—— བཙན་བྱོལ་བོད་ཀྱི་གྲོས་ཚོགས་མཇུག་བསྡོམས་རྒྱག་མ་ཐུབ་པ་ལས་འཕྲོས་ཏེ་གླེང་བ།
ངྷ་ས། སྐལ་བཟང་དགྲ་འདུལ།
ཉེ་སྔོན་བཙན་བྱོལ་བོད་ཀྱི་གྲོས་ཚོགས་མཇུག་བསྡོམས་རྒྱག་མ་ཐུབ་པའི་གནས་ཚུལ་བྱུང་ཡོད། གནད་དོན་དེ་དང་འབྲེལ་བའི་ཐད་སྤྱི་ཚོགས་ནང་དུ་ཡང་གླེང་སློང་མང་པོ་བྱུང་ཡོད། གྲོས་འཆར་འདོན་མཁན་ནོར་བ་རེད་དམ་དགག་པ་རྒྱག་མཁན་ནོར་བ་རེད། འོ་ན་གྲོས་འཆར་འདོན་སྟངས་ནོར་བ་རེད་དམ་དགག་པ་རྒྱག་མཁན་ཕྱི་ལ་ཐོན་པ་ནོར་བ་རེད། དེ་བཞིན་ཁྲིམས་དང་སྒྲིག་གཞི་ཁ་གསལ་མིན་ལ་སོགས་པ་གླེང་སློང་དང་དབྱེ་ཞིབ་བྱེད་པ་ནི་རྩ་བ་བོར་ཏེ་ཡལ་གར་འཇུས་པ་རེད། དེ་དག་ནི་གནད་དོན་གྱི་ཕྱིའི་སྣང་ཚུལ་ཙམ་རེད། གནད་དོན་གྱི་ངོ་བོ་ནི་འདུ་ཤེས་རྙིང་པའི་བག་ཆགས་འོག བོད་མིའི་ཀླད་པའི་ནང་ད་དུང་ཡང་མི་རིགས་དང་རྒྱལ་ཁབ་ཀྱི་འདུ་ཤེས་བརྟན་པོ་ཞིག་འཛུགས་མ་ཐུབ་པར་ཚོ་པའི་(Tribe)འདུ་ཤེས་ཀྱི་འཆིང་རྒྱ་ལས་གྲོལ་མ་ཐུབ་པ་དེ་རེད།
ལོ་ངོ་ལྔའི་གོང་བཙན་བྱོལ་སྤྱི་ཚོགས་སུ་འབྱོར་བ་ནས་བཟུང་“ཆོལ་ཁའི་འཐེན་འཁྱེར་”ཞེས་པ་ཞིག་གོ་ཐོས་བྱུང༌། ཁོ་བོར་མཚོན་ན། དེ་ནི་ཁོར་ཡུག་གསར་པ་ཞིག་ནང་གོ་ཐོས་བྱུང་བའི་ཐ་སྙད་གསར་པ་ཞིག་རེད། ཐ་སྙད་འདི་དང་འབྲེལ་བའི་རྣམ་རྟོག་གི་ཚོར་སྣང་སྤྲད་པ་དང་འདི་དང་འབྲེལ་བའི་སྒྲུང་རེ་ཟུང་གོ་ཐོས་བྱུང་ཡང༌། སྤྱིར་ཁོ་བོའི་བསམ་པར་དེ་ནི་སྲང་ལམ་ནང་དུ་སྒྲོག་པའི་ངག་འཁྱལ་ཙམ་དང་མི་སྣ་རེ་ཟུང་གིས་སྨྲ་བ་ལས་མི་ཕལ་མོ་ཆེའི་ཀླད་པའི་ནང་དུ་ཆགས་པའི་འདུ་ཤེས་ཏེ་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཨེ་ཡིན་སྙམ་ཞིང༌། དེར་གླེང་རིན་དང་དོ་འཁུར་བྱེད་འོས་པ་ཞིག་མ་མཐོང༌། འོན་ཀྱང་བཙན་བྱོལ་བོད་ཀྱི་གྲོས་ཚོགས་མཇུག་བསྡུ་མ་ཐུབ་པ་དེའི་རྐྱེན་ལས། འདིའི་ཐོག་བསམ་བློ་ཞིག་བཏང༌།
བོད་རིག་པ་བ་རྟ་མགྲིན་དབང་འབུམ་གྱིས་ད་སྔ་《བོད་རིགས་རིག་གཞུང་འཕེལ་རྒྱས་ཀྱི་ལོ་རྒྱུས་མདོར་བསྟན་པ།》ཞེས་པའི་ཆེད་རྩོམ་ཞིག་ནང་བོད་ཀྱི་རིག་གཞུང་གི་སྐྱོན་གླེང་བའི་སྐབས། དོན་ཚན་གཅིག་གི་ནང་“ཚོ་པའི་(Tribe) འདུ་ཤེས་ཆེ་བ། སྤྱི་ཡོངས་ཀྱི་འདུ་ཤེས་ཆུང་བ།”ཞེས་གླེང་འདུག དེའི་ནང་ཁོང་གིས་གསུངས་པར་“བོད་བཙན་པོའི་རྒྱལ་རབས་གནམ་རི་སྲོང་བཙན་སྐབས་ནས་བཟུང༌། ཁ་ཐོར་གྱི་རྒྱལ་ཁབ་ཆུང་ངུ་དག་གཅིག་གྱུར་བྱུང་ནས་སྲོང་བཙན་སྒམ་པོའི་སྐབས། སྟོབས་ཆེ་བའི་རྒྱལ་ཁབ་ཀྱི་སྲིད་དབང་བཙུགས་ཏེ་རྒྱ་ཆེ་བའི་མངའ་ཁོངས་དབང་ཡོད། དུས་ཡུན་འདི་ནི་མི་རིགས་ཀྱི་འདུ་ཤེས་དང་རྒྱལ་ཁབ་ཀྱི་འདུ་ཤེས་འཛུགས་པའི་སྐབས་རེད། བོད་མི་རིགས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་ཡོད། འོན་ཀྱང་ལོ་ངོ་ ༢༠༠ ལྷག་གི་འཕེལ་རྒྱས་ཆེན་པོའི་རྗེས་ཏེ་དུས་རབས་དགུ་པའི་དུས་དཀྱིལ་དུ་བན་བོན་གྱི་འཐབ་རྩོད་དང་རྒྱལ་པོའིདབང་ཆའི་འཐབ་རྩོད་རྐྱེན་པས་བཙན་པོའི་རྒྱལ་རབས་ཐོར་ཏེ་བོད་མི་རིགས་རྣམས་ཧ་ཅང་རྒྱུན་རིང་བའི་སིལ་བུའི་དུས་སྐབས་སུ་ཕྱིན་ནས་ཐོག་མར་ཡོད་པའི་རྒྱལ་ཁབ་ཀྱི་འདུ་ཤེས་དེ་བསྐྱར་དུ་ཚོ་པའི་ས་ཁུལ་འདུ་ཤེས་ཀྱིས་ཚབ་བྱས་ཏེ་རྒྱལ་ཕྲན་ཟུར་བཅད་དང་རྒོལ་རེས་རྒྱུན་ཆད་མེད་པར་བྱས་ཡོད།”ཅེས་བཀོད་འདུག ཁོང་གིས་ད་དུང་མུ་མཐུད་བརྗོད་པར། བོད་སིལ་བུར་ཐོར་བ་ནས་ ༡༩༤༩ ལོ་བར་བོད་ཀྱི་གཞི་རིམ་སྤྱི་ཚོགས་ཀྱི་གྲུབ་བྱའི་རྣམ་པ་དེ་རྦད་དེ་འགྱུར་བ་ཞིག་ཕྱིན་མེད།“སྐབས་དེར་རྒྱ་ཆེའི་བོད་ཁུལ་གྱི་གཞི་རིམ་སྤྱི་ཚོགས་ཀྱི་རྣམ་པ་གཙོ་བོ་གཉིས་ཀྱིས་བཟུང་ཡོད་པ་སྟེ། གཅིག་ནི་འབྲོག་ཁུལ་རྐང་བྱས་པའི་ཚོ་པའི་ལམ་ལུགས་དང་གཞན་དེ་ནི་ཞིང་ཁུལ་རྐང་གཙོ་བོ་བོད་རང་སྐྱོང་ལྗོངས་བྱས་པའི་གཞིས་ཀའི་ལམ་ལུགས་རེད། ཤར་ཕྱོགས་བོད་ཁུལ་གྱི་ཡུལ་དཔོན་ལམ་ལུགས་ནི་ཕལ་ཆེ་བ་ཚོ་པ་མཉམ་འབྲེལ་གྱི་ངོ་བོར་གནས་ཡོད།”ཅེས་བརྗོད་འདུག
གོང་དུ་ཁོང་གིས་གསུངས་པ་དེ་དག་ནི་ལོ་རྒྱུས་ལ་གནད་དུ་འཕིགས་པའི་བསྡོམས་ཚིག་རེད་སྙམ། བོད་སིལ་བུར་ཐོར་ནས་སྡེ་པ་རེ་ལ་བླ་མ་རེ་རེའམ་ཡང་ན་ཆོས་ལུགས་ཀྱི་མི་སྣ་དང་མི་དྲག་ཟུང་འབྲེལ་གྱིས་དབང་བསྒྱུར་ནས་བོད་དེ་ཡུལ་ལུང་བཅད་བཟུང་གིས་ཁ་ཐོར་དགུ་ཐོར་དུ་གནས་ཤིང༌། ཐ་ན་འཛིན་སྐྱོང་གཅིག་གི་འོག་ཏུ་ཡོད་པ་དག་ཀྱང་ཚོ་པ་ཚོ་པ་བྱས་ནས་འཛིན་སྐྱོང་བྱེད་པ་དང་འཛིན་སྐྱོང་ཡང་ཧ་ཅང་ལྷོད་ལ་ཁྲལ་བསྡུ་ཐུབ་ཙམ་ཞིག་གྱུར་ཡོད། དེར་བརྟེན་དུས་ཡུན་འདིའི་ནང་བོད་མིའི་སེམས་ཁམས་སུ་ཚོ་པའི་འདུ་ཤེས་དང་ཆོས་ལུགས་ཀྱི་འདུ་ཤེས་སྲ་བརྟན་དུ་ཕྱིན་ཡོད། དཔེར་ན། བོད་སྤྱི་ལ་དབྱེ་ན་ཁམས་པ། ཨ་མདོ། དབུས་གཙང་ཞེས་དབྱེ་བ་དང༌། དེ་བས་ཞིབ་ཏུ་དབྱེ་ན། སྟོད་པ། གཙང་པ། དབུས་པ། འཕན་པོ། ཀོང་པོ་བ། ཧོར། སྒ་པ། གླིང་ཚང་བ། མགོ་ལོག་བ་སོགས་དང༌། དེ་བས་ཀྱང་ཞིབ་ཏུ་དབྱེ་ན། ཁོ་ཚོ་པ་གཅིག་གཅིག