མ་རེད། དེ་བས་ཧི་མ་ལ་ཡའི་བོད་ཡིག་དེ་ནི་ unicode སྟེང་ལ་བཟོས་ཡོད་སྟབས་སྤུས་ཚད་མཐོན་པོ་རེད། ལྷག་པར་དུ་དེང་སྐབས་གློག་ཀླད་སྒེའུ་ཁུང་གསར་པ་ window visita ཁྱབ་ཆེན་པོ་ཆགས་ཀྱིན་ཡོད་ལ། དེ་བཞིན་ཉེ་ཆར་སྒེའུ་ཁུང་བདུན་པ་ Window-7 ཡང་ཐོན་ཡོད་པ་རེད། ཧི་མ་ལ་ཡའི་བོད་ཡིག་དེ་སྒེའུ་ཁུང་དེ་དག་དང་མཉམ་སྦྱར་དུ་ཡོད་ཡོད་པ་རེད། དྲ་རྒྱ་ཞིག་ཡིན་དུས་མི་ཚང་མས་ལྟ་ཀློག་ཐུབ་རྒྱུ་གཙོ་བོར་འཛིན་དགོས་པ་རེད། ཅེས་བརྗོད་བྱུང་།

 

མཇུག་མཐར་ངེད་གཉིས་སྐུ་སྒེར་ཡིག་ཚང་གི་དེ་སྔའི་དབྱིན་ཡིག་རྐྱང་པའི་དྲ་ཚིགས་དེར་དོ་དམ་བྱེད་ཕྱོགས་དང་དྲ་ཚིགས་ཀྱི་བདག་དབང་སུ་ལ་ཡོད་མེད། དེ་བཞིན་རྒྱ་ཡིག་གི་དྲ་ཚིགས་ཚད་ལྡན་ཞིག་ཀྱང་དགོས་གལ་ཆེ་བའི་སྐོར་ནས་གླེང་སྐབས། སྔར་གྱི་དབྱིན་ཡིག་རྐྱང་པའི་དྲ་ཚིགས་དེ་ཕྱི་ལོ་ ༢༠༠༥ ཟླ་ ༡༢ ཚེས་ ༡༠ ལ་གསར་དུ་སྒོ་འབྱེད་བྱས་པ་རེད། དྲ་ཚིགས་འདིའི་བདག་དབང་སྐོར་ང་ལ་རྒྱུས་མངའ་མེད་མོད། གོ་ཐོས་སུ་དྲ་ཚིགས་ཀྱི་ཁ་བྱང་དེ་ཐོག་མར་ཕྱི་རྒྱལ་བ་ཞིག་གིས་བདག་བཟུང་བྱས་ཡོད་རབས་འདུག རྗེས་སུ་ཕྱི་རྒྱལ་བ་དེས་སྐུ་སྒེར་ཡིག་ཚང་ལ་ཕུལ་བ་རེད་ཟེར། ང་ཚོའི་དྲ་ཚིགས་འདིར་དམིགས་བསམ་གྱི་རྩོམ་སྒྲིག་པ་དེ་འདྲ་ཡོད་པ་མ་རེད། ༧གོང་ས་མཆོག་གི་མཛད་འཆར་ཁག་དང་། གསར་ལམ་གཞན་དུ་ཐོན་པའི་༧གོང་ས་མཆོག་གི་གནས་ཚུལ་ཁག་བསྡུ་རུབ་བྱས་ཏེ་འདྲེན་བཀོད་བྱེད་ཀྱིན་ཡོད། དྲ་ཚིགས་འདིར་ལས་ཀ་བྱེད་མཁན་ང་ཚོ་མི་གསུམ་ཡོད། ད་ཆར་ཟླ་རེར་ཀློག་གྲངས་ཆིག་འབུམ་ ༡༠༠༠༠༠ ལྷག་ཟིན་གྱིན་འདུག ང་ཚོར་གཞན་( www.dalailamaworld.com)ཟེར་བའི་རྒྱ་ཡིག་རྐྱང་པའི་དྲ་ཚིགས་ཤིག་ཀྱང་ཡོད་ལ། དྲ་ཚིགས་འདི་གཉིས་འབྲེལ་མཐུད་བྱས་ཡོད། དབྱིན་ཡིག་དྲ་རྒྱའི་སྟེང་ཡོད་པའི་རྒྱུ་ཆ་གང་ལ་གང་འཚམ་རྒྱ་ཡིག་ཐོག་ཏུའང་བསྒྱུར་ཏེ་བཀོད་ཡོད་པ་རེད། ཅེས་ཞིབ་ལྷུག་གིས་ངོ་སྤྲོད་གནང་བྱུང་།

 

འབྲེལ་ཡོད་གསར་འགྱུར།

Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

ཆུ་ཚོད་ ༡༢ སྔོན་ལ།
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

ཆུ་ཚོད་ ༡༢ སྔོན་ལ།
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

ཆུ་ཚོད་ ༡༤ སྔོན་ལ།
གསར་འགྱུར།

ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་དགུ་པ་འཚོག་གིན་འདུག

༢༠༢༦/༠༡/༠༦
From left to right: US President Donald Trump, Venezuela’s President Nicolas Maduro and Chinese President Xi Jinping. Graphic by Adekunle Owolabi
Mobile App

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱེད་དོན་ནི་སྣུམ་གྱི་ཐོན་ཁུངས་ཆེད་རེད་ཟེར།

༢༠༢༦/༠༡/༠༥
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༤ ཉིན་ནས་བཟུང་དགེ་འདུན་པ་བློ་བཟང་ཚེ་རིང་ལགས་དང་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་རྣམ་གཉིས་ཀྱིས་ནང་པའི་གནས་ཆེན་བརྒྱད་ལ་རྐྱང་ཕྱག་འཚལ་ནས་སྐོར་བཞིན་པ། པར་དོ་བདག་ནས་འདི་གར་མཁོ་སྤྲོད་གནང་།
Mobile App

