བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༤ པ་ནེའུ་ཡོག་ནེའུ་འཇར་སི་རུ་འཚོགས་ཤིང་། ཚོགས་འདུ་དེར་བོད་ཀྱི་ཤེས་ཡོན་དང་སློབ་གསོ། འཕྲོད་བསྟེན། བོད་དོན་ཞུ་གཏུག་སོགས་ཀྱི་སྐོར་ལ་གྲོས་ཆོད་བཞག་འདུག

ཟླ་འདིའི་ཕྱི་ཚེས་ ༤ ནས་ ༧ བར་གྱི་ཉིན་གྲངས་བཞིའི་རིང་། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༤ པ་དེ་ནེའུ་ཡོག་ནེའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་སྡེ་བཞི་རུ་འཚོགས་འདུག་ལ། ཚོགས་ཆེན་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་རིན་ཆེན་ལགས་སྐུ་མགྲོན་གཙོ་བོ་དང་། བྱང་ཨ་རིའི་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས། བྱང་ཨ་རིའི་སྤྱི་འཐུས་ཚེ་བརྟན་ཕུན་ཚོགས་ལགས་དང་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས། ཁ་ན་ཌའི་བོད་དོན་ལས་འགུལ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས། ནེའུ་ཡོག་ནེའུ་འཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་སྟོབས་རྒྱལ་ལགས་གཙོས་ས་གནས་ཁག་མི་འདྲ་བ་ ༢༥ ནས་ཚོགས་བཅར་བ་མི་གྲངས་ ༥༡ གིས་མཉམ་ཞུགས་གནང་འདུག
ཉིན་བཞིའི་རིང་གི་ཚོགས་འདུའི་ཁྲོད་བོད་ཀྱི་སྤྱི་ཚོགས་དང་། ཤེས་ཡོན། སློབ་གསོ། འཕྲོད་བསྟེན་སོགས་སྤྱི་ཚོགས་ཡར་རྒྱས་གཏོང་ཐབས་སྐོར་དང་། བོད་དོན་ཞུ་གཏུག་ལས་འགུལ། གཟའ་མཇུག་སློབ་གྲྭ། ཨ་རིའི་གྲོས་ཚོགས་འཐུས་མི་གཙོས་གནད་ཡོད་མི་སྣ་རྣམས་ལ་བོད་དོན་ཡར་ཞུ་བྱེད་སྟངས་དང་། གསར་འགོད་པ་སོགས་བརྒྱུད་བོད་དོན་དྲིལ་བསྒྲགས་བྱེད་སྟངས་སྐོར་གྱི་ཟབ་སྦྱོང་། སཱི་ཤེས་ཡོན་སློབ་གསོ། འབྱུང་འགྱུར་བོད་ཀྱི་སྤྱི་ཚོགས་བསྒྱུར་བཅོས་གཏོང་ཕྱོགས་སོགས་གྲོས་གཞི་ཁག་ ༡༠ ཐོག་གྲོས་བསྡུར་ལྷུག་པོ་གནང་མཐར། གྲོས་ཆོད་དོན་ཚན་ ༢༧ གཏན་འབེབས་གནང་འདུག
འདི་གའི་གསར་འགོད་པས་ཁེ་ནེ་ཊིཀ་གི་སྐུ་ཚབ་དགེ་ལེགས་སྦྱིན་པར་ཁ་པར་བརྒྱུད་ཚོགས་འདུར་མཉམ་ཞུགས་བྱས་པའི་མྱོང་ཚོར་ཐད་ནས་སྐད་ཆ་འདྲི་སྐབས། ཁོང་གིས་ཚོགས་ཆེན་འདི་བརྒྱུད་ནས་བོད་ཀྱི་གནད་དོན་མང་པོའི་ཐོག་ཉམས་མྱོང་ཅན་མང་པོས་བོད་དོན་གླེང་སློང་བྱས་པས་མ་འོངས་ལས་དོན་སྒྲུབ་ཕྱོགས་ཐད་བློ་སྐྱེད་ཆེན་པོ་བྱུང་ཡོད་པ་དང་། དེ་བཞིན་གཞོན་སྐྱེས་ཚོས་ཚོགས་ཆེན་འདི་འདྲའི་ནང་མཉམ་ཞུགས་བྱེད་ཐུབ་ན་དགེ་མཚན་ཆེན་པོ་ཡོད་སྐོར་བརྗོད་བྱུང་།
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་རིན་ཆེན་ལགས་ཀྱིས་ཚོགས་འདུའི་མཇུག་མཐའི་གཏམ་བཤད་ནང་། མི་ནི་སོ་ཊར་ལོ་རྗེས་མ་སློབ་གྲྭ་ཞིག་མགོ་འཛུགས་བྱ་འཆར་ཡོད་པ་ནི་གཏམ་བཟང་ཞིག་དང་། ལོ་ངོ་ ༧༠ ལྷག་གི་རིང་ལ་བོད་པ་ཡིན་ཞེས་པའི་ངོ་བོ་ལྷག་བསྡད་པ་དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་གྱིས་བོད་ཀྱི་སྤྱི་ཚོགས་ཤིག་ཆགས་ཐུབ་ཡོད་པ་དང་། རང་གི་སྐད་དང་ཡི་གེ་གཞིར་བཞག་པའི་ཐོག་ནས་དེང་རབས་རིག་གནས་ལ་སློབ་སྦྱོང་བྱེད་དགོས་པ། དེ་བཞིན་ཉེ་སྔོན་རྒྱ་གཞུང་གིས་བསྒྲགས་པའི་མི་རིགས་མཐུན་སྒྲིལ་དང་འབྲེལ་བའི་ཁྲིམས་ཡིག་ཐོག་ཤེས་རིག་ལས་ཁུངས་ནས་སྐད་ཡིག་གི་སྲིད་ཇུས་རགས་ཟིན་ཞེས་པའི་ཡིག་ཆ་ཞིག་བཟོ་རྒྱུ་བྱུང་བར། རང་གཞུང་ལྷན་ཁང་ཐུན་མོང་ནས་ཕྱར་བ་གྲུ་འདེགས་བྱ་དགོས་སྐོར་སོགས་བརྗོད་འདུག
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་འབྱུང་འགྱུར་བོད་ཀྱི་ལས་དོན་ཐད་རྡོག་རྩ་གཅིག་སྒྲིལ་དགོས་གལ་སོགས་ཀྱི་གཏམ་བཤད་དང་། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་མཉམ་རུབ་བྱས་ཏེ་ལས་དོན་གཉེར་བར་བསྔགས་བརྗོད་གནང་བ་དང་སྦྲགས། སླད་མར་གྲོས་ཆོད་ཁག་གཞིར་བཞག་གི་ཐོག་ནས་ལས་དོན་གཉེར་དགོས་སྐོར་དང་། སྤྱི་མཐུན་ཚོགས་པས་འགན་ཁུར་ནས་ཚང་མ་མཐུན་སྒྲིལ་ཡོང་ཐབས་གནང་དགོས་སྐོར་སོགས་གསུངས་འདུག
ལོ་རྗེས་མའི་ཚོགས་འདུ་དེ་ཨ་རིའི་པོ་ཊི་ལན་ཌི་ (Portland) ལ་འཚོག་རྒྱུ་གཏན་ཁེལ་གནང་འདུག དེ་བཞིན་འདས་ལོའི་ཚོགས་ཆེན་ཐེངས་ ༢༣ པ་དེ། ཨ་རིའི་མི་ནི་སོ་ཊའི་མངའ་སྡེའི་བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་ལུགས་གཉིས་ཕུན་ཚོགས་ཁང་དུ་འཚོགས་ཡོད་འདུག
གསར་འགོད་པ། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།