ང་ཚོ་པ་གཉིས་གཉིས། ཁྱོད་ཚོ་པ་གསུམ་གསུམ་སོགས་ཟེར་ནས་ཚོ་པ་དང་ཚོ་པའི་དབར་ང་ཆེ་ང་བཙན་གྱིས་ཕན་ཚུན་འཐབ་རྩོད་དང་ཕན་ཚུན་ཁྱད་གསོད་བྱེད་ཀྱི་ཡོད། རྟ་མགྲིན་དབང་འབུམ་ལགས་ཀྱིས་ཀྱང་འདི་ལྟར་གསུངས་འདུག་ལ། དུས་ཡུན་འདིའི་ཐད་ཁོང་གིས་མུ་མཐུད་གསུངས་པར་“རྒྱུན་དུ་ཚོ་པའི་་ཁེ་ཕན་གང་ལས་ཀྱང་མཐོ་བར་བརྩིས་ནས་ཚོ་པའི་འཐབ་རྩོད་ཧ་ཅང་གི་གཏུམ་དྲག་ཆེན་པོ་བྱེད་ཀྱི་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་སླེབས་ཀྱང་ཀན། ཆིང༌། ཁྲོན་སོགས་ས་ཁུལ་དུ་རྩྭ་ཐང་ཆེད་ཚོ་པའི་རྩོད་རྙོག་སྔར་བཞིན་སྐབས་ནས་སྐབས་སུ་ཡོང་གི་ཡོད། སྐབས་འགར་གྲི་དང་མེ་མདའ་སྤྱད་ནས་འཐབ་རྩོད་ཡུན་རིང་རྒྱུན་མཐུད་ཀྱི་ཡོད།”ཅེས་བཀོད་འདུག བོད་ནང་དུ་རྩྭ་ས་རྩོད་རྙོག་གི་ཚོ་པའི་འཐབ་རྩོད་དུས་རབས་གོང་མའི་ལོ་རབས་དགུ་བཅུ་ལྟ་ཅི། ཉིས་སྟོང་བཞི་ལྔར་ཡང་བྱུང་ཡོད་པ་རེད། དེ་བཞིན་མགོ་ལོག་ཚོ་པ་ནང་ཁུལ་གྱི་འཐབ་འཁྲུག་ལ་མཚོན་ན། རྒྱ་དམར་སླེབས་ཚར་ནས་ང་ཡིན་ཁྱོད་ཡིན་མེད་པར་ཚང་མ་དབང་དུ་བསྡུ་བའི་དུས་ཏེ་༡༩༥༢ ལོར་ཡང༌། རྒྱ་དམར་གྱིས་ཚུར་མགོ་ལོག་ཚོ་པ་ཆུང་ཁག་དབར་གྱི་ཞེ་འཁོན་ལ་འདུམ་སྒྲིག་ཚོགས་འདུ་འཚོགས་ཀྱི་ཡོད་པ་རེད།
ཚོ་པའི་འདུ་ཤེས་མཉམ་དུ་བོད་མིའི་སེམས་ཁམས་སུ་ཡོད་པའི་འདུ་ཤེས་གཞན་ཞིག་ནི་ཆོས་ལུགས་ཀྱི་འདུ་ཤེས་རེད། བསྟན་པ་ཕྱི་དར་གྱི་སྐབས་ནས་བཟུང། སངས་རྒྱས་ཆོས་ལུགས་བོད་དུ་སྔར་བས་དར་ཁྱབ་ཏུ་ཕྱིན་ནས་གྲུབ་མཐའ་འདྲ་མིན་དར་བ་དང་ས་ཕྱོགས་ཀུན་ཏུ་དགོན་སྡེ་བརྒྱབ་པ། གྲྭ་བཙུན་བསྡུ་བ། ཆོས་འཆད་པ་སོགས་བརྒྱུད། མཐར་བོད་དེ་ལམ་ལུགས་ཀྱི་ཆ་ནས་ཆོས་སྲིད་ཟུང་འབྲེལ་དང༌། འདུ་ཤེས་ཀྱི་ཆ་ནས་ཧ་ལམ་བོད་མི་ཚང་མ་ནང་པའི་ཆོས་དད་པར་གྱུར་ཏེ་བླ་ཆེན་གྱི་གོང་དུ་འདུག་པའི་དཔོན་ཆེན་ཞིག་མེད་པའི་སེམས་ཁམས་ཤིག་ཆགས་ཡོད། ཆོས་ལུགས་ཀྱི་འདུ་ཤེས་ལ་ཡང་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་འདྲ་མིན་དབར་དང་བན་བོན་དབར་གྱི་ཕྱོགས་རིས་ལྡན་ཞིང༌། ཐ་ན་མཆོད་གཞིས་ལ་སོགས་ཁེ་ཕན་གྱི་ཆེད་དུ་འཐབ་འཁྲུག་ཀྱང་བྱས་ཡོད། དེ་ལྟར་ལོ་ངོ་བརྒྱ་ཕྲག་རིང་ཡུལ་ལུང་བཅད་བཟུང་གིས་ཁ་ཐོར་དགུ་ཐོར་དུ་གནས་པ་བརྒྱུད། བོད་མིའི་སེམས་ཁམས་སུ་ཚོ་པའི་འདུ་ཤེས་དང་ཆོས་ལུགས་ཀྱི་འདུ་ཤེས་ལས་མི་རིགས་དང་རྒྱལ་ཁབ་ཀྱི་འདུ་ཤེས། གཅིག་སྒྲིལ་གྱི་འདུ་ཤེས་ཞེས་པ་ནི་ཧ་ཅང་གི་ཐག་རིང་ཞིང་ཐ་ན་མེད་པར་གྱུར་ཡོད། དཔེར་ན། ད་སྔ་བོད་ནང་ཁྱོད་ཚོ་པ་གཅིག་གཅིག ང་ཚོ་པ་གཉིས་གཉིས། ཁོ་ཚོ་པ་གསུམ་གསུམ་ཟེར་ནས་ཕན་ཚུན་ཚོ་པའི་མིང་འབོད་བྱེད་པ་ལས། ས་ཆ་མང་པོ་ཞིག་གི་ནང་“བོད་པ་”ཞེས་པའི་ཐ་སྙད་འདིར་གོ་བ་ལེན་དུས་ཀྱང་ལྷ་སའི་གཡས་གཡོན་གྱི་མི་ལ་ཟེར་བ་ལས་སོ་སོ་ཚུད་ཀྱི་མེད། དེ་བཞིན་དུས་རབས་གོང་མའི་དུས་དཀྱིལ་དུ་ཕྱིའི་བཙན་རྒྱལ་སྟོབས་ཤུགས་འགོག་རྒོལ་བྱེད་པའི་སྐབས་ཀྱང༌། “བསྟན་སྲུང་”ཅེས་ཆོས་ལུགས་ཀྱི་འདུ་ཤེས་འོག་ཏུ་གཅིག་སྒྲིལ་བྱེད་པ་ལས་མི་རིགས་དང་རྒྱལ་ཁབ་ཀྱི་འདུ་ཤེས་མཚོན་པའི་འབོད་ཚིག་གཅིག་སྒྲོག་ཐུབ་ཀྱི་མེད་པ་རེད། ཉེ་ཆར་རྒྱ་རིགས་རྩོམ་པ་པོ་ལིས་ཅང་ལིན་གྱིས་རྩོམ་ཡིག་གཅིག་ནང༌། ད་སྔ་དུས་རབས་གོང་མའི་དུས་དཀྱིལ་དུ་རྒྱ་དམག་དང་འཐབ་འཛིང་བྱེད་མཁན་གྱི་བོད་མི་ཁ་ཤས་ལ་བཅར་འདྲི་བྱས་པའི་སྐོར་ལ་འདི་ལྟར་བཀོད་འདུག“ཁོ་ཚོས་བརྗོད་པར་སྐབས་དེར་ཁོ་ཚོར་‘རྒྱལ་ཁབ།’‘མི་རིགས།’‘གསར་བརྗེ།’ ཞེས་པའི་རིགས་ཀྱི་འདུ་ཤེས་ཤིག་རྩ་བ་ནས་ཡོད་པ་མ་རེད། ཁོ་ཚོས་ཁོ་ཚོར་ཆོས་མཇལ་བྱེད་མི་བཅུག་པ། བཙན་དབང་ཐོག་ནས་དགོན་པ་བཤིག་པ་དང་སྒོ་རྒྱག་མཁན་གྱི་རྒྱ་མི་དེ་ཚོ་སངས་རྒྱས་བསྟན་པའི་དགྲ་བོར་ངོས་འཛིན་གྱིས་འགོག་རྒོལ་བྱས་པ་ཡིན་བརྗོད་ཀྱི་འདུག” དེ་བཞིན་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་ནས་བཟུང་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་དཔའ་བོ་དཔའ་མོ་ཚོར་མཚོན་ན་ཡང༌། སྤྱི་ཡོངས་ཀྱི་ཆ་ནས་བླ་མར་བརྩེ་སེམས་སོགས་ཆོས་ལུགས་ཀྱི་འདུ་ཤེས་ཐོག་ནས་ལངས་པ་ལྟ་བུ་ཞིག་ལས་མི་རིགས་དང་རྒྱལ་ཁབ་ཀྱི་འདུ་ཤེས་ཤིག་དེ་ཙམ་མངོན་རྒྱུ་མེད། དཔེར་ན་ཁོ་ཚོའི་ཁྲོད་མང་ཆེ་བ་གྲྭ་བཙུན་ཡིན་པ་དང་གྲྭ་བཙུན་ཁྲོད་ནས་ཀྱང་དགེ་ལུགས་ཀྱི་གྲྭ་བཙུན་ཤུགས་ཆེ་བ་ཆགས་ཡོད། ཐ་ན་དུས་ད་ལྟའི་ཆ་ལ་ཡང་བོད་མི་བྱིངས་ཀྱི་འདུ་ཤེས་སུ་བླ་མར་བརྩེ་བ་དང་བླ་མར་དད་པ་ལས་བོད་མི་རིགས། བོད་རྒྱལ་ཁབ། བོད་གཞུང༌། བོད་གཞུང་གི་དབུ་ཁྲིད་ལབ་དུས། བསམ་བློའི་ཁྲོད་དེ་ཙམ་གྱི་དང་ག་མེད་པ་དང་གལ་ཆེར་མི་འཛིན་པར་སྣང་ཆུང་དུ་གཏོང་གི་ཡོད། ཉེ་ཆར་རང་བོད་ནས་རྒྱ་གར་དུ་འབྱོར་བའི་བོད་མི་ཞིག་དང་གླེང་མོལ་བྱེད་སྐབས། “ས་འདིའི་ཐོག་ལ་བླ་མ་མཇལ་རྒྱུ་འདུག དེ་མ་གཏོགས་གང་ཡང་མི་འདུག” ཅེས་བརྗོད་ཀྱི་འདུག
མིའི་བསམ་བློའི་གནས་སྟངས་འདི་འདྲ་ཞིག་གི་འོག། དུས་རབས་གོང་མའི་དུས་དཀྱིལ་དུ་བོད་དེ་ཕྱིའི་སྟོབས་ཤུགས་ཀྱིས་ཡོངས་སུ་དབང་དུ་བསྡུས་ཏེ་བོད་མི་བཙན་བྱོལ་དུ་གྱར་ཡོད། བཙན་བྱོལ་དུ་འབྱོར་སྐབས། ལོ་ངོ་བརྒྱ་ཕྲག་རིང་གཅིག་འོག་གཅིག་མ་འདུས་པར་ཁ་ཐོར་དགུ་ཐོར་དུ་གནས་པའི་ཡུལ་ལུང་སོ་སོའི་དཔོན་དང་ཆོས་ལུགས་མི་སྣ་སྟེ་དབང་བསྒྱུར་གྲལ་རིམ་རྙིང་པ་ཚོ་ལ་ཆ་མཚོན་ན། བསྐྱར་དུ་གཅིག་སྒྲིལ་བྱེད་པར་གཅིག་འོག་གཅིག་གང་འདྲ་འདུས། གཅིག་སྒྲིལ་གང་འདྲ་བྱེད་དགོས་པ་དེ་ཡང་གདོང་ལེན་བྱ་དགོས་པའི་གནད་དོན་ཆེན་པོ་ཞིག་ཆགས་ཡོད། ཆོས་ལུགས་ཀྱི་ཐད་ནས་བཤད་ན་ཡང༌། ཕྱིས་སུ་དར་བའི་དགེ་ལུགས་ཀྱི་གྲུབ་མཐའ་དེ་སྤྱིར་བོད་ནང་དུ་ཤུགས་རྐྱེན་ཆེ་ཤོས་ཀྱི་གྲུབ་མཐའ་ཞིག་གྱུར་ཡོད་མོད། ཡུལ་ལུང་རེའི་དབང་བསྒྱུར་ལ་དགོན་སྡེ་བྱེ་བྲག་གི་བླ་མ་བྱེ་བྲག་དང་འབྲེལ་བ་དམ་ཟབ་ཡོད་པར་བརྟེན། དགོན་སྡེ་བྱེ་བྲག་གི་བླ་མ་བྱེ་བྲག་དེ་དག་ཀྱང་སྡེ་པ་སོ་སོའི་རྩ་བའི་བླ་མ་དང་རྒྱུས་མངའ་ཆེ་ཤོས་ཀྱི་བླ་མར་བརྩི་བ་ལས། བོད་ཡོངས་སུ་རྒྱལ་བ་རིན་པོ་ཆེའི་ཆེ་མཐོང་ངམ་ཤུགས་རྐྱེན་དེ་ད་ལྟ་ལྟ་བུ་ཞིག་མེད་པ་རེད། འོན་ཀྱང་མཐར་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་དུ་སོག་པོས་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་ལ་དབང་ཡོན་དུ་བོད་ཆོལ་ཁ་གསུམ་ཕུལ་ཞེས་པའི་ཐ་སྙད་དེ་བསྐྱར་གསོ་བྱས་ནས་བོད་དབུས་གཞུང་དགའ་ལྡན་ཕོ་བྲང་དེ་སྤྱིའི་གཞུང༌། རྒྱལ་བ་རིན་པོ་ཆེ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་བཀུར་ཏེ་ལོ་ངོ་བརྒྱ་ཕྲག་རིང་ཁ་ཐོར་དགུ་ཐོར་དུ་གནས་པའི་བོད་དེ་མི་ཡུལ་ལུང་པར་བསྐྱར་དུ་གཅིག་སྒྲིལ་བྱས་ཡོད། དབང་བསྒྱུར་གྲལ་རིམ་རྙིང་པ་ནང་ཁུལ་དུ་གཅིག་བསྒྲིལ་འདི་འདྲ་ཞིག་བྱེད་ཐུབ་པ་ཡང་དེ་ཙམ་གྱི་ལས་སླ་པོ་ཞིག་མིན། ངལ་བ་ཁྱད་བསད་དང་ཀྱག་ཀྱོག་གི་ལམ་བུ་བརྒྱུད་ཡོད། དཔེར་ན་ད་སྔ་ཚོགས་ཁག་བཅུ་གསུམ་ཞེས་པའི་ཚོགས་པ་ཐོན་ཏེ་གཞིས་ཆགས་ཁ་ཤས་ཕྱིས་སུ་མ་གཏོགས་བོད་གཞུང་གི་མངའ་འོག་མེད་པ་རེད།
ཆོལ་ཁ་གསུམ་མམ་ཚོ་པ་ཆེ་ཁག་གསུམ་གྱི་འདུ་ཤེས་དེ་སྤྱི་ཚོགས་རྙིང་པའི་འདུ་ཤེས་རྙིང་པའི་བག་ཆགས་འོག བོད་མི་དག་བཙན་བྱོལ་སྤྱི་ཚོགས་ནང་བསྐྱར་དུ་གཅིག་བསྒྲིལ་བྱེད་པའི་ཁྲོད་སྲ་བརྟན་བཏང་བ་ཞིག་ཆགས་ཡོད། གང་ཡིན་ཞེ་ན། ཆོལ་ཁ་གསུམ་ཞེས་ལོ་རྒྱུས་ཐོག་མིང་ཐོག་ཙམ་ཞིག་ལས་ཚོ་པ་ཆེ་ཁག་སོ་སོ་ཡང་ཁ་ཐོར་དགུ་ཐོར་དུ་གནས་ནས་གཅིག་གྱུར་རམ་གོང་བུ་གཅིག་གི་འོག་ཏུ་གནས་མེད་ལ། མིའི་ཀླད་པའི་ནང་དུ་ཡང་ཚོ་པ་ཆུང་ཁག་གི་འདུ་ཤེས་ཐོག་ནས་ང་ཆེ་ང་བཙན་འཛིན་པ་ལས་ཆོལ་ཁ་གསུམ་ཞེས་པའི་ཚོ་པ་ཆེ་ཁག་གི་འདུ་ཤེས་མེད་པ་རེད། དེ་བཞིན་ཚོ་པ་ཆེ་ཁག་དབར་ལ་འཐབ་འཁྲུག་དེ་བས་ཀྱང་བྱུང་མེད་ལ་ལོ་རྒྱུས་ཀྱི་དེབ་ཐེར་ནང་དུ་ཆོལ་ཁའི་འཐེན་འཁྱེར་ཞེས་པའི་ཐ་སྙད་ཙམ་ཡང་མཐོང་རྒྱུ་མེད། དེ་ལས་ལྡོག་སྟེ་འཁོན་འཁྲུག་གི་ཟིང་ཐམས་ཅད་ཚོ་པ་ཆེ་ཁག་ནང་ཁུལ་གྱི་ཚོ་པ་ཆུང་ཁག་དབར་ལ་བྱུང་ཡོད། དཔེར་ན། དབུས་དང་གཙང་གི་འཐབ་འཁྲུག རེབ་གོང་དང་བླ་བྲང་དབར་གྱི་འཐབ་འཁྲུག མགོ་ལོག་ཚོ་པ་ནང་ཁུལ་གྱི་འཐབ་འཁྲུག དེ་བཞིན་རྩྭ་ས་རྩོད་རྙོག་གི་རྐྱེན་པས་ཚོ་པ་ཆུང་ཁག་དབར་ཀྱི་འཐབ་འཁྲུག་ནི་བགྲང་མི་ལངས་པ་བྱུང་ཡོད། བོད་ནང་དུ་མཚོན་ནའང་དེ་ལྟར་རེད། ཞིང་འབྲོག་ཁུལ་སོགས་གཞི་རིམ་སྤྱི་ཚོགས་སུ་སྤྱིར་ད་དུང་ཁམས་པ། གཙང་པ་སོགས་ཚོ་པའི་མིང་འབོད་བྱེད་པ་དང་ཕན་ཚུན་ཁྱད་གསོད་བྱེད་པ། སྐབས་འགར་རྩྭ་ས་རྩོད་རྙོག་སོགས་ཀྱི་རྐྱེན་གྱིས་ཚོ་པ་ཆུང་ཁག་དབར་འཐབ་འཁྲུག་བྱེད་ཀྱི་ཡོད་རུང༌། ཆོལ་ཁ་གསུམ་མམ་ཚོ་པ་ཆེ་ཁག་གི་འདུ་ཤེས་ཤིག་མེད་པ་རེད། རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་སྤྱིར་བོད་དེ་ཁ་ཐོར་དགུ་ཐོར་གྱི་ཐོག་ནས་འཛིན་སྐྱོང་བྱས་ཡོད་རུང༌། ལྗོངས་དང་ཞིང་ཆེན། ཁུལ། རྫོང་སོགས་འཛིན་སྐྱོང་ལམ་ལུགས་གསར་པ་དེས་སྔར་ཚོ་པ་དུམ་བུར་བྱས་ནས་གནས་པ་དང་ཚོ་པ་ཚོ་པ་བྱས་ནས་འཛིན་སྐྱོང་བྱེད་པའི་ལམ་ལུགས་དེ་རྦད་དེ་མེད་པ་བཟོས་ཡོད་པ་རེད། དེར་བརྟེན་བོད་མིའི་སེམས་ཁམས་སུ་ཡང་སྔར་གྱི་ཚོ་པ་ཆུང་ངུའི་འདུ་ཤེས་ཀྱང་ཇེ་ཆུང་དུ་ཕྱིན་ནས་གསར་དུ་དབྱེ་བའི་འཛིན་སྐྱོང་ལམ་ལུགས་ཏེ་རྫོང་དང་ཁུལ་སོགས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། གཞི་རིམ་སྤྱི་ཚོགས་ལས་བརྒལ་ཏེ་ལས་བཟོ་བ། ལས་བྱེད། དགེ་རྒན། སློབ་ཕྲུག་སོགས་མཐོ་རིམ་སྤྱི་ཚོགས་ལ་བརྗོད་ན་དེ་བས་ཀྱང་རེད། དཔེར་ན། རང་ཉིད་ད་སྔ་མཐོ་རིམ་སློབ་འབྲིང་འགྲིམས་པའི་སྐབས། སློབ་ཕྲུག་ནི་གཞིས་ཀ་རྩེ། ནག་ཆུ། ཆབ་མདོ། ཉིང་ཁྲི། དེ་བཞིན་ད་ལྟ་རྒྱ་ནག་ཡུན་ནན་ཞིང་ཆེན་ཁོངས་སུ་བཅུག་པའི་བདེ་ཆེན་ཁུལ་སོགས་བོད་ཀྱི་ས་ཁུལ་གང་ས་ནས་ཡོད་པ་རེད། འོན་ཀྱང་སློབ་ཕྲུག་ཕན་ཚུན་མི་རིགས་གཅིག་ཡིན་པའི་འདུ་ཤེས་དང་ཁོ་གཞིས་ཀ་རྩེ་ནས་ཡིན་པ་དང༌། ང་ཆབ་མདོ། ཁྱོད་ཉིང་ཁྲི་སོགས་གསར་དུ་དབྱེ་བའི་ས་ཁུལ་གཞིར་བཟུང་ལས་འཐེན་འཁྱེར་ལྟ་ཅི་ཐ་ན་ཕན་ཚུན་ཁོ་གཙང་པ། ཁྱོད་ཧོར། ང་ཁམས་པ་སོགས་ཚོ་པའི་མིང་ཙམ་ཡང་འབོད་སྲོལ་མེད་པ་རེད། དེ་དག་ནི་ལོ་རྒྱུས་ཀྱི་ཐ་སྙད་ཙམ་དུ་གྱུར་ཡོད།
བཙན་བྱོལ་སྤྱི་ཚོགས་ནང་དུ་ཆོལ་ཁ་གསུམ་མམ་ཚོ་པ་ཆེ་ཁག་གསུམ་གྱི་འདུ་ཤེས་ཤིག་ཆགས་པ་དེའང་གཡོལ་ཐབས་མེད་པ་ལྟ་བུ་ཞིག་ཏུ་གྱུར་ཡོད། གང་ཡིན་ཞེ་ན། བཙན་བྱོལ་སྤྱི་ཚོགས་ནང་དུ་བོད་འདི་བསྐྱར་དུ་གཅིག་བསྒྲིལ་ཞིག་བྱུང་བ་འདི་ནི་སྔར་བཞིན་བོད་ཀྱི་སྤྱི་ཚོགས་རྙིང་པའི་དབང་བསྒྱུར་གྲལ་རིམ་རྙིང་པ་སྟེ་ཆོས་ལུགས་མི་སྣ་དང་མི་དྲག་སྐུ་དྲག་གི་སྣེ་ཁྲིད་འོག་གཅིག་བསྒྲིལ་བྱས་པ་ཞིག་ཆགས་པ་ལས་འདུ་ཤེས་རྙིང་པའི་འཆིང་རྒྱ་ལས་གྲོལ་བའི་སྔོན་ཐོན་ཅན་གྱི་དབང་བསྒྱུར་གྲལ་རིམ་གསར་པ་ཐོན་ནས་གསར་བརྗེ་བྱས་པའི་འབྲས་བུ་ཞིག་མ་རེད། དབང་བསྒྱུར་གྲལ་རིམ་རྙིང་པ་ཚོར་མཚོན་ན། རང་ཉིད་ཀྱིས་ཡུལ་ལུང་བཅད་བཟུང་བྱས་པའི་མི་སེར་ཁྲོད་དུ་བླ་མ་དང་དཔོན་གྱི་ཤུགས་རྐྱེན་ཕྲན་བུ་ཡོད་པ་ལས། སྤྱི་ཡོངས་ཀྱི་ཐོག་ནས་ཕྱིའི་སྟོབས་ཤུགས་ཀྱིས་ཡོངས་སུ་དབང་དུ་བསྡུས་ཏེ་གཞན་ཡུལ་ལ་བཙན་བྱོལ་དུ་མ་འབྱོར་གོང༌། ནང་སྒོ་བརྒྱབ་སྟེ་ཕྱིའི་འཛམ་གླིང་ཞིག་མཐོང་མྱོང་མེད་ལ་དེང་དུས་ཀྱི་ཤེས་ཡོན་ཐོབ་ནས་དེང་དུས་ཀྱི་མི་རིགས་དང་རྒྱལ་ཁབ་སོགས་ཀྱི་འགྲོ་སྟངས་ཤིག་དེ་བས་ཀྱང་ཤེས་ཀྱི་མེད། སྔར་བཞིན་ཚོ་པའི་འདུ་ཤེས་དང་ཆོས་ལུགས་ཀྱི་འདུ་ཤེས་སོགས་འདུ་ཤེས་རྙིང་པའི་འཆིང་རྒྱ་ལས་གྲོལ་མ་ཐུབ་པ། བློ་ཆུང་གུ་དོག་གིས་དེ་དག་གང་ལས་མཐོ་བ་འཛིན་གྱི་ཡོད།
མི་ཡུལ་ལུང་པར་བསྐྱར་དུ་གཅིག་བསྒྲིལ་བྱེད་དགོས་པ་འདི་ཡང༌། ང་ཡིན་ཁྱོད་ཡིན་མེད་པར་ཚང་མ་གཞན་གྱིས་དབང་དུ་བསྡུས་ཏེ་ཕྱིའི་གནས་སྟངས་ཆ་ནས་མ་བྱ་མཐུ་མེད་ཀྱི་ཚ་འདེད་བཏང་བ་ཞིག་ལས། དང་འདོད་ཀྱིས་གཅིག་བསྒྲིག་བྱས་པ་ཞིག་མ་རེད། བསམ་བློའི་ནང་གཅིག་བསྒྲིལ་ལ་མོས་པ་དང་དེའི་གལ་འགངས་ཤིག་ངོས་བཟུང་ཡག་པོ་ཐུབ་ཀྱི་མེད། ཐ་ན་ད་དུང་འཛམ་གླིང་གི་འགྱུར་འགྲོས། དུས་རབས་དང་ལོ་རྒྱུས་འཁོར་ལོའི་འཁོར་ཕྱོགས་ལས་གོ་ལྡོག་སྟེ་ཚོ་པ་ཆེ་ཁག་གསུམ་གྱི་འདུ་ཤེས་ཀྱང་འཛིན་མི་འདོད་པར། སྔར་བཞིན་ཚོ་པ་ཆུང་ངུའི་འདུ་ཤེས་ཀྱི་ཐོག་ནས་འཐབ་རྩོད་བྱེད་པ་དང་ཡུལ་ལུང་བཅད་བཟུང་རྒྱུན་མཐུད་བྱེད་རྒྱུའི་གཉིད་ལམ་གཏོང་གི་ཡོད།
དེ་བཞིན་ལོ་ངོ་བརྒྱ་ཕྲག་རིང་ནང་སྒོ་བརྒྱབ་སྟེ་ཁ་ཐོར་དགུ་ཐོར་དུ་གནས་ཤིང༌། བོད་མི་ནང་ཁུལ་ལ་ཡང་འབྲེལ་བ་ཉུང་བར་བརྟེན། གློ་བུར་དུ་བསྐྱར་དུ་རུབ་རུབ་བྱེད་པའི་སྐབས། དཔག་ཚོད་ཀྱིས་སྐད་ལུགས། ཆ་ལུགས་སོགས་རིག་གཞུང་གི་གདོང་ཐུག་དང་མཉམ་འདུས་ཀྱི་བརྒྱུད་རིམ་བརྒྱུད་ཀྱི་ཡོད། ཡང་དག་པའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྟ་བ་དང་རིག་གཞུང་འཕེལ་རྒྱས་ཀྱི་ལྟ་བ་ཞིག་འཛུགས་མ་ཐུབ་པའི་གནས་སྟངས་འོག དེ་དག་ཀྱང་བློ་ཆུང་གུ་དོག་གིས་ང་ཆེ་ང་བཙན་གྱིས་འདུ་ཤེས་འཛིན་པའི་རྒྱུ་རུ་གྱུར་ཡོད།
འོན་ཀྱང་བཙན་བྱོལ་དུ་འབྱོར་སྐབས། སྔོན་ཡུལ་ལུང་བཅད་བཟུང་གཞིར་བཞག་གི་ཚོ་པ་ཆུང་ངུའི་འདུ་ཤེས་འཛིན་པ་དང་འཐབ་རྩོད་བྱེད་པ་ནི་སེམས་ལ་ཤར་ཡང་ཡུལ་དུས་ཀྱི་ཆ་ནས་ལུས་ཀྱིས་མ་ལྕོགས་པ་ལྟ་བུ་ཆགས་ཡོད། བཙན་བྱོལ་ནང་བསྐྱར་གསོ་བྱས་པའི་ཆོལ་ཁ་སྟེ་ཚོ་པ་ཆུང་ངུ་དག་རུབ་རུབ་ཀྱིས་ཚོ་པ་ཆེ་ཁག་གསུམ་གྱི་འདུ་ཤེས་འཛིན་པ་དེ་ནི་སེམས་ཁམས་ཀྱི་འདུ་ཤེས་དང་འཚམ་ལ་འཐབ་རྩོད་ཀྱང་བྱེད་བདེ་བ་ཞིག་ཏུ་གྱུར་ཡོད།
དེར་བརྟེན་ཚོ་པའི་འདུ་ཤེས་དང་ཆོས་ལུགས་ཀྱི་འདུ་ཤེས་ལས་མི་རིགས་ཀྱི་འདུ་ཤེས། གཅིག་བསྒྲིལ་གྱི་འདུ་ཤེས་དེ་ཙམ་མེད་པའི་བོད་མི་རིགས་དེ་བསྐྱར་དུ་རུབ་རུབ་བྱེད་པའི་ཁྲོད། སྔོན་ཐོན་གྱི་ལྟ་བ་གསར་སྤེལ་གྱིས་བསམ་བློའི་ཁྱོན་ལ་གློ་བུར་གྱི་འགྱུར་བ་ཆེན་པོ་ཞིག་གང་ཡང་བྱུང་མེད་པའི་གནས་སྟངས་འོག ཚོ་པ་ཆེ་ཁག་གི་འདུ་ཤེས་སྲ་བརྟན་འགྲོ་བ་དང་འཐབ་རྩོད་བྱེད་པ་ཡང་ལོ་རྒྱུས་འཕེལ་རྒྱས་ཁྲོད་གཡོལ་ཐབས་མེད་པ་ལྟ་བུ་ཞིག་གྱུར་ཡོད།
ཚོ་པའི་འདུ་ཤེས་ཀྱི་ཉེས་དམིགས་ལ་བརྗོད་ན། མི་རིགས་དང་རྒྱལ་ཁབ་ཀྱི་གཅིག་བསྒྲིལ་ལ་གཏོར་བཤིག་གཏོང་བ། འདིའི་ཐད་རྟ་མགྲིན་དབང་འབུམ་ལགས་ཀྱིས་གསུངས་པར་“ཚོ་པའི་འདུ་ཤེས་དེ་གལ་སྲིད་མི་རིགས་སྤྱི་ཡོངས་ཐོག་ནས་བཤད་ན། དེས་རྒྱལ་ཁབ་མིག་ནང་མི་འཇོག་པ། སྤྱི་ཡོངས་སྣང་མེད་གཏོང་བ། མི་རིགས་སྤྱིའི་ཁེ་ཕན་མི་བསམ་པ། མཐུན་བསྒྲིལ་ལ་གནོད་པ། མཐུན་འགྲིག་གཅིག་གྱུར་ལ་བཀག་འགོག་གི་ངན་ཕྱོགས་གནོད་འཚེ་ཅན་གྱི་བསམ་བློ་ཞིག་ཆགས་ཡོད།”ཅེས་བརྗོད་འདུག
མི་དང་མིའི་དབར་བློ་ཡུལ་ལས་འདས་པའི་དོགས་པ་དང་རྣམ་རྟོག་བཟོ་བ། ད་སྔ་《བོད་མི་གསར་བརྗེ་བ་ཞིག》ཅེས་པའི་དཔེ་དེབ་ཐོན་མ་ཐག མི་སྣ་ཁ་ཤས་དང་མཉམ་དུ་འབའ་པ་ཕུན་ཚོགས་དབང་རྒྱལ་གྱི་སྐོར་ལ་གླེང་མོལ་བྱེད་སྐབས། རོགས་པ་ཞིག་གིས་འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་ད་ཆ་རྐང་པ་ཉིས་འཛུགས་ལྟ་བུར་བྱས་ནས་རང་ཉིད་སྔོན་ཆད་རྒྱ་དང་ལག་འབྲེལ་བྱས་པའི་ལོ་རྒྱུས་ལ་དག་འབུད་གཏོང་གི་མེད་འགྲོ་བསམ་གྱི་འདུག་ཅེས་བརྗོད་པར། གཞན་ཞིག་གིས་ཁྱེད་རང་དེ་འདྲ་མ་བཤད་མ་གཏོགས། ཁམས་པ་དེ་ཚོས་གཅིག་ལབ་ཡོང༌། རྒྱག་རེས་བརྒྱབ་ཡོང་ཞེས་བརྗོད་སོང༌། འདི་ནི་དཔེ་མཚོན་ཙམ་ཞིག་རེད། དོན་དུ་སྤྱི་ཚོགས་འདིའི་ནང་འདི་དང་འདི་འདྲ་བའི་གནས་ལུགས་ཡོངས་སུ་བསྐྱུར་ནས་ཚོ་པའི་འདུ་ཤེས་ཀྱི་ཐོག་ནས། མི་དང་མིའི་དབར་ལ་ཅོལ་ཆུང་བའི་ལ་རྒྱ། བསམ་ཡུལ་ལས་འདས་པའི་རྣམ་རྟོག་དང་དགོས་པ་མེད་པའི་འཛེམས་ཟོན་གྱི་གནས་ཚུལ་སྔར་ཐོན་ཡོད་ལ་ད་དུང་འཐོན་བཞིན་ཡོད། བཀའ་མོལ་འདི་ཐོས་པ་དང་རང་ཉིད་ཀྱང་ཧོན་ཐོར་བ་ཞིག་བྱུང༌། རང་བཞིན་གྱིས་རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ལུའུ་ཞུན་གྱིས་ད་སྔ་རྒྱ་ནག་བཀས་བཀོད་བརྒྱུད་འཛིན་གྱི་སྤྱི་ཚོགས་རྙིང་པའི་བསམ་བློ་རྙིང་པ་འཐེར་འདོན་བྱེད་སྐབས། བསམ་བློ་རྙིང་པ་དེ་དག་གི་དུག་སྐྱོན་ནི་“མིས་མི་ཟ་བ་”ལྟ་བུའི་གནས་སྟངས་སུ་སླེབས་ཡོད་ཅེས་པ་དེ་ཡིད་ལ་འཁོར་ཞིང༌། ཚོ་པའི་འདུ་ཤེས་ཀྱི་རྣམ་རྟོག་སོགས་བོད་ཀྱི་སྤྱི་ཚོགས་རྙིང་པའི་ཆེས་རྗེས་ལུས་ཀྱི་འདུ་ཤེས་རྙིང་པའི་ཉེས་དམིགས་དེ་ཚོའང་རྒྱ་ནག་གི་སྤྱི་ཚོགས་རྙིང་པའི་བསམ་བློ་རྙིང་པའི་ཉེས་སྐྱོན་ཏེ་མིས་མི་ཟ་བའི་གནས་སྟངས་ལས་ཚབས་ཆེ་བ་མེད་ནའང་མཉམ་པ་ཞིག་མིན་འགྲོ་སྙམ།
ཚོ་པའི་འདུ་ཤེས་གཞི་རུ་འཛིན་པ་ལས་གནས་ལུགས་བོར་བ། སྤྱི་ཚོགས་ཀྱི་ཐོག་མཐའ་བར་གསུམ་དུ་རྐུབ་སྟེགས་བྱེ་བྲག་སྟེང་ཁོའི་ཚོ་པ་ཁོའི་ཆོས་ལུགས་ཀྱི་མི་མཉམ་དུ་ངའི་ཚོ་པ་ངའི་ཆོས་ལུགས་ཀྱི་མི་སླེབས་མིན་སོགས་བློ་ཆུང་གུ་དོག་གིས་ཁེ་ཕན་ཆུང་ཙག་གི་རྒྱ་མ་དོ་མཉམ་རྒྱུ་ལས་དོན་གྱི་གཞི་འཛིན་ས་བྱེད་པ། དེ་དོ་མཉམ་མིན་ལ་ཡང་མིག་ཁྲ་ཆིལ་ལེར་ཉིན་གྱི་བྱ་ར་དང་མཚན་གྱི་མལ་ཚེ་ལྟར་ལྟ་སྲུང་བྱེད་པ། ཐ་ན་དུས་ཆེན་ཁག་ཏུ་སློབ་གྲྭ་སོགས་ཚོགས་སྡེ་བྱེ་བྲག་གི་གཞས་སྣ་འཁྲབ་སྟོན་ལ་ཡང་ཆས་གོས་སོགས་ཀྱི་ཐད་ལ་ཚོ་པ་ཆེ་ཁག་གསུམ་གྱི་མཚོན་དོན་དགོས་པ། དེ་དག་མ་བྱུང་ན་མིའི་སེམས་ལ་་་་་་ དོན་དུ་བོད་མི་རིགས་ལ་མི་རིགས་སྤྱིའི་བདེ་སྡུག་ལས་འདས་པའི་ཚོ་པ་ཆེ་ཁག་གི་ཁེ་ཕན་ཞིག་མེད། དེ་དག་ནི་རྣམ་རྟོག་གིས་བཟོས་པའི་ཁེ་ཕན་རེད། རྒྱ་ནག་ལ་གཏམ་དཔེ་ཞིག་ཡོད་པ་ནི་“སེམས་ནང་གདོན་འདྲེ་མེད་ན། གདོན་འདྲེས་སྒོ་རྡུང་ཡོང་སྙམ་པའི་ཞེད་སྣང་དགོས་ཀྱི་མ་རེད།”ཅེས་པ་དེ་རེད། ངའི་རེ་བ་ནི་རྣམ་རྟོག་གི་གདོན་འདྲེ་འགོག་ཆེད་སྒོ་བཙན་པོ་ཞིག་བརྒྱབ་པ་ཙམ་མ་ཡིན་པ། འཇིག་རྟེན་འདིའི་སྟེང་གདོན་འདྲེ་ཞིག་རྩ་བ་ཉིད་ནས་མེད་པ་བཞིན། བོད་མིའི་ཀླད་པའི་ནང་དུ་ཡང་གདོན་འདྲེ་མེད་པའི་འདུ་ཤེས་ཤིག་འཛུགས་རྒྱུ་དེ་ཡིན། སྐབས་དེ་དུས་དངོས་གནས་སྒོ་མ་བརྒྱབ་ནའང༌། གདོན་འདྲེར་ཞེད་དགོས་ཀྱི་མ་རེད། འོན་ཀྱང་སྤྱི་ཚོགས་འདིའི་ནང་དུ་རྣམ་རྟོག་གི་གདོན་འདྲེ་མེད་པ་ངོས་འཛིན་ཐུབ་པའི་གོ་རྟོགས་སླེབས་ནས་སྟབས་འཁེལ་གྱི་གནས་སྟངས་མིན་པའི་འོག ཚོ་པ་བྱེ་བྲག་གི་མི་སྣ་ལས་ལས་ཀ་བྱེད་ས་མེད་པའི་ཚོ་པའི་ཚོགས་པ་ཐོན་གྱི་ཡོད་ལ། དེ་བཞིན་ཀོང་པོ་དབུས་གཙང་དང་མདོ་སྟོད་སུ་ཁོངས་ཡིན་མིན། གསེར་རྟ་མདོ་སྟོད་མདོ་སྨད་སུའི་ཁོངས་ཡིན་མིན་སོགས་བློ་ཡུལ་ལ་ཤོངས་དཀའ་ཞིང་ཉན་ན་ཡིད་ཆེས་དཀའ་བའི་གནས་ཚུལ་ཡོང་གི་ཡོད། སྤྱི་འཐུས་གཅིག་གི་ལམ་གྲོན་གཏོང་མིན་གྱི་གནད་དོན་ལ། ལ་ལས་རྒྱུན་གཏན་ལས་བརྒལ་ཏེ་ས་ཡིག་བསྡུ་དགོས་པ་དང་ཡང་དེ་གཏོང་མིན་གྱིས་མི་ཁྱུ་དང་ཁྱུ་ལ་ཕོག་ཐུག་འགྲོ་བ་གང་གིས་བཟོས་སམ། འདི་དག་བསམ་ཚེ་རྒྱ་ནག་གི་སྤྱི་ཚོགས་རྙིང་པའི་བསམ་བློ་རྙིང་པའི་དུག་སྐྱོན་མིས་མི་ཤ་ཟ་བ་ནི་དེ་ཙམ་གྱི་ཚབས་ཆེན་པོ་ཞིག་ཨེ་ཡིན། བོད་ཀྱི་སྤྱི་ཚོགས་རྙིང་པའི་བསམ་བློ་རྙིང་པའི་ཉེས་སྐྱོན་ལ་འཇོག་པར་འོས་པའི་དཔེ་ཞིག་ཕལ་ཆེར་འཇིག་རྟེན་འདི་ན་རྙེད་རྒྱུ་མེད་པ་འདྲ། འདུ་ཤེས་འདི་དག་ནི་ཚུལ་མཐུན་གྱི་འདུ་ཤེས་ཤིག་མ་རེད། ཚུལ་མིན་གྱི་འདུ་ཤེས་འོག་ཏུ་ཚུལ་མཐུན་གྱི་སྤྱི་ཚོགས་ཤིག་ཇི་ལྟར་གྲུབ། ཚུལ་མིན་གྱི་འདུ་ཤེས་དང་ཚུལ་མིན་གྱི་སྤྱི་ཚོགས་ཁྲོད་དུ་ཚུལ་མཐུན་གྱི་གནས་ལུགས་ཤིག་ཀྱང་ཡོང་ཐབས་མེད། ལས་དོན་གྱི་གཞི་འཛིན་ས་དང་ཡོད་པ་ནི་རྣམ་རྟོག་གི་ཁེ་ཕན། ཅོལ་ཆུང་བའི་ལ་རྒྱ། བསམ་ཡུལ་ལས་འདས་པའི་རྣམ་རྟོག དགོས་པ་མེད་པའི་འཛེམས་ཟོན་རེད། གནས་ལུགས་དོན་ལ་ལྟ་བའི་བློ་མིག་ནི་ཉམས་ཡོད། གང་ལས་ཀྱང་ཡིད་མུག་པ་ཞིག་ནི་སྤྱི་ཚོགས་འདིའི་ནང་མིས་མི་ཟ་བ་ལས་ཚབས་ཆེ་བའི་གནས་ཚུལ་བྱུང་ཡང༌། སུན་འབྱིན་འགོག་རྒོལ་གང་ཡང་ཡོང་གི་མེད་པ་རེད། དེ་དག་ནི་ཧ་ཅང་རྒྱུན་གཏན་ཅན་ཞིག་ཏུ་གྱུར་ཡོད། འདི་འདྲའི་ནམ་ཟླ་ད་དུང་ཇི་ཙམ་བསྐྱལ་དགོས་སམ།
ཉེ་རབས་ལོ་རྒྱུས་ཐོག དུས་རབས་གཅིག་གི་རིང་རྒྱ་ནག་དེ་མི་སེར་སྤེལ་ཡུལ་དུ་ཆགས་ཏེ་གཞན་གྱི་གཉའ་གནོན་དང་མཐོང་ཆུང་ཚད་མེད་མྱངས་ཡོད། དཔེར་ན། རྒྱ་ནག་གིས་བོད་ལ་“ཆེས་རྗེས་ལུས། ཆེས་མུན་ནག ཆེས་སྡུག་རྩུབ་”ཅེས་བརྗོད་པ་ལྟར། ནུབ་ཕྱོགས་པས་ཀྱང་བཟོ་གྲྭ་དེ་འདྲའི་སྒོ་བྱང་སྟེང་དུ་“ཁྱི་དང་རྒྱ་མི་ནང་ལ་མ་གཏོང་”ཞེས་བྲིས་ཡོད་པ་རེད། དེ་བཞིན་རྒྱ་ནག་ལ་མིང་འདོགས་སུ་“ཤར་ཨེ་ཤ་ཡའི་ནད་རོ་”ཞེས་འབོད་ཀྱི་ཡོད་པ་རེད། འོན་ཀྱང་མཐར་རྒྱ་ནག་མི་རིགས་ཀྱིས་རང་གིས་རང་ལ་ཞུ་དག་བཏང་ནས་བཀས་བཀོད་བརྒྱུད་འཛིན་སྤྱི་ཚོགས་རྙིང་པའི་བསམ་བློ་རྙིང་པར་མིས་མི་ཟ་བའི་ཉེས་སྐྱོན་ཡོད་པ་འཐེར་འདོན་བྱས་པ་དང་སྤྱི་ཚོགས་ལ་གསར་བརྗེ་བྱས་ནས་བསམ་བློ་གསར་པ། ལམ་ལུགས་གསར་པ་གསར་བཞེངས་བྱས་ཡོད། དེ་བཞིན་རང་གིས་རང་ལ་“རྗེས་ལུས་ཐེབས་ན་རྡུང་རྡེག་འཕོག་”ཞེས་པའི་བསྡོམས་ཚིག་བརྒྱབ་ཡོད། བོད་མི་དག་མཐོང་ཆུང་གཉའ་གནོན་བྱེད་མཁན་ནི་ཏག་ཏག་རང་ཉིད་རྗེས་ལུས་ཡིན་པ་ཁས་ལེན་གྱིས་བསྡོམས་ཚིག་འདི་ཕྱོགས་བསྡོམས་བྱེད་མཁན་དང་ད་སྔ་ཁྱིའི་མཐོང་ལས་མེད་པའི་རྒྱ་ནག་གི་མི་རེད། རྗེས་ལུས་ཀྱི་ཚད་གཞིའི་ཐོག་ནས་ཁོ་ཚོ་ཁྱིའི་མཐོང་ལས་མེད་ན། ཁྱིས་བཙན་གནོན་དང་མཐོང་ཆུང་བྱེད་ས་བོད་ཀྱི་རྗེས་ལུས་ཀྱི་ཚད་གཞིར་འཇོག་པར་འོས་པའི་དཔེ་ཞིག་ཡང་འཇིག་རྟེན་འདི་ན་མེད་པ་མ་རེད་དམ། ང་ཚོས་ཀྱང་རང་གིས་རང་ལ་ཞུ་དག་ཅིག་གཏོང་དགོས་མ་རེད་དམ། མ་མཐར་ཡང་ཆེས་རྗེས་ལུས་ཐེབས་ན་ཆེས་རྡུང་རྡེག་འཕོག་ཅེས་ཕྱོགས་བསྡོམས་བྱེད་མི་དགོས་སམ། ང་ཚོས་ཀྱང་འཇིག་རྟེན་འདི་ན་འཇོག་པར་འོས་པའི་དཔེ་མེད་པའི་རང་ཉིད་ཀྱི་གནས་སྟངས་ལ་ཐེར་འདོན་གྱིས་མིའི་ཀླད་པའི་ནང་ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་ལྟ་བ་གསར་བཞེངས་སོགས་བསམ་བློ་གསར་པ་དང་ལམ་ལུགས་གསར་པ་འཛུགས་མི་དགོས་སམ། ད་དུང་ང་ཚོ་རླབས་ཆེ་རབས། འཇོན་རབས། རིག་གཞུང་ཕྱུག་རབས་བཤད་བསྡད་ན་འགྲིག་གི་རེད་དམ། དངོས་གནས་དངོས་ཡོད་དང་མཐུན་གྱི་ཡོད་རེད་དམ། འཚམ་པོ་འདུག་གམ།
ཚོ་པ་ཆེ་ཁག་གསུམ་གྱི་འདུ་ཤེས་དེ་འགོས་ནད་ལྟར་ཁྱབ་གདལ་དུ་གཏོང་བ། བཙན་བྱོལ་ནང་ཆོལ་ཁའི་འཐེན་འཁྱེར་ཞེས་པའི་ཐ་སྙད་འདི་ས་ཁྱབ་རྡོ་ཁྱབ་ཆགས་པ་སྟེ་ཁོར་ཡུག་འདིའི་ནང་འཚོ་བ་རོལ་མྱོང་མཁན་ཞིག་ཡིན་ཕྱིན། ཐ་སྙད་འདི་གོ་མི་མྱོང་མཁན་གྱི་མི་ཞིག་ཧ་ལམ་མེད་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། སྐྱེ་བོ་ཕལ་ཆེ་བར་མཚོན་པ་ན་སྤྱི་ཚོགས་གམ་ཁོར་ཡུག་གང་དུ་ཡོད་པ་དེའི་ཤུགས་རྐྱེན་འོག་ཏུ་འགྲོ་རྒྱུ་ནི་གོམས་སྲོལ་ལྟ་བུར་ཆགས་ཡོད། དེར་བརྟེན་བཙན་བྱོལ་ནང་འཚར་ལོངས་བྱུང་བའི་མི་རབས་རྗེས་མ་ཚོ་དང་བོད་ནས་གསར་དུ་འབྱོར་བ་ཚོའི་ཀླད་པའི་ནང་འདུ་ཤེས་འདིའི་རྣམ་རྟོག་བསྐྲུན་པ་དང་འདུ་ཤེས་འདི་ཁྱབ་གདལ་གཏོང་གི་ཡོད། ཐ་ན་ཅོལ་ཆུང་བ་ལ་ལ་ཚོ་པའི་འདུ་ཤེས་ལ་ཤ་འཐིམ་རུས་འཐིམ་བྱས་པའི་རིལ་རིལ་དེ་འདྲར་ཡང་གྱུར་ཡོད། བོད་ནས་གསར་དུ་འབྱོར་བ་ཚོས་བོད་ནང་བསྡད་དུས་ཆོལ་ཁའི་འཐེན་འཁྱེར་ཟེར་བ་ཞིག་གོ་མྱོང་མེད། འདི་ནི་བལ་ཡུལ་སྣེ་ལེན་ཁང་ནང་འཛུལ་བ་ནས་བཟུང་མིའི་ཀླད་པའི་ནང་དུ་བླུགས་ཀྱི་འདུག་ཅེས་བཤད་ཀྱི་ཡོད་པ་རེད། དཔེར་ན། ཉེ་སྔོན་བཙན་བྱོལ་ལ་འབྱོར་བའི་སྒྱུ་རྩལ་བ་མགོ་ལོག་ཟླ་བྷེ་ལགས་ཀྱིས་རྡ་རམ་ས་ལར་འདུ་འཛོམས་ཤིག་གི་སར་བོད་ནས་བཙན་བྱོལ་དུ་འབྱོར་བའི་མྱོང་བ་གསུངས་སྐབས། ང་བོད་ཀྱི་ས་ཆ་གང་དང་གང་དུ་འགྲོ་མྱོང༌། འོན་ཀྱང་ཆོལ་ཁའི་འཐེན་འཁྱེར་ཐོག་ནས་ལས་ཀ་བྱེད་མཁན་ཡོད་པ་ཞིག་ཤེས་ཀྱི་མེད་ལ། ད་ལྟ་བར་དུ་ཆོལ་ཁའི་འཐེན་འཁྱེར་ཞེས་པའི་ཐ་སྙད་ཅིག་གོ་མྱོང་ཡང་མེད་ཅེས་བརྗོད་ཡོད། ཉིན་ཤས་གོང་《བོད་ཀྱི་དུས་བབ་》ནང་གནས་ཚུལ་ཞིག་ནང༌། རྒྱ་ནག་པེ་ཅིང་དབུས་ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོར་བོད་པའི་དགེ་སློབ་ཚོས་པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་ནས་ལོ་ ༢༠ འཁོར་བར་རྗེས་དྲན་ཞུ་སྐབས། རྒན་ལགས་ཤིག་གིས་སློབ་མ་ཚོར་“ཆོལ་ཁ་གསུམ་གྱི་དབྱེ་བ་མེད་པར་ཁྱིམ་ཚང་གཅིག་གི་འདུ་ཤེས་” དགོས་པ་རེད་ཅེས་བཀའ་སློབ་གནང་ཡོད་སྐོར་བཀོད་འདུག བོད་ནང་གི་བོད་མི་ཚོར་མཚོན་ན། ད་སྔ་ཆོལ་ཁ་ཞེས་པ་ནི་ལོ་རྒྱུས་དེབ་ཐེར་ནང་གི་ཐ་སྙད་ཙམ་ཞིག་ཡིན་པ་ལས། དེའི་འདུ་ཤེས་ལྟ་ཅི། མི་མང་ཆེ་བས་ཐ་ན་ཐ་སྙད་ཙམ་ཡང་གོ་མྱོང་མེད་པ་རེད། དེ་འདྲའི་རྣམ་རྟོག་ཡང་མེད་པ་རེད། འོན་ཀྱང་ད་ཆ་ཆ་འཕྲིན་ཅན་གྱི་དུས་རབས་འདིའི་ནང་བཙན་བྱོལ་ནང་གི་ཚོ་པའི་འདུ་ཤེས་ཀྱི་རྣམ་རྟོག ཚོ་པའི་འཐབ་རྩོད་ཀྱི་གནས་ཚུལ་དག་བོད་ནང་དུ་ཡང་ཁྱབ་བཞིན་ཡོད། མདོར་ན་འདས་པའི་ལོ་ལྔ་བཅུའི་རིང་ལོ་ངོ་བརྒྱ་ཕྲག་རིང་ཁ་ཐོར་དགུ་ཐོར་དུ་གནས་པའི་བོད་མི་དག་བཙན་བྱོལ་སྤྱི་ཚོགས་ནང་གཅིག་བསྒྲིལ་བྱེད་པའི་ཁྲོད། ཆོལ་ཁ་གསུམ་མམ་ཚོ་པ་ཆེ་ཁག་གི་འདུ་ཤེས་དེ་ལོ་རྒྱུས་ཐོག་གང་གི་དུས་སུ་ཡང་བྱུང་མ་མྱོང་བའི་སྲ་བརྟན་དང་ཁྱབ་གདལ་བཏང་ཡོད་ལ། མངོན་པར་གསལ་མི་གསལ་གྱིས་གང་གི་དུས་སུ་ཡང་བྱེད་མ་མྱོང་བའི་འཐབ་རྩོད་ཀྱང་བྱས་ཡོད། གྲོས་ཚོགས་མཇུག་བསྡུ་མ་ཐུབ་པ་ནི་དཔེ་མཚོན་ཙམ་ཞིག་རེད།
འོན་ཀྱང་ཚོ་པའི་འདུ་ཤེས་ཉམས་ཤིང་མི་རིགས་དང་རྒྱལ་ཁབ་ཀྱི་འདུ་ཤེས་སྲ་བརྟན་དུ་འགྲོ་བ་ནི། དུས་ཀྱི་འཁོར་ཕྱོགས་དང་མི་སེམས་ཀྱི་གཏད་ཕྱོགས་རེད། དེ་ནི་བོད་མི་རིགས་རྗེས་ལུས་ནས་ཡར་ཐོན། ཁ་ཐོར་ནས་གཅིག་བསྒྲིལ་ཕྱོགས་སུ་འགྲོ་བའི་ཟློག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་རེད། ལོ་ངོ་བརྒྱ་ཕྲག་རིང་བོད་མི་རིགས་ཀྱི་བསམ་བློའི་ཁྲོད་དུ་ཚོ་པའི་འདུ་ཤེས་དང་ཆོས་ལུགས་ཀྱི་འདུ་ཤེས་ལས། སྣང་ཆུང་ངམ་བོར་བརླག་ཕྱིན་པའི་མི་རིགས་དང་རྒྱལ་ཁབ་ཀྱི་འདུ་ཤེས། གཅིག་བསྒྲིལ་གྱི་འདུ་ཤེས་འདས་པའི་དུས་རབས་ཕྱེད་ཀ་ལྷག་དེའི་ནང་བསྐྱར་གསོ་དང་སྲ་བརྟན་གང་འཚམ་བཏང་ཡོད། མ་འོངས་པར་སྔར་བས་སྲ་བརྟན་དུ་གཏོང་རྒྱུ་དང་འགྲོ་རྒྱུ་ཡིན་པ་ནི་ཐེ་ཚོམ་མེད་པ་ཞིག་རེད། བོད་ནང་གི་གཞས་ཚིག་མང་པོ་ཞིག་གི་ནང་དུ་“གདོང་དམར་པ་”“གངས་ཅན་པ་”སོགས་བསྒྲགས་ནས། གཞིས་ལུས་བོད་མི་ཚོས་མི་རིགས་ཀྱི་འདུ་ཤེས་དང་གཅིག་བསྒྲིལ་གྱི་འདུ་ཤེས་སེམས་ཚོར་དྲག་པོས་མངོན་པར་བྱས་འདུག ལྷག་པར་དུ་ ༢༠༠༨ ལོར་བོད་ནང་དུ་བཀབ་ནས་ཁེབས་ཐབས་མེད་པ་འཛམ་གླིང་སྐྱེ་བོ་ཀུན་གྱིས་མཐོང་བའི་གཞི་རྒྱ་ཆེ་བའི་སྒེར་ལངས་བྱུང་བ་བརྒྱུད། བོད་ནང་གི་བོད་མི་ཚོའི་ཁྲོད་དུ་མི་རིགས་ཀྱི་འདུ་ཤེས། གཅིག་བསྒྲིལ་གྱི་འདུ་ཤེས་སྔར་ལས་ལྷག་པ་ཞིག་ཆགས་དང་འཆག་བཞིན་ཡོད། གཞི་ཁྱོན་ཆ་ནས་བོད་སྟོད་སྨད་བར་གསུམ་ལ་ཁྱབས་པ་དང་འདུ་ཤེས་ཀྱི་ཆ་ནས་ཆོས་ལུགས་ཀྱི་འདུ་ཤེས་གཞི་རྩ་བྱས་ནས་ལངས་པ་ཙམ་མ་ཡིན་པར། མི་རིགས་ཀྱི་ཆག་འཇིག་ར་འཕྲོད་ནས་མི་རིགས་ཀྱི་འདུ་ཤེས་དང་གཅིག་བསྒྲིལ་གྱི་འདུ་ཤེས་ཀྱང་མངོན་གསལ་དོད་པོས་མངོན་རྒྱུ་ཡོད་པའི་རླབས་ཆེན་གྱི་ལས་འགུལ་དེ་ནི་དུས་མཚམས་འབྱེད་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་རེད་སྙམ། དེར་བརྟེན་མི་སེམས་གཏད་ཕྱོགས་དང་རྒྱབ་འགལ། ལོ་རྒྱུས་འཕེལ་ཕྱོགས་དང་རྒྱབ་འགལ་གྱིས་ཚོ་པའི་འཐབ་རྩོད་བྱེད་མཁན་གྱི་མི་སྣ་བྱེ་བྲག་གིས་ཚོ་པ་བྱེ་བྲག་གི་མི་དམངས་ཀྱི་ཚབ་མཚོན་ཐབས་མེད། སོ་སོས་མཚོན་ཐུབ་པ་ནི་སོ་སོ་རང་ཉིད་རང་རེད། ད་དུང་ཡང་ཚོ་པའི་འདུ་ཤེས་ཀྱི་འཆིང་རྒྱ་ལས་གྲོལ་མི་ཐུབ་པའི་ཆེས་རྗེས་ལུས་ཀྱི་བློ་ཆུང་མི་སྣས་དཀའ་ཚེགས་ཆེ་ལ་གཟི་བརྗིད་ལྡན་པའི་བོད་མི་རིགས་དང་རྒྱལ་ཁབ་ཀྱི་རང་དབང་འཐབ་རྩོད་ལ་གཞོལ་བ་ནི་་་་་་་་་་
ཐེངས་འདིར་གྲོས་ཚོགས་ནང་དུ་ཚོ་པའི་འཐབ་རྩོད་བྱས་པ་བརྒྱུད། སྤྱི་ཚོགས་ནང་དུ་མི་མང་པོ་ཞིག་གིས་བློ་ཕམ་དང་ཕྱིན་ཆད་གང་ཡོང་ངམ། གང་བྱེད་སྲིད་དམ་ཞེས་སེམས་ཁྲལ་ཡང་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག བདེ་སྲུང་བཀའ་བློན་ཟུར་པ་པད་མ་ཆོས་འབྱོར་ལགས་ཀྱིས་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲི་ཞིག་ཏུ། དེ་སྔ་ཁོ་རང་བདེ་སྲུང་བཀའ་བློན་བྱེད་པའི་སྐབས་རྒྱ་ནག་སྲིད་འཛིན་ཅང་ཙེ་མིན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་འདུ་ཞིག་གི་སྒང་གཏམ་བཤད་ཀྱི་ཡིག་ཆ་ཞིག་འབྱོར་བའི་ནང༌། གལ་སྲིད་ཏཱ་ལའི་བླ་མ་གྲོངས་པ་ཡིན་ན། ང་ཚོར་དཀའ་ངལ་སྤྲད་མཁན་ཡོད་པ་མ་རེད། ཁོ་ཚོ་ཁོ་རང་ཚོ་ཆོལ་ཁའི་ནང༌། ཆོས་ལུགས་ནང་འཆམ་པོ་མེད་པ་རེད་ཅེས་བཤད་ཡོད་སྐོར་བརྗོད་སོང༌། དུས་རྒྱུན་དུ་ཡང་བོད་མི་མི་ཉུང་བ་ཞིག་གིས་འདི་འདྲ་བའི་བཀའ་མོལ་གནང་ནས་སེམས་ཁྲལ་བྱེད་ཀྱི་འདུག མ་འོངས་པར་ད་དུང་རྣམ་རྟོག་གི་ཁེ་ཕན། ཅོལ་ཆུང་བའི་ལ་རྒྱ་སོགས་ཚུལ་མིན་འདུ་ཤེས་དབང་དུ་སོང་ནས་དངོས་གནས་གནས་སྟངས་དེ་འདྲ་ཞིག་ཡོང་སྲིད་དམ། བཟོ་འདོད་དམ།
ལོག་སྤྱོད་ཀྱི་བྱ་སྤྱོད་ནི་ནམ་ཡང་སྲོག་མེད་པ་ཞིག་རེད། ཚོ་པའི་འདུ་ཤེས་དེ་ནི་མིས་རང་ངོས་ནུས་སྟོབས་ཀྱི་གསར་བརྗེ་སོགས་བྱ་འགུལ་གང་ཡང་མ་བསླང་པའི་དབང་དུ་བཏང་ཡང༌། དུས་རབས་དང་ལོ་རྒྱུས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་དུ་མ་རྒོལ་རང་ཐོར་གྱི་ཐལ་བའི་རྡུལ་དུ་བརླག་རྒྱུ་ཡིན་པ་ནི་སྨྲོས་མ་དགོས་པ་ཞིག་རེད། དོན་དུ་ཡང་དེ་ལྟར་བརླགས་དང་རླག་བཞིན་ཡོད། དུས་རབས་གོང་མའི་དུས་དཀྱིལ་དུ་ཕྱིའི་བཙན་རྒོལ་སྐབས་བསྒྲགས་པའི“བསྟན་སྲུང༌།”ཞེས་པའི་འབོད་ཚིག་ནས་ད་ལྟ་སྒྲོག་འགོ་ཚུགས་པའི་“གངས་ཅན་པ།”ཞེས་པའི་འབོད་ཚིག་འདི་མི་རིང་བར་དེ་བས་ཀྱང་ཡོངས་ཁྱབ་ཀྱིས་བསྒྲག་ནས་བོད་མིའི་བསམ་བློའི་ཁྲོད་མི་རིགས་དང་རྒྱལ་ཁབ་ཀྱི་འདུ་ཤེས། གཅིག་བསྒྲིལ་གྱི་འདུ་ཤེས་སྔར་བས་སྲ་བརྟན་དུ་སོང་སྟེ་ཆོས་ལུགས་ཀྱི་འདུ་ཤེས་ལས་ཀྱང་ཆེ་བར་འཆག་པའི་རེ་བ་ཡོད་ལ་ཡིད་ཆེས་ཀྱང་ཡོད། བློ་ཆུང་གུ་དོག་གི་ཚོ་པའི་འདུ་ཤེས་འདི་འདྲ་ཞིག་ལ་མ་འོངས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་འཁོར་ལོ་ལ་གཡོ་འགུལ་གཏོང་བའི་ནུས་པ་ཞིག་མེད་པ་རེད། ཐ་ན་ཚོ་པའི་རྩོད་རྙོག་དང་འབྲེལ་བའི་ཟིང་ཆེ་ངེ་ཆུང་ངེ་ཡང་འཁོལ་དཀའ་སྙམ། དེར་བརྟེན་བསམ་བློའི་ཐོག་ནས་སྤྱི་ཚོགས་རྙིང་པའི་འདུ་ཤེས་ཀྱི་འཆིང་རྒྱ་ལས་གྲོལ་མ་ཐུབ་པའི་བློ་ཆུང་རྙིང་ཞེན་ཅན་ཡིན་ནའང་འདྲ། རྩ་བ་ནས་རུལ་པ་སོགས་སུ་འདྲ་ཞིག་ཡིན་རུང་ཚོ་པའི་དར་ཆ་འཆར་ཏེ་ཟིང་སློང་བ་ནི་ཀོ་བ་སྐམ་པོ་ལག་པས་མཉེད་པ་དང་རི་གཟར་ཆུ་སྣ་གྱེན་དུ་འདྲེན་པ་ལས་མ་མཆིས་སོ།
མདོར་ན་བཙན་བྱོལ་བོད་ཀྱི་གྲོས་ཚོགས་མཇུག་བསྡོམས་རྒྱག་མ་ཐུབ་པ་དེའི་ཐོག་ནས། བོད་རྦད་དེ་ཤོར་ཏེ་ལོ་ངོ་ལྔ་བཅུ་ཕྱིན་པའི་དུས་ད་ལྟའི་ཆ་ལ་ཡིན་ན་ཡང༌། བཙན་བྱོལ་བོད་ཀྱི་དབང་བསྒྱུར་གྲལ་རིམ་ཀླད་པའི་ནང་སྔར་བཞིན་འདུ་ཤེས་རྙིང་པའི་བག་ཆགས་འོག བློ་ཆུང་གུ་དོག་གིས་ཚོ་པའི་འདུ་ཤེས་གང་ལས་མཐོ་བར་འཛིན་ནས་ཚོ་པའི་འཐབ་རྩོད་རྣོ་ངར་ཆེན་པོས་བྱེད་བཞིན་པ་མངོན་ཡོད། ད་ལྟ་ད་དུང་མི་རིགས་དང་རྒྱལ་ཁབ་ཀྱི་འདུ་ཤེས། གཅིག་བསྒྲིལ་གྱི་འདུ་ཤེས་བརྟན་པོ་ཞིག་འཛུགས་ཐུབ་མེད་པ་རེད། བོད་མི་རིགས་ད་ལྟ་ད་དུང་གཉིད་སད་རྒྱུ་རེད། རང་གིས་རང་ལ་ཞུ་དག་གཏོང་རྒྱུ་རེད། ཚོ་པའི་འདུ་ཤེས་དང་ཆོས་ལུགས་ཀྱི་འདུ་ཤེས་ལས་མེད་པ་དེས་རང་ཉིད་ཕུང་ཡོད་པ་ར་འཕྲོད་རྒྱུ་རེད། དོན་དུ་ཚོ་པའི་འདུ་ཤེས་ཤ་འཐིམ་རུས་འཐིམ་དུ་བྱས་ནས་མི་རིགས་དང་རྒྱལ་ཁབ་ཀྱི་འདུ་ཤེས་སྲ་བརྟན་ཞིག་འཛུགས་ཐུབ་མེད་པ་ནི་བོད་མིའི་རྗེས་ལུས་རྣམ་པའི་ཟུར་ཙམ་གཅིག་རེད། འདི་དང་འདི་འདྲ་བའི་འདུ་ཤེས་དང་སྐྱོན་མང་དག་ཅིག་ད་དུང་སྤྱི་ཚོགས་འདིའི་ནང་ཡོད་པ་རེད། དེ་དག་ཐམས་ཅད་ཀྱི་རྩ་བ་ནི་བོད་ཀྱི་སྤྱི་ཚོགས་འདི་ད་ལྟ་ད་དུང་སྤྱི་ཚོགས་རྙིང་པའི་ཤུགས་རྐྱེན་འོག་རྦད་དེ་འགྱུར་བ་ཞིག་འགྲོ་ཐུབ་མེད་པ་དེ་རེད།
སྤྱིར་མི་རིགས་དང་རྒྱལ་ཁབ་ཇི་འདྲ་ཞིག་ཡིན་རུང༌། དུས་རབས་དང་ལོ་རྒྱུས་ཀྱི་དཀྱོག་མཚམས་རེར་གསར་བརྗེ་འམ་ལེགས་བཅོས་ཆེན་པོ་རེ་ཡོང་བ་ནི་ལོ་རྒྱུས་འཕེལ་རྒྱས་ཁྲོད་ཟློག་ཐབས་མེད་པའི་ཆོས་ཉིད་ལྟ་བུ་ཆགས་ཡོད། བརྒྱུད་རིམ་དེའི་ནང་སྤྱི་ཚོགས་ཀྱི་ལམ་ལུགས། རིག་གཞུང༌། མིའི་འཇིག་རྟེན་གྱི་ལྟ་བ་དང་རིན་ཐང་ལྟ་བ་སོགས་ཕྱོགས་གང་སར་ཕྱོགས་བསྡོམས་ཀྱིས་ཉམས་མྱོང་བསླབ་བྱ་བླངས་ནས་རྙིང་སྐྱུར་གསར་བརྗེ། སྙིགས་དོར་བཅུད་ལེན་གྱི་འགྱུར་བ་ཆེན་པོ་རེ་ཡོང་གི་ཡོད། འོན་ཀྱང་བོད་ལ་ཆ་མཚོན་པ་ཡིན་ན། དུས་རབས་གོང་མའི་དུས་དཀྱིལ་དུ་རྒྱ་ནག་གིས་བཙན་འཛུལ་མ་བྱས་གོང་ལྟ་ཅི། རང་ཡུལ་རྦད་དེ་ཤོར་ནས་བཙན་བྱོལ་དུ་འབྱོར་བའི་ལོ་ངོ་ལྔ་བཅུ་དེའི་ནང་ཡང༌། དུས་རབས་དང་ལོ་རྒྱུས་འཕེལ་རིམ། གཞན་གྱི་སྤྱི་ཚོགས་ཀྱི་འཕེལ་རིམས་སོགས་ཕྱིའི་ཤུགས་རྐྱེན་ཐེབས་ནས་རང་བཞིན་གྱི་འགྱུར་བ་གང་འཚམ་དང་རྒྱལ་བ་རིན་པོ་ཆེས་མར་འགྱུར་བ་གང་འཚམ་བཏང་བ་ལས། ལམ་ལྷོངས་ཡོང་མིན་ལ་མ་ལྟོས་པར་བོད་མི་རང་ངོས་ཀྱི་གོ་རྟོགས་སད་ནས་སྒྲིག་འཛུགས་དང་དམིགས་ཡུལ་ལྡན་པའི་ལེགས་བཅོས་སམ་གསར་བརྗེ་ཞིག་རྩ་བ་ནས་བྱུང་མྱོང་མེད་པ་རེད་ལ། ཐ་ན་བསམ་བློའི་ཁོངས་ལ་མིའི་བསམ་བློར་བློ་སྒོ་འབྱེད་པ་དང་བཅིངས་བཀྲོལ་གྱི་ཤུགས་རྐྱེན་སྤྲོད་པའི་སྔོན་ཐོན་མི་སྣ་ཡང་མཛུབ་མོ་འཛུགས་ས་དེ་ཙམ་ཞིག་མེད་པ་རེད། དེ་ནི་ཤིན་ཏུ་བློ་ཕངས་པ་དང་ཡིད་སྐྱོ་བའི་གནས་ཚུལ་ཞིག་རེད།
འདི་ལྟར་དགོངས་ཚུལ་གནང་ན་ཡག་པོ་འདུག་་་་་ཡིན་ནའང་འུ་ཚང་གི་རྣ་བ་ལ་སྐྱོན་ཡོད་པས་གོ་དཀའ་་་་་་ད་དུང་ཀི་རིང་དེ་ལས་ལྷག་ཅིག་མ་བཏབ་ན་གོ་རྒྱུ་ཁག་ཡ། ང་ཚོར་འཁྲི་བའི་འགན་ཞིག་ཡིན་པས་རང་དགར་འཇོག་གཏད་ནས་མི་རུང་། དེར་བརྟེན་དྲ་གྲོགས་ཚོས་རང་ཉིད་ཀྱི་ལྟ་བ་དང་འབྲེལ་ནས་མ་འོངས་པའི་བྱེད་ཕྱོགས་སྐོར་ལ་དགོངས་ཚུལ་ཅི་ཡོད་ཕན་ཚུན་གླེང་མོལ་གྱི་ཚུལ་དུ་གསུང་དགོས།
ཡག་བོ་ཞིག་བྲིས་འདུག་་་མུ་མཐུད་ནས་འབད་བརྩོན་གྱིས་དང་།།།།
འདི་ལྟ་བུའི་བསམ་ཚུལ་སྒུག་ནས་བསྡད་ཡོད།།།།།།
སླེབས་ཡོད།
བསམ་ཚུལ་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ།
-[plm,m,
རོབ་ལྟ་ཐེངས་གཅིག་བྱས་པ་ཡིན། བསམ་བློ་མང་པོ་བཏང་འདུག དཔྱད་གཞི་ཞིག་ཏུ་བཟུང་ན་མི་འགྲིག་པ་མི་འདུག མུ་མཐུད་ནས་འདི་ལྟ་བུའི་རྩོམ་ཡིག་རེ་འབྲི་ཐུབ་ན་ཡག་པོ་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྐབས་རེ་བསམ་ཚུལ་ཏོག་ཙམ་བཤད་པ་མ་གཏོགས་འདི་ནས་དྲ་གྲོགས་ཚོའི་སྤྱོད་ཚུལ་ལ་བལྟས་ནས་བསྡད་པ་ཡིན། སེམས་པ་སྐྱོ་ཡག་རེད།
༡ ཁ་སང་དུས་བབ་ཀྱི་གསར་འགྱུར་༼ཟུར་ལྔའི་དམར་ཤོག་༽ཟེར་བ་གཅིག་འདུག དེ་ཀློག་སྐབས་རྒྱ་ནག་གིས་རྒྱུགས་ཁྱི་ཚོས་བཙན་བྱོལ་ནང་ལས་ཀ་དེ་རང་བྱེད་ཀྱི་ཡོད་ས་རེད་བསམས་པ་བྱུང་།
༢ སྨྱུག་མིང་བཀོལ་དགོས་དོན་ཅང་མི་འདུག བཙན་བྱོལ་རང་དབང་ལུང་པ་རེད། སུ་གང་གིས་རྡུང་གི་མ་རེད། གསོད་ཀྱི་མ་རེད། ཞེད་དགོས་པ་དང་བཤད་དགོས་པ་གཉིས་ཀ་ཡོང་རྒྱུ་ཡོད་མ་རེད།
༣ ད་དུང་སྨྱུག་མིང་གི་འོག་ན་ཡོད་པ་འདི་ཚོས་གདོང་ཐུག་ན་ལྕེ་ནར་ནར་བྱེད་ཀྱི་རེད། མགོ་འཕྲུག་འཕྲུག་བྱེད་ཀྱི་རེད། འདི་འདྲའི་ཕྱི་ནང་མི་མཚུངས་པའི་མི་ཤ་སྟག་རེད།
༤ སྨྱུག་མིང་བེད་སྤྱོད་བྱེད་པ་འདིས་དོན་དངོས་སུ་བཙན་བྱོལ་རང་དབང་ལུང་པའི་ནང་མང་གཙོ་འཕེལ་རྒྱས་ཡོང་བར་འགོག་རྐྱེན་བཟོ་གི་འདུག
༥ སྨྱུག་མིང་གི་འོག་ནས་འགན་ཁུར་མེད་པའི་སྐད་ཆ་ཐོན་ཚད་བཤད་ནས་སྡོད་ཀྱི་ཡོད་སྟབས་༼བོད་ཀྱི་དུས་བབ་ཟིན་བྲིས་སུ་ཡོད་པའི་མཆན་ཡོངས་རྫོགས་ལ་རིན་ཐང་མེད་པ་བཟོ་གི་འདུག༽
༦ ཟུར་ལྔའི་དམར་ཤོག་ཟེར་བའི་གསར་འགྱུར་ནང་བཤད་པ་བཞིན་གསར་འགྱུར་གྱི་བརྗོད་དོན་ལ་བགྲོ་གླེང་མི་འགྲོ་ཆེད་སྐད་ཆ་འདྲ་མིན་བཤད་ནས་བརྗོད་གཞི་བརླག་བཅུག་གི་འདུག
༧ ད་ནས་བཟུང་འདི་རིགས་ལ་སྟངས་འཛིན་མེད་ན་འདི་དུས་བབ་ཚང་གིས་ཆེད་བཟོས་གནང་བ་ཞིག་ལ་ངོས་འཛིན་མི་བྱེད་ཐབས་མེད་རེད། འདི་ལྟར་བརྗོད་པ་དེ་གནོན་ཤུགས་སྤྲོད་པ་མིན་ཡང་འགན་མ་ཁུར་ན་ཡག་པོ་རྩ་བ་ནས་མི་འདུག
དོན་བསྡུས་ལ་གནད་ལ་འཁེལ་རྒྱུ་འདི་དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་ཀྱི་དགོས་མཁོ་ཡིན།
རྩོམ་པ་པོ་རྣམས་ཀྱིས་དེང་དུས་བྲེལ་བས་ཟིན་པའི་མི་རྣམས་ཀྱི་ཀློག་ཁོམ་ལ་སྣང་འཇོག་དགོས་ཀྱི་འདུག
ཡག་པོ་བྲིས་འདུག རྒྱལ་ཞེན་ལ་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉི་ཀ་ཡོད་པ་བཞིན་དུ་ཚོ་པའི་འདུ་ཤེས་ལའང་དེ་བཞིན་ཡོད་པ་མིན་ནམ།
སྐལ་བཟང་དགྲ་འདུལ་ལགས་ཀྱིས་དཔྱད་རྩོམ་འདི་འབྲི་བཞིན་པའི་སྐབས་སུ་ངས་ཀྱང་ཐེངས་ཁ་ཤས་བཀླགས་མྱོང་ལ། བརྗོད་བྱའི་ནང་དོན་དང་ཚིག་སྦྱོར་གྱི་གོ་རིམ་ཐད་རྩོམ་པ་པོ་དང་བསམ་ཚུལ་བརྗེ་རེས་ཀྱང་བྱས་མྱོང་། རྗོད་བྱེད་ཀྱི་ཚིག་སྦྱོར་དང་རྗོད་སྟངས་ཀྱི་གོ་རིམ་ཐད་ནས་ཆེས་ཁྱད་འཕགས་ཀྱི་རྩོམ་ཡིག་ཅིག་རེད་ཟེར་དཀའ་མོད། འོན་ཀྱང་། དུས་ལ་བབ་པའི་བརྗོད་བྱ་དོན་གྱི་ཁ་བཏད་ཡུལ་དང་། གསར་བརྗེ་ཡི་རང་བཞིན་ལྡན་པའི་རྩོམ་ཡིག་འདིའི་ནང་བསམ་བློའི་ཐད་ནས་བཙན་བྱོལ་ནང་ལ་དྲ་བའི་རིག་གནས་དར་བའི་ཕྱིས་ཀྱི་དཔྱད་རྩོམ་རྩེ་འཕུལ་གཅིག་པུ་དེར་བཞག་ཆོག་ཆོག་རེད་སྙམ།