དགེ་འདུན་པ་གཉིས་ཀྱིས་ནང་པའི་གནས་ཆེན་བརྒྱད་ལ་རྐྱང་ཕྱག་འཚལ་ནས་ཕེབས་ཀྱི་འདུག

༢༠༢༦/༠༡/༠༥

མཆན། 36

  1. ཨ་ལ་ལ says:
    ལོ་ 16 སྔོན།

    གནས་འདིར་དྲ་གྲོགས་རྣམ་པས་ཐུགས་ཁྲེལ་གྱིས་རེ་སྐུལ་དང་མཉམ་དུ་སྨེ་ངག་ཀྱང་ཤོར་འདུག ཡིན་ཡང་ངའི་བསམ་པར་རེ་སྐུལ་ཞུ་དགོས་པར་མ་མཐོང་ལ་དེ་ལས་ཀྱང་༧གོང་ས་མཆོག་ལ་སྙན་གསེང་ཞུ་དགོས་པ་དེ་ལས་ཀྱང་མ་མཐོང་། གང་ཞེ་ན། དང་པོ། བོད་ཀྱི་རྩ་དོན་དེ་འགོ་གཙོ་རྣམས་ཀྱིས་ཐུགས་འཁུར་དང་སྣེ་འཁྲིད་ནས་གནང་དགོས་པ་ཞིག་ལས་གཞན་ཞིག་ཆགས་མེད། གཉིས་པ། ༸གོང་ས་མཆོག་ལ་ཞུས་ཀྱང་ལས་ཀ་དེ་དག་གཤམ་འོག་ནས་བསྒྲུབ་དགོས་པའི་ལས་ཀ་ཞེ་གཅིག་ཡིན་པས་འོག་ནས་ཁོང་གི་བཀའ་ལ་ཆེད་དུ་དང་ལེན་མ་བྱས་པའི་བྱ་སྤྱོད་བརྩམ་ན་མགོན་པོ་གང་ལའང་བྱ་ཐབས་ཅི་ཡང་མེད། གནའ་ནས་ད་བར་དུ་༸གོང་ས་མཆོག་ནས་ལས་དོན་ཆེ་ཕྲ་མཐའ་དག་ལ་ཐུགས་ཁུར་གྱིས་གཤམ་ལ་བཀའ་ཕེབས་མ་གནང་བ་དང་ཐུགས་རེ་མ་གནང་བ་ཞིག་འདས་པའི་ལོ་རྒྱུས་ནང་དུ་གཅིག་ཀྱང་མེད་མོད་གཤམ་ནས་དང་ལེན་མ་བྱས་ན་དོན་ངོ་མ་ལ་༌གོང་ས་མཆོག་ལའང་ཐབས་གཞན་ཅི་ཡང་ཡོད་པ་མ་རེད། དེའི་རྐྱེན་གྱིས་གནད་དོན་འདི་དག་ངོས་ཟིན་དགོས་པ་རེད། མདོ་དོན་ཐུག་ས་ནི་གནད་དོན་གཉིས་རེད། གཅིག་ནི་མཐོ་སྐུ་ངོ་རིམ་པས་མི་རིགས་དང་༌གོང་ས་མཆོག་ལ་ལྟ་སྟངས་ཞིག་དང་། གཉིས་པ་དམའ་འབངས་མི་རྣམས་ཀྱིས་མི་རིགས་དང་གོང་ས་མཆོག་ལ་ལྟ་སྟངས་གཉིས་སོ་སོར་ཡོད་པ་དེ་རེད། དེས་ན་ང་ཚོས་ཤེས་དགོས་པ་ནི་མཐོ་རིམ་སྐུ་ངོ་རྣམ་པ་ལ་ཤེས་ཡོན་དང་ཀླད་པ་ནི་ང་ཚོ་ལས་ལྡབ་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པ་ཡོད་སྟབས་ཁོང་ཚོས་མ་ཤེས་པ་མིན་པར་བ་ལྟ་དགོས་རྒྱུ་དེ་དང་། དེ་འདྲ་ཡོད་བཞིན་དུ་ཐུགས་གནང་དང་དོ་ཁུར་མི་བྱེད་པར་དེ་མུར་སྡོད་ཐུབ་པའི་ཆོད་སེམས་དང་སྤོབས་པ་དེ་གང་ནས་ཡོང་བའི་རྒྱུ་རྐྱེན་ཤེས་དགོས་རྒྱུ་དེ་རེད། དེ་ལྟ་ན། གནས་བབ་དེ་འདྲ་ཞིག་གི་འོག་ཏུ་ང་ཚོའི་རེ་སྐུལ་ལ་དང་ལེན་བྱེད་མི་སྲིད།་ གལ་སྲིད་བྱེད་ཁུལ་འདྲ་བྱས་ཀྱང་དམིགས་ཚུལ་གཞན་ཞིག་གི་ཆེད་དུ་ལས་ཡང་དག་པ་ཞིག་མིན། དེ་འདྲ་ཡིན་པའི་ཤེས་བྱེད་གཅིག་ནི་༌གོང་ས་མཆོག་གི་མཛད་འཕྲིན་གང་གནང་ཐམས་ཅད་ལ་ནུས་པ་བརྒྱ་ཆའི་བརྒྱ་ཐོན་ཐུབ་པའི་ནུས་པ་ནི་ཡིག་ཚང་དེ་ལ་ཡོད་པ་དང་། ད་དུང་བོད་གཞིས་ལུས་གཉིས་ཀའི་སྤྱི་སྒེར་ཆེ་ཕྲ་མཐའ་དག་གི་བདེ་སྡུག་ཀྱང་ཡིག་ཚང་དེ་ལ་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཆགས་ཡོད་པས་བདེ་སྡུག་གི་ཆེད་དུ་དཔེར་ན་སྙན་ཞུའི་ངོ་བཤུས་རེ་མ་ཕུལ་བ་ཡང་ཕལ་ཆེར་མེད་ཚོད་རེད། ཡིན་ཡང་ཐག་གཅོད་ཀྱི་ནུས་ཤུགས་ཆ་ཚང་ཡོད་ཀྱང་གྲུབ་འབྲས་ཐད་ལ་ད་ལྟ་བཤད་བཞིན་པའི་བོད་ཡིག་གི་དྲ་རྒྱ་ཞིག་ཀྱང་བསྐྲུན་མེད་པ་ལྟ་བུ་རེད། དངོས་ནས་བྱས་ན་ཡིག་ཚང་འདི་ནི་་བོད་ཀྱི་སྤྱི་་ཚོགས་སུ་རྒྱུ་དབང་གཉི་གའི་ཚད་མཐོ་ཤོས་དེ་མ་ཡིན་ནམ། དེས་ན་མདོ་དོན་ནི་༸གོང་ས་མཆོག་གིས་སྐུ་ངོ་འདི་དག་རླགས་འཁེལ་གྱི་མེད་ན་ང་ཚོར་ནུས་པ་ཞིག་གང་ན་ཡོད།

    Reply
  2. ངྷ་སའི་ཟ་ལེ་རྒྱལ། says:
    ལོ་ 16 སྔོན།

    སྐུ་སྒེར་ཡིག་ཚང་གིས་བོད་ཡིག་བེད་སྤྱོད་བཏང་རོགས་ཞུ།

    Reply
  3. kunsal says:
    ལོ་ 16 སྔོན།

    དྲྭ་ཚིགས་སུ་བོད་ཡིག་རྩ་བ་ནས་མེད་པ་མ་རེད། ཞི་བ་ལྷས། ཇི་སྲིད་ནམ་མཁའ་གནས་པ་དང་། འགྲོ་བ་ཇི་སྲིད་གནས་གྱུར་པ། དེ་སྲིད་བདག་ནི་གནས་གྱུར་ནས། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །།
    ཅེས་དྲྭ་ཚིགས་ཀྱི་ཀླད་དུ་ཧིན་དབྱིན་སོགས་རེ་མོས་ཀྱི་འཆར་བཞིན་འདུག
    བོད་ཡིག་ཤོ་ལོ་ཀ་གཅིག་རང་ལས་མེད་པ་ནི་བློ་ཕམ་སྐྱེ་གཞི་རང་རེད། དུས་བབ་ཚང་ནས་བཅར་དྲི་གནང་ཡུལ་ཀྱི་གསུང་བབ་ལ་གཞིགས་ན་མ་འོངས་པར་བོད་ཡིག་ཡོང་རེའི་རྣམ་པ་འདུག་པ་ནི་དགའ་འོས་པ་ཞིག་རེད། དེ་ལྟར་བོད་ཡིག་གི་དྲྭ་ཚིགས་བཟོ་རྒྱུའི་འཆར་གཞི་ཡོད་ཚེ་ད་ལྟ་ནས་བོད་ཡིག་མཁས་པ་གསོ་སྐྱོང་གནང་གལ་ཆེ། དེ་མིན་ད་ལྟ་ཚིག་རྐང་གཅིག་རང་ཡོད་པ་དེར་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ལྟར་ན། ཚིགས་བཅད་རྐང་མཐར་ཉིས་ཤད་ཐོབ། ཟེར་བ་ཡོངས་གྲགས་ཡིན་ཡང་ཤད་གཅིག་ལས་མེད་པ་དང་། འཇུག་ཏུ་བཞི་ཤད་ཡོད་ཀྱང་མགོར་ཡིག་མགོ་མེད་པ་འདི་ནི་བོད་ཡིག་ལ་ཐུགས་སྣང་ཆེས་ཆུང་བའི་སྣང་ཚུལ་ཡོང་འདུག་པས་དེ་དོན་འབྲེལ་ཡོད་ནས་དགོངས་བཞེས་ཡོང་བའི་རེ་བ་ཡོད།

    Reply
  4. གུང་རུ་འབྱོར་མཆོག says:
    ལོ་ 16 སྔོན།

    བོད་ཡིག་ཡོད་ན་ཧ་ཅང་ལེགས།།སྐུ་སྒེར་ཡིག་ཚང་གིས་བོད་མི་རྣམ་པའི་རེ་ལ་སླུ་བ་གཏོང་མི་སྲིད་སྙམ།།

    Reply
  5. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    འབྲེལ་ཡོད་ཀྱི་བཤད་པ་ལྟར་དེར་བོད་ཡིག་མེད་པར་ཁག་མི་འདུག འོན་ཀྱང་་
    ཅུང་ཁྱབ་ཆེ་བའི་ཧི་མ་ལ་ཡའི་སྟེང་གནས་སྐབས་རིང་ཡོད་ན་དགེ་ལས་གནོད་་
    མེད་ངེས་རེད། བསྒུག་བསྡད་ནས་ཡོང་རྒྱུ་ཞིག་ཡོད་ན་ཕྲན་ཀྱང་ལས་མེད་ཅིག་
    ཡིན། ཁ་སྟབས་དང་མཐུན་པའི་བོད་ཡིག་ལ་ས་མིག་རེ་འཇོག་པར་ཐུགས་རྗེ་་
    ཆེ། གལ་དེ་དེར་བོད་ཡིག་ཤེས་མཁན་མེད་ཚེ་རྩྭ་མ་ཟོས་པར་ལྕོ་གཏོང་རྒྱུ་་
    མེད་སྟབས་རང་གི་ཕོར་བ་ལས་གལ་ཆེ་བ་གཞན་མེད་པས་ང་ཚོས་བསམས་་་
    ཤེས་ཐུབ་ངེས་ཡིན།

    Reply
  6. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    འབྲེལ་ཡོད་ཀྱི་བཤད་པ་ལྟར་དེར་བོད་ཡིག་མེད་པར་ཁག་མི་འདུག འོན་ཀྱང་་
    ཅུང་ཁྱབ་ཆེ་བའི་ཧི་མ་ལ་ཡའི་སྟེང་གནས་སྐབས་རིང་ཡོད་ན་དགེ་ལས་གནོད་་
    མེད་ངེས་རེད། བསྒུག་བསྡད་ནས་ཡོང་རྒྱུ་ཞིག་ཡོད་ན་ཕྲན་ཀྱང་ལས་མེད་ཅིག་
    ཡིན། ཁ་སྟབས་དང་མཐུན་པའི་བོད་ཡིག་ལ་ས་མིག་རེ་འཇོག་པར་ཐུགས་རྗེ་་
    ཆེ། གལ་དེ་དེར་བོད་ཡིག་ཤེས་མཁན་མེད་ཚེ་རྩྭ་མ་ཟོས་པར་ལྕོ་གཏོང་རྒྱུ་་
    མེད་སྟབས་རང་གི་ཕོར་བ་ལས་གལ་ཆེ་བ་གཞན་མེད་པས་ང་ཚོས་བསམས་་་
    ཤེས་ཐུབ་ངེས་ཡིན།

    Reply
  7. བྱམས་རྒྱལ། says:
    ལོ་ 16 སྔོན།

    བརྩེ་བའི་དྲ་གྲོགས་རྣམ་པ་ཚུར་ལ་གསོན།
    སྐུ་སྒེར་ཡིག་ཚང་ཞུ་ཡིག་འབུལ་འདོད་ན།
    ངེས་པར་དབྱིན་ཡིག་ཐོག་ཏུ་བྲིས་མ་གཏོགས།
    དེ ་ན་བོད་ཡིག་ཤེས་མཁན་ཡོད་མ་ཡིན་།

    Reply
  8. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    སྐུ་སྒེར་ཡིག་ཚང་ལ་ཡི་གེ་སོགས་ཕུལ་ཏེ་སྐྱབས་འཇུག་ཞུ་བ་ལས་གོ་སྐབས་བྱུང་ན་ཐད་ཀར་༧ གོང་ས་མཆོག་ལ་ཞུ་ཐུབ་ན་མི་ལེགས་སམ། བོད་ཡིག་ལ་དོ་སྣང་ཙམ་མེད་པའི་སྐུ་ངོ་ཚོར་ཞུ་བ་ལས་སེམས་པ་དཀར་བའི་སྐུ་སྲུང་དམག་མི་རེ་གཉིས་ལ་བཤད་ཐུབ་ན་དགའ།
    དབྱིན་ཡིག་ཤེས་མདོག་བྱེད་མཁན་གྱི་ལས་བྱེད་ཚོར་ཞུ་བ་ལས་ཕོ་བྲང་གི་ཕྱི་ནང་གཡས་གཡོན་གཙང་མ་བཟོ་མཁན་ཚོར་བཤད་ན་དགའ།

    Reply
  9. གྲགས་པ་རྒྱ་མཚོ། says:
    ལོ་ 16 སྔོན།

    ཚང་མས་སྐུ་སྒེར་ཡིག་ཚང་ལ་ཡི་གེ་ཕུལ་ཏེ་སྐྱབས་འཇུག་ཞུ་ན་ལེགས་པར་སྙམ། ང་ཚོའི་ཟིན་བྲིས་ཁོང་ཚོས་ཀློག་གི་མ་རེད། འདི་འདྲ་བྲིས་ན་ཕན་ཐུབ་མེད་ཁོ་ཚོས་བོད་ཡིག་གཟིགས་ཀྱི་མ་རེད།

    Reply
  10. གྲགས་པ་རྒྱ་མཚོ། says:
    ལོ་ 16 སྔོན།

    དངོས་གནས་སྐུ་སྒེར་ཡིག་ཚང་ངོ་ཚ་དགོས་པ་ཞིག་རེད། ཁ་ནས་རྒྱ་ནག་གི་རིག་གཞུང་གཏོར་བཤིག་བཏང་གི་འདུག་ཟེར་བ་ལས། དོན་དུ་སོ་སོས་རིག་གཞུང་ལ་མཐོང་ཆུང་གནང་གི་འདུག ཡིག་གཟུགས་ཚད་ལྡན་ཞིག་དགོས་ན་ད་ལྟ་ཧི་གཟུགས་དང་སྨོན་ལམ་གཉིས་ལས་ཁྱབ་ཆེ་བ་མེད་མོད། དེ་གཉིས་ལ་བཟོ་དང་རྗེས་སུ་བཟོ་བཅོས་ཆོག་གི་མ་རེད་དམ། དེ་མིན་ན་སྐུ་སྒེར་ཡིག་ཚང་གིས་ཡིག་གཟུགས་ཚད་ལྡན་ཞིག་བཟོས་དང་།

    Reply
  11. བློ་བཟང་བསྟན་འཛིན། says:
    ལོ་ 16 སྔོན།

    ངོ་ཚ་གོས་ས་འདི་ཚོ་རེད། མི་གཞན་ལ་བཤད་ན་དངོས་གནས་ངོ་ཚ། ཨ་གྲུང་ནང་གི་ད་གྲུང་། སྒོ་ངའི་ནང་གི་སེར་རིལ། བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད།
    དྲྭ་ཚིགས་འདི་ལ་བོད་ཡིག་མེད་པ་རེད། ཡཱ་ཡཱ་སྐུ་སྒེར་ཡིག་ཚང་ནས་བོད་མི་རིགས་དང་བོད་ཡིག་ལ་མཐོང་དང་གལ་ཆེ་ཆུང་ག་ཚོད་ཡོད་པའི་་མདོག་སྐྱ་འདི་ཡིན་པ་རེད། བློ་ཕམ་ཆེན་པོ་བྱུང།

    Reply
  12. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    སྐུ་སྒེར་ཡིག་ཚང་གིས་བོད་ཡིག་མེད་པའི་དྲ་ཁང་གསར་པ་བཟོས་པ་དེ་དོན་དག་ཡོད་པ་ཞིག་རེད། ཅི་ཕྱིར་ཞེ་ན། བོད་ཡིག་ཀློག་མཁན་ནི་གྲྭ་བ་མགོ་རིལ་དང་གྲྭ་ལོག་སྐྲ་རིང་ང་ལྟ་བུ་རྣམས་ནི་དེང་སང་བོད་པའི་མི་དྲག་སྐུ་དྲག་ཚོས་ཀ་སྐྱ་དང་ལྐུག་པ་མི་གཏོགས་ལབ་མི་ཡོང། དབྱིན་སྐད་ཐོག་ནས་བྲིས་ན་མགོ་སེར་སྤྱིན་བདག་རེ་ཐོབ་པའི་རེ་བ་དང་རྒྱ་མི་སྐད་ནས་བྲིས་ན་རྒྱ་མི་རྣམས་ཀྱི་སེམས་པ་ཆོས་ལ་ཕྱོགས་ཐུབ་པའི་རེ་བ་ཡོད་པ་མ་ཡིན་ནམ།་ཧཧཧཧཧཧ
    སྐྱུར་མི་རུང་བ་དེ་རྒྱབ་དུ་སྐྱུར། བློན་ཚ་ཞང་མདན་མ་རྒྱབ་དུ་སྐྱུར།
    ལེན་མི་རུང་བ་དེ་པང་དུ་ལེན། དགྲ་ཤན་པ་དམར་པོ་པང་དུ་ལེན།
    བོད་ཡིག་འདིར་མདུན་ལམ་མེད་པ་ཉིན་རེ་ནས་ཉིན་རེ་ཇི་གསལ་ནས་ཇི་གསལ་འགྲོ་བཞིན་འདུག་གོ

    Reply
  13. དཀོན་མཆོག says:
    ལོ་ 16 སྔོན།

    སྐུ་སྒེར་ཡིག་ཚང་གི་ལས་བྱེད་དག་གིས་འགན་གཙོ་བོ་དེ་ནི་སོ་སོའི་རྐུབ་ཀྱག་སྲུང་རྒྱུ་དེ་རེད། མ་གཏོགས་བོད་ཡིག་དྲ་ཚིགས་ཞིག་གཉེར་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད་སྙམ། གང་ལགས་ཞུ་ན། བསྔོ་བརྟེན་དང་སྐྱབས་བརྟེན་ལ་སོགས་པའི་འབྱོར་འཛིན་ཐོག་ལ་མིང་སོགས་དག་མོར་ཞིག་འབྲི་ཐུབ་ཀྱི་མེད་པར་དྲ་ཚིགས་ཞིག་གང་འདྲ་གཉེར་ཐུབ། མ་ཟད་དབྱིན་ཡིག་དྲ་ཚིགས་དེའང་གཞན་ཞིག་གིས་བཟོས་ནས་འཕུལ་བ་རེད་འདུག་མ་གཏོགས་ཁོང་ཚོས་བཟོས་པ་ཞིག་རེད་མི་འདུག
    གོང་དུ་དྲ་གྲོགས་ཞིག་གིས་ད་ཡོད་བོད་ཡིག་དྲ་ཚིགས་ཁག་དུ་ཡིག་ནོར་ཧ་ཅང་མང་པོ་ཡོད་པ་དང་མ་ཟད་དྲ་ཚིགས་དག་ཧ་ལམ་ཆ་མ་ཚང་བ་རེད་ཅེས་བཤད་འདུག བདེན་པ་ཡིན་རྒྱུ་རེད། བཟོ་མཁན་དག་ཆ་འཕྲིན་ལག་རྩལ་ལ་དེ་ཙམ་བྱང་ཆུབ་པ་མེད་བར་དང་དྲ་ཚིགས་བཟོ་མཁན་དག་ཕ་སྐད་ལ་ཆེས་དུང་བ་ཆེ་དྲག་ནས་མ་སྐུལ་དང་བླངས་ཀྱི་སྒོ་ནས་གསར་འཛུགས་ཞུས་པ་ཤ་སྟག་རེད་མ་གཏོགས། རྒྱུ་ཆེ་དྲག་ནས་མ་རེད་ལ་ཤེས་འཇོན་ཆེ་དྲག་ནས་དེ་བས་ཀྱང་ག་ལ་ཡིན།
    གྲོགས་པོ་ཁྱེད་རང་གིས་བོད་ཡིག་དྲ་ཚིགས་ཡིག་ནོར་མེད་པར་དང་ཆ་ཚང་བར་ཞིག་བཟོ་རོགས་དང་འགྲོ་སོང་ངམ་གནས་གོང་ག་ཚོད་འགྲོ་ཡང་ང་ཚོ་ཀློག་མཁན་དག་གིས་ཞབས་འདེབས་ཕུལ་ཆོག།
    དཀོན་མཆོག་བོད་རང་བཙན་དྲ་ཚིགས་ནས།།

    Reply
  14. ཨ་ཆགས་ཚེ་རྡོར།་ says:
    ལོ་ 16 སྔོན།

    གྲོགས་ནད་པ་ལགས།་བོད་བཙན་བྱོལ་གཞུང་མང་གི་འཐུས་ཤོར་གང་ཕྱིན་པ་དེའི་ཁོངས་སུ་སྐུ་ཉིད་ཀྱང་ཚུད་ཡོད་པ་མཁྱེན་པར་མཛོད།་

    Reply
  15. ཨ་ཆགས་ཚེ་རྡོར།་ says:
    ལོ་ 16 སྔོན།

    བློ་བཟང་ཚེ་རིང་ལགས།་མི་སྐྱོན་མེད་འཇིག་རྟེན་ཁམས་ན་མེད།་ཤིང་འཛེར་མེད་རྒྱ་ནགས་ན་མེད་ཅེས་པའི་དཔེ་ལྟར།་ཁ་ཡར་གྲགས་ལ་རང་གི་གཞུང་དང་ལས་ཀྱི་སྣེ་མོ་རྣམས་ལ་གཤེ་བསྡད་མཁན་འདི་རིགས།་གཞན་གྱིས་བྱས་པར་སྐྱོན་འཛུགས་བྱེད་རྒྱུ་ལས་རང་བྱས་འདི་ཡིན་སྟོན་རྒྱུ་མེད་མཁན་དག་ཡིན་ཚད་འདུག་
    གཞན་སྐྱོན་རྐྱང་མ་བརྗོད་ན་བཟང་གི་རེད།

    Reply
  16. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    དཔེར་ན་དུས་བབ་དྲྭ་ཚིགས་ཀྱི་ད་དུང་མདུན་ངོས་སུ་གསར་འགྱུར་འགོད་སའི་ས་ཚིགས་རྒྱ་ཆེ་བ་དང་གཞན་པ་རྣམས་ཕྱིར་མངོན་མ་ཐུབ་པར་ཐད་གར་ལྟས་ན་ཆ་རྐྱེན་གཞན་པ་དེ་ཙམ་ཡོད་པ་མཐོང་དཀའ། མི་རྒྱུས་ཡོད་་ཅིག་ཡིན་ན་མ་གཏོགས་ཟིན་བྲིས་སོགས་སུ་འགྲོ་རྒྱུ་ཡང་དེ་ཙམ་སྟབས་བདེ་སྣང་མེད།
    རེད་དེ་ཁོང་ཚོའི་ཐོག་མའི་འཆར་འགོད་འདིས་ད་ལྟའི་བར་བྱ་བཞག་རླབས་པོ་ཆེ་འགྲུབ་ཡོད་པ་ནི་དྲྭ་གྲོགས་ཚང་མའི་མཁྱེན་གསར་ལྟར་རེད།
    དགོངས་དག་་་་སླར་ཡང་བཀྲིས་བདེ་ལེགས་ཞུ་ཞུ།

    Reply
  17. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    བོད་དོན་འཐབ་རྩོད་༸གོང་ས་གཅིག་པོའི་སྐལ།།
    བོད་ཡིག་སྦྱོང་པ་མེད་པོ་རྣམས་ཀྱི་བྱ།།
    རྐུབ་སྟེགས་མཐོན་པོ་ཅན་ཚོས་ལས་ཀ་ནི།།
    ཉི་མ་འཁྱོལ་ཐབས་ཙམ་གྱིས་ཆོག་ནི་རེད།

    Reply
  18. ནད་པ says:
    ལོ་ 16 སྔོན།

    བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༸ གོང་ས་སྐྱབས་མགོན་ཆེན་པོས་བཙན་བྱོལ་དུ་བཀའ་དྲིན་ཞབས་སོར་འཁོད་པ་ནས་འཛམ་གླིང་གང་སར་ཀུན་ཁྱབ་འགྲོ་བ་མིའི་བྱམས་བརྩེའི་རིན་ཐང་གོང་ཐོར་གཏོང་རྒྱུ་དང་གཅིག རིས་མེད་ཆོས་ལུགས་ཀྱི་མཛའ་མཐུན་གོང་བུ་གཅིག་ཏུ་སྒྲིལ་ཆེད་དང་གཉིས། བོད་ཀྱི་ཆོས་སྲིད་རིག་གཞུང་དང་བཅས་པ་སྔར་ལས་ལྷག་པའི་ཡར་རྒྱས་གཏོང་གནང་མཛད་རྒྱུ་དང་གསུམ་བཅས་བཙན་བྱོལ་དུ་མི་ལོ་ཧྲིལ་པོ་ལྔ་བཅུ་འདས་ཟིན་པ་དང་སྦྲགས་༸ མགོན་པོ་གང་ཉིད་ཀྱིས་མི་ལོ་སུམ་ཅུ་ཙམ་གྱི་རིང་ང་ཚོས་མཐུད་ཤོར་ཚད་མེད་གཅིག་ཕྱིན་པའི་བསྡོམས་རྩིས་ཅིག་བརྒྱབ་ཡོད།

    བསྡོམས་ཚིག་དེའི་ནང་དུ་༸ གོང་ས་མཆོག་གི་སྐུ་སྒེར་ཡིག་ཚང་དུ་༸ མགོན་པོ་གང་ཉིད་ཀྱི་མཛད་པ་འཕྲིན་ལས་སྤྱི་དང་། བོད་ཀྱི་མི་རིགས་དང་། བོད་ཀྱི་ནང་ཆོས། བོད་ཀྱི་རིགས་གཞུང་། བོད་ཀྱི་གནས་སྟངས་སོགས་གང་སྤྱིར་ཞིབ་འཇུག་དང་། བལྟ་ཀློག རྒྱུས་ལོན་བཅས་བྱེད་ཐུབ་པའི་བོད་མི་རིགས་རང་ཉིད་ཀྱི་སྐད་ཡིག་གི་ལམ་ནས་ད་བར་དྲ་བའི་རིག་གནས་ཞིག་གསར་བཟོ་མ་ཐུབ་པར་ལུས་བསྡད་ཡོད་པའི་གནས་ལུགས་འདི་༸ གོང་ས་མཆོག་གིས་གསུངས་པ་ལྟར་མགོན་པོ་གང་ཉིད་ཀྱི་སྐུ་གམ་དུ་རང་གི་མི་རིགས་སྐད་ཡིག་འདིའི་དྲ་གནས་ཐད་ལའང་མི་ལོ་ཧྲིལ་པོ་ལྔ་བཅུའི་རིང་གི་མཐུད་ཤོར་གཅིག་སོང་བའི་བདེན་དཔང་ཞིག་ཀྱང་རེད།
    ད་དུང་མཐུད་ཤོར་ཕྱིན་པ་དེ་ལ་ངོས་འཛིན་ངོས་གང་འདྲ་ཞིག་བྱེད་དགོས་མིན་ཐད་ལ་ད་ལྟ་སྐུ་སྒེར་གྱི་དྲུང་ཆེ་གཙོས་པའི་ལས་ཀྱི་སྣེ་མོ་ཚོས་བསམ་གཞིགས་ནན་མོ་ཞིག་བྱེད་དགོས་པའི་དུས་ལ་བབ་ཡོད་པ་རེད།

    Reply
  19. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    ཤ་རུས་གཅིག་ལས་འཆེད་པའི་བོད་རིགས་སྤུན་ཟླ་མང་པོའི་བོད་ཡིག་ཐོག་འདི་འདྲའི་སེམས་ཤུགས་དང་ཐུགས་ཁུར་གནང་བཞིན་པར་དངོས་གནས་ཡིད་ཚུམས་པ་འདུག་གོ དེ་དང་ལྷན་དུ་ཟིན་བྲིས་ཡག་པོ་ཞིག་བཟོ་ཐུབ་ན་ཇི་མ་རུང་།
    དཔེར་ན་དུས་བབ་ཚང་གི་ཟིན་བྲིས་འདི་བེད་སྤྱོད་བྱེད་ཕྱོགས་སྟབས་བདེ་བ་དང་སྒྲིག་བཀོད་སོགས་སྤུས་དག་ཡོད་མོད།
    མཆན་འགོད་སྐབས་དོ་བདག་དེས་མིང་ཙམ་ལས་འདྲ་པར་སོགས་ཕར་ཕྱོགས་སུ་མི་འགྲོ་བའི་དབང་གིས། ཕྱིར་ལན་འདེབ་སྐབས་སུ་ཟིན་བྲིས་མང་པོའི་ཁྲོད་ནས་བཙན་འཚོལ་བྱེད་རྒྱུར་ཧ་ཅང་ཁག་པོ་འདུག ཡིན་ན་ཡང་དེ་ལ་དགོས་པ་དང་རྒྱུ་མཚན་ཡོད་ངེས་སོ།
    དྲྭ་གྲོགས་ཚང་མ་ལ་འཚམས་འདྲི་ཡོད། བཀྲ་ཤིས་བདེ་ལེགས་ཞུ།

    Reply
  20. བློ་བཟང་ཚེ་རིང༌། says:
    ལོ་ 16 སྔོན།

    སྤུད་དག སྤུས་དག་ལ་བཅོས་གནང་རོགས།

    Reply
  21. བློ་བཟང་ཚེ་རིང༌། says:
    ལོ་ 16 སྔོན།

    སྐུ་སྒེར་ཡིག་ཚང་གིས་བོད་ཡིག་གི་དྲ་རྒྱ་ཞིག་གཉེར་རྒྱུ་ཡིན་ན། སྤུད་དག་ཅིག་གཉེར་བའི་གསོལ་འདེབས་སྐྱབས་འཇུག་ཞུ་དགོས་པར་མཐོང་སོང་། གང་ལ་ཟེར་ན། ད་ཆ་བོད་ཕྱི་ནང་གཉིས་ན་བོད་ཡིག་གི་དྲ་རྒྱ་མང་ཙམ་འདུག ཡིན་ནའང་། ཡིག་ནོར་མེད་ས་ཞིག་ཧ་ལམ་མེད། སྐུ་སྒེར་ཡིག་ཚང་གིས་བོད་ཡིག་དྲ་རྒྱ་ཞིག་གཉེར་བ་ཡིན་ན། དེའི་ནང་ཡིག་ནོར་མི་ཤོར་བར་སུས་བཤད་ཐུབ། དཔེར་ན། ནོར་གླིང་གིས་བཏོན་པའི་གོང་ས་མཆོག་གི་མཛད་རྣམ་ནང་ན་ཡིག་ནོར་ག་ཚད་འདུག སྐུ་སྒེར་ཡིག་ཚང་གི་བསྔོ་རྟེན་བྱུང་འཛིན་ལ་ཡིག་ནོར་ག་ཚད་འདུག འདིའི་སྒང་ལ་དྲ་རྒྱ་ཡིག་ནོར་ཅན་ཞིག་ཀྱང་སྒོ་ཕྱེས་པ་ཡིན་ན། དེས་མང་ཚོགས་ལ་བློ་ཕམ་ག་ཚད་ཅིག་ཡོང་གི་རེད། དཔེ་བསགས་པ་རེད། དྲ་གྲོགས་ཚང་མས་སྐུ་སྒེར་ཡིག་ཚང་ལ་བོད་ཡིག་དྲ་རྒྱ་གཉེར་གནང་ཡོང་བའི་གསོལ་འདེབས་སྐྱབས་འཇུག་ཞུ་དགོས་པ་དང་། སྤུས་དག་པོ་ཞིག་གཉེར་གནང་ཡོང་བའི་སྐྱབས་འཇུག་ཞུ་དགོས་པ་རེད། འདི་ལ་དྲ་གྲོགས་ཚང་མ་མཉམ་རུབ་ཀྱིས་གསོལ་འདེབས་སྙན་ཞུ་ཞིག་འབུལ་ཐུབ་པ་ཡིན་ན། དེ་མཚམས་ནས་ང་ཚོས་ནུས་པ་ཞིག་ཀྱང་ཐོན་གྱི་རེད། སྐུ་སྒེར་ཡིག་ཚང་གིས་ཀྱང་གོང་ས་མཆོག་གི་མཛད་འཕྲིན་འདི་བོད་ཡིག་གི་ལམ་ནས་བོད་མི་མང་ལ་མཁོ་འདོན་གནང་བར་དགོངས་བཞེས་ཏག་ཏག་གནང་གི་རེད།

    Reply
  22. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    སྤུན་ཟླ་ཚོ། དེ་རིང་ངས་བསྐྱར་དུ་༧གོང་ས་མཆོག་གི་ལོ་ངོ་དུ་མའི་གོང་དུ་གསུངས་པའི་བཀའ་སློབ་ཞིག་འདིར་དྲངས་ཆོག

    སྐབས་རེར་ང་རང་སེམས་པ་སྐྱོ་ཡི་འདུག ངའི་བསམ་བློ་ཤེས་དགོས་མཁན་དེ་ཚོ་བོད་པ་ཆགས་བསྡད་ཡོད་པ་རེད། མི་དགོས་མཁན་ཟེར་ན་འདྲ། དེ་ནི་ཕྱི་གླིང་བ་དེ་ཚོ་ཆགས་བསྡད་ཡོད་པ་རེད། ནམ་ཞིག་ང་མེད་ཉིན། ངས་ག་རེ་བསམ་པ་དང་ལོ་རྒྱུས་གང་ཡིན་སོགས་ཤེས་དགོས་བྱུང་ན། བོད་རང་གི་བྲིས་པའི་ལོ་རྒྱུས་ནང་དུ་ཡོད་རྒྱུ་མ་རེད། དབྱིན་ཡིག་གི་དཔེ་དེབ་དག་གི་ཁྲོད་ནས་བཙལ་དགོས་བྱུང་ས་རེད་ཅེས་གསུངས་པའི་བཀའ་སློབ་འདི་ནི། མགོ་ནས་༧གོང་ས་མཆོག་གི་མཚན་ཐོག་གི་དྲ་རྒྱ་སྒོ་འབྱེད་ཕྱེ་མཁན་གྱི་དཔལ་ལྡན་སྐུ་སྒེར་ཡིག་ཚང་གིས་ཀྱང་བཀའ་སློབ་འདི་མ་གསན་པ་ཞིག་ག་ལ་ཡིན་སྲིད། དངོས་ནས་༧གོང་ས་མཆོག་སྐུ་སྒེར་གྱི་མཛད་པ་འཕྲིན་ལས་གང་ཞིག་གནང་བའི་ཉིན་རེའི་མཛད་རིམ་ཁག་ཀྱང་ཤེས་དགོས་མཁན་དེ་ནི་བོད་རྒྱ་ཆེ་སེར་སྐྱ་མི་མང་ཆགས་ཡོད་དུས། བོད་ཕྱི་ནང་ལ་དབྱེ་བ་མེད་པར་འཛམ་གླིང་ཡུལ་གྲྭ་གང་སར་སྤུན་ཟླ་ཡོངས་ཀྱིས་རང་སྐད་ཐོག་ནས་ཀློག་རྒྱུ་ཡོད་པ་ཞིག་དངོས་ནས་ལོས་འདོད། རེད་དེ། སྐད་ཆ་དྲང་མོར་བཤད་ན་སྙིང་ལ་འཕོག་འགྲོ་བའི་གོང་གི་མི་ཆེན་དང་འོག་གི་ཞབས་འགྲེང་བ་དེ་ཚོ་བསམ་ནས་འདི་ཙམ་གྱིས་རེ་ཞིག་བཞག་པ་ཡིན།

    Reply
  23. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    ཀ་ཁ་ག་ངའི་རིན་ཐང་གླེང་འདོད་ཀྱང་།།
    ABCDའི་རྒྱབ་རྩ་ཆེ་དྲགས་ཏེ།།
    སྐུ་སྒེར་ཡིག་ཚང་སྐད་གྲགས་ཆེ་ཡང་རུང།།
    དྲ་རྒྱའི་སྟེང་ན་བོད་ཡིག་མཐོང་རྒྱུ་དབེན།།

    Reply
  24. བསེ་རུ། says:
    ལོ་ 16 སྔོན།

    ཀ་ཁ་ག་ངའི་རིན་ཐང་མ་གླེང་ན།།
    བོད་རིགས་ཚེ་སྲོག་རྒྱ་བ་འཇིག་ལ་ཉེ།།
    བསམ་བློའི་ཚབ་མཚོན་སྐད་ཡིག་རིན་ཆེན་ནི།།
    མི་རིགས་ཤིག་གི་ཚེ་སྲོག་ཅི་ལ་མིན།།

    Reply
  25. གཉན་མདང་ཕོ་ཉ། says:
    ལོ་ 16 སྔོན།

    ཕྱི་མེད་ན་སྔ་མ་སོང་ད་་་་་་་་

    Reply
  26. བདེ་བ་ཅན། says:
    ལོ་ 16 སྔོན།

    དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་གཙོ་གཉེར་གནང་བཞིན་པའི་དྲ་གནས་གཉིས་ཡོད་བཟོ་འདུག་པ་ནས་དབྱིན་ཡིག་དྲ་གནས་དེར་མདུན་ཤོག་སྟེང་བཟོ་བཅོས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་གི་ཡོད་པ་བོད་ཀྱི་དུས་བབས་ཐོག་ནས་ཤེས་རྟོགས་བྱུང་བས་དགའ་པོ་ཞེ་དྲག་བྱུང༌། འབྲེལ་ཡོད་རྣམས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ནང་སྨྲ་བརྗོད་ཀྱི་རང་དབང་མེད་ལ། དྲ་གནས་སྟེང་དུ་སྤྱིར་བཏང་གི་བཀོལ་སྤྱོད་བྱ་མཁན་མང་དག་ཞིག་ལ་ཧ་ཅང་གིས་དོ་སྣང་བྱས་ཏེ་ཕྱི་ནས་བོད་ཐོག་གསལ་བའི་དམིགས་བསལ་དྲ་རྒྱ་ཁག་དང་། ལྷག་པར་བཙན་བྱོལ་བོད་གཞུང་གི་དྲ་གནས་ཡོངས་རྫོགས་བཀག་འགོག་བྱ་གི་ཡོད་པས་བོད་ནང་ནས་དེ་ཐད་ཀར་ལྟ་ཐུབ་མཁན་ཧ་ཅང་ཉུང་ཉུང་ཡིན་པ་གསལ་པོ་རེད། ཡིན་ནའང་མགོན་པོ་གང་ཉིད་མཛད་འཕྲིན་རྣམས་གཞིས་ཞུགས་བོད་མི་སྤྱི་ཡོངས་ཀྱི་དོ་སྣང་ཆེ་ཤོས་བྱ་ཡུལ་དང་བརྒྱུད་ལམ་ཡག་ཤོས་དེ་ནི་རླུང་འཕྲིན་གྱི་བརྒྱུད་ལམ་དེ་དག་རེད། དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་དྲ་རྒྱ་འགོ་བཙུགས་ཏེ་ད་བར་ལོ་ཤས་སོང་ཡང་དེ་རིང་མ་གཏོགས་སྐུ་སྒེར་གྱི་དྲ་གནས་ཐོག་བོད་ཡིག་མེད་པའི་སྐྱོན་ཆ་དེ་དག་ཕུང་གསོག་བྱ་དགོས་དོན་མེད་པ་ལྟ་བུ་ཞིག་མཐོང་གི་ཡོད། རྒྱུན་གཏན་ནས་དོ་སྣང་ཡོད་བཞིན་པ་ཞིག་ཡིན་ཚེ་དཔལ་ལྡན་སྐུ་སྒེར་ཡིག་ཚང་ནི་རྟག་ཏུ་ཡོད་མུས་ཡིན་པས་གང་འདྲ་བྱས་ཏེ་དེའི་ཐད་དགེ་མཚན་སྙན་སེང་མ་ཞུས་པར་ང་ཚོས་ལྷག་ལུས་སུ་གྱུར་པ་རེད་དམ། གསལ་པོ་བཤད་ན་ཁག་ཅིག་ནས་བོད་ཀྱི་དུས་བབས་སྟེང་དྲ་རྒྱ་དེའི་མིང་གོ་བ་ཙམ་གྱིས་ལམ་སེང་འདྲོག་འགོ་ལངས་ཏེ་གཅིག་བྱས་མི་འདུག གཉིས་བྱས་མི་འདུག་ཅེས་གསུངས་བསྡད་ཡས་དེ་ཚོར་ང་ཚོས་རྒྱུ་མཚན་དང་མཐུན་གྱི་ཡོད་མེད་བལྟ་དགོས་ཀྱི་ཡོད། བོད་ཡིག་ཧ་ཅང་གལ་ཆེན་པོ་ཡིན་ལ། བོད་ནང་གནས་ཚུལ་སྤེལ་ཐབས་སླད་བོད་ཡིག་ཐོག་༸གོང་ས་མཆོག་གི་མཛད་འཕྲིན་གཙོས་པའི་གལ་ཆེའི་གནས་ཚུལ་ཁག་ཉིན་འགྱངས་ཞག་ཕུད་དུ་མ་སོང་བར་སྤེལ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཡིན་ནའང་བོད་ཀྱི་དུས་བབས་དང་། བོད་ཀྱི་བང་ཆེན། འོད་དཀར་དྲ་ཚིགས། ཨེ་ཤ་ཡ་རང་དབང་རླུང་འཕྲིན། བོད་གཞུང་དྲ་གནས་སོགས་ལས་བོད་ཡིག་ཐོག་གནས་ཚུལ་མང་དག་ཞིག་སྤེལ་བཞིན་ཡོད་པའི་ནང་བརྒྱ་ཆའི་མང་ཤོས་འདི་༸གོང་ས་མཆོག་གི་མཛད་འཕྲིན་སྐོར་སྤེལ་ཐབས་བྱ་གི་འདུག་པ་དེ་དག་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོན་ཏེ་ངའི་བསམ་ཚུལ་བྱས་ན་དཔལ་ལྡན་སྐུ་ཡིག་གི་དྲ་གནས་བརྒྱུད་ལམ་བ་ཡིག་ཐོག་ཏུ་འཕར་སྣོན་བྱུང་ཚེ་བཙན་བྱོལ་བོད་གཞུང་གིས་ཡུན་རིང་ནས་བེད་སྤྱོད་བཏང་ཟིན་པའི་གཡུ་མཚོ་བོད་ཡིག་ལའང་ཕྱི་ལོ་ 2001 ལོ་ནས་རྒྱལ་སྤྱིིའི་གཅིག་གྱུར་ཨང་རྟགས་སུ་གྱུར་ཡོད་འདུག་པས་བེད་སྤྱོད་བྱེད་མ་ཤེས་ན་འབྲེལ་ཡོད་ཚོར་སྐད་ཆ་འདྲིས་ཏེ་དེ་ལེགས་བཅོས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་ལ། དེས་བོད་ནང་ཨང་རྟགས་དེ་གའི་ཐོག་ནས་ཧི་མ་ལ་ཡ་སོགས་གཟིགས་ཐུབ་ཀྱི་མ་རེད་དམ།

    Reply
  27. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    ཐད་ཀར་སྐུ་སྒེར་ཡིག་ཚང་ལ་ཡི་གེ་ཐོངས་ན་ཡང་ཡི་གེ་དེ་དག་གད་སྙིགས་བླུགས་སྣོད་ནང་མ་གཏོགས་འགྲོ་ས་མེད་པ་མཐོང་ཚར་སོང་། བོད་པར་བོད་ཡིག་མི་དགོས་ན་དེ་ལས་ལྷག་པ་ཞིག་བཤད་རྒྱུ་མེད།

    Reply
  28. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    བོད་ནང་གི་བོད་མི་ཚོས་དྲ་རྒྱ་འདིའི་སྟེང་ནས་༧གོང་ས་མཆོག་གི་མཛད་འཆར་རྣམས་ཀློག་ཐུབ་ཀྱི་མི་འདུག་ཚུལ་གྱི་བསམ་ཚུལ་བཏོན་ཡོད་པ་དང་། བྱེས་བཞུགས་བོད་མི་ཚོས་ཀྱང་བོད་ཡིག་གི་ལམ་ནས་གནས་ཚུལ་དག་ཀློག་འདོད་པ་ཡིན། དྲ་རྒྱའི་སྟེང་དུ་བོད་རྒྱ་དབྱིན་གསུམ་ངེས་པར་དུ་ཚང་དགོས་པ་ཡིན། བོད་ཡིག་ཡོད་དགོས་པ་ནི་དེ་ལས་ཀྱང་གལ་ཆེ་ཤོས་ཤིག་རེད། གལ་ཏེ་བོད་ཡིག་གི་ལམ་ནས་ཀློག་མི་ཐུབ་པ་དང་བོད་ཡིག་བཀོད་མེད་པ་ཡིན་ན་ང་ཚོས་སྐུ་སྒེར་ཡིག་ཚང་ལ་ངོ་རྒོལ་བྱ་རྒྱུའམ་མ་འགྲིགས་པ་མེད། ༧གོང་ས་མཆོག་ནི་འཛམ་གླིང་སྤྱིའི་ཞི་བདེའི་དེད་དཔོན་དང་། ཡང་སྒོས་བོད་མི་ས་ཡ་དྲུག་གི་མགོན་སྐྱབས་ཡིན་པ་སོང་བས་བོད་མི་ཚོས་ཀྱང་ཁོང་གི་མཛད་འཕྲིན་རྣམས་བོད་ཡིག་ཁོ་ནའི་ལམ་ནས་ཀློག་འདོད་པ་ཡིན། དཔེར་ན། རྒྱ་གཞུང་གི་བོད་ཀྱི་གནད་དོན་སྐོར་གླེང་འདོད་སྐབས། རྒྱ་གཞུང་གིས་ཏྰ་ལའི་བླ་མ་སྒེར་གྱི་གནད་དོན་མ་གཏོགས་བོད་ཀྱི་གནད་དོན་ཞེས་བརྗོད་མྱོང་མེད་ཅིང་བརྗོད་འདོད་མེད་ལ། གལ་ཏེ་སྐུ་སྒེར་ཡིག་ཚང་གི་དྲ་རྒྱའི་སྟེང་དུ་བོད་ཡིག་ཙམ་ཡང་མེད་ན་རྒྱ་གཞུང་གི་ཡོད་ཚད་སྒེར་གྱི་གནད་དོན་བཤད་པ་དེར་རྒྱབ་སྐྱོར་དུ་སོང་བ་ཞིག་ཀྱང་མཐོང་གིན་འདུག སྤྱིར་དྲ་རྒྱ་དེའི་སྟེང་དུ་བོད་ཡིག་ཡོད་པ་ཡིན་ན་མཛེས་རྒྱན་དུ་མཐོང་བ་ལས་ཚེར་མ་ལྟ་བུ་ཞིག་མཐོང་ག་ལ་སྲིད།

    Reply
  29. སེམས་བཟང་། says:
    ལོ་ 16 སྔོན།

    སྐུ་སྒེར་ཡིག་ཚང་གི་དྲྭ་རྒྱར་བོད་ཡིག་མེད་པ། ཧོབ་དེ་མཐོང་སྐབས་ཧ་ལས་ཧོན་འཐོར་དགོས་པ་ཞིག་རེད། ཡིན་ནའང་བསམ་མནོ་གཏིང་ཟབ་ཙམ་བཏངས་ན། དེང་སྐབས་ང་ཚོའི་སྲིད་ཇུས་ནི་རྒྱ་ནག་ལ་སྟུན་མཁས་བྱེད་པ་དེ་རང་རེད་འདུག་ག། དེར་རྟེན་འདི་ཡང་རྒྱ་ནག་ལ་སྟུན་མཁས་བྱས་ནས་ཏཱ་ལི་བླ་མའི་གནས་སྟངས་བོད་རིགས་མི་མང་ལ་ཤེས་སུ་མི་འཇུག་པའི་ཐབས་ཇུས་ཡག་གྲས་ཤིག་ཡིན་པ་འདྲ། གཞན་ཚོགས་སྡེ་ཆུང་ངུ་དེ་ཚོར་ཡང་ཡིག་རིགས་འདྲ་མིན་གྱི་དྲྭ་རྒྱ་ག་འདྲའི་མང་པོ་མི་འདུག་གམ།

    Reply
  30. སྒྲོལ་མ། says:
    ལོ་ 16 སྔོན།

    བསྐྱར་བཅོས་ཀྱི་ཏཱ་ལའི་བླ་མའི་དྲ་ཚིགས་དེར་ང་ཚོ་གཞིས་སྡོད་པ་ཚོས་ཀྱང་བལྟ་ཐུབ་པའི་ལམ་ཁ་ཞིག་འཚོལ་རོགས། གསེར་ཞལ་དངོས་སུ་མཇལ་ཏེ། ལེགས་གསུང་དངོས་སུ་ཐོས་པའི་སྐལ་བ་དབེན་ནའང་། དེང་གི་བརྡ་འཕྲིན་བརྒྱུད་ལམ་ནས་མཛད་འཕྲིན་དུས་ལྟར་མཐོང་ཐུབ་པའི་གོ་སྐབས་ཤིག་གནང་རོགས།

    Reply
  31. སྨྲ་བརྗོད་རང་དབང་། says:
    ལོ་ 16 སྔོན།

    ང་ཡང་འདིའི་ཕྱོགས་ལ་བློ་ཕམ་ཡོད་གང་ཡིན་ཟེར་ན་༼ གོང་༧མཆོག་གི་བཀའ་སློབ༽་རྣམས་བོད་མི་ཚོས་ཤེས་དགོས་པ་རེད།ཁོང་གིས་སྔོན་འདི་ལྟར་གསུངས་འདུག་༼ཁོང་གིས་ངས་བོད་ལ་པ་ཤ་མི་ཚ་ལ་སུ་ལ་ཤ་ཚ། ཡིན་ན་ཡང་བོད་མི་རྣམ་གྱིས་རྒྱ་བ་རིན་པོ་ཆེའི་ལྟ་བ་གང་ཡིན་དེ་རྟོགས་ཡོད་པ་མ་རེད་དེ་བློ་ཕམ་དགོས་པ་ཞིག་རེད་ཅེས་གསུངས་འདུག།འདི་ཡང་གོང་གི་བྱེད་ཐབས་འདི་འདྲ་དག་ལས་བྱུང་བ་རེདབསམ་གྱིན་འདུག།

    Reply
  32. ནོར་བུ་རྒྱལ་མཚན། says:
    ལོ་ 16 སྔོན།

    སྐུ་སྒེར་ཡིག་ཚང་གིས་༧གོང་ས་མཆོག་གི་མཛད་འཕྲིན་རྣམས་བོད་ཡིག་གི་ལམ་ནས་དྲ་ཐོག་ཏུ་མ་སྤེལ་བར་མཐའ་གཅིག་ཏུ་བློ་ཕམ་ཡོད།

    Reply
  33. ཀླུ། says:
    ལོ་ 16 སྔོན།

    དུས་བབ་དྲ་བས་འདིའི་ཐད་ངོ་མ་འབད་བརྩོན་བྱས་འདུག། ཡིན་ན་ཡང་བཅར་འདྲི་བྱེད་ས་དེ་གླ་ཆ་སྤྲད་ནས་བཞག་ཡོད་པའི་ལས་ཀ་བ་རེད་། ཁོ་ལ་ཁོའི་ལས་ཀ་དང་རེ་བ་བསམ་ཚུལ་ཙམ་ལས་བཤད་རྒྱུ་གང་ཡོང་། དེ་ལས་དྲུང་ཆེ་རྣམ་པ་གཉིས་ལ་ཉིན་ཤས་སྒུག་ནས་ཐད་ཀར་འདིའི་ཐད་བཅར་འདྲི་བྱེད་ཐུབ་པ་ཡིན་ན་སྔ་ཕྱི་གང་ལ་ཡང་ཡག་པ་དང་། ཕྱི་ནང་གི་རེ་བ་དང་ཚུལ་ཡང་ཐད་ཀར་ཐོན་དགོས་སར་ཐོན་ཐུབ་པ་རེད།
    སྔོན་པ་ཡིན་ན་ཡིག་གཟུགས་སྐོར་ལ་ཁ་གཡོག་ས་ཡོད་ཀྱང་ད་ཆ་དུས་ཚོད་དེ་རྫོགས་པ་རེད་བསམ།

    Reply
  34. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    ཐད་ཀར་སྐུ་སྒེར་ཡིག་ཚང་ལ་ཡི་གེ་ཐོངས།

    Reply
  35. བཙན་པོའི་བུ། says:
    ལོ་ 16 སྔོན།

    གཞུང་ཞབས་པ་དག་གིས་ཀྱང་དབྱིན་སྐད་བཤད། གཞུང་གི་ལས་ཁུངས་དག་གིས་ཀྱང་དབྱིན་ཡིག་འབྲི། གཞུང་གི་སློབ་གྲྭ་ཁག་ཏུ་ཡང་དབྱིན་ཡིག་བསླབ། བྱེས་སྡོད་བོད་མི་དག་གིས་ཀྱང་རང་སྐད་བརྗེད། མདོར་བསྡུས་ནས་བཤད་ན། བོད་ཡིག་འདི་བོད་མི་རང་གིས་རྩ་བརླག་ཏུ་གཏོང་བཞིན་འདུག

    ཏྰ་ལའི་བླ་མའི་དྲ་རྒྱ་འདི་བོད་ཡིག་ཏུ་མེད་པར་རྒྱུ་མཚན་མང་སྟེ།
    གཅིག སྐུ་སྒེར་ཡིག་ཚང་གི་ལས་གཙོ་རྣམས་པ་བོད་ཡིག་ལ་དུང་བ་མེད་པ།
    གཉིས། སྐུ་སྒེར་ཡིག་ཚང་གི་ལས་བྱེད་པ་རྣམས་བོད་མི་རིགས་ལ་ཤ་ཞན་མེད་པ།
    གསུམ། སྐུ་སྒེར་ཡིག་ཚང་གིས་༸གོང་ས་མཆོག་གི་ཚོང་རྫས་ཁོ་ན་བྱེད་འདོད་པ།
    བཞི། སྐུ་སྒེར་ཡིག་ཚང་གིས་དམངས་ཀྱི་སེམས་ཁམས་ལ་རྒྱུས་ལོན་བྱེད་མ་འདོད་པ།
    ལྔ། སྐུ་སྒེར་ཡིག་ཚང་གིས་བོད་པ་རྣམས་སྐད་ཡིག་དང་རིག་གཞུང་གི་སྐྱབས་བཅོལ་བ་ཡིན་པ་བརྗེད་ཟིན་པ།
    དྲུག སྐུ་སྒེར་ཡིག་ཚང་གིས་གཞིས་བཞུགས་བོད་རིགས་རྣམས་ཀྱིས་བོད་ཡིག་གི་ཆེད་དུ་རང་སྲོག་ཀྱང་གཏོང་བཞིན་ཡོད་པ་དོ་སྣང་མ་བྱས་པ།
    བདུན། སྐུ་སྒེར་ཡིག་ཚང་གིས་གཞིས་བཞུགས་བོད་རིགས་ཡོངས་ཀྱིས་༸གོང་ས་མཆོག་ གི་མཛད་འཕྲིན་མཐའ་དག་བོད་ཡིག་གི་ལམ་ནས་ཀློག་འདོད་ཡོད་པ་མ་དྲན་པ།
    བརྒྱད། སྐུ་སྒེར་ཡིག་ཚང་གིས་བོད་ཡིག་འདི་རང་སྐད་ཡིན་པ་ཡང་བརྗེད་ཟིན་པ།
    གང་ལྟར། སྐུ་སྒེར་ཡིག་ཚང་གིས་༸གོང་ས་མཆོག་གི་མཛད་འཕྲིན་རྣམས་བོད་ཡིག་གི་ལམ་ནས་དྲ་ཐོག་ཏུ་མ་སྤེལ་བར་མཐའ་གཅིག་ཏུ་བློ་ཕམ་ཡོད། གལ་སྲིད་དྲ་རྒྱ་ཇུས་འགོད་པ་དེ་ཕྱི་རྒྱལ་བ་ཞིག་ཡིན་ན། དེའི་ཚབ་ཏུ་བོད་རིགས་ཤིག་བདམས་ན་ཅིས་མི་ཆོག འོན་ཀྱང་། དབང་ཆ་ཡོད་མེད་དང་། འབྱོར་བ་ཆེ་ཆུང་གིས། རང་གི་རྩ་བའི་བླའི་མཛད་འཕྲིན་དག་ཀྱང་རང་སྐད་སྟེང་ཀློག་ཐུབ་མ་སོང་།

    Reply
  36. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ང་བོད་ཀྱི་ཏྰ་ལའི་བླ་མ་རེད་མ་གཏོགས། རྒྱའི་ཏྰ་ལའི་བླ་མ་རེད་ཟེར་ནས་ཉེ་འཆར་གསུངས་མ་ཐག་ཡིན་པ་ཀུན་གྱིས་ཤེས་གསལ་རེད། ལྷག་པར་དུ་བོད་མི་དག་གིས་༧གོང་ས་མཆོག་གི་ཆིབས་སྒྱུར་དང་མཛད་འཕྲིན་དག་དུས་ཐོག་ལ་ཤེས་པ་སོགས་ལ་དྲ་ཚིགས་དེར་བོད་ཡིག་མེད་པ་ནི། དངོས་ནས་ཧ་ལས་པའི་སེམས་པ་སྐྱོ་བོ་རེད། དྲ་རྒྱའི་ཁ་བྱང་འདི་འདྲ་ཞིག་གི་འོག་དུ་བོད་ཡིག་མེད་པ་དེ་ནི་དེ་བས་ཀྱང་། བོད་མི་མང་ལ་མཐོང་ཆུང་བྱས་པ་མིན་ཡང་། བོད་མི་མང་གི་བསམ་ཚུལ་ལ་སྣང་མེད་བཞག་པ་དེ་ནི་དངོས་ནས་སེམས་པ་སྐྱོ་བའི་གཞི་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese