རྒྱ་ནག་གཞུང་གིས་གཞོན་སྐྱེས་ཀྱི་གྲངས་འབོར་ལ་དཔག་པའི་ལས་ཀའི་གོ་སྐབས་བསྐྲུན་ཐུབ་ཀྱི་མེད་པས་གཞོན་སྐྱེས་ལས་ཤོར་བ་རྣམས་ཀྱིས་དྲ་ལམ་དུ་སྡུག་གཏམ་ཤོད་ཀྱིན་འདུག

ཉེ་ལམ་རྒྱ་ནག་གི་དར་ཁྱབ་ཆེ་བའི་སྤྱི་ཚོགས་དྲ་ལམ་པི་ལི་པི་ལི་ (哔哩哔哩) ཐོག་གི་དགའ་མོས་ཆེ་ཤོས་བྱེད་ས་ནི། སྤྲང་པོ་ཞིག་གི་འཚོ་བ་སྐྱེལ་སྟངས་སྟོན་པའི་བརྙན་ཐུང་ཞིག་སྟེ། སྲང་ལམ་གྱི་སྙིགས་སྒམ་འགྲམ་དུ་ཤོག་སྒམ་བཏིངས་ནས་ཉལ་བ་དང་། ལྟ་སྲུང་བརྙན་མིག་ལས་གཡོལ་ཐབས་བསྟན་པའི་རྩེད་མཚར་དང་ཟུར་ཟ་ཟུང་ལྡན་གྱི་བརྙན་ཐུང་དེར་ལྟ་གྲངས་ས་ཡ་ ༦ ལས་བརྒལ་ཡོད་པས། དེ་ལ་ལྟ་མཁན་ཚོས་ “གཞོན་ནུའི་ཉམས་ཞིབ་ཆེན་མོ” (青年大学习) ཞེས་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་“༢༠༢༦ ལོའི་གཞོན་སྐྱེས་ཚོའི་ངེས་སློབ་ཀྱི་སློབ་ཚན་” ལ་སྦྱར་ཏེ། རྒྱ་ནག་དམར་ཤོག་གཞུང་གི་ལས་དོན་བྱེད་ཕྱོགས་ལ་ཐབས་མཁས་པོས་ཟུར་ཟ་དང་སྐྱོན་བརྗོད་བྱས་ཡོད་པ་རེད།
འདས་པའི་ལོ་མང་རིང་རྒྱ་ནག་གུང་ཁྲན་ཏང་གིས་སྤྱི་ཚོགས་དྲ་ལམ་ཁག་ཏུ། རྒྱ་ནག་དམར་ཤོག་ཚོགས་པའི་དྲང་ཕྱོགས་ཀྱི་ནུས་པ་ཐོན་པར་འབད་བརྩོན་བྱེད་ཀྱིན་ཡོད་ལ། དེ་བཞིན་རྒྱ་ནག་གཞུང་གིས་དྲ་རྒྱའི་སྟེགས་བུ་ཁག་ཏུ། དཔལ་འབྱོར་འཕེལ་རྒྱས་ཕྱིན་ཡོད་ལུགས་དང་། ཏང་ལ་བཀའ་དྲིན་རྗེས་དྲན། རྒྱ་ནག་གི་མ་འོངས་པ་ལ་ཡིད་ཆེས་བྱ་དགོས་ལུགས་སོགས་དྲིལ་བསྒྲགས་དགོས་པའི་བཀོད་ཁྱབ་བཏང་ཡོད་འདུག གཞན་ཡང་རང་བྱུང་གོད་ཆག་དང་། རྒྱ་གཞུང་གི་ལངས་ཕྱོགས་དང་མི་མཐུན་པའི་གསར་འགྱུར། ལྷག་པར་སྲིད་གཞུང་གི་ཚུལ་མཐུན་མིན་པའི་བྱ་སྤྱོད་ལྷང་ལ་བུད་ཚེ། དྲ་དམངས་ཚོས་རྣམ་འགྱུར་འདྲ་མིན་སྟོན་གྱི་ཡོད། ཉེ་ཆར་གནས་ཚུལ་དེ་རིགས་རྒྱུན་མཐུན་ནས་འབྱུང་བཞིན་ཡོད་པས། དེ་དག་ནི་རྒྱ་ནག་གི་ཉིན་རེའི་སྤྱི་ཚོགས་དྲ་རྒྱའི་ཆ་ཤས་སུ་གྱུར་ཡོད་ལ། དྲ་ལམ་གྱི་ཟ་ཟུར་ནས་རྒྱ་ནག་གི་ད་ལྟའི་སྤྱི་ཚོགས་ཀྱི་གནས་བབ་ཤེས་ཐུབ།
གཞན་ཡང་ཤའོ་ཧོང་ཧྲུ་ (小红书) དང་། ཏོའུ་ཡིན་ (抖音)། པོད་འཕྲིན་ (微博) སོགས་ཀྱི་དྲ་ཚིགས་ཆེ་ཁག་ཏུ། གླ་ཕོགས་ཉུང་བ། ལས་གནས་དཀོན་པ། ས་ཁང་གི་རིན་གོང་ཆག་པ་སོགས་དང་འབྲེལ་བའི་བརྗོད་དུམ་མང་པོ་སྤེལ་ནས་གཞོན་སྐྱེས་ཚོས་རང་རང་གི་མ་འོངས་པའི་གནས་བབ་ལ་སེམས་ཁྲལ་བྱེད་ཀྱིན་ཡོད་པ་མ་ཟད། ཡང་འགའ་ཤས་ཀྱིས་རང་གི་སྡུག་བསྔལ་རྣམས་རྩེད་མཚར་དང་ཟུར་ཟའི་ལམ་ནས་མངོན་ཐབས་བྱེད་ཀྱིན་ཡོད་ལ། ལ་ལས་གཞུང་ཕྱོགས་ཀྱི་བརྗོད་དུམ་དང་། ལས་རྟགས། དྲིལ་བསྒྲགས་སོགས་བེད་སྤྱད་ནས་སྐྱོན་བརྗོད་དང་ཟུར་ཟའི་གཏམ་རྒྱུད་བརྒྱུད་སྤེལ་བྱེད་ཀྱིན་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་ ༧ པར། རྒྱ་ནག་གཞུང་གི་ཁྱབ་བསྒྲགས་ནང་། སློབ་མ་ཕུད་པའི་ལོ་ ༡༦ ནས་ ༢༤ བར་གྱི་གཞོན་སྐྱེས་ལས་ཤོར་བའི་བརྒྱ་ཆ་ནི་ ༡༧།༩ སྟེ་རྒྱལ་ཡོངས་ངལ་རྩོལ་མི་གྲངས་ཀྱི་བཞི་ཆ་གཅིག་ལས་བརྒལ་ཡོད། དེ་ནི་ཟླ་སྔོན་མའི་བརྒྱ་ཆ་ ༡༤།༩ དང་བསྡུར་ནའང་ཇེ་མང་དུ་ཕྱིན་ཡོད། དེ་དང་མཚུངས་པར་ལྷོ་རྒྱ་ནག་ཞོགས་པའི་གསར་ཤོག་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་ནང་གི་ ༢༠༢༦ ལོའི་མཐོ་སློབ་མཐར་ཕྱིན་སློབ་མའི་གྲངས་འབོར་ནི་ས་ཡ ༡༢།༧༠ ཏེ་ལོ་སྔོན་མའི་གྲངས་འབོར་ལས་བརྒྱ་ཆ་ ༤ ཙམ་འཕར་བའི་དབང་གིས་ལས་ཀའི་ཁྲོམ་རར་གནོན་ཤུགས་འཕར་མ་ཞིག་ཀྱང་སླེབས་ཡོད།
རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༡༠ ནང་འཆར་ལྡན་བུ་བཙས་ཀྱི་སྲིད་ཇུས་ལ་འགྱུར་བ་བཏང་སྟེ། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡ ཉིན་ནས་དངོས་སུ་ལག་བསྟར་བྱས་ཏེ་བཟའ་ཚང་གཅིག་ལ་ཕྲུ་གུ་གཉིས་སྐྱེ་ཆོག་པར་གྱུར་བ་རེད། ཡང་ཕྱི་ལོ་ ༢༠༢༡ ཟླ་ ༥ པར་སྲིད་ཇུས་ལྷོད་ཡངས་སུ་བཏང་པས་ཕྲུ་གུ་གསུམ་སྐྱེ་ཆོག་པར་གྱུར་བ་རེད། འོན་ཀྱང་། སྲིད་ཇུས་ཀྱི་འགྱུར་བ་འདིར་འབྲས་བུ་དེ་ཙམ་ཐོན་གྱི་མེད། དེའི་རྒྱུ་མཚན་གཙོ་བོ་གཞོན་སྐྱེས་ཚོར་ལས་ཀ་རག་དཀའ་བས་གཉེན་སྒྲིག་བྱེད་མཁན་ཉུང་བ་དང་། གཉེན་སྒྲིག་ཟིན་པ་ཚོས་ཀྱང་ཕྲུ་གུ་མི་སྐྱེ་བའི་ལམ་ཁ་འདེམས་བཞིན་ཡོད། གནས་བབ་འདིའི་འོག་ཏུ་རྒྱ་རིགས་གཞོན་སྐྱེས་ཚོས་ཁང་པ་དང་རླངས་འཁོར་མེད་མཁན། མ་འཛུགས་མི་བྱེད་མཁན། དེ་བཞིན་གཉེན་སྒྲིག་མི་བྱེད་མཁན་རྣམས་ནི། འཚོ་བའི་ཁྲོད་ཀྱི་རྒྱལ་ཁ་འཐོབ་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།
དེ་སྔ་རྒྱ་ནག་ཏུ་ཕྱི་རྒྱལ་གྱི་མ་འཛུགས་བྱེད་མཁན་མང་བ་དང་། ས་ཁང་ཁྲོམ་ར་དར་ཁྱབ་ཆེ་བ། ཚན་རྩལ་ལས་རིགས་སོགས་ཀྱང་མང་བས། སློབ་ཐོན་སློབ་མ་རྣམས་ལ་ལས་ཞུགས་ཀྱི་གོ་སྐབས་གང་འཚམས་ཡོད་པ་རེད། འོན་ཀྱང་། ཕྱིས་སུ་རྒྱལ་སྤྱིའི་བཟོ་ཚོང་ཁང་གྲགས་ཅན་ཀུ་ཤུ་དང་། སམ་སིང་། གུ་གུལ་སོགས་རིམ་བཞིན་རྒྱ་ནག་ནས་རྒྱ་གར་དང་། ཝེ་ཏི་ནམ་སོགས་སུ་སྤོར་བཞིན་ཡོད་པ་མ་ཟད། མིས་བཟོས་རིག་ནུས་ཀྱི་དར་ཁྱབ་དང་བསྟུན་ནས་ལས་མིའི་དགོས་མཁོ་ཉུང་དུ་ཕྱིན་པའི་གནས་བབ་འོག དེང་སྐབས་རྒྱ་ནག་གཞུང་གིས་གཞོན་སྐྱེས་ཀྱི་གྲངས་འབོར་ལ་དཔག་པའི་ལས་ཀའི་གོ་སྐབས་བསྐྲུན་ཐུབ་ཀྱི་མེད་པས། གཞོན་སྐྱེས་ལས་ཤོར་གྱི་དཀའ་ངལ་ནི་གནས་སྐབས་ཙམ་མིན་པར་རྒྱ་ནག་གི་དཔལ་འབྱོར་སྤྱི་ཡོངས་ཀྱི་ཉམས་ཉེས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད།
བོད་ཀྱི་དུས་བབ་ཀྱིས་སྤེལ།



