མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡང་སྙིང་ང་ཕོད་ནི་བོད་པའི་བུ་ཡིན་ནམ་རྒྱ་མིའི་བུ་ཡིན།

བོད་ཀྱི་དུས་བབ།
༢༠༡༠/༠༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

ང་ཕོད་ངག་དབང་འཇིགས་མེད་སྐུ་གཤེགས་མ་ཐག པེ་ཅིན་གཞུང་དང་ངྷ་སའི་གཞུང་གཉིས་ཀྱིས་ཁ་སུ་མགྱོགས་ཀྱིས་ང་ཕོད་ཀྱི་མི་ཚེར་བསྡོམས་ཚིག་རེ་ཨུ་ཚིགས་ཀྱིས་བརྒྱབས་ཡོད་ལ། ང་ཕོད་གྲོངས་ཏེ་ཕུང་བོ་མ་འཁྱགས་སྔོན་ལ་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལམ་ནས་མྱ་ངན་གྱི་ཚུལ་དུ། “རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ། རང་རྒྱལ་མི་རིགས་ལས་དོན་གྱི་དབུ་ཁྲིད་མཆོག་ཏུ་གྱུར་པ། ཀྲུང་གོ་གུང་ཁྲན་ཏང་གི་སྙིང་ཉེ་བའི་གྲོགས་པོ།” ཞེས་བརྗོད་ཡོད་ལ། ངྷ་སའི་གཞུང་གིས་ཀྱང་། “དྲང་ཚུགས་དང་རྒྱལ་ཞེན་ཅན་དཀའ་ཚེགས་ཆེ་བའི་གནས་བབ་ཀྱི་འོག་ཏུའང་བདེན་པའི་གནས་ཚུལ་གསལ་སྟོན་གནང་རྒྱུར་འབད་རྩོལ་གནང་མཁན་ཞིག་ཡིན།” ཞེས་རྗེས་དྲན་བྱས་ཡོད།

 

འོ་ན། ཡང་སྙིང་ང་ཕོད་ནི་མི་གང་འདྲ་ཞིག་ཡིན་པ་དང་། ཁོང་གིས་བོད་མི་རིགས་ལ་ཕྱག་རྗེས་ག་འདྲ་བཞག་ཡོད་དམ་ཟེར་ན། བོད་པའི་རྩ་དོན་ཐད་ཀྱི་བཤད་སྤྱོད་ལ་སྤྱི་ཚོགས་ནང་ལྟ་སྟངས་འདྲ་མིན་བྱུང་ཡོད་ཀྱང་། བོད་པའི་སྲིད་འབྱོར་རིག་གསུམ་ཐོག་ཕྱག་རྗེས་མི་དམན་པ་བཞག་ཡོད་པ་སུས་ཀྱང་སྙོན་དུ་མེད། བོད་མི་ཚོ་མགུ་མ་གང་ས་ཞིག་ཡོད་པ་ནི། ཛ་དྲག་གཉན་འཕྲང་གི་དུས་སྐབས་སུ་ང་ཕོད་ཀྱིས་ལོ་རྒྱུས་ཀྱི་བདེན་དཔང་ཐུབ་མེད་ལ། ཐ་ན་འདས་ཁར་ཡང་ཡོངས་གྲགས་རང་བཞིན་གྱི་དྲང་བདེན་ཀྱི་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་དུས་གཏན་དུ་གཟིམ་སོང་བ་དེ་རེད། རྒྱ་ཕྱོགས་ནས་ང་ཕོད་ཀྱིས་ཡོངས་གྲགས་སུ་བཤད་ཟིན་པ་དང་བྲིས་ཟིན་པའི་བརྩམས་ཆོས་གཞི་རྩར་བཟུང་སྟེ། ང་ཕོད་ཀྱི་མི་ཚེར་བསྡོམས་ཚིག་བརྒྱབས་ཡོད། བོད་ཕྱོགས་ནས་ང་ཕོད་ཀྱིས་ལྐོག་ཏུ་བྲིས་པའི་ཡིག་ཆ་མང་རབས་དང་། འདས་ཁར་བཞག་པའི་ཞལ་ཆེམས་ཡོད་རབས་ཀྱིས་བོད་རེ་བས་ཕུངས་ཞེས་པའི་རིག་གཞུང་རྒྱུན་འཁྱོངས་བྱེད་ཀྱིན་ཡོད།

 

སྤྱིར་ང་ཕོད་ཀྱི་སྲིད་དོན་མི་ཚེར་དཔྱད་བརྗོད་སྤེལ་བར་དུས་ཚིགས་གལ་ཆེན་ཁག་ཅིག་འདོར་ཐབས་མེད། དང་པོ། སྤྱི་ལོ་ ༡༩༥༠ ལོར་ལྷ་ཀླུ་ཡི་བོད་ཤར་ཕྱོགས་ཀྱི་སྤྱི་ཁྱབ་པའི་ལོ་དུས་རྫོགས་ཏེ། ལྷ་ཀླུའི་ཚབ་དུ་ང་ཕོད་ཕེབས་པའི་སྐོར་དང་། གཉིས་པ། སྤྱི་ལོ་ ༡༩༥༡ ལོར་པེ་ཅིན་ནས་ང་ཕོད་ཀྱིས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པ། གསུམ་པ། སྤྱི་ལོ་ ༡༩༥༩ ཟླ་ ༣ པར་ལྷ་སར་ཟིང་འཁྲུག་བྱུང་སྐབས་ང་ཕོད་ཀྱི་བཤད་སྤྱོད། ༡༩༧༩ ལོ་ནས་༧གོང་ས་མཆོག་གི་སྐུ་ཚབ་རིམ་པ་དང་ང་ཕོད་ཐུག་འཕྲད་བྱས་པའི་གཏམ་གླེང་བཅས་ཡིན། འོན་ཀྱང་། རྒྱ་གཞུང་གིས་ང་ཕོད་འཚོ་བཞུགས་སྐབས་ཞི་དྲག་གཉིས་ཐོག་ནས་ཁོང་གི་ལུས་ངག་ཡིད་གསུམ་ལ་དབང་བསྒྱུར་བྱས་ཡོད་ལ། ཉེ་ཆར་ཁོང་སྐུ་གཤེགས་མ་ཐག་ཡང་བསྐྱར་ཁོང་གི་ཕུང་བོ་དང་ལྷན་དུ་བོད་དོན་དྲིལ་བསྒྲགས་ཀྱི་གོ་སྐབས་མཐའ་མར་བརྩོན་ལེན་བྱས་ཡོད།

 

ཕྱི་ཚེས་ ༢༤ ཉིན་བོད་ལྗོངས་ཆ་འཕྲིན་ལྟེ་གནས་སུ་ཁ་བྱང་ལ། ༼ ང་ཕོད་ངག་དབང་འཇིགས་མེད་ནི་སྤྱི་ལོ་ ༡༩༥༩ ལོར་བོད་ལྗོངས་སུ་ངོ་ལོག་ཟིང་འཁྲུགས་སློང་སྐབས་ཀྱི་དཔང་མི་ཡིན། ༽ཞེས་པ་ཞིག་བཀོད་པའི་ནང་། སྤྱི་ལོ་ ༡༩༥༩ ལོའི་སྤྱི་ཟླ་ ༣ པའི་ཚེས་ ༡༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་པ་ཙམ་ལ། བོད་ལྗོངས་ལྷ་སའི་ཁྲོམ་གཞུང་ཁག་ཏུ་ཟང་ཟིང་ཆགས་པ་དང་། མི་རྣམས་ཀྱིས་ངུ་འབོད་ཀྱི་ཁྲོད་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་པ་དང་སྦྲགས། ཡིད་བཞིན་ནོར་བུ་སྐྱོབ་རོགས་གནོངས་དང་། རྒྱ་མིས་ཁོང་བཙན་འཁྲིད་བྱས་སོང་། ཞེས་པའི་གཏམ་སྣ་ཚོགས་ཤོད་རེས་བྱས་ཤིང་། ནོར་བུ་གླིང་ཁའི་ཕྱོགས་སུ་བསྐྱོད་དེ། ཏཱ་ལའི་བླ་མ་སྲུང་སྐྱོབ་བྱེད་རྒྱུའི་མིང་ཐོག་ནས། ནོར་བུ་གླིང་ཁའི་མཐའ་ནས་ཡོངས་སུ་བསྐོར་ཞིང་། དྲག་པོའི་ངོ་ལོག་ཟིང་འཁྲུགས་ཀྱི་ཡོལ་བའང་དུས་དེ་ནས་དབྱེ་མགོ་ཚུགས་པ་རེད། དེ་ནི་ཕྱིས་སུ་མི་འགྱང་བར་འཕེལ་རྒྱས་སུ་ཕྱིན་པའི་གཞི་ཁྱོན་ཆེན་པོས་ཁྱོན་ཡོངས་སུ་བསླངས་པའི་དྲག་པོའི་ངོ་ལོག་ཟིང་འཁྲུགས་ཏེ། གསུམ་བཅུའི་དོན་རྐྱེན་ཞེས་པ་དེ་རེད་ཅེས་བཀོད་འདུག འོན་ཀྱང་གོང་གི་གནས་ཚུལ་དེའི་སྐོར་༧གོང་ས་མཆོག་གི་མཛད་རྣམ༼ ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ ༽ནང་བཀོད་པ་ལྟར་ན། སྐབས་དེར་མང་ཚོགས་ནང་རྒྱ་དམག་གིས་༧གོང་ས་མཆོག་འཛིན་བཟུང་བྱ་སྲིད་པའི་བློ་འཚབ་ཡོད་པའི་ཁར། ཟླ་ ༣ ཚེས་ ༡༠ ཉིན་༧གོང་ས་མཆོག་སྐུ་རྐྱང་ལ་རྒྱ་མིའི་དམག་སྒར་གྱི་འཁྲབ་སྟོན་ཞིག་ལ་གདན་ཞུ་བྱས་པ། ༧གོང་ས་མཆོག་འཛིན་བྱེད་ཀྱི་རྙི་ཐག་གཞན་ཞིག་ནི། ༧གོང་ས་མཆོག་ལ་འདོད་མོས་ཡོད་མེད་ལ་མ་ལྟོས་པར་ཟླ་འགའི་རྗེས་པེ་ཅིན་དུ་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་སྟེང་ཏཱ་ལའི་བླ་མ་ཞུགས་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་པ། བོད་ཤར་ཕྱོགས་སུ་རྒྱ་དམག་གིས་བོད་པའི་བླ་ཆེན་འགའ་རེ་ཐུགས་སྤྲོར་གདན་དྲངས་ཏེ་ཕྱིར་ཡོང་མེད་པ་སོགས་ཀྱི་གླེང་སློང་བྱུང་སྟེ། གསུམ་བཅུའི་གྱེན་ལངས་བྱུང་སྐོར་བཀོད་འདུག

 

ང་ཕོད་ཀྱི་ཆེད་རྩོམ་ནང་དམག་སྒར་གྱི་འཁྲབ་སྟོན་དེར་ཇུས་ངན་གང་ཡང་མེད་པའི་སྒྲུབ་བྱེད་བཀོད་དོན། ༡༩༥༩ ལོའི་བོད་ས་ཕག་ལོའི་དགུ་གཏོར་འཆམ་འཁྲབ་དུས་ཆེན་ཐོག་བོད་ལྗོངས་དམག་ཁུལ་གྱི་སྲིད་ཨུད་ཐན་ཀོན་སན་དང་དམག་སྤྱི་གཞོན་པ་ཏེང་ཧྲའོ་ཏུང་གཉིས་གདན་འདྲེན་ཞུས་ཡོད་པ་རེད། སྐབས་དེ་དུས་ཏཱ་ལའི་བླ་མས་ཁོང་གི་གཟིམ་ཤག་ཏུ་ཁོང་གཉིས་དང་མཇལ་འཕྲད་གནང་དུས་རང་འགུལ་གྱིས། གོ་ཐོས་ལྟར་ན་བོད་ལྗོངས་དམག་ཁུལ་རིག་རྩལ་ལས་དོན་ཚོགས་པས་རྒྱལ་ནང་དུ་སློབ་སྦྱོང་བྱས་ནས་ཕྱིར་ལོག་རྗེས་འཁྲབ་སྟོན་བྱས་པའི་འཁྲབ་ཚན་གསར་པ་དེ་ཧ་ཅང་ཡག་པོ་ཡོད་སྐད། ངོས་ཀྱང་ཐེངས་གཅིག་ལྟ་འདོད་འདུག་པས་དེ་དོན་ཁྱེད་ཚོས་བཀོད་སྒྲིག་ཅིག་གནང་རོགས་ཞེས་གསུངས་སྐབས། ཐན་དང་ཏེང་གཉིས་ནས་དེ་གར་སྤྲོ་བཞིན་དུ་དེ་དེ་ལྟར་དུ་བྱེད་རྒྱུ་ཁས་ལེན་གནང་བར་མ་ཟད། ཏཱ་ལའི་བླ་མར། ལས་དོན་དེ་སྒྲུབ་བདེ་བོ་ཡོད་པ་རེད། ཏཱ་ལའི་བླ་མ་མཆོག་ནས་དུས་ཚོད་གཏན་འཁེལ་གནང་ན། དམག་ཁུལ་ནས་དུས་ཐོག་ཏུ་རིག་རྩལ་ལས་དོན་མི་སྣ་ནོར་བུ་གླིང་ཁའི་ནང་ཁྱེད་ཀྱི་ཆེད་དུ་འཁྲབ་སྟོན་བྱེད་པར་མངགས་རྒྱུ་ཡིན་ཞེས་གསུངས་པ་དང་། ཏཱ་ལའི་བླ་མས། ནོར་བུ་གླིང་ཁར་ཕྱིན་ན་སྟབས་བདེ་བོ་མེད། དེ་གར་གར་སྟེགས་དང་སྒྲིག་བཀོད་གང་ཡང་མེད་པས་དམག་ཁུལ་ནང་དུ་འཁྲབ་སྟོན་བྱོས་ཞེས་བརྗོད་པ་རེད་ཅེས་བཀོད་འདུག་པའི་ཐད། ༧གོང་ས་མཆོག་གི་མཛད་རྣམ་ནང་། “ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡ ཉིན་སངས་རྒྱས་ཀྱི་ཆོ་འཕྲུལ་ཆེན་པོའི་དུས་ཆེན་ཐོག་གྲྭ་སྐོར་དམ་བཅའ་འཇོག་པའི་སྨོན་ལམ་གྱི་མཛད་སྒོའི་དོན་དུ་ཕྲན་ལྷ་ལྡན་གཙུག་ལག་ཁང་དུ་ཡོད། ཉིན་གཅིག་རྒྱ་མིའི་ལས་བྱེད་གཉིས་ཕྲན་ལ་ཐུག་འཕྲད་དགོས་ཚུལ་ཟེར། ཁོང་གཉིས་ནི་ལས་བྱེད་ཆེ་གྲས་མིན་ཞིང་། དམག་དཔོན་ཐན་ཀོན་སན་གྱིས་བཏང་ལུགས་ཟེར། ཁོང་ནས་རྒྱ་མིའི་དམག་སྒར་ནང་ཟློས་གར་ཞིག་བསྟན་རྒྱུའི་གྲ་སྒྲིག་ཡོད་པ་ལྟར། དེའི་དུས་ཚོད་གཏན་འཁེལ་བྱ་དགོས་ཟེར། འདིའི་སྐོར་སྤྱིར་བཏང་གི་གྲོས་གླེང་ཞིག་ཉིན་འགའི་སྔོན་ནས་བྱུང་། དེ་ལྟར་ཡོང་ལུགས་ནི་ཡ་མཚན་ཞིག་སྟེ། རྣམ་ཀུན་དམག་དཔོན་ཁོང་རང་ངའི་སར་ཡོང་ན་མ་གཏོགས་ལན་འཕྲིན་རྣམས་འབྲེལ་ཡོད་ངའི་ལས་བྱེད་པ་བརྒྱུད་འབྱོར་གྱིན་ཡོད། ཚེས་ ༧ ཉིན་དམག་དཔོན་ཁོང་གི་སྐད་བསྒྱུར་ཞིག་ནས་སྤྱི་ཁྱབ་མཁན་པོར་ཁ་པར་བཏང་སྟེ། ཕྲན་ལ་ཡང་བསྐྱར་ལན་འཕྲིན་བཏང་འབྱོར་དུ། ཕྲན་རྒྱ་མིའི་དམག་སྒར་དུ་ལྟད་མོར་འགྲོ་རྒྱུའི་དུས་ཚེས་ངེས་གཏན་དགོས་ལུགས་བརྗོད་འདུག་པ་སྤྱི་ཁྱབ་མཁན་པོས་ཕྲན་ལ་གོ་བསྡུར་གནང་སྟེ། ཕྱི་ཚེས་ ༡༠ ཉིན་འགྲིག་ཅེས་འཕྲིན་ལན་སྤྲད།” ཅེས་བཀོད་འདུག

 

ཡང་ང་ཕོད་ཀྱིས་སྐབས་དེར་མཁན་ཆུང་བསོད་ནམས་རྒྱ་མཚོ་བཀྲོངས་ཚུལ་སྐོར་བཀོད་དོན། ཉིན་དེའི་ཆུ་ཚོད་ ༡༠ པའི་རྗེས་ལ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་གཅེན་པོ་མཁན་ཆུང་བསོད་ནམས་རྒྱ་མཚོ་ངོ་ལོག་པས་ནོར་བུ་གླིང་ཁའི་སྒོ་མདུན་དུ་བསད་པ་རེད། བྱས་ཙང་། ཏཱ་ལའི་བླ་མ་དམག་ཁུལ་དུ་འཁྲབ་སྟོན་གཟིགས་མོ་གཟིགས་པར་ཕེབས་ཐུབ་མེད་ལ། ང་ཚོ་ཡང་ནོར་བུ་གླིང་ཁའི་ནང་འགྲོ་ཐུབ་པ་བྱུང་མེད། ང་རང་སྐབས་དེ་དུས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ནས་དམག་ཁུལ་དུ་ཕྱིན་པ་ཡིན། དེ་ནི་སྤྱི་ལོ་ ༡༩༥༩ ལོའི་གསུམ་བཅུའི་དོན་རྐྱེན་འབྱུང་རྐྱེན་གྱི་བརྒྱུད་རིམ་ཚང་མ་རེད། ཅེས་བཀོད་འདུག་ཀྱང་༧གོང་ས་མཆོག་གི་མཛད་རྣམ་ནང་དེའི་སྐོར་ལ།  “ཉིན་དེར་མི་མང་གི་བསམ་ཚུལ་ཟློག་ཐབས་མེད་པའི་ར་སྤྲོད་ལྟ་བུ་ཞིག་བྱུང་བ་ནི། ཆབ་མདོར་འཕགས་པ་ལྷ་རིན་པོ་ཆེའི་སྐུ་མཆེད་འཕགས་པ་ལྷའི་མཁན་ཆུང་ཟེར་བ་སེར་མོ་བའི་དཔོན་རིགས་ཤིག་མི་མང་གིས་རྡོ་རུབ་ཀྱིས་བསད་འདུག མི་དེ་ཉིད་ཀྱིས་རྒྱ་དམག་དང་མཉམ་དུ་མཐུན་འབྲེལ་བྱེད་ཀྱིན་ཡོད་པ་ལྷ་ས་ཁུལ་གྱི་མི་མང་པོས་ཤེས་ཀྱིན་ཡོད་ཅིང་། དེའི་སྔ་དྲོ་ཁོང་དྲུང་ཇའི་མཛད་སྒོར་སླེབས་ཡོད་པ་ཕྱིར་ལོག་གིས་སླར་ཡང་རྒྱུ་མཚན་གང་ལྟར་ཡང་། ཆུ་ཚོད་ ༡༡ ཙམ་ལ་ཁོང་གིས་རྒྱ་ཆས་ཕྱེད་ཙམ་སྤྲས་ཤིང་། མིག་ཤེལ་ནག་པོ་གྱོན། ཁ་རས་དཀར་པོ་བཀབ། མེ་མདའ་ཞིག་བཏགས་ཏེ་རྐང་འཁོར་བཞོན་ཏེ། ནོར་གླིང་ཕྱོགས་སུ་ཡོང་བར་མི་འགའ་ཤས་ཀྱིས་རྒྱ་མིས་ཆས་བརྫུས་གྱོན་ཏེ་ཡོང་བར་དོགས་ཤིང་། འགའ་ཤས་ཀྱིས་ཁོང་གིས་རྒྱ་མིའི་ལས་ཁུངས་ནས་ལས་འགན་ཞིག་འཁུར་ཡོད་པ་མིན་འགྲོ་སྙམ་འདུག” ཅེས་བཀོད་འདུག

 

ཡང་ཕྱི་ཚེས་ ༢༩ ཉིན་གསར་ལམ་དེར་གྲོས་འཆར་དོན་ཚན་བཅུ་བདུན་སྐོར་གྱི་དཔྱད་གཏམ་སྤེལ་བའི་ནང་། ༡༩༥༡ ལོའི་ཟླ་ ༤ ཚེས་ ༢༩ ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་དབང་ཆ་ཆ་ཚང་ཡོད་པའི་སྐུ་ཚབ་དང་བོད་ས་གནས་སྲིད་གཞུང་གི་དབང་ཆ་ཆ་ཚང་ཡོད་པའི་སྐུ་ཚབ་དབར་གྲོས་མོལ་དངོས་སུ་བྱེད་འགོ་ཚུགས་པ་དང་། ཟླ་ ༥ ཚེས་ ༡ ཉིན་ཀྲུའུ་ཞི་མའོ་ཙེ་ཏུང་གིས་གནམ་བདེ་སྒོ་མོ་ཆེའི་ཡང་སྟེང་དུ་ང་ཕོད་ངག་དབང་འཇིགས་མེད་ལ་མཇལ་འཕྲད་གནང་ཐོག་ཐུགས་བརྩེ་ཆེན་པོས་ཁྱེད་ཚོ་པེ་ཅིན་ལ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན་པས་ཁྱིམ་ནང་གི་གནད་དོན་རྣམས་ཚང་མས་གྲོས་མོལ་བྱས་ན་ཐག་གཅོད་ཡག་པོ་ཡོང་ཐུབ། ཁྱེད་ཚོའི་གྲོས་མོལ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས། མཛད་རྣམ་ནང་སྐབས་དེའི་སྐུ་ཚབ་ཚོ་ཕྱིར་ལྷ་སར་ལོག་སྟེ་༧གོང་ས་མཆོག་ལ་སྙན་གསེང་ཞུས་དོན་བཀོད་པར། “ ཚོགས་འདུ་ཐོག་མར་ཚོགས་ཉིན་རྒྱ་མིའི་སྐུ་ཚབ་གཙོ་བོ་ནས་དོན་ཚན་བཅུ་འཁོད་པའི་གྲོས་མཐུན་ཟིན་བྲིས་ཤིག་སྟོན་པ་ལ་ཉིན་མང་གོ་བསྡུར་བྱས་ཤིང་། ང་ཚོའི་སྐུ་ཚབ་ཚོས་བོད་རང་བཙན་ཡིན་ལུགས་བརྗོད་དེ་ཁུངས་སྐྱེལ་མང་པོ་བྱས་ཡོད་ཀྱང་། རྒྱ་མིས་དོ་སྣང་ཙམ་ཡང་མ་བྱས་པར་མཐའ་མར་རྒྱ་མིས་བཟོ་བཅོས་ཀྱིས་གྲོས་མཐུན་ཟིན་བྲིས་དོན་ཚན་བཅུ་བདུན་ཡོད་པ་ཞིག་བཏོན་ཏེ། འདི་ལྷག་བྱེད་ཐབས་མེད་པའི་རྣམ་འགྱུར་བསྟན་ཅིང་། དེ་ལ་ང་ཚོའི་སྐུ་ཚབ་ཚོས་བསམ་འཆར་འདོན་པ་དང་བཟོ་བཅོས་བྱེད་བཅུག་མེད་པའི་ཐོག ཁོང་ཚོར་དམའ་འབེབས་དང་། ཚིག་རྩུབ་བརྗོད་པ། ཁོང་ཚོའི་ལུས་སྲོག་ལའང་འཇིགས་སྣང་བསྐུལ། བོད་མི་མང་ཐོག་ཏུ་ཡང་དྲག་ཤུལ་ཆེ་རུ་གཏོང་རྒྱུའི་རྣམ་འགྱུར་བསྟན་ཏེ། ང་དང་བོད་གཞུང་ལ་དྲི་སྐོར་བྱེད་དུ་བཅུག་མི་འདུག བོད་རྒྱ་ནག་གི་ཆ་ཤས་ཡིན་པ་གཞི་རྩར་བཟུང་སྟེ་བཞག་པའི་གྲོས་མཐུན་དེ་ནི་བདེན་འབྲེལ་ནམ་ཡང་མིན། ཁོང་ཚོ་གཞན་གྱི་དབང་འཛིན་འོག་མ་ཚུད་ན་ང་དང་ངའི་གཞུང་ལ་དྲི་བསྡུར་མ་བྱས་པར་ཁས་ལེན་འདི་ལྟར་བྱེད་མི་སྲིད། ང་ཕོད་ནི་རྒྱ་མིའི་བཙོན་པ་བྱས་ཏེ་ཡུན་རིང་སོང་ཞིང་། སྐུ་ཚབ་གཞན་ཚོ་ཡང་བཙོན་པ་དང་ཆ་མཐུན་ཡིན། ” ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

ཆུ་ཚོད་ ༡༡ སྔོན་ལ།
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

ཆུ་ཚོད་ ༡༡ སྔོན་ལ།
From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

༢༠༢༦/༠༥/༠༦
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

༢༠༢༦/༠༥/༠༦
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥

མཆན། 56

  1. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བདེ་བ་ཅན་ཁྱེད་ལ་སྤྱི་འཐུས་གསེར་རྟ་དགྲ་ཆེ་འདུག་ཏེ་ལ་ཕར་རྒྱབ་ཀྱི་རྒྱ་མི་དགྲ་ཆེ་བ་འདུག་གམ།

    Reply
  2. ཐུབ་བསྟན། says:
    ལོ་ 16 སྔོན།

    དྲ་གྲོགས་བདེ་བ་ཅན་གྱིས་ལ་ཕར་རྒྱབ་ཀྱི་དགྲ་བོ་རྒྱ་མི་མ་གསུངས། ཁྱེད་ཀྱིས་ང་ཕོད་ཡག་པོ་ཡོད་གསུང་བཞིན་པ་རེ། ང་ཕོད་ཡག་པོ་ཡོད་ན་ང་ཕོད་ལ་ཕར་རྒྱབ་ཀྱི་རྒྱ་མིས་དཔོན་པོ་རེད། དེས་ན་ལ་ཕར་རྒྱབ་ཀྱི་རྒྱ་མི་ཅིས་ལ་ཡག་པོ་མེད། ང་ཚོས་རྒྱ་མི་ཡག་པོ་ཡོད། ང་ཕོད་ཡག་པོ་ཡོད། ང་ཚོ་ཡག་པོ་ཡོད། ཚང་མ་ཡག་པོ་ཡོད་ཅེས་ད་མཇུག་བསྡོམས་ན་ཡག་ས་རེད་ད།

    Reply
  3. བདེ་བ་ཅན། says:
    ལོ་ 16 སྔོན།

    གསེར་རྟ་ཚུལ་ཁྲིམས་ལགས། གང་ཟག་བདེ་བ་ཅན་ཟེར་བ་དེ་སུ་ཡིན་བརྩད་ཆོད་གནང་སྟེ་དོན་ལ་མ་བལྟ་བར་གང་ཟག་གང་ནས་ཡིན་པར་བལྟས་ཏེ་སྐྱོན་བརྗོད་དང་ཁ་རྩོད་སྐྱོན་རྩིས་ཡོད་དམ། སྔོན་ལ་བདེ་བ་ཅན་བརྩད་མ་བཅད་གོང་དགྲ་བོ་རྒྱ་མི་ལ་ཕར་རྒྱབ་ན་འདུག་པས་དེ་དག་ལ་འགྲན་པའི་འཐབ་དང་ནུས་པ་གསར་པ་འདྲ་ཡོད་ན་གསུངས་དང༌། བོད་ཀྱི་དུས་བབ་ཀྱི་དྲ་གནས་དེ་དུས་བབ་ཚང་གི་ང་ཚོ་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱ་མཁན་ཚོར་ལོངས་སྤྱོད་བྱ་རྒྱུར་གནང་བའི་ཐོབ་ཐང་རེད་ལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་ནང་དུའང་སྨྲ་བརྗོད་རང་དབང་བཀོད་འདུག་པས་ཁྲིམས་བཟོ་ལྷན་ཚོགས་ནས་དེ་ཕྱིར་བསྡུ་གནང་བ་རེད་དམ། དེ་འདྲ་རྩ་བ་ནས་མ་གསུངས། རྒྱུ་མཚན་ཡོད་ན་མུ་མཐུད་ནས་འབྲི་རྐྱང་གནང་ན་འགྲིག་པ་ལས། གང་ཟག་བརྩད་གཅོད་གནང་སྟེ་གང་ཟག་ལ་སྡིགས་ར་བསྐུལ་ནས་སུས་ཀྱང་འཁུར་འགན་ཡོང་གི་མ་རེད། གལ་སྲིད་ད་དུང་ཆོལ་ཁའི་སྐད་ཆ་ཡོང་བ་འདུག་སྙམ་ན་ང་ཕོད་ལ་ཁ་བཏང་རྒྱུ་ཤུགས་ཆེ་དྲག་ན་ང་ལྟ་བུས་ནམ་ཡིན་ཡང་མགོ་འགུར་གྱི་མ་རེད། དེ་ཐུགས་ལ་བཞག་རོགས། སྨྲ་བརྗོད་རང་དབང་ཁྲི་ལོར་བརྟན་པར་ཤོག

    Reply
  4. ཨ་ཆགས་ཚེ་རྡོར།་ says:
    ལོ་ 16 སྔོན།

    ཆོལ་ཁའི་འདམ་ཉོག་མྱུལ་བའི་དྲ་གྲོགས་བདེ་བ་ཅན་ལགས།ཁྱེད་ཀྱིས་བོད་ཆོལ་གསུམ་མགྲིན་གཅིག་ཏུ་རྒྱ་རྒོལ་ལས་འགུལ་སྤེལ་བ་བཙན་བྱོལ་ནས་བགོ་བཤའ་བརྒྱབ་ཐབས་བྱས་ཏེ་སོ་སོའི་གནས་ཚུལ་སྤེལ་རྒྱུ་དང་ལོ་རྒྱུས་བཀོད་ཐབས་བྱས་སོང་ཟེར་བར་བལྟས་ན།སྐུ་ཉིད་ཀྱིས་སྐྱབས་བཅོལ་དུ་ལྟོ་ཟ་བ་ལས་རང་ཉིད་སྐྱབས་བཅོལ་བ་ཞིག་ཡིན་པའི་ལས་འགན་ངོ་འཕྲོད་མེད་པ་འདྲ།ངས་བསམ་ན་སྐྱབས་བཅོལ་བའི་ལས་འགན་མ་འཐའ་ཡང་བོད་མི་རེ་རེས་རང་གི་ཕ་ཡུལ་དང་ནང་མིར་གནས་ཚུལ་ཇི་བྱུང་གི་གནས་སྟངས་ལ་རྒྱུས་ལོན་ཁ་གསལ་བྱས་བརྒྱུད་རྒྱ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་ཐབས་བྱ་རྒྱུ་གཡོལ་དུ་མེད་པའི་འགན་འཁྲི་ཞིག་ཡིན།མ་མཐའི་ལས་འགན་འདི་འགྲུབ་ན་ང་ཚོ་ཐུན་མོང་གི་ལས་དོན་འགྲུབ་ཡོད་ལ།གཞིས་འགན་བྱེས་ནས་བླངས་པའི་གྲུབ་དོན་ཡང་ཡིན།
    ང་ཚོས་སྤྱི་ཚོགས་ནང་མི་ཁ་ཤས་ཀྱིས་རང་ཉིད་ལ་འཁྲི་བའི་ལས་འགན་རྩ་བརྗེད་ཀྱིས་ངའི་ཕ་ཡུལ་དང་ང་ཚོའི་དགོན་པ་ནས་སྐད་འབོད་བྱས་པ་རེད།རྒྱལ་དར་འཕྱར་བ་རེད།་རྒྱ་མིའི་ལས་ཁུངས་མེ་སྲེག་བཏང་བ་རེད།ཡིན་ན་ཡང།་གསར་འགྱུར་ནང་བཀོད་མི་འདུག་བོད་གཞུང་གིས་ཡིག་ཆའི་ནང་དུའང་བཀོད་མི་འདུག་ཚུལ་སོགས་བརྗོད་དེ་རང་གཞུང་ལ་སྐྱོན་བརྗོད་དང་དམའ་འབེབས་བྱེད་པ་ནི་གཞན་ལ་ལྟ་བྱེད་ཀྱི་བློ་མིག་ཡོད་པ་ལས་རང་ཉིད་ལ་ལུས་བཤེར་བྱེད་པའི་ཤེས་རབ་དང་དྲང་ཚུགས་མེད་པས་ཡིན།

    Reply
  5. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    དྲ་གྲོགས་ཀུན་ཀྱིས་གཟིགས་དང།
    བདེ་བ་ཅན་ཟེར་བས་བོད་ཀྱི་དུས་བབ་ཀྱི་སྐབས་དོན་བརྗོད་གཞི་འདི་ཁ་ཕྱོགས་གཞན་དུ་བསྒྱུར་ཐབས་བྱེད་བཞིན་པ་ནི་ཧ་ཅང་ཡ་མཚན་རེད། ཁོས་ཐེངས་གཅིག་ཙམ་མ་རེད། ཡང་ཡང་རང་ཉིད་དབུས་པ་ཞིག་ཡིན་ཁུལ་གྱིས་དྲ་གྲོགས་ཚོའི་བར་དཀྲུགས་ཤིང་སློང་བཞིན་འདུག་པ་དང། ལྷག་དོན་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལ་ཆོལ་ཁའི་ཞེན་ཁོག་འདུག་ཅེས་ཕྲན་ནག་པོ་བཟོ་ཐབས་བྱེད་བཞིན་པ་བཅས་ཀྱིས་མི་འདི་ང་ཚོ་མང་ཆེ་བས་ཚོད་དཔག་བྱེད་ཐུབ་པ་ཞིག་རེད་ལ་ཁོང་དབུས་པ་ཞིག་མིན་ཐག་ཆོད་ཡིན།
    བདེ་བ་ཅན་སུ་ཡིན་ཁ་སང་དྲ་གྲོགས་ཅོ་རི་ལགས་ཀྱིས་རྩད་བཅད་སོང་བས་ཅོ་རི་ལགས་ཀྱིས་ད་བར་བདེ་བ་ཅན་ཁོ་སུ་ཡིན་དང་། གར་ཡོད་ངོས་ཟིན་སོང་ངམ། ད་དུང་ངོས་ཟིན་མེད་ན་ཕལ་ཆེར་ངས་ངོས་ཟིན་ས་རེད།

    Reply
  6. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    བདེན་རྫུན་ཤན་འབྱེད་བྱམས་རྒྱལ་ཅོ་རི་སོགས།།
    བདེན་དོན་རྒྱལ་ས་སྲུང་བར་འབད་པ་འདི།།
    བདེན་པའི་གཏེར་གྱུར་ཁ་བ་གངས་ཅན་པའི།།
    བདེན་མཐའ་མྱུར་དུ་གསལ་བའི་སྔ་ལྟས་ཡིན།།

    Reply
  7. བྱམས་རྒྱལ། says:
    ལོ་ 16 སྔོན།

    ད་ལན་ང་ཕོད་ཀྱི་ལོ་རྒྱུས་ལ་བསྡོམས་རྒྱག་སྐབས་ཆོལ་ཁ་ཞན་ཚིག་གི་རང་མདངས་ངོ་མ་དེ་ཐོག་མ་བདེ་བ་ཅན་ཁྱེད་ཀྱིས་བཀུར་འོས་སྤྱི་འཐུས་ཚུལ་ཁྲིམས་མཆོག་ལ་བསྟན་སོང་ཡང་ ད་ལྟ་ཁྱེད་ནས་གོ་ལྡོག་ནས་སྐད་ཆ་ཤོད་བཞིན་པའི་ཚོར་སྣང་ཞིག་བྱུང་ལགས།
    ཁྱེད་ཀྱིས་གསུངས་པ་ལྟར་རེད་ང་ཕོད་ཀྱི་ནག་ཉེས་ངན་པ་དེ་ཇི་སྲིད་བར་དུ་གནས་རྒྱུ་རེད་ གསུབ་ཐབས་ག་ལ་ཡོད་།
    ཝ་རྔ་མ་ཤལ་ལེ་བྲོས་པ་ལས།
    སྟག་འཛུམ་དྲུག་ཉིལ་ལེ་ཤི་ན་དགའ།
    མི་ལུས་ཐོབ་པ་ལན་གཅིག་ལ།
    གཏམ་ངན་ཕྱིར་བཞག་ཨ་དགོས་ཆུང་།

    Reply
  8. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    རྗེས་དྲན།

    གངས་ཅན་དམག་སྤྱི་སྟག་སྦྲ་ཀླུ་གོང་གིས།།

    གངས་སེང་དམག་གིས་ཁྲང་ཨན་རྒྱལ་ས་བླངས།།

    གངས་ལྗོངས་རང་བཙན་གཙང་མའི་བདེན་རྟགས་སུ།།

    གངས་ཕྲུག་དཔའ་བོས་རྩེ་ཞོལ་རྡོ་རིང་བསླངས།།

    གངས་ཕྲུག་མི་ངན་སྡར་མ་ང་ཕོད་ཀྱིས།།

    གངས་རིའི་སྣོད་བཅུད་རྒྱ་དམར་དཔོན་ལ་བཙོང།།

    གངས་ལྗོངས་རྒྱ་ཡི་ཆ་ཤས་ས་ཡིག་བརྒྱབས།།

    གངས་རིའི་གཟི་དཔལ་ལོ་རྒྱུས་ནག་པོ་བཟོས།།

    Reply
  9. རྨེ་རུ། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོས་ལོ་རྒྱུས་ཀྱི་མི་སྣའི་ལོ་རྒྱུས་ལ་བསྡོམས་རྒྱག་སྐབས་ལོ་རྒྱུས་ཀྱི་རང་བཞིན་ལས་འདས་མི་རུང།

    Reply
  10. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དྲ་གྲོགས་བདེ་བ་ཅན་ལགས་སྐྱིད་སྡུག་མཉམ་མྱོང་ནི་བོད་མི་རིགས་ཀྱི་སྟོབས་ཤུགས་རེདལ་སྡུམ་རྩ་གཅིག་སྒྲུལ་ནི་བོད་མི་རིགས་ཀྱི་མགོན་སྐྱབས་རེད།
    འདི་ནི་མིག་འབྲས་བཞིན་སྲུང་སྐྱོབ་བྱེད་དགོས།

    Reply
  11. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    གོང་གི་གསར་འགྱུར་འདི་ལ་སྤེལ་བའི་དཔྱད་གཏམ་མང་ཆེ་བ་སྐབས་སུ་བབས་པའི་ང་ཕོད་མིན་པར་དོན་དག་གཞན་ཞིག་དང་། ཁ་ཕྱོགས་གཞན་ཞིག དམིགས་ཡུལ་གཞན་ཞིག རྩོད་གཞི་གཞན་ཞིག་རེད། འདི་ལས་ཚོར་བ་ནི་བྱེས་ཡུལ་གྱི་ཉེན་ཁ་དང་། བྱེས་ཡུལ་གྱི་ནག་ཉེས། བྱེས་ཡུལ་གྱི་ཞན་ཆ། བྱེས་ཡུལ་གྱི་མིག་རྒྱང་སོགས་རེད།

    Reply
  12. དྲང་བདེན། says:
    ལོ་ 16 སྔོན།

    ད་རྒྱུགས་ཁྱི་ཚོས་རྔ་མ་དབྱུག་དང་བཀའ་ཤག་གི་གུས་ཞབས་ཞུ་གི་རེད་ད།

    Reply
  13. བདེ་བ་ཅན། says:
    ལོ་ 16 སྔོན།

    ལྷག་བསམ་རྣམ་དག་གི་ཐོག་ནས་བསམ་ཚུལ་བརྗོད་མཁན་དྲ་གྲོགས་ལྷན་རྒྱས་ལ། ཅི་སྟེ་ཁྱེད་རྣམ་པས་ཕྲན་ནས་ཆོལ་ཁའི་དབྱེན་སྦྱོར་བྱ་གི་ཡོད་པའི་མཐོང་ཚུལ་བྱུང་ན་དེ་ནི་ནོར་འཁྲུལ་ཞིག་རེད། གསེར་རྟ་ཚུལ་ཁྲིམས་ཀྱིས་ཆོལ་ཁའི་ འཐེན་འཁྱེར་བྱས་ཏེ་སྐད་ཆ་བཤད་ཀྱི་ཡོད་སྟབས་དེ་ནི་ང་ཚོ་ལྟ་བུས་ནམ་ཡིན་ཡང་ཁས་ལེན་བྱ་གི་མ་རེད། ཆོལ་ཁའི་འཐེན་འཁྱེར་འདི་སུས་བྱ་གི་ཡོད་མེད་ཧ་ཅང་གསལ་པོ་རེད། ལོ་ས྄ྔོན་མའི་ནང་དུ་བོད་ནང་ཆོལ་ཁ་གསུམ་ཁྱོན་ཞི་རྒོལ་བྱུང་སྐབས་གཞིས་ཞུགས་བོད་མི་ཚོས་མགྲིན་གཅིག་ཏུ་ངོ་རྒོལ་གྱི་སྐད་འབོད་བྱེད་པའི་འབོད་ཚིག་འདི་ནི་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ང་ཚོ་བོད་མི་ཚོར་རང་ལུས་རང་དབང་མི་འདུག ཅེས་སོགས་པའི་འབོད་ཚིག་དེ་ཚོ་རེད། བཙན་བྱོལ་ནང་མི་འགའ་རེས་རྒྱབ་ནས་བསྐུལ་ཏེ་བོད་ནང་གི་རྡོག་རྩ་བསྒྲིལ་བའི་ལས་འགུལ་འདིར་བགོ་བཤའ་བརྒྱབ་ཐབས་བྱས་ཏེ་སོ་སོའི་གནས་ཚུལ་སྤེལ་རྒྱུ་དང་ལོ་རྒྱུས་བཀོད་ཐབས་བྱ་རྒྱུ་ལས་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་ཐད་གཞུང་ནས་གང་ཡོང་གནང་ཡང་མི་འགའ་རེ་དེ་དག་ཁ་བྲལ་ཏེ་གང་དང་གང་བྱས་སོང་ངམ། ཆོལ་ཁའི་འཐེན་འཁྱེར་ངོ་མ་བྱེད་མཁན་མི་དེ་ཚོ་རེད། ད་ལྟ་ཁྱེད་ཚོས་ངས་ས་དབང་ང་ཕོད་ཀྱི་ལྟ་ཚུལ་ཐད་ཚུལ་ཁྲིམས་འོད་ཟེར་ཟེར་བས་རང་སྣང་གང་དྲན་ཤོད་པར་དགག་ཆ་བྱ་སྐབས་ཆོལ་ཁའི་ཞེན་ཁོག་བྱ་གི་འདུག་ཟེར་གྱི་ཡོད་ན་ང་ཚོ་གནས་ཚུལ་དེའི་ཐོག་གླེང་སློང་བྱས་ཏེ་དགོས་པ་མི་འདུག་པས་གཡུག་ན་བཞག་ན་འགྲིག་གི་རེད། གང་ལྟར་ང་ཕོད་ས་དབང་དམ་པ་ནི་ང་ཚོ་བོད་རང་བཙན་མ་ཤོར་གོང་གི་བཀའ་བློན་གྱི་གྲས་ཤིག་དང༌། ལོ་རྒྱུས་ཀྱི་གལ་ཆེའི་མི་སྣ་ཞིག་ཡིན་པ་དུས་བབ་དྲ་རྒྱ་དེའི་སྟེང་སྐད་ངན་ག་ཚོད་བརྒྱབ་ཀྱང་འཛམ་གླིང་སྟེང་དེ་ཙམ་ནག་བསུབ་གཏོང་ཐུབ་ཀྱི་མེད་པ་ང་ཚོས་གསལ་པོ་ཤེས་རྟོགས་བྱུང༌། བྱས་ཙང་མཚམས་འདི་ནས་ང་ཕོད་ས་དབང་དམ་པའི་སྐོར་ལ་གླེང་སློང་མ་བྱས་ན་འགྲིག བཞུགས་གདན་འཇགས། རྗེས་སུ་མཇལ་ཡོང་༎

    Reply
  14. ཨ་རུ་ར། says:
    ལོ་ 16 སྔོན།

    འདས་པ་ནི་འདས་པ་རང་རེད། ཡག་ཉེས་ག་རེ་བྱུང་ཡོད་ཀྱང་ཚར་བ་རེད། ང་ཚོ་ལ་དགོས་པ་དེ་མ་འོངས་པ་བོད་ཀྱི་བདེན་མཐའ་གསལ་ཐབས་ཀྱི་ཐད་ཆོས་གསུམ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་གླེང་སློང་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་ཆགས་ཡོད།

    Reply
  15. ཐུབ་བསྟན། says:
    ལོ་ 16 སྔོན།

    རྒྱ་དཔོན་མའོ་ཙེ་ཏུང་གི་སྐུ་མདུན་དུ་བོད་ཀྱི་དཔོན་ཆེན་ང་ཕོད་ཀྱིས་གུས་ཞབས་བྱེད་བཞིན་པའི་པར་དེ་མཐོང་སྐབས་ངས་གླིང་གེ་སར་རྒྱལ་པོའི་སྒྲུང་ནང་ལ་གླིང་གི་ཨ་ཁུ་ཁྲོ་ཐུང་ཟེར་བ་དེས་ཀྱང་ཧོར་གུར་དཀར་རྒྱལ་པོར་མགོ་འབུལ་ལུས་འབུལ་བྱེད་སྐབས་ཨ་ཁུ་ཁྲོ་ཐུང་ཁོང་གིས་ཧོར་གུར་དཀར་རྒྱལ་པོར་འདི་འདྲའི་གུས་ཞབས་འདྲ་ཞིག་བྱས་མེད་དམ་དྲན་བཞིན་འདུག

    Reply
  16. བློ་བཟང་དཔལ་ལྡན། says:
    ལོ་ 16 སྔོན།

    གྲོགས་པོ་ཚོ་ཉོན་དང་ང་ཚོས་བསྡོམས་ཚིགས་འདི་གཉིས་ཀྱི་ནང་ནས་གང་བདེན་པ་རེད།དྲང་བདེན་གྱིས་དཔྱད་ཆོག་གི་རེད། :ཆེན་གྱི་རྒྱལ་གཅེས་རིང་ལུགས་པ། རང་རྒྱལ་མི་རིགས་ལས་དོན་གྱི་དབུ་ཁྲིད་མཆོག་ཏུ་གྱུར་པ། ཀྲུང་གོ་གུང་ཁྲན་ཏང་གི་སྙིང་ཉེ་བའི་གྲོགས་པོ།” “དྲང་ཚུགས་དང་རྒྱལ་ཞེན་ཅན་དཀའ་ཚེགས་ཆེ་བའི་གནས་བབ་ཀྱི་འོག་ཏུའང་བདེན་པའི་གནས་ཚུལ་གསལ་སྟོན་གནང་རྒྱུར་འབད་རྩོལ་གནང་མཁན་ཞིག་ཡིན།” དངོས་ཡོད་ཀྱི་ལོ་རྒྱུས་གཞི་རྩར་བཞག་ནས་དཔྱད་དགོས་པ་ལས་མདོ་དབུས་ཁམས་གསུམ་གང་ཡིན་རྩོད་མི་དགོས་པ་ཞིག་རེད།

    Reply
  17. རི་སྤྱང་སྔོན་མོ། says:
    ལོ་ 16 སྔོན།

    ང་ཕོད་མི་བུ་རླབས་ཆེན་ཞིག་ཡིན་མིན་གང་ཤེས་ འོན་ཀྱང་ང་ཕོད་ཀྱིས
    དངོས་བྱུང་གི་གནས་ཚུལ་འདི་བདེན་དཔང་བྱས་ན་ཆོག་གི་སྙམ་རྒྱུ་མཚན་ནི་ང་ཕོད་ཀྱིས་གནས་སྟངས་ཆ་ཚང་ཤེས་པས་ ད་དུང་འདས་ཁར་བདེན་དཔང་ཅན་གྱི་གཏམ་རེ་བཤད་ཅེས་མི་ཆོག་ འོ་རླབས་ཆེན་ཞིག་ཡིན་མིན་ད་དུང་ལྟ་རྒྱུ་རེད།

    Reply
  18. ཁ་བ་སྐམ་པོ། says:
    ལོ་ 16 སྔོན།

    ཤི་ཡང་རྣམ་ཤེས་འགྲོ་ཐབས་མི་རྙེད་པའི།།
    རང་རིགས་རྒྱ་རུ་གྱུར་བའི་ང་ཕོད་འདི།།
    སྐྱེ་བ་འདི་ལ་སྐྱིད་འདུག་མ་ཤེས་ཏེ།།
    ཕྱི་མ་མི་བདེ་གཏན་ཚིག་ལམ་ནས་ཐལ།།

    Reply
  19. ཨ་རུ་ར། says:
    ལོ་ 16 སྔོན།

    བདེ་བ་ཅན། ཆོལ་ཁ་དང་ཆོས་ལུགས་སོགས་ཀྱི་བར་དུ་དཀྲུག་ཤིང་མ་བྱེད་རོགས།
    ཁྱེད་རང་དང་གསེར་རྟ་ཚུལ་ཁྲིམས་བར་གྱི་འགལ་ཟླ་དེ་དོན་གནད་གཞན་ཞིག་ཏུ་བསྒྱུར་ཐབས་བྱས་ན་ཁྱེད་རང་གི་གླེང་གཞི་དང་རྒྱབ་འགལ་དུ་གྱུར་ཡོད། ཁ་ནས་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་གནད་དོན་གླེང་ཁུལ་གྱིས་ཆོལ་ཁའི་བར་དུ་དཀྲུགས་ཤིང་བརྒྱབ་ན་ཤིན་ཏུ་ནས་མི་འོས་སོ།།

    Reply
  20. བོད་པ། says:
    ལོ་ 16 སྔོན།

    བོད་མི་རྒྱ་ལ་གྱུར་བའི་ངག་ཕོད་དང་། །ཤ་མར་མི་གཙང་གྱུར་པའི་སྐྱག་པ་གཉིས། །བཀའ་ཤག་ངོ་རུ་ཁྱད་པར་མེད་པ་འདི། །གཞན་གྱིས་མཐོང་ན་ཞེན་ཁ་སྡིངས་ནས་ལོག །བཟང་པོའི་མི་ལ་དཔའ་དར་རྟགས་པ་དང་། །ངན་པའི་མི་ལ་སྐྱོན་བརྗོད་བྱེད་པ་སོགས། སྲིད་ཀྱི་འགྲོ་སྟངས་ཙམ་ཡང་མི་ཤེས་པའི། །བཀའ་ཤག་གླེན་པས་སྐྱག་པ་ཟོ་སྟེ་ཉོལ།

    Reply
  21. གངས་ཕྲུག་བློ་བཟང་ངག་དབང་ says:
    ལོ་ 16 སྔོན།

    དགུ་ཚིགས་སྐྱ་མོས་བཤད་པ་བདེན་པ་རེད། གསེར་རྟ་ཚུལ་ཁྲིམས་འོད་ཟེར་སོགས་ནང་རུལ་པ་འགའ་ཞིག་མི་རྗེ་དམ་པ་ང་ཕོད་ལ་མིག་ཟེར་དང་ལངས་ནས། ཁོང་གི་མཛད་རྗེས་རྣམས་སུབ་ཐབས་བྱེད་ཀྱི་ཡོད། དེ་ནི་བོད་མི་མང་གི་སྐུ་ཚབ་མིང་འཛིན་ཅན་སྤྱི་འཐུས་ཞིག་བྱེད་སྟངས་རེད་དམ། དོན་དངོས་ཐོག་ཁྱེད་རང་ཆོལ་ཁའི་འཐེན་འཁྱེར་ཆེ་བ་དེ་བཞིན་གཞན་ལ་ཕྲ་དོག་ཆེ་བ་ཞིག་ཡིན་པ་ཚང་མས་ཤེས་གསལ་ཡིན། ཁྱེད་ཀྱི་ད་བར་སྤྱི་འཐུས་མིང་འཁྱེར་ནས་ད་བར་བོད་མི་མང་ལ་ལེགས་སྐྱེད་གང་ཞིག་ཕུལ་ཡོད་དམ། དང་པོ་རང་ལ་ཡག་པོ་བལྟས་དེ་རྗེས་གཞན་བཤད་ལ་ལེགས་པོ་འདུག་
    དགོངས་པ་མ་ཚོམ་ཚིག་ཁ་ཤས་ཞུ་དགོས་བྱུང་སོང་

    Reply
  22. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    གསེར་རྟ་ཚུལ་ཁྲིམས་འོད་ཟེར་ནི་བོད་མི་དམངས་སྤྱི་འཐུས་རེད་ལ་ཡིན་རིན་ཆོག་པ་ཞིག་འདུག་གོ ང་ཕོད་ཚང་གི་རྒྱུག་ཁྱི་མགོ་གཉིས་མ་བདེ་བ་ཅན་ཁྱེད་ཀྱིས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་མ་གཏོགས་ང་ཕོད་ལ་དགག་པ་རྒྱག་མཁན་དུས་བབ་དྲ་ཐོག་ན་མཐོང་མ་སོང་ཟེར་བ་དེ་ཁྱེད་རང་མིག་ལོང་བ་ལྟ་བུའི་སྐད་ཆ་འདི་འདྲ་བཤད་པས་རྒྱ་མཚན་གྱིས་ངས་ཁྱེད་ལ་ཚུལ་ཁྲིམས་འོད་ཟེར་ལ་སྡུག་ར་དང་ཁ་རྡུང་གཏོང་ན་འགྲུག་གིན་མེད་ལབ་ཡོད། མ་ཟད་ཁྱེད་དུས་བབ་ཚང་ལ་ཁ་རྡུང་གཏོང་མྱོང་ཡོད་ཁྱེད་ལ་ཕྱོགས་གང་དཔྱད་ཀྱང་རྒྱ་ནག་གི་རྒྱུག་ཁྱི་མགོ་གཉིས་མ་ཞིག་མ་གཏོགས་ཡག་བའི་ཆ་རྩ་བ་ནས་མི་འདུག
    མ་ཟད་ཁྱེད་ཀྱིས་ཆོལ་ཁའི་བར་དཀྲིགས་ཤིང་གི་སྐད་ཆ་བཤད་པ་དེར་སྡུག་ཚོད་འཛིན་ན་དགའ་ལེ་རེད།།

    Reply
  23. lhokai bumo says:
    ལོ་ 16 སྔོན།

    there are so many confusions to something about their history.

    Reply
  24. མི་ཆུང་། says:
    ལོ་ 16 སྔོན།

    ད་ཁྱེད་ཚོས་འུར་རྒྱག་རྒྱུ་མཚམས་ཞོགས། ས་དབང་ང་ཕོད། སྐུ་ངོ་ང་ཕོད། རྒྱལ་ཚོང་ང་ཕོད། བསྟན་དགྲ་ང་ཕོད། ཇི་ལྟར་བཤད་ཀྱང་རུང་། དཀར་རྩི་གཏོང་མཁན་ཚོས་ཇི་ལྟར་དཀར་རྩི་བཏང་ཡང་། ནག་པོའི་ཆ་འདྲེས་ཡོད་དུས་དཀར་པོ་ནམ་ཡང་ཆགས་མི་སྲིད། དེ་བཞིན་ནག་རྩི་གཏོང་མཁན་གྱིས་ཀྱང་ཇི་ལྟར་ནག་རྩི་བཏང་ཡང་། ང་ཕོད་ལ་དཀར་ཆ་མང་པོ་ཡོད་དུས། ནམ་ཡང་ནག་པོ་ཆགས་མི་སྲིད། དོན་དམ་ཁྱོད་ཚོས་བོད་ཀྱི་དེང་རབས་ལོ་རྒྱུས་ལ་སྦྱོངས། ཞེས་པའི་རེ་སྐུལ་དེ་རང་ཡིན།

    Reply
  25. ནད་པ says:
    ལོ་ 16 སྔོན།

    རྒྱ་ནག་དམར་པོར་མཚོན་ན་མའོ་ཙེ་ཏུང་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཆེས་རླབས་ཆེན་གྱི་མི་སྣ་ཞིག་ཡིན་སྟབས་མ་སྔོན་མ་ནས་རླབས་ཆེན་གྱིགཙོ་འཛིན་མའོ་ཙེ་ཏུང་ཞེས་འབོད་ཀྱི་ཡོད།

    འོན་ཀྱང་མའོ་ཙེ་ཏུང་གི་མི་ཚེ་ཧྲིལ་པོར་དཔྱད་ཞིབ་བྱས་ནས་འཇུག་བསྡོམས་གཅིག་བརྒྱབས་ཚེ་ཁོང་ནི་འཛམ་གླིང་ནང་བཟང་ངན་གྱི་དཔྱད་གླེང་མཐའ་གཉིས་སུ་ལྷུང་བའི་རྩོད་གཞི་ཅན་གྱི་གང་ཟག་ཞིག་ཆགས་ཡོད།

    ང་ཚོ་གངས་ཅན་པར་མཚོན་ང་ཕོད་ནི་བོད་རྒྱ་གཉིས་ཀར་ཕན་འབྲས་བཏགས་མྱོང་མཁན་གྱི་ལོ་རྒྱུས་ཀྱི་མི་སྣ་གལ་ཆེ་ཞིག་ཆགས་ཡོད་ལ་ཁོང་གིས་རྒྱ་བོད་གཉིས་ཀར་གནོད་པའི་ལས་ཀ་ཡང་མང་པོ་ཞིག་གནང་མྱོང་ཡོད་སྟབས་ཁོང་གི་མི་ཚེ་ཧྲིལ་པོར་ཞིབ་འཇུག་གཅིག་བྱེད་ཐུབ་པ་དགོས།

    ངས་བསམས་ན་ང་ཕོད་ཡང་མའོ་དང་འདྲ་མཚུངས་ཀྱི་བཟང་ངན་གྱི་དཔྱད་གླེང་མཐའ་གཉིས་སུ་ལྷུང་བའི་རྩོད་གཞི་ཅན་གྱི་གང་ཟག་གཅིག་རེད་སྙམ་མམ་ང་ཚོད་ང་ཕོད་ཀྱི་མི་ཚེ་ཧྲིལ་པོར་ཞིབ་འཇུག་གཅིག་གནང་ཐུབ་ཚེ་ད་གཟོད་གཞི་ནས་བསྡོམས་ཚིག་ཅིག་རྒྱག་ཐུབ་ངེས་ཡིན།

    Reply
  26. བོད་པ། says:
    ལོ་ 16 སྔོན།

    འགའ་རེས་སོལ་བ་ནག་པོ་ཡང་དཀར་པོ་ཡིན་ཟེར་ཏེ་གད་དར་བྱས་ན་བྱེད་པོ་རང་ཉིད་གླན་རྟགས་མ་གཏོག་སྙིང་པོ་ཡོད་རྒྱུ་མ་རེད་སྙམ།

    Reply
  27. རིག་པའི་རལ་གྲི། says:
    ལོ་ 16 སྔོན།

    གལ་ཆེ་ཞེས་པའི་དོན་གལ་གནད་ཆེ་བའི་མི་སྣ་རུ་ཟེར་བ་ཡིན་ན། ཁོང་གལ་ཆེའི་མི་སྣ་རེད། གལ་ཆེའི་མི་སྣས་བོད་ལ་གལ་ཆེའི་བའི་ལས་གང་ཡང་བྱེད་ཡོད་རེད་པས་ཟེར་ན། དྲྭ་གྲོགས་ཕལ་ཆེ་བས་ཤེས་མི་འདུག་པས། བདེ་བ་ཅན་གྱིས་ར་འཕྲོད་པའི་བྱས་རྗེས་བསྟན་རྒྱུ་ཡོད་ན། ཀུན་ལ་ཕན་པར་འདུག

    Reply
  28. དྲང་བདེན། says:
    ལོ་ 16 སྔོན།

    གསེར་རྟ་ཚུལ་ཁྲིམས་འོད་ཟེར་འདི་ནི་བཟང་ངན་ཤེས་པའི་བོད་མི་ཞིག་ངོ་མ་རེད་འདུག

    Reply
  29. རིག་པའི་རལ་གྲི། says:
    ལོ་ 16 སྔོན།

    ཀུན་གྱིས་ཐོས་རྒྱུ་ཡོད་པའི་ངག་ཕོད་དང་།།
    སྙན་པའི་དོན་དང་ལྡན་པའི་པན་ཆེན་གཉིས།།
    རྒྱ་གཞུང་ཆེས་མཐོའི་མི་སྣར་མཚུངས་གྱུར་ཀྱང་།།
    རང་མགོ་ཐོན་ལ་ངག་ཕོད་ངེས་པར་ལྷག།།

    རང་རིགས་ཞེན་པའི་ལྕགས་ཀྱུས་ཟིན་པའི་ཉ།།
    རིམ་བཞིན་རྩ་དག་བཏང་བའི་མཚོ་ཁུག་ནས།།
    ཛ་དྲག་ཆེ་བའི་ཉ་དྲྭའི་སྡུག་བཙོན་དུ།།
    ནམ་ཡང་མ་ཚུད་ངག་ཕོད་་འཇོན་ཐང་ཅན།།

    བོད་མགོ་མཐོ་དུས་བོད་ཀྱི་གཙོ་བོར་གྱུར།།
    རྒྱ་མགོ་མཐོ་དུས་རྒྱ་མའི་ཆེས་མཐོ་གྱུར།།
    ས་ཡ་ཕྱེ་གཉིས་གར་སོང་མེད་གྱུར་ཀྱང་།།
    ནམ་ཡང་ཉམས་རྒུད་མེད་པའི་ངག་ཕོད་མཆོག།།

    རང་མགོ་ཐོན་པས་བསྟོད་ན་བསྟོད་འོས་ཀྱང་།།
    རང་རིགས་བོད་ལ་ཕན་པའི་བྱས་རྗེས་ནི།།
    དུས་ཚོད་གསར་རྙིང་གང་ལའང་རང་འོས་ཞིག།།
    གཟུར་གནས་དཔྱོད་ལྡན་བློ་ཡིས་མ་རྙེད་ལགས།།

    མི་ཤེས་ལྐོག་ཏུ་བོད་ལ་ཕན་པའི་ལས།།
    གནོད་པ་ལས་ཀྱང་ཆེ་བ་བཙན་བྱོལ་གྱི།།
    བོད་གཞུང་འདི་ཡིས་མཐོང་བ་སྲིད་གྱུར་ཀྱང་།།
    གསང་དགོས་གསང་སྔགས་ལས་ཆེས་གསང་འདྲ།།

    ཀུན་གྱིས་ཤེས་ཚོད་ཐོས་ཚོད་ལ་རྟེན་ན།།
    བོད་རིགས་ཡིན་ཀྱང་ཤི་བ་ཐོས་པའི་སྐབས།།
    དགའ་བའི་གླུ་དང་ཚིམ་པའི་རྣམ་འགྱུར་ཞིག།།
    འཇིག་རྟེན་ལུགས་དང་བསྟུན་ན་འོས་པར་ངེས།།

    Reply
  30. བདེ་བ་ཅན། says:
    ལོ་ 16 སྔོན།

    དྲ་གྲོགས་རྒྱལ་ཐང་ཡོན་ཏན་ལགས། ངས་ཆོལ་ཁའི་སྐད་ཆ་བཤད་འདོད་མེད་ཀྱང༌། གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱི་མཆན་འགོད་སྐབས་ཏན་ཏན་ཆོལ་ཁའི་ཞེན་ཁོག་ཡོད་པ་ཞིག་ལ་ངོས་འཛིན་བྱས་ཆོག་གི་རེད། ཁོ་པ་མི་དེ་ཙམ་དྲང་པོ་ཞིག་མཐོང་གི་མི་འདུག བོད་ཀྱི་ས་ཁུལ་གཞན་པའི་ནང་དུའང་བླ་ཆེན་མི་དྲག་མང་པོས་རྒྱ་གཞུང་ལ་སྤྲེལ་ལད་བྱས་ཏེ་ད་དུང་སྲིད་གྲོས་ཁག་གི་ནང་དུ་ཡོད་མུས་མ་རེད་དམ། དེ་ཚོའི་སྐྱོན་མ་མཐོང་བ་གང་ཡིན་ནམ་སྙམ་གྱི་འདུག ཡིན་ནའང་ངའི་བསམ་དོན་རྦད་དེ་གྲུབ་སོང༌། ངའི་བསམ་དོན་གཅིག་པུ་དི་ནི་ཆོལ་ཁ་ཞིག་ལ་ཕྱོགས་རྒྱུ་དང༌། མི་ཞིག་གི་བྱས་རྗེས་ཡོད་པའི་ལོ་རྒྱུས་ལས་སྐྱོན་གནད་བྱུང་ཡོད་པ་འདི་བཀབ་ཐབས་བྱ་རྒྱུའང་མིན། འོན་ཏེ་གལ་ཆེའི་ལོ་རྒྱུས་ཀྱི་མི་སྣ་ཞིག་གིས་ལོ་རྒྱུས་རྦད་དེ་ནག་བསུབ་གཏོང་ཐབས་བྱ་རྒྱུ་འདིར་མཐའ་གཅིག་ཏུ་ངོ་རྒོལ་བྱ་མཁན་ཞིག་ཡིན། ད་ལྟ་བོད་ཀྱི་དྲ་རྒྱ་འདིའི་སྟེང་ནས་ང་རང་ལ་ས་དབང་དམ་པ་བོད་ཀྱི་ལོ་རྒྱུས་སྟེང་གི་གལ་ཆེའི་མི་སྣ་ཞིག་ཡིན་པ་ཧ་ཅང་གསལ་པོ་ར་འཕྲོད་བྱུུང་སོང༌། གང་ལགས་ཞུ་ས་དབང་ངག་དབང་དམ་པའི་སྐོར་བོད་ཀྱི་དུས་བབ་དྲ་རྒྱའི་སྟེང་ཐེངས་གྲངས་ག་ཚོད་ཙམ་ཞིག་གཙོ་བོའི་བརྗོད་གཞིར་བཀོད་སྟེ་མདུན་ཤོག་སྟེང་བཀོད་ཡོད་པ་དེས་ཁོང་ནི་བོད་ཀྱི་ལོ་རྒྱུས་སྟེང་གལ་ཆེའི་མི་སྣ་ཞིག་ཡིན་པ་གསལ་པོ་མཚོན་ཡོད་པས་དེར་མཐའ་གཅིག་ཏུ་དགག་རྒྱག་བྱ་མཁན་ནི་ཚུལ་ཁྲིམས་འོད་ཟེར་ཞེས་པ་དེ་ལས་གཞན་ཧ་ལམ་མཐོང་རྒྱུ་མེད་པས། ས་དབང་ང་ཕོད་འདི་བོད་ཀྱི་ལོ་རྒྱུས་གལ་ཆེའི་མི་སྣ་ཞིག་ཡིན་པ་གསལ་པོ་ཆགས་སོང་བས་ང་རང་བློ་སེམས་བདེ་སོང་ངོ་༎

    Reply
  31. སྒྲོལ་མ། says:
    ལོ་ 16 སྔོན།

    གསར་འགྱུར་འདིའི་ཁ་བྱང་ལ་༼ ཡང་སྙིང་ང་ཕོད་ནི་བོད་པའི་བུ་ཡིན་ནམ་རྒྱ་མིའི་བུ་ཡིན ༽ བཏགས་པ་ལས་༼ ཡང་སྙིང་ང་ཕོད་ནི་རྒྱལ་ཞེན་པ་ཞིག་ཡིན་ནམ་རྒྱལ་བཙོང་བ་ཞིག་ཡིན་ ༽ ཞེས་བཏགས་ན་འཚམས་པར་མཐོང་། དེ་ནི་བདག་གིས་ཁོང་ལ་གུས་ཞབས་མ་བྱས་པ་དང་། ཕྱོགས་རེ་བའི་ལྟ་བ་བཟུང་བ་མིན། ང་ཕོད་རྒྱལ་ཞེན་པ་ཞིག་ཡིན་ནམ་རྒྱལ་བཙོང་བ་ཞིག་ཡིན་ཞེས་པའི་ཚིག་གི་ནུས་པའི་ང་ཕོད་ཀྱི་མི་ཚེ་ལས་དོན་དང་འབྲེལ་ཏེ་ལངས་ཕྱོགས་ལ་བསྡོམས་ཚིག་རྒྱག་གིན་ཡོད།

    Reply
  32. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    བདེན་པ་དམར་གསོད་གཏོང་བའི་བདེ་བ་ཅན།།
    གནས་ལུགས་ནག་བསུབ་གཏོང་བའི་བདེ་བ་ཅན།།
    ལུང་རིགས་གཉིས་ཀྱིས་མི་འདུལ་བདེ་བ་ཅན།།
    ཀུན་རྫོབ་བདེན་པའི་ཁ་གཏད་བདེ་བ་ཅན།།

    རང་མགོར་མུན་ནག་འཐུབ་པའི་བདེ་བ་ཅན།།
    གཞན་མགོར་མ་ཉེས་ཁག་གཡོག་བདེ་བ་ཅན།།
    འཁྱོག་པོ་དྲང་བར་རློམས་པའི་བདེ་བ་ཅན།།
    དྲང་པོ་འཁྱོག་པོར་འཛིན་པའི་བདེ་བ་ཅན།།

    དགྲ་ལ་ངོ་བསྡོད་བྱེད་པའི་བདེ་བ་ཅན།།
    གཉེན་ལ་སྡང་མིག་ལྟ་བའི་བདེ་བ་ཅན།།
    དྲང་པོར་ངོ་རྒོལ་བྱེད་པའི་བདེ་བ་ཅན།།
    ལོག་ལམ་འབའ་ཞིག་འཕྱན་པའི་བདེ་བ་ཅན།།

    བདེན་དོན་ཕ་རྒན་གསོད་རོགས་བདེ་བ་ཅན།།
    ལོ་རྒྱུས་ཕ་ཁྲག་འཐུང་རོགས་བདེ་བ་ཅན།།
    མ་ཡུམ་གངས་ལྗོངས་ཚོང་ཕྲུག་བདེ་བ་ཅན།།
    བསྟན་སྲིད་ལག་དམར་བདུད་ཕྲུག་བདེ་བ་ཅན།།

    Reply
  33. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    དགྲ་ལ་གུས་ཞབས་ཆེ་བའི་ང་ཕོད་པ།།
    གཉེན་སར་མགོ་འཕང་མཐོ་བའི་ང་ཕོད་པ།།
    བདེན་དོན་ཕ་རྒན་གསོད་པའི་ང་ཕོད་པ།།
    མ་ཡུམ་གངས་ལྗོངས་ཚོང་ཆེན་ང་ཕོད་པ།།

    རང་ཡུལ་དགྲ་ལ་བསྐྱལ་བའི་ང་ཕོད་པ།།
    གཞན་ཡུལ་སྐྱིད་ཉལ་བྱེད་པའི་ང་ཕོད་པ།།
    བསྟན་སྲིད་ལག་དམར་བདུད་སྤྲུལ་ང་ཕོད་པ།།
    ངན་པ་དགུ་འཛོམས་ཚང་བའི་ང་ཕོད་པ།།

    Reply
  34. རྒྱལ་ཐང་ཡོན་ཏན says:
    ལོ་ 16 སྔོན།

    དྲ་གྲོགས་བདེ་བ་ཅན་ལགས་ཁྱོད་ཀྱིས་དྲ་ཐོགས་ནང་ཆོལ་ཁ་ཕྱོགས་རེས་ཀྱི་གཏམ་བཤད་སྤེལ་བར་ཐག་གཅིག་ཏུ་ངོ་རྒོལ་ཡོད།

    Reply
  35. དུག་ཚེར། says:
    ལོ་ 16 སྔོན།

    ཤི་ཟིན་པའི་རྣམ་ཤེས་གདུང་རྡེག་མ་བྱེད།

    Reply
  36. བདེ་བ་ཅན། says:
    ལོ་ 16 སྔོན།

    ཡང་བསྐྱར་བརྗོད་འདོད་པ་ཞིག་ནི། བོད་ཀྱི་ལོ་རྒྱུས་ཐོག་གི་གལ་ཆེའི་མི་སྣ་ས་དབང་ང་ཕོད་དགོངས་པ་རྫོགས་པར་ང་ཚོས་མྱ་ངན་ཞུ་བཞིན་ཡོད་ལ། བཙན་བྱོལ་བོད་གཞུང་བཀའ་ཤག་ངོས་ནས་ཀྱང་མྱ་ངན་གུས་འདུད་ཞུས་ཡོད།་ ད་ལྟའི་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་བཀའ་ཤག་གི་གཙོ་བོ་བཀའ་བློན་ཁྲི་པ་རིན་པོ་ཆེ་མཆོག་ནི་མི་མང་ནས་ཐེངས་གཉིས་བསྟུད་མར་འོས་འདེམས་བྱུང་བའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་དབུ་ཁྲིད་པའི་བཀའ་ཤག་གི་འཛིན་སྐྱོང་འོག་ཏུ་བསྐྱོད་བཞིན་པ་ཞིག་རེད། ང་ཚོས་བདེན་པ་དང་དངོས་ཡོད་རྒྱུ་མཚན་གྱི་ཐོག་ནས་ང་ཕོད་ས་དབང་དམ་པའི་དགེ་མཚན་ཁག་ཀྱང་མཐོང་བའི་ཐོག་ནས་མྱ་ངན་ ཞུ་བཞིན་ཡོད། ད་ལྟ་གོང་དུ་མཆན་འགོག་བྱ་མཁན་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལྟ་བུ་ནི་བོད་ནང་སྡོད་སྐབས་བོད་སྤྱི་དོན་དུ་ལས་ཀ་བྱ་མྱོང་མཁན་ཞིག་ཡིན་པའི་ལོ་རྒྱུས་དེ་སྔ་གོ་མྱོང་མེད་ལ། ཁོང་གི་སྐོར་འདས་པའི་གནས་ཚུལ་ཁག་ཅིག་སྟེ་ཁ་བརྡ་དྲ་རྒྱའི་ནང་ཁ་གསལ་ལ་མི་གསལ་བའི་གནས་ཚུལ་མང་པོ་ཞིག་བཀོད་སོང་བར་དེ་ཙམ་གྱི་འགྲེལ་བཤད་གནང་ཐུབ་མ་སོང་། ད་ལྟ་དབུས་གཙང་ཕྱོགས་ཀྱི་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཞིག་འདས་གྲོངས་སོང་རྗེས་དེར་དེ་ལྟ་བུའི་སྡང་ཟུག་བྱ་སྐབས་ལུས་ལ་གྲྭ་ཆས་གྱོན་པའི་གསེར་རྟ་ཚུལ་ཁྲིམས་སོགས་ནི་ཅི་འདྲའི་ཞེ་སྡང་ཆེ་བ་ལ་ཨང་། ང་ཕོད་གལ་སྲིད་ཨ་མདོ་ཕྱོགས་སུ་སྐྱེས་ཡོད་ཚེ་ཁོང་གི་གནང་ཚད་དགེ་མཚན་དུ་གྱུར་ཡོད་སྲིད། གལ་སྲིད་དེ་ལྟ་བུའི་སྡང་ཟུག་ཆེ་བའི་ངར་ཤུགས་ཤིག་ཡོད་ཚེ་བོད་ནང་བསྡད་དེ་རྒྱ་མིར་གདོང་གཏུགས་བྱ་མ་ཕོད་པ་དང༌། རྒྱུ་མཚན་དེ་ལྟ་བུ་ཞིག་དྲངས་རྒྱུ་ཡོད་ཚེ་ང་ཕོད་འདས་གྲོངས་མ་སོང་གོང་ཤོད་མི་ནུས་པ་ཁ་སྐྱག་པས་བཀག་པ་རེད་དམ། ཡུལ་ལུང་གི་ཞེན་ཁོག་དང་ལྷག་པར་དབུས་གཙང་མི་མང་གི་མགོ་གནོན་གང་ཐུབ་བྱེད་པ་འདི་ནི་ཐ་ཤལ་བའི་བྱེད་སྟངས་ཤིག་རེད། ཁྱེད་ཚོས་བཙན་བྱོལ་གྱི་སྤྱི་ཚོགས་ཆུང་ངུ་འདིའི་ནང་གང་དུའང་དཔུང་བསྒྲིལ་ཏེེ་ཆོལ་ཁ་གཞན་གྱི་མིའི་གཉའ་གནོན་ཐབས་བྱེད་པ་འདི་ནི་ཐབས་སྐྱོ་བའི་བྱེད་སྟངས་ཤིག་ཏུ་མཐོང་གི་འདུག དགོས་པའི་དུས་སུ་ཆད་དེ་ད་ལྟ་བཙན་བྱོལ་གྱི་སྤྱི་ཚོགས་ཆུང་ངུ་འདིའི་ནང་ཕྱིའི་དགྲ་བརྟུལ་མི་ཐུབ་པར་ནང་ཁུལ་གྱི་འགལ་ཟླ་སློང་རྒྱུ་དང་། མིང་གནས་དང་གཏམ་སྙན་གྲགས་བཟོ་རྒྱུར་སྨྱོ་ཟིན་པའི་ཚུལ་ཁྲིམས་འོད་ཟེར་སོགས་ནི་ང་རྒྱལ་གྱི་བཟི་བའི་སྨྱོན་པར་གྱུར་ཟིན་འདུག་པས་མཚམས་འདི་ནས་ཆད་པར་བྱེད༎

    Reply
  37. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    ཧ་ཧ་ ང་ཕོད་མི་ལོ་བརྒྱ་ལ་བཞུགས་ཀྱང་ཁོང་ལ་སྐད་ཆ་འདྲི་བརྩད་གང་ཡང་མི་བྱེད་པར་ད་ལྟ་སྐུ་གཤེགས་ཟིན་པའི་སྐབས་སུ་ཀུན་གྱིས་ཁོང་གི་སྐོར་ལ་དོར་སྣང་ཆེ་མདོག་འདི་ནི་བོད་མིའི་གཤེས་ག་ཡིན་པ་འདྲ།
    ད་ཅུང་འགྱངས་སོང་བ་རེད་ལགས། ཁྱེད་རང་ཚོས་ང་ཕོད་ཀྱི་སྐོར་དེ་འདྲའི་གལ་ཆེན་ཞིག་ཡིན་པར་འདོད་ན་ཁོང་སྐུ་བཞུགས་སྐབས་སུ་བཅར་འདྲི་སོགས་མི་བྱེད་པ་ཅི་ཡིན།
    མངོན་གྱུར་གནས་ལ་བལྟ་བའི་མིག་གཉིས་ལོང་།།
    ལྐོག་གྱུར་དཀའ་གནད་གཞལ་ལ་སྤྲོ་སྣང་ཅན།།
    སླ་མོ་དཀའ་མོར་བསྒྱུར་བའི་གངས་ཅན་པ།།
    ད་དུང་གཞན་ལ་མ་བརྟེན་རང་བརྟེན་འདྲ།།

    Reply
  38. རྩེ། ཆུ་མིག says:
    ལོ་ 16 སྔོན།

    གོང་གི་བོད་པ་ཚང་དཔའ་ཆེ་ཆུང་ཞེས་པ་ནོར་འདུག<བོད་པ་ཚང་མ་དཔའ་ཆེ་ཆུང་་་་་་>ལྟར་ཡིན།

    Reply
  39. རྩེ། ཆུ་མིག says:
    ལོ་ 16 སྔོན།

    ད་ཨ་ཕས་བཤད་ན་ཨ་ཕ་བདེན་གི དོམ་པས་བཤད་ན་དོམ་པ་བདེན་གི
    གང་ལྟར་བོད་ནང་གི་ཚང་མ་མེ་མདའི་འོག་ཏུ་ཡོད་པ་དྲན་ཐེངས་རེར་སྙིང་རྗེ་བསམ་གི
    བོད་པ་ཚང་དཔའ་ཆེ་ཆུང་མི་འདྲ་བ་ལྟར་དཀའ་ཁེགས་ཀྱང་ཆེ་ཆུང་མི་འདྲ་བ་རེའི་འོག་ཏུ་གནས་ཡོད་པ་རེད། དཔེར་ན་རང་དབང་གི་ལུང་པའི་ནང་དུའང་ཁ་ཤས་ཀྱིས་རང་སྲོག་དམར་པོ་བོད་མི་རིགས་ཀྱི་ཆེད་དུ་ཕུལ་ཐུབ་ནའང་ཁ་ཤས་ཀྱིས་དེ་ལས་ལྡོག་སྟེ་བོད་མི་རིགས་ལ་ཞབས་འདྲེན་ཞུ་བཞིན་ཡོད་པ་ལྟར་རེད།

    Reply
  40. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    མི་མཁས་མཁས་པར་རྫུ་བའི་བདེ་བ་ཅན།།
    མི་བདེན་བདེན་རྗུན་གོ་ལྡོག་བདེ་བ་ཅན།།
    མི་ཤེས་ཤེས་མདོག་བྱེད་པའི་བདེ་བ་ཅན།།
    མི་སྨྱོན་སྨྱོན་པའི་ངང་ཚུལ་བདེ་བ་ཅན།།

    ང་ཕོད་ཕོད་པ་ཆུང་བའི་རྒྱལ་ཚོང་འདིས།།
    བོད་དོན་དོན་གཉེར་མེད་པའི་ལོ་རྒྱུས་སོགས།།
    སྡར་མ་མ་རབས་ཡིན་པ་ཡོངས་གྲགས་ཀྱི།།
    ལོ་རྒྱུས་རྒྱུས་ཡོད་གཟུར་གནས་རྒྱས་ཀྱང་བཤད།།

    ས་དབང་ཆེན་མོས་མགོ་བཏགས་ཞུས་རབས་མང།།
    ས་དབང་ཆེན་མོས་གོ་མཛོད་བསྲེགས་རབས་མང་།།
    ས་དབང་ཆེན་མོས་རང་ཡུལ་སྤྲད་རབས་མང།།
    ས་དབང་ཆེན་མོས་ཞབས་འདྲེན་ཞུས་རབས་མང།།

    མི་ངན་མིང་ཆེ་འབོད་མཁན་ངོ་ཚ་ཞེས།།
    གངས་ཅན་བོད་ཀྱི་གཏམ་དཔེར་ཡོངས་གྲགས་ལྟར།།
    ད་ནས་རྒྱལ་ཚོང་ང་ཕོད་སྡར་མ་ཞེས།།
    འདོགས་པ་ལས་གཞན་ས་དབང་ཅིའི་ཕྱིར་འདོགས།།

    Reply
  41. གོང་ཐུབ། says:
    ལོ་ 16 སྔོན།

    མེས་པོ་དམ་པས་དཔའ་ངར་ཞུམ་མེད་ངང་།།
    རང་གི་བདག་དབང་ངག་ལ་གྱེར་ནས་འདས།།
    སྙུ་གུའི་སོ་ཁ་དགྲ་ལ་གཏད་ནས་གྲོངས།།
    གློ་གྲི་བཟུང་སྟེ་མེ་མདའི་ཁ་ནས་གཤེགས།།
    སྐྱེད་མས་ཕྲུ་གུ་རྒྱབ་ལ་འཁུར་བཞིན་རྒོལ།།
    ཀྱེ་མ་བཙན་པོའི་བུ་ཡི་རུས་རྐང་འདི།།
    ཆུ་ཡི་དབུ་བར་འགྱུར་འདི་ཡིད་རེ་སྐྱོ།།
    གཟིགས་དང་སོང་བ་མ་ཡིན་ཕེབས་པ་ཡིན།།
    ཞེས་པ་ལྟ་བུའི་ཚིག་རིས་ཙམ་གྱིས་ཀྱང་།།
    བྲུན་པ་གསེར་དུ་བསྒྱུར་བའི་ངང་ཚུལ་འདི།།
    མཁྱེན་ལྡན་དག་ལ་གད་མོ་སློང་བའི་རྒྱུ།།

    Reply
  42. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    དུས་བབ་ལགས།

    ལོ་མགོ་འདིར་ཡང་། ཡིག་ནོར་སྤེལ་མགོ་ཚུགས་པས་སམ་ཅི། ཐུགས་རྗེས་གཟིགས། ལོ་མགོ་འདི་ནས་ཡིག་ནོར་ལ་གཟབ་ནན་གནང་རོགས་ཞུའོ།། རེ་བ་དང་ཡིད་ཆེས་ཆེན་པོས་ཞུའོ།།

    Reply
  43. འོས་ལངས། says:
    ལོ་ 16 སྔོན།

    ང་ཕོད་ཀྱི་བྱས་རྗེས་དང་ནག་ཉེས་གཉིས་བསྡུར་ན་ནག་ཉེས་རྦད་དེ་ཤུགས་ཆེ་བ་འདུག མི་མང་གི་མགོ་ཁྲིད་ཅིག་གི་ངོས་ནས་མི་མང་གི་མངོན་འདོད་སྒྲུབ་རྒྱུའི་ཚབ་ཏུ་དགྲ་ལ་མགོ་འདོགས་ལུས་འབུལ་ངང་རང་གི་ལུང་པ་དགྲ་ལག་ཏུ་བཏད་པ་ནི་ཧ་ཅང་གི་ཐབས་སྐྱོ་བོ་རེད། ཁོ་སྡར་མ་ཝ་བྲོས་ཟེར་བ་དེ་དངོས་གནས་རེད། དེ་མིན་ན་རྒྱ་གཞུང་ལ་དེ་འདྲའི་སྤྲེལ་ལད་འཁྲབ་བཞིན་བོད་དོན་ཐད་ལ་རྗུན་གཏམ་རྐྱང་རྐྱང་མི་ཚེ་གང་བོར་བཤད་དགོས་དོན་མི་འདུག་བསམ། སྔོན་ཆད་ང་ཕོད་ཀྱི་རྫུན་གཏམ་ཞིག་གི་ཐད་ལ་ཀུན་བདེ་གླིང་ཛ་སག་དང་། སྟག་ལྷ་ཕུན་བཀྲ་གཉིས་ཀྱིས་དགག་ལན་བསྐྱོན་པའི་དེབ་ཆུང་ཞིག་འདུག་པ་དེ་ནི་དཔེར་མཚོན་གསལ་ཤོས་ཤིག་རེད། ཡིན་ན་ཡང་། ད་ལྟའི་བཀའ་ཤག་གིས་རྒྱལ་འཚོང་ང་ཕོད་ལ་མྱ་ངན་གུས་འདུད་ཞུས་པའི་བསྒྲགས་གཏམ་དེ་ནི་ཡ་མཚན་སྐྱེ་གཞི་ཞིག་འདུག ལོ་ཤས་སྔོན་ལ་ང་ཡིས་ང་ཕོད་ཀྱི་ཐལ་དྲགས་པའི་རྗུན་གཏམ་ཞིག་ལ་བལྟས་རྗེས་ཀྱི་མྱོང་ཚོར་ཞིག་བྲིས་ཐལ་ཤོར་འདུག་པ་སྐབས་དོན་དང་འབྲེལ་ཡོད་དུ་བསམ་ནས་འདིར་བཞག་པ་ཡིན།

    རིགས་མཐུན་འགྲོ་བའི་ཁྱུ་ལས་བུད་པའི་མ་རུང་བདུད་སྡེའི་སྙིང་ཁམས་ཅན།།
    གཅེས་པའི་ཕ་ས་དགྲ་ལག་བཞག་པའི་རྒྱལ་འཚོང་དཔོན་ངན་རང་མཐོང་ཅན།།
    སྡིག་སྤྱོད་མཁན་པོ་མའོ་ཙེ་ཏུང་གི་རྗེས་འཇུག་བློ་མཐུན་དང་བླངས་ཅན།།
    དམར་པོའི་གཞུང་ལ་སྒོ་གསུམ་ཕུལ་བའི་གུང་ཁྲན་གྲོགས་པོ་ཕུལ་བྱུང་ཅན།།

    ཕ་མེས་རྣམ་པས་གཅེས་པར་བསྐྱངས་ཀྱང་ཇ་ལན་གཅིན་གྱིས་འཇལ་བ་ཁྱོད།།
    གཡག་ལུག་ལ་བརྟེན་ལུས་སྟོབས་རྒྱས་ཀྱང་ཟས་ལན་སྐྱག་པས་འཇལ་བ་ཁྱོད།།
    བོད་གཞུང་དྲིན་ལས་དཔོན་མིང་ཐོབ་ཀྱང་རྒྱ་གཡོག་ཁྱི་བཞིན་རྒྱུགས་པ་ཁྱོད།།
    སྤུན་ཟླའི་རེ་བའི་མེ་ཏོག་གཏོར་ཡང་དགྲ་འོག་བཅུག་པའི་རྒྱལ་བཙོང་ཁྱོད།།

    རྒྱ་དཔོན་ཚོགས་ལ་སྤྲེལ་ལད་འཁྲབ་བཞིན་བོད་ཡུལ་བཅོམ་པར་རམ་འདེགས་བྱས།།
    བོད་ཀྱི་རིག་གཞུང་རྙིང་པར་བརྩིས་ཏེ་སླར་གསོ་དཀའ་བའི་གྱོང་གུད་ཐེབས།།
    སྐྱིད་པོའི་ཕ་ས་མྱ་ངམ་ཐང་ལྟར་འཇིགས་རུང་བཙོན་ར་ཞིག་ཏུ་བསྒྱུར།།
    སྔར་མེད་བོད་ཀྱི་ལོ་རྒྱུས་ཐོག་ཏུ་ནག་ཐིག་འདེབས་མཁན་དཔོན་ངན་ཁྱོད།།

    གདོང་དམར་བོད་ཀྱི་གཤེད་མར་གྱུར་པ་རྒྱ་དཔོན་གཤིན་རྗེའི་གཡོ་འཕྲུལ་འོག །
    རང་གི་བདེ་སྡུག་གཅིག་པོར་འབྲེལ་བའི་གྲགས་སྐམ་གོ་ཐོབ་བླངས་དང་ལྷན།།
    རང་ཡུལ་རྨང་ནས་གཞན་ལ་དབང་ཕྱིར་མོས་བློས་མཚན་རྟགས་ཉེ་བར་བཀོད།།
    བོད་རྒྱ་གཉིས་བར་འདུམ་ཐབས་བྲལ་བའི་རྩོད་རྙོག་འབྱུང་རྩ་ཁྱོད་ཀྱིས་བསྐྲུན།།

    ལྟ་ཚུལ་གཅིག་རང་མཁྲེགས་འཛིན་བྱེད་པའི་རྒྱ་དཔོན་རྣམས་ཀྱི་རེ་འདོད་བསྐངས།།
    དངོས་ཡོད་བོད་ཀྱི་ལོ་རྒྱུས་ཕྱོགས་ལ་འཁྱོག་བརྗོད་ཚོན་ནག་འབའ་ཞིག་བྱུགས།།
    གཅོང་རོང་ལྷུང་བའི་གཞིས་བྱེས་སྤུན་ཟླར་སྡུག་བསྔལ་ཁུར་བོའི་ཞལ་འདེབས་ཕུལ།།
    འབྱུང་འགྱུར་བོད་ཀྱི་སོན་རྩ་ཀུན་ལ་དྲང་བདེན་མིན་པའི་ཐིག་ཤིང་བསླངས།།

    དེ་ལྟའི་ཕྱིར་ན་རྒྱལ་འཚོང་གཏེ་བོ་དཔོན་ངན་ཁྱོད་ཀྱི་མི་ཚེའི་ནང་།།
    བོད་དོན་སྨན་པའི་བྱ་གཞག་མེད་ཁར་རང་ཡུལ་དགྲ་ལག་བཏད་པ་དེས།།
    ཁྱོད་ཀྱི་མི་ཚེའི་བསུབ་མེད་སྡོམ་ཚིག་རྒྱ་དམར་གཞུང་ལ་བཀོད་ཙམ་ལས།།
    གཞིས་བྱེས་སྤུན་ཟླ་ལྷན་འཛོམས་དུས་ཤིག་ངེས་པར་འཆར་དུས་མ་འགྱོད་ཅིག །

    དེང་ནས་ངག་བསྡིབས་དྲན་པ་བརྒྱལ་བཞིན་རྗུན་གཏམ་གང་སར་མི་སྒྲོགས་པར།།
    དབུགས་ཀྱི་རྒྱུ་བ་བདེ་བླག་འགག་པའི་ཐབས་བཟང་འབའ་ཞིག་ལྷུར་ལོངས་དང་།།
    བགྲང་བྱའི་ཕྲེང་བ་གསུམ་ཆའི་གཉིས་ལྷག་དོན་གྱིས་རྒྱ་གཡོག་རྟག་རྒྱུགས་པས།།
    ཐ་མའི་མལ་ཁྲིར་ལྷུང་ཉེའི་སྐབས་འདིར་ངལ་གསོའི་འཁར་བར་བརྟེན་ན་ལེགས།།

    Reply
  44. བདེ་བ་ཅན། says:
    ལོ་ 16 སྔོན།

    ལན་སྟབས་བདེ་པོ་ཞིག་བརྒྱབ་ན་ང་ཕོད་ཀྱི་ཕ་མ་གཉིས་ནི་བོད་རིགས་གཙང་མ་ཡིན་པར་བརྟེན་ང་ཕོད་བོད་ཀྱི་ས་ཐོག་ཏུ་སྐྱེས་པའི་བོད་རིགས་གཙང་མ་ཞིག་ཡིན་པ་རྩོད་མེད་རེད། ང་ཕོད་སྐྱེས་རྗེས་བོད་གཞུང་གི་དེ་སྔའི་སྒྲོམ་གཞིའི་ནང་འཚར་ལོངས་བྱུང་ཡོད་པ་དང༌། བོད་མ་ཤོར་གོང་གི་བོད་གཞུང་གི་གཞུང་ཞབས་ནང་ཐེག་པ་རིམ་འཛེགས་ཀྱིས་ཞབས་ཞུ་གྲུབ་ཡོད་པས་ཁོང་ནི་བོད་ཀྱི་ལོ་རྒྱུས་སྟེང་བཀོད་དགོས་པའི་གལ་ཆེའི་མི་སྣའི་གྲས་སུ་ཚུད་ཡོད།
    སྤྱི་ལོ་ 1950 ལོར་མདོ་སྤྱི་ལྷ་ཀླུ་ལོ་དུས་རྫོགས་ཏེ་ང་ཕོད་ས་དབང་དམ་པར་མདོ་སྤྱིའ་ིལས་གནས་བསྐོ་གཞག་བྱ་སྐབས་བོད་ཀྱི་གནས་སྟངས་གཉན་འཕྲང་ཆེ་བའི་དུས་སྐབས་ཤིག་ཏུ་སླེབས་ཟིན་པ་དང་། བོད་ཀྱི་ཤར་ཕྱོགས་ས་ཁུལ་ཁག་ཅིག་ནང་རྒྱ་དམར་གྱི་བཙན་འཛུལ་གྱི་འདྲེ་ལག་རྐྱོང་འགོ་ཚུགས་པའི་དུས་ཚོད་དང་སྟབས་འཁེལ་ཡོད། སྐབས་དེར་ས་གནས་མང་དག་ཞིག་ནང་ཁྲིམས་སྒོ་རང་བཙན་ལྟ་བུར་གནས་པ་དེས་བོད་གཞུང་གིས་ངོས་ནས་རྒྱ་དམར་ལ་གདོང་ལེན་བྱ་ཕྱོགས་ཐད་བོད་ཀྱི་ས་ཁུལ་ཡོངས་རྫོགས་ནང་གཅིག་མཚུངས་ཡོང་ཐབས་མེད་པའི་ཉེན་ཁའི་རང་བཞིན་ཐད་ས་གནས་ཚང་མའི་ནང་འཐུས་ཤོར་འགྲོ་བའི་དུས་ཚོད་གལ་ཆེ་ཞིག་ཆགས་ཡོད། ལྷག་པར་དུ་བོད་ཀྱི་སྨད་ཕྱོགས་ཀྱི་ས་ཁུལ་མང་པོ་ཞིག་གི་མི་དྲག་ཚོར་འཇམ་རྩུབ་གཉིས་ཀའི་ཐོག་ནས་རྒྱ་དམར་གྱི་གཡོ་བྱུས་འོག་ཚུད་ཟིན་པར་བརྟེན་མདོ་སྤྱི་ང་ཕོད་གནས་ཡུལ་གྱི་ས་གནས་འདི་ནི་བོད་སྨད་ཕྱོགས་ཀྱི་ས་ཁོངས་ནས་རྒྱ་ནག་གཞུང་ལ་དགག་རྡོ་ཆེ་ཤོས་འཕྲད་ཡུལ་གྱི་གནས་ས་ཞིག་ཆགས་ཡོད། དེ་ནི་དེར་བོད་གཞུང་གི་སྟོབས་ཤུགས་དང་དབང་བསྒྱུར་གྱི་ནུས་པ་ཆེ་ཙམ་ཡོད་པའི་དབང་གི་ཡིན། གནས་ཚུལ་དེས་རྐྱེན་པས་ང་ཕོད་ས་དབང་དམ་པ་ནི་རྒྱ་མིས་མིག་འཛུགས་བྱ་ཡུལ་གྱི་མི་སྣ་གཙོ་བོའི་གྲས་སུ་ཚུད་ཟིན་ཡོད།
    བོད་གཞུང་གི་ངོས་ནས་ང་ཕོད་ས་དབང་དམ་པའི་ཤེས་འཇོན་ལ་ཚོད་གམ་ཆེ་དྲག་པའི་རྐྱེན་གྱིས་ཕྱི་ལོ་ 1951 ལོའི་ཞི་བའི་ཆིངས་ཡིག་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་སྐབས་གཙོ་བོའི་མི་སྣའི་གྲས་སུ་བསྐོ་གཞག་བྱས་ཡོད། ཞི་བའི་གྲོས་མཐུན་བཞག་རིང་བོད་ས་ཡོངས་རྫོགས་གཅིག་བསྡུས་ཡོང་ཐབས་སོགས་ལ་ང་ཕོད་ས་དབང་དམ་པས་སྐུ་ལས་སྐྱོན་པ་སོགས་ནི་གྲུབ་འབྲས་མ་ཐོན་པ་སོགས་ལ་བརྟེན་ད་ལྟ་ང་ཚོའི་གོམས་གཤིས་ཀྱི་ཐོག་ནས་འདས་པའི་ལོ་རྒྱུས་བརྗེད་འགྲོ་བའམ་ཁས་ལེན་བྱ་མ་སྲིད་པས་དེར་གླེང་མི་དགོས་པར་བཞག་ན་འགྲིག ཡིན་ནའང་སྐབས་དེ་དུས་ས་རྟགས་མ་བཀོད་པར་གང་ཞིག་བྱ་རྒྱུ་ཡོད་པ་རེ་ད་དམ། ང་ཕོད་ནི་སྐབས་དེ་དུས་ཆབ་མདོའི་མདོ་སྤྱི་ཡིན་པ་ཙམ་ལས་ས་གནས་མང་པོ་ཞིག་ནས་ཁྲིམས་སྒོ་རང་བཙན་ལྟ་བུས་ལུང་ཆུང་ནང་གི་དཔོན་ཆུང་ལྟ་བུས་ལུང་པ་འགའ་རེར་ས་གནས་བླ་མ་དཔོན་རིགས་ཚོས་དབང་བསྒྱུར་བྱས་ཏེ་ཚུར་ཁ་མ་བལྟ་ཕར་རྒོལ་ལན་མ་སློག་པར་རང་མགོ་གང་ཐོན་ལྟ་བུས་རང་རང་ས་སྡེ་ཆུང་ངུའི་ནང་ངར་སྐད་བརྒྱབ་སྟེ་བསྡད་ཡོད་པས་གནས་སྟངས་འདི་ནི་ང་ཚོ་ཚང་མས་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད། ཆབ་མདོའི་གོ་མཛོད་ང་ཕོད་ས་དབང་དམ་པས་མེ་བསྲེགས་མ་བཏང་བའི་གོང་ག་རེ་བྱས་ཏེ་གོ་ལག་དེ་དག་མང་ཚོགས་ནས་འུར་མཆོངས་ཀྱིས་ལེན་ཏེ་དགྲ་བོའི་གདོང་མ་བཀག་པ་དེ་ད་ལྟ་ལན་པ་སུ་ལའང་དཀྲ་ ི་ཐབས་མེད་པ་ཆགས་ཡོད། ཕྱི་ལོ་ 1959 ཟླ་ 3 གོང་ནས་ང་ཕོད་རྒྱ་མིའི་གཡོ་བྱུས་དང་བཙན་འོག་རྦད་དེ་ཚུད་ཟིན་ཡོད་སྟབས་ཁོང་གིས་བཤད་པའི་སྐད་ཆ་དེ་ཚོར་སེམས་ཀྱི་སྟེང་གི་སྐད་ཆ་ཡིན་མིན་ང་ཚོས་ཚོད་དཔག་བྱ་ཐུབ་ཀྱི་མེད། དུས་ཚོད་ངན་པའི་སྐབས་སུ་ང་ཚོའི་སྤྱི་ཚོགས་ནང་དགེ་ཕྲུག་གིས་དགེ་རྒན་ལ་འཐབ་འཛིང་གཏོང་བ་དང༌། ཕྲུ་གུས་ཕ་མར་འཐབ་འཛིང་གཏོང་བའི་ལོ་རྒྱུས་ཡོད་པས་ཡང་ན་མི་དེ་དག་ལ་སྐབས་དེ་དུས་བོད་མི་ཡིན་བསམ་པའི་སེམས་ཀྱི་ཚོར་བ་སླེབས་མ་ཐུབ་པ་འདི་ད་ལྟའི་ང་ཚོ་ནང་བཞིན་མི་ཁ་བདེ་པོ་དེ་དག་མེད་པའི་སྐྱོན་རེད་དམ། ཡང་ན་སྤྱི་ཡོངས་ཀྱི་ཞན་ཆ་ཞིག་རེད་དམ། ཞན་ཆ་དེ་ང་ཕོད་ཡོད་མི་ཆོག་པ་གང་རེད་དམ། དེ་ཡང་བསམ་བློ་གཏོང་དགོས་ཀྱི་འདུག
    བོད་སྤྱི་ཡོངས་སུ་སྲིད་བྱུས་ལྷུག་གཏོང་ངམ་གོ་སྐབས་ཅུང་བཟང་དུ་ཕྱིན་རྗེས་ 1979 རྗེས་ནས་ང་ཕོད་ས་དབང་དམ་པ་དང་༸གོང་ས་མཆོག་དབར་ཕན་ཚུན་གནས་ལན་གནང་རེས་དེ་འདྲ་རྩ་བ་ནས་བྱུང་མེད་པ་རེད་དམ། ང་ཕོད་ཀྱིས་ཕྱག་བྲིས་དེ་འདྲ་རྩ་བ་ནས་ཕུལ་ཡོད་པ་མ་རེད་དམ། མི་གཞན་བརྒྱུད་ནས་ཀྱང་༸གོང་ས་མཆོག་དང་ཐད་ཀར་འབྲེལ་བ་རྩ་བ་ནས་བྱུང་ཡོད་མ་རེད་ཅེས་སུས་བཤད་ཐུབ་ཀྱི་རེད་དམ། ལྷག་པར་དུ་སྐུ་ཚབ་ཚོགས་པར་མི་འགྲོ་གཏོང་ཕྱོགས་དང་། གཞན་གྱི་གནད་དོན་ཐད་ལམ་སྟོན་བྱས་ཡོད་པ་གཞུང་འབྲེལ་ཡིག་ཆའི་ནང་རྩ་བ་ནས་གསལ་གྱི་མེད་པ་རེད་དམ། མཐའ་བསྡོམས་གང་འདྲ་ཞིག་རྒྱག་དགོས་ཀྱི་རེད་དམ། རྡོ་དོན་ཁོང་ནི་བོད་མིའི་གལ་ཆེའི་ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན་པས། ཁོང་ལ་ང་ཚོས་རེ་བ་ཆེན་པོ་ཡོད་པ་བཞིན་ཚང་མའི་འདོད་བློ་དང་མཐུན་པ་ཞིག་གནང་ཐུབ་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་ཀྱང་། གནང་མེད་པ་ལྟ་བུའི་མཐོང་ཚུལ་བྱུང་བའི་སྡོམ་ཚིག་དེ་ང་ཚོས་བགྲོ་གླེང་གགི་ཚུལ་དུ་བཞག་ན་མཚམས་ཤོས་སུ་མཐོང་གི་ཡོད། གང་ཡིན་ཟེར་ན། ཁོང་གི་སྔ་རྗེས་གནང་བའི་གཏམ་བཤད་སོགས་བརྙན་འཕྲིན་དང་ཡིག་ཐོག་གང་སར་ཡོད་པ་ལས་སྒྲ་དང་བརྙན་འཕྲིན། ལྷག་པར་འདས་ཁར་འབྲི་གནང་མཛད་པའི་ལོ་རྒྱུས་དེ་དག་སྡེབས་གཅིག་ཏུ་སྤུངས་ཏེ་ཕྱོགས་བསྡོམས་ཀྱི་མཐའ་ཚིག་བཀོད་ན་མཚམས་ཤོས་སུ་མཐོང་གི་ཡོད་པ་ལས། ང་ཕོད་ས་དབང་དམ་པ་དེ་བོད་མི་དཀྱུས་མ་ཞིག་གམ། སྐྱེ་མ་ཐག་འོ་ཐག་ཆོད་ཙམ་ནས་ཧ་གོ་དོན་རྟོགས་མེད་པར་གྲོངས་པ་ལྟ་བུའི་གཉིད་ལམ་དང་རྨོངས་དད་ཀྱི་སྟོང་གཏམ་དེ་དག་མཚམས་བཞག་ན་ཡག་པ་འདུག དེ་མིན་བོད་ཀྱི་དུས་བབས་སྟེང་བགྲོ་གླེང་སྣེ་ཁ་མང་ཤོས་དང་རིང་ཤོས་གྲས་སུ་འགྲོ་བཞིན་པའིབརྗོད་གཞིའི་གཙོ་བོ་མི་སྣ་འདི་གལ་ཆེན་པོ་ཞིག་མིན་ ཚེ་དེ་ལྟར་ཡོང་དགོས་དོན་འདུག་གམ༎

    Reply
  45. གོང་ཐུབ། says:
    ལོ་ 16 སྔོན།

    ཉམ་ཆུང་གྲངས་ཉུང་ཉེས་མེད་མི་རིགས་ཁྲོད།།
    སྐྱེས་ནས་གཞན་རིགས་ངོ་སོ་བསྲུངས་པ་ལས།།
    གཅེས་པའི་ཚེ་སྲོག་དགའ་བཞིན་མགུ་བཞིན་དུ།།
    བསྲེག་ཟར་བསྟབས་ནས་ཁྱི་ལུས་ལེན་པར་ཤོག།

    ཉམ་ཆུང་གྲངས་ཉུང་ཉེས་མེད་མི་རིགས་ཁྲོད།།
    སྐྱེས་ནས་གཞན་རིགས་ངོ་སོ་བསྲུངས་པ་ལས།།
    གཅེས་པའི་ཚེ་སྲོག་དགའ་བཞིན་མགུ་བཞིན་དུ།།
    བསྲེག་ཟར་བསྟབས་ནས་ཁྱི་ལུས་ལེན་པར་ཤོག།

    ཉམ་ཆུང་གྲངས་ཉུང་ཉེས་མེད་མི་རིགས་ཁྲོད།།
    སྐྱེས་ནས་གཞན་རིགས་ངོ་སོ་བསྲུངས་པ་ལས།།
    གཅེས་པའི་ཚེ་སྲོག་དགའ་བཞིན་མགུ་བཞིན་དུ།།
    བསྲེག་ཟར་བསྟབས་ནས་ཁྱི་ལུས་ལེན་པར་ཤོག།

    Reply
  46. དྲང་བདེན། says:
    ལོ་ 16 སྔོན།

    བོད་ཀྱི་སྲུང་མ་རྣམས་ཀྱིས་བསྐལ་བ་མ་སྟོང་བར་དུ་བོད་མི་རིགས་ཀྱི་ནང་དུ་བརྒྱལ་བཙོངས་མི་ངན་འདི་འདྲ་སྐྱེ་བ་ལན་དུ་མ་འཇུག་ཤིག

    Reply
  47. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    དྲང་བདེན་ལགས་་་བོད་ཀྱི་ཡི་གེ་འདི་ལ་ཡང་སུམ་རྟགས་དག་གསུམ་གྱི་གཞུང་ཞིག་ཁུངས་གཏུག་ས་ཡོད་པ་དང་་་་་དེ་ལས་སྔོན་འཇུག་ལྔ་བོ་རེ་རེ་ལའང་རང་རང་འཇུག་སའི་ཡི་གེ་རེ་ཡོད་པ་ཤེས་ཐུབ་པ་བྱེད་དགོས་ཧ་ཅང་གལ་ཆེན་ཡིན་པ་དགོངས་དབྱིངས་སུ་འཇགས་པར་འཚལ།

    Reply
  48. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ང་ཕོད་ནི་བོད་མི་རྒྱ་ལ་ཕན་པའི་མི་ཞིག་ཡིན་པ་ལས་རང་ཉིད་ཀྱི་མི་རིགས་ལ་ཕན་འབྲས་གང་ཡང་མེད། ད་དུང་དེའི་སྐོར་བཤད་ན་ཧ་ཅང་མང་ཡང་མང་པོ་སྤྲོས་ན་རྙོག་གླེང་ཞིག་ལས་མེད་པས་བཞག་པ་ཡིན

    Reply
  49. གོང་ཐུབ། says:
    ལོ་ 16 སྔོན།

    དེ་ཉིད་གསལ་དུ་བཏང་བར་ཐུགས་རྗེ་ཆེ་ཞུའོ།།

    Reply
  50. དྲང་བདེན། says:
    ལོ་ 16 སྔོན།

    རྒྱལ་བཚོང་མི་ངན་འདི་ཡི་འོག་ཏུ་སྐྱབས་མགོན་རིན་པོ་ཆེའི་སྐུ་པར་མ་བཞོག་རོག

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese