བློ་བཟང་སེང་གེ།
རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཞོན་པ་ཀྲོའུ་ཝེ་ཆོན་དང་། ༧གོང་ས་མཆོག་གི་སྐུ་ཚབ་ཚོའི་དབར་ཐེངས་དགུ་པའི་འབྲེལ་མོལ་གྲུབ་པའི་རྗེས། རྒྱུན་ལྡན་ནས་དྲེགས་ཉམས་ཆེ་བའི་ཁོ་པའི་གསར་འགོད་གསལ་བསྒྲགས་ཀྱི་ཐོག་ཏུ། བློན་ཆེན་གཞོན་པ་ཀྲོའུ་ཝེ་ཆོན་གྱིས་བག་ཚ་མེད་པའི་ཐོག་ནས། བཙན་བྱོལ་བོད་གཞུང་ཟེར་བ་དེ་ཁྲིམས་དང་ཡོངས་སུ་འགལ་བ་ཞིག་རེད་ལ། འདིས་བོད་དང་བོད་མི་མང་གི་ཚབ་མཚོན་ཐུབ་ཀྱི་མ་རེད། <༢༠༡༠ ཟླ་བ་༢ པའི་ཚེས་༡ ཤིན་ཧྭ།> ཅེས་བརྗོད་ཀྱི་ཡོད་པར། ང་ཚོས་ངེས་པར་དུ་སྐད་ཆ་དེ་ནོར་འཁྲུལ་ཅན་ཞིག་ཡིན་པ་གསལ་བརྗོད་བྱེད་དགོས་ཀྱི་ཡོད་རེད། སྟབས་ལེགས་པ་ཞིག་ལ་ཡོང་རྒྱུར་བསྡད་པའི་གོ་སྐབས་བཟང་པོ་ཞིག་སྟེ། རྗེས་མའི་བཀའ་བློན་ཁྲི་པར་འོས་ཤོག་བླུག་རྒྱུ་དེས་རྒྱ་ནག་གཞུང་དང་ཀྲོའུ་ཝེ་ཆོན་གྱི་གདོང་ལ་སྣ་མཛུབ་སྤྲད་དེ། བཙན་བྱོལ་བོད་གཞུང་འདི་ཁྲིམས་མཐུན་ཡིན་པ་ཙམ་དུ་མ་ཟད། མང་གཙོ་སྲ་བརྟན་ཅན་ཞིག་ཡིན་པ་སྟོན་དགོས་ཀྱི་ཡོད་རེད། ཕྱོགས་གཞན་ཞིག་ནས། བོད་མི་ཚང་མས་འོས་འཕེན་གྱི་ཆ་ཤས་མ་བླངས་ན། ཀྲོའུ་ཝེ་ཆོན་གྱིས་ཁྱབ་བསྒྲགས་བྱས་པའི་སྐད་ཆ་དེར་བདེན་པ་ར་སྤྲོད་བྱས་པ་ཞིག་རེད། འདེམས་ཁ་འདི་ནི་ཧ་ཅང་གི་གསལ་པོ་ཡིན་ལ། ཨ་རིའི་སྲིད་འཛིན་ཟུར་པ་ཇོར་ཇི་བྷུ་ཤུ་མཆོག་གིས། ཁྱེད་རང་ང་ཚོ་མཉམ་དུ་ཡོད་དམ་ཡང་ན་ཁོ་ཚོའི་མཉམ་དུ་ཡོད་ཅེས་གསུངས་པ་རེད། གནས་ཚུལ་འདི་ང་ཚོས་རྒྱ་ནག་གཞུང་དང་འཛམ་གླིང་གི་མི་མང་། བོད་ནང་ཡོད་པའི་བོད་མི་ཚོར་སྐད་ཤུགས་ཆེན་པོའི་ཐོག་ནས། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་མང་གཙོའི་རང་དབང་ལོངས་སུ་སྤྱོད་བཞིན་ཡོད་པ་དང་། ང་ཚོས་རང་ཉིད་ཀྱི་མ་འོངས་པའི་ལས་དབང་ལ་སྟངས་འཛིན་གྱི་ཆེད་དུ་མདུན་བསྐྱོད་བྱེད་ཀྱི་ཡོད་ཅེས་གནད་དོན་འདི་བརྡ་གཏོང་དགོས་པ་རེད།
སྟབས་ཉེས་པ་ཞིག་ལ། ང་ཚོས་འདས་པའི་གནས་སྟངས་ལ་ཕྱིར་མིག་ལྟ་དུས། ད་དུང་ང་ཚོ་འགྲོ་དགོས་པའི་ལམ་ཐག་རིང་པོ་ཡོད། རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོ་མང་གཙོའི་ལམ་ལུགས་ཐོག་ནས་འོས་བསྡུ་བྱས་པའི་རྒྱལ་ཁབ་གཞན་པ་དང་ང་ཚོ་བསྡུར་ན། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་སྔོན་མའི་བཀའ་བློན་ཁྲི་པའི་འོས་བསྡུའི་སྐབས་ཆ་ཤས་ལེན་མཁན་སྤྱིའི་འབོར་ཧ་ཅང་དམའ་པོ་ཡིན་པ་རེད། (ཚོད་རྩིས་བྱེད་སྐབས་འོས་འཕེན་གྱི་འོས་ཆོས་ཡོངས་སུ་ཚང་ཡོད་པའམ། ཡང་ན་རང་ལོ་ ༡༨ ལས་བརྒལ་ཡོད་པའི་ཁོངས་ནས། བརྒྱ་ཆའི་ ༣༠ ཙམ་གྱིས་མ་གཏོགས་ཆ་ཤས་བླངས་མེད) ང་ཚོས་བརྒྱུད་རིམ་འདི་ཁྱོན་ཡོངས་ནས་བརྗེ་བསྒྱུར་ག་འདྲ་བྱེད་ཐུབ་མིན་དང་། འོས་འཕེན་པའི་གྲངས་འབོར་གྱི་ཚད་གཞི་ཧ་ཅང་མཐོ་པོ་ཡོང་ནས་ཚད་ལྡན་གྱི་འོས་མི་འདེམས་སྒྲུབ། བཙན་བྱོལ་བོད་གཞུང་འདི་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་མང་གཙོ་ཚད་ལྡན་གྱི་ངོ་བོ་མཚོན་ཐུབ་མཁན་ཞིག་ལ་བསྒྱུར་དགོས།
གལ་ཆེའི་བསྒྱུར་བཅོས་རིགས་བྱེད་ཐུབ་ན་དེར་རེ་བ་ཞིག་ཡོད་པ་རེད། དེ་ཡང་ཡར་རྒྱས་ཅན་གྱི་རྒྱལ་ཁབ་དང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ཏུ་དར་ཁྱབ་ཆེ་བའི་འོས་བསྡུའི་བསྒྱུར་བཅོས་ཀྱི་སྟབས་བདེའི་ཐབས་ལམ་དེ་ངོ་སྤྲོད་བྱས་ན། དེ་ཡང་བསྒྱུར་བཅོས་ཀྱི་ཁོངས་སུ་སྦྲགས་ལམ་བརྒྱུད་ནས་འོས་འཕེན་མགོ་འཛུགས་རྒྱུ་དང་། དེབ་སྐྱེལ་མེད་པ་བཟོ་རྒྱུ། ཡང་ན་གལ་སྲིད་དེབ་སྐྱེལ་དེ་དགོས་པ་ཡིན་ན། འོས་འཕེན་དེབ་སྐྱེལ་རྣམས་འོས་བླུགས་པའི་ཉིན་དེ་རང་དང་ཡང་ན་དེའི་སྔོན་དུ་བྱེད་ཆོག་པ་དང་ལྷན་དུ་དང་བླང་དཔྱ་ཁྲལ་ལག་དེབ་ཀྱི་དངུལ་གཅོག་ཆ་བྱེད་དགོས་ལ། དམིགས་བསལ་གྱི་ཡོང་འབབ་མེད་མཁན་ལ་གཅོག་ཆ་བྱེད་དགོས། དེས་ན་བསྒྱུར་བཅོས་འདིས་འོས་འཕེན་གྱི་འབོར་ཚད་ལྡབ་གཉིས་སམ་གསུམ་མང་དུ་འགྲོ་རྒྱུ་ཡིན་ཞིང་། འོས་འཕེན་མཁན་གཙོ་གྲས་བལ་གོས་ཚོང་པ་དང་། སློབ་ཕྲུག ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི། དམག་མི། སློབ་གཉེར་གནང་བཞིན་པའི་དགེ་འདུན་པ། ནང་ལས་བྱེད་མཁན་བུད་མེད་བཅས་ཀྱིས་འོས་འཕེན་གྱི་དཀའ་ངལ་རྣམས་ལ་ལས་སླ་པོའི་ཐོག་ནས་གདོང་ལེན་བྱེད་ཐུབ།
འདས་པའི་ལོ་རྒྱུས་ནང་བྱུང་བའི་ང་ཚོ་དང་བསྡུར་འོས་པའི་སྐྱབས་བཅོལ་གཞུང་མང་པོ་ཞིག་གིས་སྙན་པོ་མེད་པའི་གསང་བ་ཞིག་བརྗོད་བཞིན་པ་ནི། གལ་སྲིད་བཙན་བྱོལ་བོད་གཞུང་དེ་གསོན་གནས་མ་ཐུབ་པ་ཡིན་ན། ད་ལྟའི་སྐབས་མདུན་བསྐྱོད་བྱེད་བཞིན་པའི་ལས་འགུལ་འདི་ཉིད་ཞི་འཇམ་ངང་ནས་ཕམ་ཉེས་སུ་འགྲོ་རྒྱུ་ཡིན་པ་དང་། གསོན་གནས་དང་སྲ་བརྟན་ཡོང་བར་བྱེད་པ་ལ་བཙན་བྱོལ་བོད་གཞུང་གི་མང་གཙོའི་ལམ་ལུགས་ལ་ནུས་ཤུགས་བསྐྱེད་དགོས་པ་དེ་ཡིན་ཞིང་། ནུས་སྟོབས་ལྡན་པའི་མང་གཙོའི་ཀ་བ་གཅིག་ནི་བོད་གཞུང་གི་དབུ་ཁྲིད་བཀའ་བློན་ཁྲི་པ་འོས་འཕེན་གྱི་གནད་དོན་འདི་ཡིན། ང་ཚོ་ཚང་མར་གཅིག་གྱུར་གྱི་མོས་མཐུན་ཡོད་པ་ནི། གལ་སྲིད་བོད་མི་རིགས་ཀྱི་འཐབ་རྩོད་འདི་ད་དུང་མི་ལོ་ ༥༠ རིང་སྲ་བརྟན་ངང་གནས་དགོས་ན། བཙན་བྱོལ་བོད་གཞུང་འདི་དང་། འདིའི་མང་གཙོའི་སྒྲོམ་གཞི་དེ་རྒྱང་རིང་པོར་འགྲུལ་བཞུད་བྱེད་དགོས་པ་དེ་ཡིན།
སྔོན་མའི་བཀའ་བློན་ཁྲི་པ་འོས་འཕེན་གྱི་སྤྱི་འབོར་དམའ་པོ་བྱུང་ཡོད་པ་དེས་ང་ལ་ཧང་སངས་དགོས་པ་དང་ཡིད་སྐྱོ་དགོས་པའི་གནས་ཚུལ་གཉིས་བྱུང་། མི་སུ་ཡང་ལས་སླ་པོའི་ཐོག་ནས་སེམས་ཤུགས་ཆག་གི་མེད་པས། ངས་རྒྱལ་ཁབ་གཞན་པ་ཁག་གཅིག་གི་འོས་བསྡུའི་གྲུབ་འབྲས་དང་བསྡུར་ནས། ང་ཚོའི་གནས་བབ་འདི་ཉེན་སྐྱོབ་བྱེད་རྒྱུའི་ཐག་བཅད་པ་ཡིན་ལ། གཤིབ་བསྡུར་གྱི་རེ་འདུན་ནི་ང་ཚོའི་འོས་འཕེན་དེ་མདུན་བསྐྱོད་དང་ལེགས་གྲུབ་ཡོང་རྒྱུ། ཡང་ན་ཉུང་མཐའ་ལའང་མང་གཙོའི་རྒྱལ་ཁབ་གཅིག་གམ་གཉིས་ཙམ་ལ་འདྲ་མཉམ་ཡོང་དགོས་པ་དེ་ཡིན་ཞིང་། ང་ཚོས་རང་ཉིད་ཀྱི་རང་དབང་གི་ཆེད་དུ་འཐབ་རྩོད་བྱས་ནས་བཟུང་། འོས་འཕེན་ནང་འཛུལ་ཞུགས་སྤྱི་སྙོམས་ཡོང་དགོས་ངེས་དང་། གལ་སྲིད་མང་གཙོ་སྲ་བརྟན་ཅན་གྱི་རྒྱལ་ཁབ་ཨོ་སི་ཊི་ལི་ཡ་བརྒྱ་ཆའི་ ༩༥་༡༧། བྷེལ་ཇམ་བརྒྱ་ཆའི་ ༩༡་༠༨། ལག་ཛེམ་བྷག་བརྒྱ་ཆའི་ ༩༡་༦༨། ཨོ་སི་ཊིར་བརྒྱ་ཆའི་ ༨༡་༧༡། ཨི་ཊ་ལི་བརྒྱ་ཆའི་ ༨༠་༥༤། བྷིར་ཛལ་བརྒྱ་ཆའི་ ༨༣་༢༧ བཅས་རྒྱལ་ཁབ་དེ་དག་ལས་ལྷག་པ་མ་བྱུང་ནའང་། རྒྱལ་ཁབ་འདི་དག་གི་འོས་འཕེན་གྱི་བརྒྱ་ཆའི་ཕྱེད་ཙམ་ལ་ཡང་ང་ཚོའི་འོས་འཕེན་གྱི་བརྒྱ་ཆས་ཟིན་ཐུབ་མེད་པ་དེ་སྐྱོ་བ་སྐྱེས་དགོས་པ་ཞིག་རེད།
ང་ཚོས་ནང་པའི་རྒྱལ་ཁབ་ཁག་དང་གཤིབ་བསྡུར་བྱས་ནའང་། འོག་ཏུ་འགོད་རྒྱུ་ཡིན་པའི་རྒྱལ་ཁབ་ཁག་ཅིག་གི་འོས་འཕེན་གྱི་གྲངས་འབོར་ལས་ལྷག་པ་གཅིག་ཀྱང་ང་ཚོ་མདུན་བསྐྱོད་བྱས་ཐུབ་མེད། དེ་ཡང་སིང་གྷ་ལ་བརྒྱ་ཆའི་ ༧༥་༩༦། ཐེ་ལན་ཌི་བརྒྱ་ཆའི་ ༧༨་༥༡། ཉི་ཧོང་བརྒྱ་ཆའི་ ༦༧་༤༦ ལྟ་བུ་རེད། དེ་བཞིན་སྐྱོ་བ་སྐྱེས་དགོས་པའི་གནད་དོན་གཞན་ཞིག་ནི། ང་ཚོ་ད་དུང་རང་ཉིད་དང་གཅིག་མཚུངས་ཡིན་སྙམ་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་རྗེས་སུ་ལུས་ཡོད། དེ་ཡང་འབྲུག་ལ་བརྒྱ་ཆའི་ ༧༩་༤༥། སོག་པོར་བརྒྱ་ཆའི་ ༧༤་༣༡། བལ་ཡུལ་ལ་བརྒྱ་ཆའི་ ༦༣་༢༩ བཅས་རེད། དེ་བཞིན་ང་ཚོའི་འཐབ་རྩོད་ཀྱི་སྦིར་སྒྲ་འདི་གཞིར་བཞག་ན་ཉེ་དུས་རང་བཙན་ཐོབ་པའི་རྒྱལ་ཁབ་ཁལ་ཊི་ཝི་ཡ་ལ་བརྒྱ་ཆའི་ ༦༠་༩༨། སི་ལོ་ཝི་ནི་ཡ་ལ་བརྒྱ་ཆའི་ ༦༣་༡ བཅས་དང་འོས་འཕེན་སྤྱི་སྙོམས་ཡོང་དགོས་ངེས་ཤིག་ཡིན་ཡང་། དེང་སྐབས་རྒྱལ་ཁབ་དེ་དག་གི་འོས་འཕེན་གྱི་གྲུབ་འབྲས་དོན་སྙིང་ལྡན་པའི་ངང་འཕེལ་རྒྱས་བྱུང་ཡོད། རྒྱལ་ཁབ་དེ་དག་གི་ཡུལ་མི་ཚོས་འོས་འཕེན་གྱི་རང་དབང་ལོངས་སུ་སྤྱོད་སྐབས། ཡུལ་དེར་ཡོད་པའི་འཇིགས་སྐུལ་རིང་ལུགས་ཚོགས་པ་ཊ་ལི་བྷན་དང། ཨལ་ཁི་ཌ་སོགས་ཀྱིས་འོས་བླུག་མཁན་ཚོ་གསོད་ཀྱི་ཡོད་པ་དང་། དེ་བཞིན་འོས་བླུག་མཁན་ཡུལ་མི་ཉམ་ཆུང་ཚོའི་མཐེབ་མོ་དང་མཛུབ་མོ་གཏུབ་པའི་གྱོད་གཞི་མང་དུ་འགྲོ་བཞིན་ཡོད་པ་རེད། ཡིན་ནའང་གནས་སྟངས་དེ་འདྲའི་འོག་ནས་ཨབ་གྷ་ནི་སི་ཐན་དང་ཨི་རག་གི་ཡུལ་མི་ཚོས་སྲོག་ལ་ཐུག་ཀྱང་གདོང་ལེན་བྱས་ཏེ། ཨ་ཧྥི་གྷ་ནི་སི་ཐན་དུ་བརྒྱ་ཆའི་ ༨༣་༦༦ དང་ཨི་རག་ཏུ་བརྒྱ་ཆའི་ ༥༨་༣༢ བཅས་འོས་འཕེན་གྱི་གྲངས་འབོར་ཕོན་ཆེན་བྱུང་ཡོད་པ་རེད།
ཨི་རན་དུ་ཡུལ་མི་ཚོས་ཡུལ་དེའི་ཆབ་སྲིད་ཚོགས་པས་འོས་ཤོག་ལ་བསྒྱུར་བཅོས་བཏང་བར་ངོ་རྒོལ་བྱས་ཡོད་པས། ངོ་རྒོལ་བ་ཚོར་མེ་མདའ་བརྒྱབ་ནས་དྲག་གནོན་བྱས་ཡོད་ཀྱང་། འོས་འཕེན་མཁན་གྱི་གྲངས་འབོར་བརྒྱ་ཆ་ ༥༩་༧ བྱུང་ཡོད་པས་བཙན་བྱོལ་བོད་མིིའི་གནས་བབ་ལས་མཐོ་བ་ཡོང་ཡོད། དེང་སང་གི་དུས་ལའང་། ཨི་རན་གྱི་ཡུལ་མི་ཚོས་སྲོག་ལ་ཐུག་ཀྱང་འཛེམས་ཟོན་མེད་པ། ཁྲོམ་གཞུང་ཁག་ཏུ་ལོ་སྔོན་མའི་སྲིད་འཛིན་འོས་ཤོག་ཁྲིམས་མཐུན་ཅན་དུ་བསྒྱུར་དགོས་པའི་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། འོས་འཕེན་སྐབས་སྲོག་ལ་འཇིགས་སྐུལ་ཡོད་པའི་གནས་སྟངས་དེ་འདྲ་གཅིག་མིག་དཔེ་ལ་བཟུང་ན། ང་ཚོ་བོད་མི་ཚོར་སྲོག་ཤོར་བའི་ཉེན་ཁ་མེད་པ་དང་། ཡང་ན་གནོད་འཚེ་བྱེད་མཁན་གཉིས་ཀ་མེད་པས་ལས་སླ་པོའི་ཐོག་ནས་འོས་འཕེན་གྱི་ལས་དོན་དེ་བསྒྲུབ་དགོས་པ་ཞིག་ཡིན་ཡང་། ང་ཚོའི་ལས་དོན་ད་དུང་འཐུས་ཤོར་འགྲོ་ཡི་ཡོད། མང་གཙོའི་རྒྱལ་ཁབ་གཞན་གྱི་འོས་བསྡུ་དང་ང་ཚོའི་དབར་གྱི་ཁྱད་པར་ནི། ང་ཚོའི་འོས་བསྡུ་དེ་ཚད་གཞི་སྐྱོ་ཤོས་དང་དམའ་ཤོས་ཆགས་ཀྱི་ཡོད་པ་རེད། པ་ལི་སི་ཐན་ནི་རྒྱལ་ཁབ་དང་ང་ཚོའི་དབར་གྱི་འོས་འཕེན་གྱི་གནས་བབས་བསྡུར་བ་ཡིན་ན། པ་ལི་སི་ཐན་ནི་འོས་འཕེན་གྱི་གྲངས་འབོར་ ༧༧་༧ ང་ཚོ་ལས་མཐོ་བ་ཡོད།
བོད་མིའི་གྲངས་འབོར་ཧ་ལམ་ ༡༥༠༠༠༠ ཡོད་པ་དང་། འོས་འཕེན་གྱི་ཁྱད་ཆོས་ཚང་མཁན་ ( རང་ལོ་༡༨ བརྒལ་བ ) ཚོད་རྩིས་བྱེད་སྐབས་༡༢༠༠༠༠ ཙམ་གྱི་གྲངས་འབོར་ཡོད་རེད། སྔོན་མའི་བཀའ་བློན་ཁྲི་པ་འོས་བསྡུའི་སྐབས་འོས་འཕེན་གྱི་དེབ་སྐྱེལ་བྱེད་མཁན་གྲངས་ ༧༢༠༠༠ ཙམ་བྱུང་ཡོད་པ་དང་། དེའི་ནང་ནས་ ༣༢༢༠༥ ཙམ་གྱིས་འོས་བླུགས་ཡོད་པས་བརྒྱ་ཆ་ ༤༤ ཆགས་ཡོད་པ་རེད། ཟམ་གདོང་རིན་པོ་ཆེར་འོས་ཤོག་ ༢༩༢༡༦ ཐོབ་ཡོད་པ་དང་དེ་བརྒྱ་ཆ་ ༩༠་༧༢ རེད། དེའི་སྐོར་ཕ་ཡུལ་དྲ་རྒྱར་གཟིགས་རོགས།
འོས་ཤོག་གི་བརྒྱ་ཆའི་ཚིག་འགྲོས་ནས་ཡིད་སེམས་སྐྱོ་དགོས་པ་ཤིག་ཤེས་རྟོགས་ཡོང་གི་ཡོད་པ་སྟེ། དེ་ཡང་འོས་འཕེན་གྱི་ཁྱད་ཆོས་ཚང་མཁན་གྱི་སྤྱི་འབོར་ ༧༢་༠༠༠ ཡོད་པའི་ནང་ནས། བརྒྱ་ཆའི་ ༦༠ ཙམ་གྱིས་མ་གཏོགས་འོས་འཕེན་གྱི་དེབ་སྐྱེལ་བྱས་མེད་པ་དང་། ཚོད་རྩིས་བྱེད་སྐབས་རྒྱུན་ལྡན་ནས་བརྒྱ་ཆའི་ ༣༠ ཙམ་གྱིས་འོས་ཤོག་བླུགས་ཡོད་པ་དེ་ཧ་ཅང་གི་སྐྱོ་པོ་རེད། ནམ་ཞིག་དེབ་སྐྱེལ་བྱས་པའི་འོས་འཕེན་པ་གྲངས་ཀ་བརྒྱབས་ན། བོད་མི་འོས་འཕེན་ནང་འཛུལ་ཞུགས་བྱེད་མཁན་དེབ་སྐྱེལ་གྱི་བརྒྱ་ཆའི་ ༤༤ ཙམ་ལས་ལོང་གི་མེད། འདིས་ཉེན་བརྡ་ཞིག་གཏོང་གི་ཡོད་པ་ནི། ད་དུང་བོད་མི་བརྒྱ་ཆའི་ ༤༠ སྐོར་ཞིག་གིས་འོས་འཕེན་གྱི་དེབ་སྐྱེལ་བྱེད་ཀྱི་མེད་པ་དང་། སྙིང་རླུང་ལངས་དགོས་པ་ཞིག་ལ་བརྒྱ་ཆའི་ ༧༠ ཡིས་འོས་ཤོག་བླུག་ཡོད་པ་མ་རེད། ཡོངས་ཁྱབ་ཀྱི་གྲངས་འབོར་འདིས་དངོས་གནས་འཇིགས་སྐུལ་བྱེད་ཀྱི་ཡོད་པ་དང་། དེ་བཞིན་ང་ཚོས་དམིགས་བསལ་གྱི་དུས་ཚོད་མང་དུ་བཏང་ནས། ང་ཚོའི་འོས་འཕེན་གྱི་བརྒྱུད་རིམ་ལ་བཟོ་དབྱིབས་ཤིག་ཐོབ་དགོས་པ་སྟོན་གྱི་ཡོད། འོས་ཤོག་གི་གྲངས་འབོར་གྱི་ཚད་གཞི་དམའ་པོ་ཡིན་སྐོར་བརྗོད་སྐབས། དམངས་ཁྲོད་དུ་ཟམ་གདོང་རིན་པོ་ཆེ་ལས་ལྷག་པ་མི་མང་གིས་དགའ་ཤོས་བྱེད་སའི་མི་སྣ་མེད་སྐོར་གྱི་རྩོད་པ་རྒྱག་ངེས་པ་རེད། གང་ལྟར་ཡང་ཨོ་སི་ཊི་ལི་ཡ་བརྒྱ་ཆའི་ ༩༥་༡༧ དང་། ལག་ཛེམ་བྷག་བཅས་སུ་གོ་གནས་འཛིན་པའི་དུས་ཡུན་ཡིན་རུང་མིན་རུང་། འོས་བླུགས་མཁན་ཚོས་རང་ཉིད་ཀྱི་ཡུལ་མིའི་ཐོབ་ཐང་ལག་བསྟར་བྱས་ནས་འོས་འཕེན་གྱི་གྲངས་འབོར་ཧ་ཅང་ཕོན་ཆེན་བྱུང་ཡོད།
ང་ཚོའི་སེམས་ལ་ངལ་གསོ་ཐེབས་པའི་གནད་དོན་གཞན་ཞིག་ནི་སྐྱབས་བཅོལ་གཞུང་ཤིན་ཅང་དང་། སོག་པོ། འབར་མ་བཅས་བོད་བཙན་བྱོལ་གཞུང་དང་བསྡུར་ན། བོད་གཞུང་ལ་འཛིན་སྐྱོང་དང་མང་གཙོའི་བརྒྱུད་རིམ་བཅས་ཆ་ཚང་ཡོད་པས། ང་ཚོའི་སྐྱབས་བཅོལ་གཞུང་དེ་དག་ལས་ཆེས་ཤུགས་རྐྱེན་ཆེ་བ་དང་ནུས་སྟོབས་རྒྱས་ཡོད་པ་རེད། གནད་དོན་དེ་འདྲ་ཡིན་རུང་ང་ཚོའི་དམིགས་ཡུལ་སྐྱོ་ཤོས་ནས་ཡག་ཤོས་ཆགས་རྒྱུ་དང་། སྐྱབས་བཅོལ་དུ་མུ་མཐུད་ནས་གནས་རྒྱུ་དེ་མ་རེད། ཡག་གྲས་ནས་ཡག་ཤོས་ཆགས་སྲིད་པ་དེ་འཛམ་གླིང་ལ་ངོམ་དགོས་པ་དང་། དེའི་ནང་ནས་རྒྱ་ནག་དང་བོད་ནང་གི་བོད་རིགས་སྤུན་ཟླ་ཚོར་བསྟན་དགོས་པ་རེད། དེས་ན་ང་ཚོས་མང་གཙོའི་གཞུང་ཡན་ལག་ཆ་ཚང་བ་ཞིག་གིས། རྒྱ་ནག་དམར་ཤོག་དབང་ཆ་གཅིག་སྡུད་ཚོགས་པ་དང་། རྒྱ་ནག་ཧན་མི་རིགས་ཀྱིས་བོད་ནང་མི་སེར་སྤེལ་ཡུལ་ལམ་ལུགས་ཀྱི་དབང་ཆ་འཛུགས་སྐྲུན་གྱིས་སྟངས་འཛིན་ཤུགས་ཆེར་བྱེད་བཞིན་པ་རྣམས་བརྗེ་བསྒྱུར་བྱེད་དགོས།
ངས་ནན་ཏན་ངང་བརྗོད་ཐུབ་པ་ཞིག་ནི། བཀའ་ཤག་དང། ཁྲིམས་བཟོ་ལྷན་ཚོགས། འོས་བསྡུ་ལྷན་ཁང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ཀྱིས། ང་ཚོའི་སྤྱི་ཚོགས་ཀྱི་མང་གཙོའི་བརྒྱུད་རིམ་འདི་འཕོ་འགྱུར་གཏོང་དགོས་པའི་ཉེས་སྐྱོན་མང་པོ་བགྲང་གི་ཡོད་པ་རེད། ཡིན་ནའང་། ཉེས་སྐྱོན་བགྲང་བའི་རྩེད་མོ་དེའི་ཚབ་ཏུ་གནད་དོན་ཤེས་རྟོགས་བྱས་ན་དགེ་མཚན་ཆེ་བ་ཡོད། འོས་འཕེན་གྱི་ཚད་གཞི་དམའ་པོ་ཡིན་པ་དེ་གཞུང་དང་མི་མང་གཉིས་ཀའི་ཕྱོགས་ནས་ཡོང་གི་ཡོད་ཅིང་། ང་ཚོའི་མང་གཙོ་ནུས་ཤུགས་ལྡན་པ་ཞིག་ཡོང་རྒྱུར་ཛ་དྲག་དང་ཧུར་བསྐྱེད་བྱེད་རྒྱུའི་ཚབ་ཏུ། ད་ལྟའི་སྐབས་གང་ཡོད་པ་ཚད་གཞི་གཅིག་ཁོ་ནའི་སྟེང་དུ་བསྐྱོད་པ་དང་། འདོད་པ་མ་ཚིམས་པ་འདི་ཉིད་སྟངས་འཛིན་ཁོ་ན་བྱེད་ཀྱི་ཡོད་པས། རང་བཞིན་གྱིས་དྲི་བ་ཞིག་ཡོང་གི་ཡོད། དེ་ཡང་ད་ལྟ་ཡོད་བཞིན་པའི་འོས་འཕེན་གྱི་སྒྲོམ་གཞི་འདི་ཡར་རྒྱས་ག་རེ་གཏོང་ཐུབ་ཀྱི་ཡོད་མེད་དང་། ལོ་རྒྱུས་ཅུང་ཟད་ཡོད་པའི་བོད་པའི་འོས་བསྡུའི་སྒྲིག་གཞི་འདིས། དུས་ཡུན་རིང་པོའི་རིང་ལ་ཤུགས་རྐྱེན་ཐེབས་ནས་འགྲོ་རྒྱུ་ཡིན་པ་དང་། ཡར་རྒྱས་གཏོང་དགོས་པའི་ལས་གཞི་མང་པོ་ཞིག་ལམ་ལུགས་འདི་ཁོ་ན་བརྒྱུད་ནས་འགྲོ་རྒྱུ་དེ་རེད། ཡིན་ནའང་། གནའ་བོའི་འོས་བསྡུའི་བརྒྱུད་རིམ་ཅན་གྱི་ང་ཚོའི་ལམ་ལུགས་འདི་ལ། དུས་རབས་ ༢༡ པ་འདི་དང་འཚམ་པའི་བསྒྱུར་བཅོས་གཏོང་གལ་ཆེན་པོ་ཡིན།
ཕྱི་ལོ་ ༡༩༥༩ ཟླ་བ་ ༧ པའི་ཚེས་ ༡ ཉིན་ཌ་ལ་ཧའོ་སི་ནང་༧གོང་ས་མཆོག་གིས་བཀའ་སློབ་དང་པོ་གནང་སྐབས། བཙན་བྱོལ་ནང་གི་བོད་མི་ཚོས་དེང་རབས་ཀྱི་མང་གཙོའི་ལྟ་གྲུབ་དམ་འཛིན་བྱས་ནས་མདུན་བསྐྱོད་བྱེད་དགོས་པའི་བཀའ་ནན་པོ་བསྩལ་ཡོད་པ་དང་། དེ་དང་ཕྱོགས་མཚུངས་པ་ཕྱི་ལོ་ ༡༩༥༩ ཟླ་བ་ ༡༢ ཚེས་ ༧ ཉིན་རྡོར་གདན་དུ་མནའ་གན་མཐུ་མོ་ཆེ་འཇོག་པའི་སྐབས། ཁོང་གིས་ནུབ་ཕྱོགས་ཀྱི་ འདུམ་སྒྲིག་མང་གཙོའི་ལམ་ལུགས་ consociationalism (འདུམ་སྒྲིག་གི་ལམ་ལུགས་འདི་ཨི་སི་ཊོ་ནི་ཡ་ Estonia ནང་ལག་བསྟར་བྱས་ཡོད་པ་དང་། པཱ་པུ་ཡ་ནིའུ་ཇུས་ནི་ཡ་ Papua New Guinea ནང་ལམ་ལུགས་སྔོན་མ་དེ་ཆགས་ཀྱི་ཡོད་པ་རེད།) གཞིར་བཞག་ནས་ས་ཁུལ་ཁག་གི་འཐུས་མི་འདེམས་དགོས་པའི་སྐོར་ཆོས་བརྒྱུད་ཁག་གི་དབུ་ཁྲིད་ཚོར་བཀའ་སློབ་ནན་པོར་བསྩལ་ཡོད་པ་རེད། གང་ལྟར་ཡང་། སྐབས་དེར་འོས་བསྡུའི་སྒྲིག་གཞི་གཏན་འབེབས་བྱས་མེད་པས། འོས་བསྡུའི་ལམ་ལུགས་བརྒྱུད་མི་དགོས་པའི་ཐོག་ནས། མདོ་ཁམས་ཆུ་བཞི་སྒང་དྲུག་གིས་ཁམས་དང་ཨ་མདོའི་ས་ཁུལ་གྱི་འཐུས་མི་མི་གྲངས་ ༦ བདམས་བཀོད་བྱས་ཡོད་པ་དེ་སྤྱི་འཐུས་ཐོག་མ་དེ་ཆགས་ཡོད་ཅིང་། དེ་དང་ཕྱོགས་མཚུངས་པ་བོད་ཀྱི་ནང་པའི་ཆོས་བརྒྱུད་ཆེན་པོ་བཞིའི་འཐུས་མི་བདམས་བཀོད་གནང་ཡོད་པ་རེད། ཡིན་ནའང་། བོན་གྱི་འཐུས་མི་ཕྱི་ལོ་ <༡༩༧༥-༧༨ > སྤྱི་འཐུས་ཐེངས་ ༦ པའི་སྐབས་བར་བདམས་བཀོད་གནང་མེད་པ་རེད། བུད་མེད་འཐུས་མི་སྤྱི་འཐུས་སྐབས་གཉིས་པའི་སྐབས་ <༡༩༦༣-༦༦> སུ་༧གོང་ས་མཆོག་གི་བཀའ་རྒྱ་བཞིན་དུ་བདམས་བཀོད་གནང་ཡོད་ཀྱང་། ཕྱི་ལོ་༡༩༧༤- ༡༩༩༠ བར་བུད་མེད་འཐུས་མི་རྣམས་དགོས་ངེས་བཞིན་ཐོན་ཐུབ་མེད་པ་དེ། གཅིག་བྱས་ན་སྐྱེས་པའི་དབང་འཛིན་ལམ་ལུགས་ཀྱི་བསམ་བློའི་རྒྱུ་ཕྱོགས་ཀྱིས། བུད་མེད་དེ་དག་ལ་ཤུགས་རྐྱེན་ཐེབས་པ་ཡིན་རྒྱུ་རེད། དབུས་གཙང་ཆོལ་ཁའི་འཐུས་མི་ཁོ་ན་ཕྱིའི་རྣམ་པའི་ཐོག་ནས་སྐབས་དང་པོའི་སྤྱི་འཐུས་འོས་བསྡུའི་རྣམ་པའི་ཐོག་ནས་ཡོང་ཡོད། གང་ཡིན་ཞེ་ན། དབུས་གཙང་ཆོལ་ཁར་དབུས་ཀྱི་ཚོགས་པ་མེད་པས། སི་ཀིམ་དང་དེ་མིན་ས་གནས་གཞན་ཁག་གི་མི་རྣམས་འཛོམས་ཏེ། ཕན་ཚུན་འབྲེལ་ལམ་བརྒྱུད་ནས་དམིགས་འཛུགས་བྱས་པ་དང་། ཕྱག་བརྐྱངས་ཀྱི་ཐོག་ནས་འོས་མི་རྣམས་གྲངས་འདྲེན་བྱས་ཏེ་དྷ་སར་བཏང་ཡོད་པ་རེད།
འོས་བསྡུའི་སྒྲིག་གཞི་ཟིན་བྲིས་ཐོག་མ་དེ་ཕྱི་ལོ་ ༡༩༧༡-༧༥ སྐབས་སུ་གཞི་ནས་ཡོང་ཡོད་པ་རེད། སྐབས་དེར་འོས་བསྡུ་ལས་ཁང་གི་ཚོགས་མི་ (བཀའ་ཟུར་བློ་བཟང་དར་རྒྱས་) དང། དེའི་སྐབས་ཅན་དྷི་གྷར་གཙུག་ལག་སློབ་གྲྭ་ཆེན་པོའི་ནང་། ཆབ་སྲིད་ཚན་རིག་ལ་སློབ་སྦྱོང་བྱེད་མཁན་སློབ་མ་འགའ་ཡོད་པ་རྣམས་རྒྱ་གར་གྱི་འོས་བསྡུའི་ཁྲིམས་ལུགས་བོད་ཡིག་ཐོག་བསྒྱུར་མཁན་གྱི་མི་སྣའི་ཁོངས་སུ་གླས་ཡོད་པ་རེད། འོས་བསྡུའི་ཁྲིམས་ལུགས་དེ་བོད་ཀྱི་ལས་དོན་མང་པོ་དང་འབྲེལ་བ་ཆགས་ཡོད་པས་ཡིག་བསྒྱུར་ཚོགས་པས་ཕབ་བསྒྱུར་ཞུས་པ་དང། འོས་བསྡུའི་སྒྲིག་གཞི་དེར་བསྐྱར་ཞིབ་ཡུན་རིང་བྱས་ཏེ་ཕྱི་ལོ་ ༡༩༩༡ ཟླ་ ༢ ཚེས་ ༢༤ ཉིན་དངོས་སུ་ལག་བསྟར་བྱས་ཡོད་ཅིང་། འོས་བསྡུ་དེ་རྒྱ་གར་དང་། བལ་ཡུལ། ཨ་རི། ཡུ་རོབ་བཅས་སུ་དབུས་ས་གནས་འོས་བསྡུ་ཁང་ ༧༠ ཙམ་རྒྱ་བསྐྱེད་བཏང་ཡོད་པ་རེད། (བོད་མི་ཡོད་སའི་ས་གནས་ཁུག་དཀྱོག་དང་ཡང་ན་བོད་མི་འགའ་ཤས་ལས་མེད་སའི་ས་ཆ། དཔེར་ན། ཀུའུ་ཊིང་དང་། དྷི་མར་པུར། ཀིན་ནུར། བྷོ་པལ། ལིམྦྷི་ནི། ཀ་ལི་ཀ་ཏ་བཅས་སུ་འགྲིམ་འགྲུལ་སོགས་དཀའ་ངལ་གྱི་རྐྱེན་བྱས་ཏེ་འོས་འཕེན་བྱེད་ཐུབ་ཡོད་མ་རེད།)
ད་ལྟའི་འོས་བསྡུའི་སྒྲིག་འཛུགས་ཀྱི་མ་འོངས་འཆར་རྩིས་ལ་མཁས་པའི་ཚིག་འགྲོས་དང་། འོས་འཕེན་གྱི་བརྒྱུད་རིམ་གཉིས་ཐད་ནས་ཕྱི་ལོ་ ༡༩༦༠ དང་བསྡུར་ན་ཏན་ཏན་ཡར་རྒྱས་ཕྱིན་ཡོད་ཀྱང་། མཐའ་མཇུག་འོས་འཕེན་གྱི་གྲུབ་འབྲས་མུ་མཐུད་ནས་ཚད་གཞི་དམའ་པོ་ཡོང་གི་ཡོད་པ་རེད། འོས་བསྡུའི་སྒྲིག་གཞི་ད་ལྟའི་བར་ལོ་བཅུ་ཕྲག་གཉིས་སོང་བའི་རྙིང་པ་རེད། ད་ལྟ་ང་ཚོ་བཙན་བྱོལ་བའི་གནས་བབ་ཀྱི་དགོས་མཁོ་སྐོང་པའི་འོས་བསྡུའི་བརྒྱུད་རིམ་ངོ་སྤྲོད་བྱེད་པའི་དུས་ལ་སླེབས་ཡོད་པ་རེད། ང་ཚོར་དགོས་པའི་ཐབས་ལམ་ནུས་ཤུགས་ཅན་ཞིག་གཞིར་འཇོག་དགོས་པ་ནི། དེ་ཡང་མཁས་དབང་ཀཱ་སི་སན་སི་ཊིན་ (Cass Sunstein) མཆོག་གིས། དཔལ་འབྱོར་ཚན་རིག་ནང་དུ་སྤྱི་ཚོགས་ཀྱི་གནས་བབ་དང་བསྟུན་ནས་སྲིད་ཇུས་དང་ཁྲིམས་ལུགས་གཏན་འབེབས་བྱས་ཏེ། མཇུག་སྐྱོང་དགོས་པ་གལ་འགངས་ཆེན་པོ་ཡིན་སྐོར་གསུངས་པ་དེས། ཁྲིམས་ཀྱི་སྒྲོམ་གཞི་དང་ཆབ་སྲིད་ཀྱི་ལམ་ཕྱོགས་ཞིབ་འཇུག་གིས། རྒྱུན་ལྡན་མི་མང་གི་གཤིས་སྤྱོད་སྟོན་གྱི་ཡོད་པ་རེད། དེའི་སྐོར་དྲ་ངོས་འདིར་གཟིགས་རོགས། ཁྲིམས་དང་ཚུལ་མཐུན་གྱི་དཔལ་འབྱོར་ལམ་ལུགས་མ་དཔེ་འོས་འཚམ་ཞིག་བསྐྲུན་རྒྱུ་དང་། དེ་བཞིན་ངའི་བསམ་ཚུལ་ནི་འོག་འཁོད་ཀྱི་བྱེད་ཐབས་འདི་ལག་ལེན་བསྟར་རྒྱུར་བསམ་གཞིག་བྱེད་དགོས་པ་སྟེ།
ཀ༽ སྦྲགས་ལམ་བརྒྱུད་ནས་འོས་འཕེན་པ།
ཁ༽ འོས་འཕེན་གྱི་དེབ་སྐྱེལ་མེད་པ་བཟོ་རྒྱུ། གལ་སྲིད་མ་བཟོས་ན། འོས་འཕེན་དེབ་སྐྱེལ་རྣམས་འོས་བླུགས་པའི་ཉིན་དེ་རང་དང་ཡང་ན་དེའི་སྔོན་དུ་བྱེད་ཆོག་པ།
ག༽ དང་བླང་དཔྱ་དངུལ་ལག་དེབ་འབུལ་འབབ་གཅོག་ཆ་བྱེད་རྒྱུ་བཅས་རེད།
ལག་བསྟར་འདི་དག་བསྡུར་གཤིབ་ཀྱིས་བོད་པའི་འོས་འཕེན་གྱི་གནས་བབ་ལ་འཚམ་པའི་ལམ་ཕྱོགས་ཀྱི་ཚད་གཞི་གསར་པ་ཞིག་འཐོབ་ངེས་དང་། ང་ཚོས་ལམ་ལུགས་འདི་དག་ནམ་ཞིག་རྒྱུན་སྐྱོང་གིས།མང་གཙོ་སྲ་བརྟན་ཅན་གྱི་རྒྱལ་ཁབ་ཁག་གི་འོས་འཕེན་གྱི་གྲུབ་འབྲས་བཞིན་བྱུང་ན། དེ་ནི་ང་ཚོའི་མ་འོངས་ཡུན་རིང་གི་དམིགས་ཡུལ་ཞིག་ཏུ་འགྱུར་རྒྱུ་རེད།
འོས་འཕེན་གྱི་དེབ་སྐྱེལ་མེད་པ་བཟོ་རྒྱུ།
འོས་འཕེན་སྔོན་གྱི་དེབ་སྐྱེལ།
འོས་བླུགས་པའི་ཉིན་རང་ལ་དེབ་སྐྱེལ།
དང་བླང་དཔྱ་དངུལ་ལག་དེབ།
མཇུག་བསྡོམས།
༼མཁས་དབང་བློ་བཟང་སེང་གེ་ལགས་ནི་ཧར་ཝར་ཌི་ཁྲིམས་ལུགས་གཙུག་ལག་སློབ་གྲྭའི་ནང་གི་ཤར་ཨེ་ཤ་ཡའི་ཁྲིམས་ལུགས་ཞིབ་འཇུག་སྡེ་ཚན་གྱི་མཁས་དབང་རྒན་རིམ་པ་ཞིག་ཡིན་ལ། ཁོང་གིས་ ༡༩༩༦ ལོར་གོང་གསལ་གཙུག་ལག་སློབ་གླིང་དེ་ནས་ཁྲིམས་ལུགས་སློབ་རམས་པའི་ (LLM) པའི་ཤེས་ཚད་ཕྱག་འཁྱེར་བླངས་ལ། ༢༠༠༤ ལོར་ཁྲིམས་ལུགས་དགེ་རམས་པའི་ (Ph.d) ཕྱག་འཁྱེར་བཞེས་ཤིང་། དེ་ནི་བོད་མི་ཡ་ས་དྲུག་ཙམ་མིན་པར་འབྲུག་དང་བལ་ཡུལ། སོག་པོ་བཅས་ཧི་མ་ལ་ཡའི་མངའ་ཁུལ་ནས་འདི་ལྟའི་ཕྱག་འཁྱེར་བཞེས་མཁན་ཐོག་མ་དེ་ཆགས་ཡོད་པ་རེད། ལོ་དྲུག་གི་རིང་ཁོང་གིས་ངྷ་རམ་ས་ལ་གཙོ་བྱས་པའི་ས་གནས་ཁག་ནས་ཞིབ་འཇུག་བྱས་མཐར་ཁོང་གི་མཐར་ཕྱིན་ཞིབ་འཇུག་ཆེད་རྩོམ་དུ། ༡༩༥༩ ལོ་ནས་ ༢༠༠༤ ལོའི་བར་གྱི་དམངས་གཙོ་དང་བཙན་བྱོལ་བོད་གཞུང་གི་ལོ་རྒྱུས་སྐོར་བྲིས་ཤིང་། དེར་ Yong K. Kim 95 Special Award of Excellence ཞེས་པའི་དམིགས་བསལ་ཕུལ་བྱུང་གཟེངས་རྟགས་ཀྱང་ཐོབ་ཡོད་འདུག ཁོང་གིས་བོད་ཡིག་ནང་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་དཔེ་དེབ་ཅིག་ཀྱང་བཏོན་ཡོད་ལ། ༢༠༠༦ ལོར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་ཨེ་ཤ་ཡའི་སྤྱི་ཚོགས་ཞེས་པས་ཁོང་ཉིད་ཨེ་ཤ་ཡའི་མངའ་ཁུལ་གྱི་དབུ་ཁྲིད་གཞོན་རབས་པ་ ༢༡ གི་ཁོངས་སུ་བདམས་ཡོད་འདུག ཁོང་ལ་འབྲེལ་གཏུགས་བྱ་འདོད་ཡོད་མཁན་ཚོས་གློག་འཕྲིན་ཁ་བྱང་ losangsengye@gmail.com ཐོག་འབྲེལ་བ་གནང་རོགས།༽
བསམ་མནོ་བཏང་ནས་བྲིས་འདུག ཡག་པོ་འདུག རྩོམ་འདིའི་རིགས་ང་ཚོ་བོད་མིའི་གོ་རྟོགས་འཕེལ་བ་ལ་ཕན་ཐོགས་ཆེན་པོ་འདུག དུས་ཐོག་གི་ཆར་པ་ལྟ་བུའི་རྩོམ་རེད། ནང་དོན་འདི་དག་བོད་མིའི་ཁྲོད་དུ་ཁྱབ་སྤེལ་དང་དྲིལ་བསྒྲག་བྱས་ནས་རྒན་སྐྲ་དཀར་ནས་གཞོན་བྱིས་པ་ཚང་མའི་སེམས་སུ་འཇགས་པ་བྱེད་དགོས་པ་འདུག ད་ལྟའི་དུས་སུ་བོད་མི་རྣམས་ཀྱིས་མ་འདང་ས་ནི་སེམས་ཤུགས་མ་ཡིན། བོད་མི་རྣམས་ཀྱིས་གང་ཞིག་འདང་གི་མེད་ཟེར་ན་རྒྱལ་སྤྱིའི་གནས་སྟངས་དང་། ཁྲིམས་ཀྱི་འགྲོ་ལུགས་སོགས་མདོར་བསྡུས་ན་གོ་རྟོགས་ཀྱིས་གདང་གི་མེད་པ་རེད། གོ་རྟོགས་དེ་དག་སད་པར་བྱེད་པའི་འགན་འཁྲི་ནི་ང་ཚོ་ཚང་མར་ཡོད་པས་རྩོམ་ཡིག་འདི་ལྟ་བུ་མང་མང་ཐོན་པའི་རེ་བ་ཡོད།
བློ་བཟང་སེང་གེ་ལགས་ཀྱིས་དགོངས་ཚུལ་སྤེལ་བ་རོབ་ཀློག་བྱས་པ་ཡིན་ལ། ནང་དོན་གྱི་ཐད་བསམ་བློ་བཏང་བ་ཡིན། ཡིན་ནའང་ཁོང་གི་དགོངས་ཚུལ་འདི་ད་ལྟའི་དུས་སྐབས་མངོན་འགྱུར་བྱེད་ཐུབ་ཁག་པོ་རེད། གང་ཡིན་ཟེར་ན་ཁྲིམས་བཟོ་གྲོས་ཚོགས་ཀྱི་རྭ་བའི་ནང་གི་སྤྱི་འཐུས་ཚོར་གོམ་སྟབས་གསར་པ་སྤོ་བར་བློ་སྟོབས་མེད་པ་དང་གཅིག ད་དུང་གནས་ཚུལ་གཞན་ཞིག་ཡོད་པ་ནི་འོས་བསྡུའི་ལམ་ལུགས་གསར་པའི་དགོངས་ཚུལ་འདི་བཀའ་ཁྲིའི་འོས་བསྡུའི་གནད་དོན་ཙམ་མིན་པར་འབྱུང་འགྱུར་གྱི་སྤྱི་འཐུས་ཚོའི་ལས་དབང་དང་འབྲེལ་བ་ཞིག་ཆགས་ཡོད་པ་གཉིས་རེད། འདི་གཉིས་ནི་དགོངས་ཚུལ་འདིའི་འགལ་རྐྱེན་གཙོ་བོ་རེད།
དེ་ཡང་འགྱུར་བ་འདིས་ད་སྐབས་འཁྲབ་བཞིན་པ་དང་། མ་འོངས་པར་མུ་མཐུད་འཁྲབ་སྟོན་བྱ་རྒྱུར་རེ་བ་བྱེད་མཁན་ཚོར་འཇིགས་སྣང་ཞིག་སྟེར་གྱི་རེད། དེ་བས་འགྱུར་བ་གཏོང་དགོས་ན་ཐོག་མ་ཁ་གཏད་དུ་ལངས་ཡུལ་ནི་རྡ་སའི་ཆབ་སྲིད་པ་ཚོ་རེད། རྡ་སའི་ཆབ་སྲིད་པ་ཟེར་དུས་སྤྱི་དོན་ཁར་འཁྱེར་གྱིས་སྒེར་གྱི་གནས་བབ་སྲ་བརྟན་བཟོ་བར་འབད་མཁན་ཚོར་ཟེར་གྱི་ཡོད།
མང་མང་ཞིག་གིས་གནས་སྐབས་ཚོར་སྣང་སྐྱེན་པའི་སྐད་ཆ་འདྲ་མཐོང་ན་རང་རང་སོ་སོའི་ལྟ་ཚུལ་སྤེལ་གྱི་ཡོད་པ་ལས་བོད་ཀྱི་རྩ་དོན་དང་འབྲེལ་བའི་དོན་གནད་འདི་འདྲ་འདྲ་མཐོང་ནའང་ཚོར་བ་དང་སེམས་ཤུགས་ཅི་ཡང་མེད་པར་ལག་པ་འཁུམས་ནས་སྡོད་ཀྱི་ཡོད། བསམ་ཚུལ་སྤེལ་ན་གནད་དོན་འདི་སྐོར་ལ་སྤེལ་དགོས་པ་རེད།
མཁས་དབང་སེང་གེ་ལགས་ཀྱི་ལམ་སྟོན་གནང་བར་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་ཁོང་རྩོམ་ཡིག་འདིའི་ནང་སོ་སོའི་ཙམ་ཡང་དངོས་མིང་སྟོན་མི་ནུས་པའི་དཔའ་བོ་རྣམས་པས་ཚོད་དཔག་དང་མཐོང་སྣང་རེ་རྒྱུ་མཚན་དུ་བྱས་ནས་གནས་ཚུལ་ཁག་ཅིག་ལ་འགྲེལ་བརྗོད་བྱས་སྐབས་དོ་སྣང་དགོས་པ་མང་པོ་འདུག་སྣམ།
ཕག་སྣ་རིན་པོ་ཆེན་ལགས་་་་་་་་གཅིག་གཟིགས་ནས་ཅིག་གསུངས་དང།།།།།།།།།།།།།།།།།།།།།།།།།
བློ་བཟང་སེང་གེ་ལགས་ཀྱིས་དམངས་གཙོ་ལམ་ལུགས་ཀྱི་འོས་བསྡུས་བྱ་ཕྱོགས་སྦྲགས་ཐོག་ཏུ་བྱ་དགོས་གསུངས་པར་རྒྱུ་མཚན་ཆེན་པོ་འདུག འདི་ཡང་སེང་གེ་ལགས་མ་འོང་བཀའ་བློན་ཁྲི་བ་ཕེབས་ཐུབ་ན་མ་འོང་འོས་བསྡུས་བྱ་ཕྱོགས་ཀྱི་ལས་དོན་གསར་གཏོད་གཅིག་ཡིན་པ་བསྟན་གྱིན་འདུག
མ་ཟད་སེང་གེ་ལགས་ནི་རྒྱལ་དར་སེང་གེ་ཁ་སྤྲོད་དགུང་དུ་ཕྱར་བའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པའི་འོས་མི་ནང་དུ་བཞུགས་ཡོད་པའི་མི་བུ་སྙིང་སྟོབས་དང་སྤོབས་པའི་ཐོག་ནས་བོད་མི་རིགས་ཀྱི་ལས་དོན་དང་འཐབ་རྩོད་ཆེད་དུ་ཕེབས་པ་དངོས་གནས་དགའ་བསུ་ཡོད།
༄༅། །བཀའ་བློན་ཁྲི་པ་བྱ་འདོད་ན་དྲི་བ་འདིར་ལན་ཞིག་དགོས།
ང་རང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་གི་མང་གཙོ་ལམ་ལུགས་ལ་དབྱེ་བ་ཁ་གསུམ་ཕྱེ་ནས་བསམ་ཚུལ་ཞིག་ཞུ་པ་ཡིན་ན། དང་པོ་ཆོས་ལུགས་རྨོངས་དད་རིང་ལུགས་པའི་མང་གཙོ་ལུགས་སྲོལ་དང་གཅིག གཉིས་པ་དཔལ་འབྱོར་སླུ་ཁྲིད་རིང་པའི་མང་གཙོ་ལུགས་སྲོལ་དང་གཉིས།
གསུམ་པ་ཕ་ཡུལ་གཅིག་པའི་ཕྱོགས་རུག་རིང་ལུགས་པའི་མང་གཙོ་ལུགས་སྲོལ་དང་གསུམ་བཅས་ཀྱིས་ཐོག་ནས་ད་ལྟ་བར་དུ་བེད་སྤྱོད་བྱས་པ་རེད། དེ་འདྲ་ཡིན་དུས་བླ་མ་དང་རིན་པོ་ཆེན་རྣམས་ནི་རྨོངས་དད་རིང་ལུགས་པའི་བློ་གཏད་བཅོལ་ས་
ཞིག་དང་ཁང་པ་ཐོག་རྩེག་ཅན་གྱི་བོད་མི་འབྱོར་ལྡན་པ་ཁག་ནི་ང་རང་ཚོ་བཙན་བྱོལ་བ་རྣམས་ཀྱི་ཁ་རྒྱུན་ལ་ཡོད་པ་བཞིན་མི་དེར་ཡིད་ཆེས་བྱ་ན་འགྲིག་གི་རེད་ད་མི་དེ་ལ་ཁང་པ་ཐོག་རྩེག་ཅན་ཡོད་ནི་རེད་ཞེས་ཟེར་སྲོལ་ཡོད་པ་བཞིན་དཔལ་འབྱོར་སླུ་འོག་དུ་ཡོད་པའི་བོད་མི་རྣམས་ཀྱིས་ཡིད་ཆེས་བྱས་ས་དེ་རེད།
གསུམ་པ་རང་གི་ཕ་ཡུལ་གཅིག་པ་ཡིན་ཙམ་གྱི་མི་དེ་ལ་ཕྱོགས་ཞེན་ཐོག་ནས་ཡིད་ཆེས་པ་བཅས་སོ།
དེ་གསུམ་པོ་གང་ཡང་མིན་པའི་ཚོད་ལྡན་གྱི་མང་གཙོ་བེད་སྤྱོད་ཐུབ་པ་ནི་ང་རང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ཁག་པོ་རེད་བསམ་གྱིན་འདུག་གོ
ཡིན་ཡང་མ་འོང་སྐབས་བཅུ་གཅིག་པའི་བཀའ་བློན་ཁྲི་པའི་འོང་མི་ནང་ཕེབས་པའི་སྤུན་ཟླ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འོང་མི་ནང་དུ་ཕེབས་པའི་མཚན་བྱང་དྲ་ངོ་བཀོད་པ་རྣམས་ཡིན།
བློ་བཟང་སེངྒེ། བཀྲ་ཤིས་དབང་འདུས། བསྟན་འཛིན་བཀྲས་མཐོང། བློ་བཟང་སྤྱིན་པ། སྤེན་པ་ཚེ་རིང། རྔ་བ་ཚེ་རྒྱམ། རྒྱ་རི་སྒྲོལ་མ། ཕུར་བུ་རྡོ་རྗེ། སྐལ་བཟང་ཕུན་ཚོགས།
ཐུབ་བསྟན་ལུང་རིག བསྟན་པ་ཚེ་རིང། བློ་བཟང་སྤྱིན་པ། བཅས་ལ་དྲི་བ་ཞུ་རྒྱུ།
ཁྱེད་རྣམ་པ་ཚོས་དྲི་བ་རྣམས་ལ་ལན་རེ་སྦེལ་རོགས་ཞུ། དྲི་བ་རྣམས་ལ་ལན་ཡག་པོ་ཞིག་དང་གནད་དོན་ལ་འགྱུར་བ་བཏོང་ཐུབ་པའི་ལན་ཡོད་ན་ཁྱེད་ལ་
འོས་ཤོག་50་ནས་100་བར་དུ་ཐོབ་ཐུབ་པའི་རོགས་ཕུན་བྱ་ཆོག
དྲི་བ་དང་པོ།
བོད་ནས་རྒྱ་བལ་འབྲུག་གསུམ་ནང་དུ་སླེབས་པའི་གསར་འབྱོར་བ་རྣམས་ལ་ལོ་མང་རིང་གནས་སྡོད་སའི་སྐྱབས་བཅོལ་བའི་ཁུངས་ཞིག་ཡོད་ཀྱི་ཕར་ཞོགས། སྐྱབས་བཅོལ་བའི་ལག་ཁྱེར་མེད་པ་དང་
འགྲོ་ས་འདུག་ས་མེད་པའི་དཀའ་ངལ་ཕྲད་དུས་འགའ་རེ་དབྱིན་ཇུས་བུ་མོའི་མཉམ་དུ་འགྲོ་བ་དང་
འགའ་རེ་ཡེ་ཤུ་ཆོས་ལུགས་ཚོགས་པ་འདྲ་མིན་ནང་དུ་འཛུལ་བཞུགས་བྱས་པ་དང་འགའ་རེ་རྒྱ་མི་
གཞུང་ཚབ་ལ་མི་འདོད་བཞིན་དུ་འགྲོ་དགོས་པའི་དཀའ་ངལ་དང་གཅིག
དྲི་བ་གཉིས་པ། རྒྱ་བལ་འབྲུག་གསུམ་ཡོད་པའི་གཞི་ཆ་ཁག་གི་བོད་མི་ཉམ་ཐག་བ་བཙན་བྱོལ་གཞུང་གི་གོ་གནས་
དང་ལས་གནས་མེད་པ་དང་གཞུང་གི་དཔལ་འབྱོར་དང་གོ་གནས་ཐོག་ནས་ནུབ་ཕྱོགས་རྒྱལ་ཁབ་
ཁག་གི་ནང་དུ་རང་གི་ནང་མི་སུ་ཡང་བཏང་མ་ཐུབ་པ་རྣམས་ཀྱི་འཚོ་བའི་དཀའ་ངལ་ལ་བརྟེན་ནས་
གཞོན་སྐྱེ་བུ་མོ་ཚོ་མཐོ་སློབ་སྐབས་སུ་སྨད་བཙོང་གི་ལས་ཀར་ཞུགས་པ་དང་རྗེས་སུ་སློབ་མཐར་ཕྱིན་རྗེས་ཕྱི་རྒྱལ་བ་རྒ་པོ་མཉམ་དུ་མི་འདོད་བཞིན་དུ་ཆང་ས་རྒྱག་དགོས་ཐུག་པའི་དཀའ་ངལ་དང་
གཉིས།
དྲི་བ་གསུམ་པ།
རྒྱ་གར་བལ་ཡུལ་དུ་ཡོད་པའི་སློབ་ཕྲུག་རྣམས་ལ་མ་འོང་རང་ཉིད་ཀྱི་འཚོ་རྟེན་ཟླ་རེ་གླ་ཕོག་ཨ་རིའི་རྒྲོ་ལོ་3000་ཐོབ་ཐུབ་པའི་ལས་དོན་སློབ་སྦྱོང་ཇི་ལྟར་སྤྲོད་རྒྱུ་ཡིན་མིན་དང་ལས་དོན་སློབ་སྦྱོང་
ཚར་རྗེས་ལས་ཀ་ཇི་ལྟར་ཐོབ་ཐུབ་མིན་དང་གསུམ།
དྲི་བ་བཞི་པ།
རྒྱལ་ཁབ་37་ནང་དུ་ཁ་ཐོར་རུ་ཡོད་པའི་བོད་མི་རྣམས་མགོ་བསྡུ་སྟངས་དང་འབྲེལ་ལམ་སྐད་ཡིག་གང་གི་ཐོག་ནས་ལས་ཀ་བྱ་རྒྱུ་ཡིན་མིན་དང་བོད་ཡིག་ཐོག་ནས་བྱེད་ན་དུས་རབས་གསར་པའི་རིག་གནས་དང་ལག་ཤེས་རྣམས་བོད་ཡིག་ནང་དུ་ཇི་ལྟར་བསྒྱུར་ཐུབ་མིན་དང་བཞི།
དྲི་བ་ལྔ་པ།
བཙན་བྱོལ་བོད་གཞུང་གི་ལྐོག་ཟ་རུས་ཟུངས་ཀྱི་ཟ་ནད་བཅོས་ཐུབ་པའི་རིག་གནས་ཇི་ལྟར་བེད་སྤྱོད་བྱ་རྒྱུ་ཡིན་མིན་དང་བཙན་བྱོལ་གཞུང་དེ་འཛམ་བུ་གླིང་གིས་ངོ་ལེན་ཡོད་པའི་སྐྱབས་བཅོལ་གཞུང་
ཞིག་ལ་ཇི་ལྟར་སྒྱུར་རྒྱུ་ཡིན་མིན་དང་ལྔ།
ཡ་ཡ་ད། ལོ་ལྔ་ཡི་རིང་གི་བཀའ་བློན་ཁྲི་བ་ཞིག་ལ་དྲི་བ་ལྔ་ཡི་ཆོག་པ་བྱས་རྒྱུ་ཡིན། མ་གཞི་ནས་འོས་མི་ནང་དུ་ཕེབས་པ་རྣམས་ཀྱིས་རང་ཉིད་མཐོ་སློབ་ཐོན་པའི་ལག་ཁྱེར་དང་སྔོན་
བྱས་དཔའ་གཏམ་བཤད་ནས་ཡོང་བ་ལས་མ་འོང་རང་ཉིད་ཀྱིས་ལས་དོན་འདི་དང་འདི་འདྲ་བྱ་རྒྱུ་
ཡིན་ཞེས་ཡིག་ཐོག་ནས་སྤེལ་ན་ང་ཚོ་བཙན་བྱོལ་མི་མང་ལ་ཡང་བསམ་བློ་གཏོང་ས་ཞིག་དང་དཔྱད་པ་བྱེད་ས་རྙེད་པ་རེད། གལ་སྲིད་དྲི་བ་རྣམས་ལ་སུ་ལན་ཡག་པོ་ཞིག་དང་སྣང་བ་འགྲོ་པོ་བྱུང་ན་དེར་འོས་ཤོག་སྤྲོད་ཀྱིན་ཡིན་ནོ། འདི་ནི་ངའི་མང་གཙོ་གི་རང་དབང་རེད་ལྭོ། མ་ཟད་དྲ་གྲོགས་སྐར་ཁྲི་བཙན་འོས་མི་ནང་དུ་ཕེབས་ཐུབ་ན་དེ་ལས་དགའ་པོ་ཡོང་བ། ཅོ་རི་ཉི་མ་ཡིས་བྲིས།
སེམས་ཁྲལ་མིང་ཅན་ལགས།སྤྱིར་ང་རང་མི་ལ་རྐྱེན་འཛུག་བྱེད་རྒྱུ་དགའ་པོ་མེད།ཡིན་ནའང་ཁ་ནས་ཤོར་སོང་།གང་རེད་ཅེས་ན་ད་ལྟ་དྲ་གྲོགས་ཡོངས་ཀྱིས་སེམས་མཐུན་ངང་མཁས་དབང་ཁོང་གིས་གསུངས་ལ་བསམ་ཚུལ་སྤེལ་གྱི་ཡོད་པ་རེད།དེ་ཡི་ནང་ཁྱོད་དང་འཇུ་ཆེན་ཚང་གི་སྒེར་ནད་དེ་ཁྱེར་མ་ཡོང་ན་མི་བཟང་ངམ།ཁྱོད་ལ་བདེན་པ་ནི་མེད་པ་འདྲ་༼དེ་ལྟར་ཟེར་༽ཞེསགཞན་བརྒྱུད་ནས་གོ་བ་ཙམ་ལས་མི་འདུག།མ་ཟད་མདོ་སྟོད་མི་མང་གི་མིང་དེ་བེད་སྤྱོད་མ་ཐོངས་རོགས་བྱོས།མདོ་སྟོད་མི་མང་ཁྱོད་རང་ལྟ་བུའི་ལྐུག་པ་ཤག་སྟག་མ་རེད།
ད་དུང་ཞུ་རྒྱུ་ཞིག་ལ་ཁྱོད་དང་ཁྱོད་འདྲ་བའི་མི་རྣམས་ཀྱི་ཕྱིར་དགྲ་མགོ་བཅོམ་པའི་ཐོ་བ་མེད་ཀྱང་།ནང་བཟའ་མི་གཏོར་བའི་རྡོ་རིལ་མ་ཕོངས་རོགས།
ངོ་མ་ད་ཡིན་ན་སྔར་ལས་ལྷག་པར་འོས་ཤོག་འཕེན་པ་ལ་དོ་སྣང་བྱེད་དགོས་པ་ཆགས་སོང་།གང་ལ་ཞེ་ན་མཁས་དབང་ཁོང་གིས་༼རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ལ་བརྡ་ལན་འཚམ་ཤོས་ནི། ཁྲིམས་མཐུན་གྱི་འོས་སྒམ་བེད་སྤྱོད་བརྒྱུད་ནས་འགྲོ་རྒྱུ་དེ་ཡིན་ཞིང་། བོད་མི་ཚོས་འོས་འཕེན་བྱས་པ་དེ་སྤྱི་ཚོགས་ཀྱི་འོས་འགན་ཙམ་མ་རེད་ལ། ལས་དོན་འདི་ནི་བཙན་བྱོལ་བོད་གཞུང་དེ་བོད་དང་བོད་མི་མང་གི་ཁྲིམས་མཐུན་གྱི་སྐུ་ཚབ་ཏུ་བསྒྱུར་བའི་ལས་དོན་ཞིག་ཡིན་པ་དང་། དེ་བཞིན་བོད་ནང་རྒྱ་གཞུང་གིས་མི་སེར་སྤེལ་ཡུལ་བྱེད་བཞིན་པའི་ངན་ཇུས་ཉམས་རྒུད་དུ་གཏོང་རྒྱུ། བཙན་བྱོལ་བོད་གཞུང་འདི་བོད་མི་མང་གི་དོན་དངོས་ཀྱི་སྐུ་ཚབ་ཡིན་པ། རྒྱ་ནག་གི་འཁྱོག་བཤད་དེ། “བཙན་བྱོལ་བོད་གཞུང་ཟེར་བ་དེ་ཁྲིམས་དང་ཡོངས་སུ་འགལ་བ་ཞིག་རེད་ལ། འདི་ནི་བོད་དང་བོད་མི་མང་གཉིས་་ཀའི་ཚབ་མ་རེད་” ཅེས་(༢༠༡༠ ཟླ་བ་༢ པའི་ཚེས་༡ ཉིན་ཤིན་ཧྭ)ནང་བརྗོད་ཡོད་པར་ལན་འདེབས་ཀྱི་ལས་དོན་ཆགས་ཀྱི་ཡོད་རེད།༽ཅེས་གསུངས་པ་དེས་ང་རང་གཉིད་ལས་སད་སོང་།ད་དུང་གྲྭ་བཙོན་དང་སློབ་ཕྲུག་སོགས་ཡོངས་འབབས་མེད་མཁན་རྣམས་ལ་དཔྱ་ཁྲལ་བཅོག་དགོས་གསུངས་པ་དེ་ཡང་ཧ་ཅང་བདེན་པ་རེད་དྲན།
དྲ་གྲོགས་ཚོ་མ་འོངས་པར་བཀའ་ཁྲི་དང་བོད་མི་མང་སྤྱི་མཐུས་དེ་ཡང་མ་ཟད་ཚོགས་པ་སོགས་གང་ཡིན་རུང་མཁས་དབང་ཁོང་གིས་གསུངས་དེ་སྙིང་ལ་བཅང་ནས་འོས་འཕེན་བྱའོ།
ང་རྐང་གསུམ་གྱིས་འདིའི་སྐོར་གྱི་གནད་དོན་གང་ཡང་ཤེས་ཀྱིན་མེད་ཡིན་ནའང་དེ་རིང་མཁས་དབང་བློ་བཟང་སེང་གེ་ལགས་ཀྱི་རྩོམ་ཡིག་ལས་གསལ་བོ་ཤེས་ཡོད།
མི་གཤིས་བརྟན་པ་དང་ཡིད་གཞུང་དྲང་བའི་མདོ་སྟོད་མི་མང་རྣམས་མི་ངན་འཇུ་ཆེན་སོགས་ཀྱིས་ནང་ཁུལ་ལ་བརྒྱག་རེས་བརྒྱག་སྤྱད་ཆེད་བེད་སྤྱོད་ཡང་ནས་ཡང་དུ་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད་ཟེར་བས་ཤེས་གལ་ཆེ།
གྲངས་འབོར་གྱི་ཆ་ནས་ཉུང་དྲགས་ནའང་། བོད་པའི་འོས་བསྡུ་རིམ་པ་ཞི་བདེ་ངང་ལེགས་གྲུབ་དང་ཁ་བྲོ་བཀྲ་ཤིས་ཁོ་ན་བྱུང་ཡོད་པ་རེད། ད་བློ་ཚབས་ཡོང་གཞི་གཅིག་ཡོད་པ་ནི། སྟབས་ཉེས་པ་འཇུ་ཆེན་ཐུབ་བསྟན་གྱིས་བོད་མའི་འོས་བསྡུ་འདི་བཞིན་དྲག་སྤྱོད་དང་འཇིགས་སྐུལ་ཅན་གྱི་ངོ་བོར་བསྒྱུར་མི་ཡོང་ངམ་སྙམ་པའི་སེམས་ཁྲེལ་བྱེད་མཁན་ཡོང་གི་འདུག རྒད་པོ་འདིས་ཆབ་སྲིད་མི་ཤེས་སྟབས་ནང་ལ་བརྒྱག་རེས་སློང་ཨེ་ཐུབ་ཁོ་ནར་འབད་ཀྱི་ཡོད་པ་རེད་ཟེར། ཞིབ་འཇུག་གནང་རོགས།
གྲངས་འབོར་གྱི་ཆ་ནས་ཉུང་དྲགས་ནའང་། བོད་པའི་འོས་བསྡུ་རིམ་པ་ཞི་བདེ་ངང་ལེགས་གྲུབ་དང་ཁ་བྲོ་བཀྲ་ཤིས་ཁོ་ན་བྱུང་ཡོད་པ་རེད། ད་བློ་ཚབས་ཡོང་གཞི་གཅིག་ཡོད་པ་ནི། སྟབས་ཉེས་པ་འཇུ་ཆེན་ཐུབ་བསྟན་གྱིས་བོད་མའི་འོས་བསྡུ་འདི་བཞིན་དྲག་སྤྱོད་དང་འཇིགས་ཅན་གྱི་ངོ་བོར་བསྒྱུར་མི་ཡོང་ངམ་སྙམ་པའི་སེམས་ཁྲེལ་བྱེད་མཁན་ཡོང་གི་འདུག རྒད་པོ་འདིས་ཆབ་སྲིད་མི་ཤེས་སྟབས་ནང་ལ་བྲགྱག་རེས་སློང་ཨེ་ཐུབ་ཁོ་ནར་འབད་ཀྱི་ཡོད་པ་རེད་ཟེར། ཞིབ་འཇུག་གནང་རོགས།
ང་ཚོ་བོད་མིའི་ཁྲོད་ཁོང་ལྟ་བའི་མཁས་དབང་ཞིག་ཐོན་པ་ནི་དངོས་གནས་དགའ་འོས་པ་ཞིག་རེད། ཁོང་ལ་འཚམ་དྲིའི་བཀྲ་ཤིས་བདེ་ལེགས་ཞུ།
ངའི་བསམ་ཚུལ་ལ་རྩན་བྱོལ་མི་དམང་ཁྲོད་འོས་འཕེན་མཁན་ཉུང་བའི་རྒྱུ་མཚེན་ནི། མི་དམང་གི་དམང་གཙོ་དང་ཆབ་སྲིད་ཀྱི་གོ་རྟོག་ཞེན་པའི་དབང་གི་རེད། དེས་ན་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས། མི་དམང་ཁྲོད་དམང་གཙོ་དང་ཆབ་སྲིད་ཀྱི་གོ་རྟོག་སྤེལ་རྒྱུ་གལ་ཆེ་བར་མདོད།
སྐྱེས་སྦྱོར་གྱི་རིག་རྩལ་རབ་ཏུ་རྒྱས་པའི་མཁས་དབང་བློ་བཟང་སེང་གེང་ལགས་ཀྱིས་གལ་ཆེ་བའི་གནད་དོན་མང་ཞིག་གསུང་གནང་བརདགའ་བསུ་དང་་་་་དེ་རིང་ངར་དུས་ཚོད་ཀྱིས་རྐྱེན་པས་ཞིབ་ཀློག་བྱེད་ཐུབ་སོང་་་་རེད་དེ་རྗེས་སུ་ཞིབ་བལྟ་བྱེད་ངེས་ཡིན།
བློ་བཟང་སེངྒེ་ལགས། ལྕགས་སྟག་ལོར་ཁྱེད་རང་ནམ་ཡང་སྟག་ངར་མ་ཞིག་དང་འདྲ་བར་ལམ་སྟོན་འདི་ལྟ་བུ་ཞིག་གནང་བར་བཀྲིན་ཆེ།
ང་ཚོར་ཁྱོད་ལྟ་བུའི་བཤད་ཕོད་པ་དང་སྒྲུབ་ཕོད་པའི་བོད་རིགས་མང་པོ་དགོས། ལྷག་པར་དུ་ཁྱོད་ལྟ་བུའི་འཛམ་གླིང་གི་ཁྲིམས་ལུགས་ལ་རྒྱུས་མངའ་ཡོད་མཁན་གང་མང་དགོས། ང་ཚོར་དྲང་བདེན་ཡོད་ཅེས་བཤད་པ་ཙམ་གྱིས་ཕན་གྱིན་མི་འདུག
ང་ཚོར་སྙིང་སྟོབས་དང་ལ་ཞེན་ཡོད་པ་ཙམ་གྱིས་ཕན་གྱིན་མི་འདུག
ང་ཚོའི་གནད་དོན་ནི་འཛམ་གླིང་རྒྱལ་སྤྱིའི་གནད་དོན་གལ་འགག་ཆེ་བ་ཞིག་ཡིན།
ང་ཚོས་ཁྲིམས་ལུགས་ཀྱི་འགྲོ་སྟངས་ཤིག་གི་ཐོག་ནས་བོད་དོན་བདེན་མཐའ་སེལ་དགོས་པ་ཡིན།
ཁྱེད་ཀྱིས་ང་ཚོར་ཁྲིམས་ལུགས་ཀྱི་འགྲོ་སྟངས་འཁྲིད་རོགས།
ཁྱེད་ཀྱིས་ང་ཚོར་ཁྲིམས་ལུགས་ཀྱི་ལམ་ཁར་འཁྲིད་རོགས།
ཁྱེད་ཀྱིས་བོད་དོན་འདི་ནམ་ཡང་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ཐོག་ན་སྐྱེལ་རོགས།
མཁས་དབང་བློ་བཟང་སེང་གེ་ལགས། བཀྲ་ཤིས་བདེ་ལེགས། ཁྱེད་རང་སྒེར་གྱི་གནས་ཚུལ་གང་ཡང་ཤེས་ཀྱི་མེད་ཀྱང་། ཤེས་ཡོན་ཅན་གྱི་བོད་རིགས་རྒྱལ་གཅེས་པ་དེ་འདྲ་ཐོན་ཡོང་དུས་རྒས་འཁོག་དགའ་ཚོར་ཆེན་པོ་འདུག། ལྷག་པར་ཉེ་ཆར་བོད་ཕྲུག་མཐོ་རིམ་སློབ་ཐོན་པ་དང་། སློབ་ཕྲུག་ཚོགས་འདུ་ཞིག་ཐོག་སྐུ་ཉིད་ནས་༼ ངའི་མི་ཚེ་བོད་དོན་ཐོག་གཏོང་རྒྱུ་ཡིན་ ༽ཞེས་གསུངས་པ་རེད་ཅེས་གོ་རྒྱུ་འདུག་པས་ལྷག་པར་དགའ་ཚོར་ཆེན་པོ་བྱུང་། ང་ཚོར་ཤེས་ཡོན་ཅན་གྱི་མི་སྣ་༼ ངས་བྱེད་ཀྱི་ཡིན་ ༽ཟེར་མཁན་དེ་གྲས་གང་མང་དགོས་ཀྱི་འདུག། སངས་རྒྱས་ལ་ཀ་ཁའི་དཔེ་ལྟར་ཆགས་ཀྱི་འདུག་ཀྱང་། ༸གོང་ས་སྐྱབས་མགོན་ཆེན་པོས་བཀའ་སློབ་གནང་བ་ནང་བཞིན་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་རྒྱུ་རེད་ད། ང་ཚོའི་སྤྱི་ཚོགས་དམངས་གཙོའི་ལམ་ལུགས་ཀྱི་སློབ་ཕྲུག་ཡིན་ཙང་ལས་དོན་བྱེད་ཕྱོགས་ཐད་དཀའ་ངལ་སྣ་ཚོགས་འཕྲད་སྲིད་ཀྱི་རེད། དེ་ལ་ཁ་འཐད་བཅོག་རྒྱུ་གལ་ཆེན་པོ་རེད་བསམ་གྱི་ཡོད། ཁྱེད་ཀྱི་རྩོམ་ཡིག་ནང་༼ དང་བླང་དཔྱ་དངུལ་ལག་དེབ་ཡོད་ན་བོད་མི་རྒྱལ་གཅེས་པ་ཞིག་ཡིན་པར་ངོས་འཛིན་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་ ༽ཅེས་གསུངས་པར་རྒྱབ་སྐྱོར་གཙང་མ་ཡོད་དོ། ད་རིང་དེ་ཙམ་ཡིན།།
མཁས་དབང་བློ་བཟང་སེང་གེ་ལགས། བཀྲ་ཤིས་བདེ་ལེགས། ཁྱེད་རང་སྒེར་གྱི་གནས་ཚུལ་གང་ཡང་ཤེས་ཀྱི་མེད་ཀྱང་། ཤེས་ཡོན་ཅན་གྱི་བོད་རིགས་རྒྱལ་གཅེས་པ་དེ་འདྲ་ཐོན་ཡོང་དུས་རྒས་འཁོག་དགའ་ཚོར་ཆེན་པོ་འདུག། ལྷག་པར་ཉེ་ཆར་བོད་ཕྲུག་མཐོ་རིམ་སློབ་ཐོན་པ་དང་། སློབ་ཕྲུག་ཚོགས་འདུ་ཞིག་ཐོག་སྐུ་ཉིད་ནས་༼ ངའི་མི་ཚེ་བོད་དོན་ཐོག་གཏོང་རྒྱུ་ཡིན་ ༽ཞེས་གསུངས་པ་རེད་ཅེས་གོ་རྒྱུ་འདུག་པས་ལྷག་པར་དགའ་ཚོར་ཆེན་པོ་བྱུང་། ང་ཚོར་ཤེས་ཡོན་ཅན་གྱི་མི་སྣ་༼ ངས་བྱེད་ཀྱི་ཡིན་ ༽ཟེར་མཁན་དེ་གྲས་གང་མང་དགོས་ཀྱི་འདུག། སངས་རྒྱས་ལ་ཀ་ཁའི་དཔེ་ལྟར་ཆགས་ཀྱི་འདུག་ཀྱང་། ༸གོང་ས་སྐྱབས་མགོན་ཆེན་པོས་བཀའ་སློབ་གནང་བ་ནང་བཞིན་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་རྒྱུ་རེད་ད། ང་ཚོའི་སྤྱི་ཚོགས་དམངས་གཙོའི་ལམ་ལུགས་ཀྱི་སློབ་ཕྲུག་ཡིན་ཙང་ལས་དོན་བྱེད་ཕྱོགས་ཐད་དཀའ་ངལ་སྣ་ཚོགས་འཕྲད་སྲིད་ཀྱི་རེད། དེ་ལ་ཁ་འཐད་བཅོག་རྒྱུ་གལ་ཆེན་པོ་རེད་བསམ་གྱི་ཡོད། ཁྱེད་ཀྱི་རྩོམ་ཡིག་ནང་༼ དང་བླང་དཔྱ་དངུལ་ལག་དེབ་ཡོད་ན་བོད་མི་རྒྱལ་གཅེས་པ་ཞིག་ཡིན་པར་ངོས་འཛིན་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་ ༽ཅེས་གསུངས་པར་རྒྱབ་སྐྱོར་གཙང་མ་ཡོད་དོ། ད་རིང་དེ་ཙམ་ཡིན།།
གཟིགས་དང་།
དུས་བབ་རྕོམ་སྒྲིག་པས་དཔྱད་ཞིབ་ཀྱི་རིན་ཐང་ཡོད་པའི་དགོངས་ཚུལ་སྤེལ་རོགས་གསུངས་འདུག
ཐེངས་འདིའི་བཀའ་ཁྲིའི་འོས་འདེམས་དེ་ཡག་པོ་ཞིག་ཡོང་དོན་དུ་གལ་ཆེ་དོན་ཆེན་ཡིན་པའི་འགྲེལ་སྟངས་མང་དག་ཅིག་ཡོང་གིན་འདུག
ད་ལན་བློ་བཟང་སེང་གེ་ལགས་ཀྱིས་[བོད་མི་ཚོས་འོས་འཕེན་བྱས་པ་དེ་སྤྱི་ཚོགས་ཀྱི་འོས་འགན་ཙམ་མ་རེད་ལ། ལས་དོན་འདི་ནི་བཙན་བྱོལ་བོད་གཞུང་དེ་བོད་དང་བོད་མི་མང་གི་ཁྲིམས་མཐུན་གྱི་སྐུ་ཚབ་ཏུ་བསྒྱུར་བའི་ལས་དོན་ཞིག་ཡིན།]གསུངས་པའི་སྐད་ཆ་འདིས་འོས་འཕེན་བྱ་རྒྱུར་རྔམས་སེམས་འཕར་མ་ཞིག་སྐྱེས་སུ་བཅུག
འོས་འཕེན་ལ་རིན་ཐང་འདི་འདྲ་ཞིག་ཡོད་པའི་སྐད་ཆ་འདི་མང་དག་གིས་ཐོས་དགོས་ཀྱིན་འདུག
སྤྱིར་བཏང་སྔོན་དུས་ཀྱི་འོས་འཕེན་བརྒྱ་ཆ་ཚད་དམའ་བའི་གནས་སྟངས་དེ་ཕྱོགས་གཅིག་ནས་བོད་མི་སྤྱི་ཡོངས་ལ་མང་གཙོའི་གོ་རྟོགས་ཞན་དྲགས་པ་དང་སྤྱི་པའི་ལས་དོན་ལ་འགན་འཁུར་གྱི་བསམ་བློ་ཆུང་དྲགས་པ་སོགས་འོས་འཕེན་པའི་ཕྱོགས་ཀྱི་སྐྱོན་ཆའི་ཆ་དེ་ཧ་ཅང་གི་ཚད་མཐོ་པོ་རེད།
ཡིན་ནའི་ཕྱོགས་གཅིག་ནས་སྐབས་དེ་དུས་གདམ་བྱའི་མི་སྣའི་ཁྲོད་ནས་གདམ་ག་སུ་བརྒྱག་གི་ཟིང་ཆ་དང་འོས་ཐོབ་རྩོད་འགྲན་གྱི་འཁྲུག་ཆ་དོད་པོ་ཅི་ཡང་མེད་པར་བཀའ་ཁྲི་སུ་བསླེབ་འོས་ཤོག་མ་འཕངས་སྔོན་ཚུད་ནས་གཏན་འཁེལ་ཟིན་པ་ལྟ་བུའི་གནས་སྟངས་ཤིག་ཆགས་སྟབས་མི་མང་ཚོས་རང་བཞིན་གྱིས་འོས་ཤོག་འཕང་རྒྱུར་དོ་དབྱིངས་མེད་པ་ཆགས་པ་རེད།
དེ་འདྲར་སོང་སྟབས་འོས་འཕེན་གྱི་གྲངས་འབོར་ཚད་མཐོར་སོན་དགོས་ན་བཀའ་ཁྲིའི་འོས་གཞིར་ཞུགས་མཁན་མང་ཙམ་དགོས་ཀྱི་འདུག་ལ་ད་དུང་དེའི་ཐོག་མི་མང་གི་མདུན་དུ་ཐོན་ནས་འོས་སློང་གི་འགྲན་བསྡུར་ལ་ཞུགས་རྒྱུའི་སྤོབས་པ་དང་སྙིང་སྟོབས་ཡོད་མཁན་དེ་འདྲ་དགོས་ཀྱིན་འདུག
དྲྭ་གྲོགས་ཚོས་མཁྱེན་དགོས་པའི་གནད་དོན་ཞིག་འདུག
གལ་ཏེ་ཁྱེད་ཚོར་སྤྱི་སྒེར་གང་ལའང་ཐུགས་ཕན་གསོས་སྙམ་གྱི་དོན་དག་ཅིག་དང་ཡང་ན་འབྲེལ་ཡོད་གསར་འགྱུར་གྱི་ནང་དོན་དང་འོས་འཚམ་ཡིན་པའི་བཀའ་མོལ་ཞིག་གནང་རྒྱུ་མེད་ན་བཀྲ་ཤིས་བདེ་ལེགས་ཟེར་བ་དང་ཁྱེད་བདེ་ང་བདེ་ཟེར་བ་ལྟ་བུའི་སྐད་ཆ་འདི་ཚོ་མཆན་འགོད་མ་གནང་ན་གང་འདྲ་འདུག
སྐབས་རེ་འདི་འདྲ་མང་དྲགས་དུས་དོན་དག་ཡོད་མཁན་གྱི་མཆན་རེ་གཉིས་དེ་ཚོ་ཡང་བཀླག་རྒྱུའི་དང་ཁ་འགག་འགྲོ་གིན་འདུག
ཐུགས་ལ་ཕོག་ན་དགོངས་དག
བློ་བཟང་སེང་གེ་ལགས་ཀྱི་རྩོམ་ཡིག་འདི་ཅུང་ཙམ་ཉོག་རིང་བའི་་སྲོལ་འདུག ཡིན་ནའང་གོ་རྒྱུ་ཆེན་པོ་དང་གནད་འགག་ཅན་ཞིག་གླེང་གི་འདུག སྔོན་མའི་བཀའ་ཁྲི་དེ་བཙན་བྱོལ་མི་འབོར་འབུམ་གཅིག་ལྷག་ཡོད་པའི་བདུན་ཁྲིའི་སྔོན་འགྲོའི་འོས་འདེམས་ལ་ཐོ་འགོད་བྱས་པ་རེད། མཇུག་མཐར་བརྒྱ་ཆའི་ཉེར་བརྒྱད་ཀྱི་ལམ་ནས་བཀའ་ཁྲི་འདེམས་ཐོན་བྱུང་བ་རེད། རྒྱ་ནག་གིས་ངོས་ནས་འདི་མང་གཙོ་ཚད་ལྡན་དང་འོས་ཡང་དག་པ་ཞིག་མ་རེད་ཅེས་འགྲེལ་བརྗོད་གནང་གི་ཡོད་པ་རེད། ད་ལོ་ནས་བཟུང་མི་མང་གིས་ཐུགས་བསམ་བཞེས་ནས་འོས་འཕཻན་རྒྱུའི་ཐོག་ལ་ཧ་ཅང་གཟབ་དགོས་ཀྱི་འདུག དེ་ནི་རྒྱ་ནག་ལ་ལན་ཞིག་རྒྱག་པ་དང་འདྲ་གི
བློ་བཟང་སེང་གེ་ལགས་ཀྱི་རྩོམ་ཡིག་འདི་དངོས་གནས་དོན་རྙིང་ལྡན་པ་ཞིག་འདུག། ད་ལྟའི་ཆར་ང་ཚོར་དཀའ་ངལ་ཕྲད་བཞིན་པ་རྣམས་ཐེར་འདོན་གནང་འདུག་པས་དཀའ་ངལ་དེ་དག་ལས་འགྲོལ་དགོས་ན་དུས་འབབས་གསར་ཤོག་ཙམ་མ་ཡིན་པར་བོད་རིགས་གནས་སའི་ས་གནས་ཁག་ཏུ་འགྲེམས་སྤེལ་བྱས་ཏེ་བོད་མི་རང་ལོ་ 18 ཡན་ཚང་མས་འོས་ཤོག་བླུག་ཐུབ་པ་ཞིག་བྱ་དགོ། མ་ཟད་ས་གནས་ཁག་ཅིག་ནས་འོས་ཤོག་འབོར་བླགས་སུ་སོང་ཡོད་པའི་གནས་ཚུལ་ཡང་བྱུང་མྱོང་ཡོད་པས་གནས་ཚུལ་དེའི་རིགས་མི་ཡོང་བའི་སྔོན་འགོག་ཀྱང་བྱ་དགོས།
མཁས་དབང་མཆོག་ལ་འཚམས་འདྲི་དང་རྩོམ་འདིར་རྒྱབ་སྐྱོར་ཞུ་བཞིན་ཡོད། ང་ཚོའི་ན་ཚ་འདི་ངེས་པར་སེལ་ཐབས་ཤིག་བྱེད་དགོས། ཁྲིམས་ལུགས་མཁས་དབང་འདི་ལྟ་བུ་གང་མང་ཞིག་འབྱུང་རྒྱུ་ནི་ང་ཚོ་བོད་ལ་ཁ་ཚ་དགོས་གཏུགས་རེད། དམངས་གཙོ་དང་ཁྲིམས་ལུགས་ཀྱི་རྩོམ་དྲག་གྲས་རིགས་བོད་བསྒྱུར་ཞུ་རྒྱུ་དང་དེའི་སྐོར་རྩོམ་གནང་གང་མང་མཛད་རྒྱུ་ནི་ང་ཚོར་ཤིན་ཏུ་མཁོ་བར་འདུག ཐུགས་རྗེས་གཟིགས།
མཁས་དབང་བློ་བཟང་སེང་གེ་ལགས མཚམས་འདྲེལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་རྩམ་ཡིག་ཡག་པོ་འདུག་
རྩོམ་འབྲི་མཁན་བློ་བཟང་སེང་གེ་ལགས་དང། རྩོམ་སྒྲིག་པ་ལུང་རིགས་ཟུང་ལ།
ཐོག་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས། གོང་གསལ་རྩོམ་ཡིག་ནང་དེ་སྔ་བཀའ་
ཁྲིའི་འོས་བསྡུའི་སྐབས་ཀྱི་འོས་ཤོག་བླུག་མཁན་གྱི་གྲངས་འབོར་དང་། ཉེ་འཁོར་a
རྒྱལ་ཁབ་སོགས་ཀྱི་འོས་བླུག་མཁན་གྱི་གྲངས་འབོར་གཤིབ་བསྡུར་བྱས་པ་བརྒྱུད་
རང་རེ་ཅུང་རྗེས་ལུས་ཡིན་པའི་དགོངས་ཚུལ་དེར་རྒྱབ་སྐྱོར་ཞུ་རྒྱུ་ཡིན།
རྒྱུ་མཚན་ནི། བཀའ་ཁྲི་སྐབས་དང་གཉིས་ཀྱི་འོས་བསྡུ་ལས་གསལ་པོ་མཁྱེན་ངེས།་
དེ་ཡང་ཉི་སྟོང་གཅིག་གི་འོས་བསྡུའི་དེབ་སྐྱེལ་བྱེད་མཁན་་༨༢༦༢༠ འོས་ཤོག་
མཁན་ ༤༣༣༠༢ དེབ་སྐྱེལ་བྱེད་མཁན་ལས་འོས་ཤོག་བླུག་མཁན་བརྒྱ་ཆ་་༥༢ ལས་བྱུང་མི་འདུག
དེ་ནས་ཉིན་སྟོང་དྲུག་གི་ལོར་དེབ་སྐྱེལ་བྱེད་མཁན་ ༧༢༠༠༠ འོས་ཤོག་བླུག་
མཁན་ ༣༢༢༠༥་ལས་བྱུང་མེད་པས་བརྒྱ་ཆ་ ༤༤་ལྷག་ལས་ཟིན་མེད།
གོང་གི་རྒྱུ་མཚན་དེས་རྒྱས་བཤད་མི་དགོས་པར་གསལ་པོར་རྟོགས་ཐུབ་བོ།།
རྒྱབ་སྐྱོར་
མཁས་དབང་བློ་བཟང་སེང་གེའི་རྩོམ་ཡིག་ཡག་པོ་ཡོད་པའི་རེ་བ་ཡོད་ཡིན་ནའང་ཧ་ཅང་མང་གྲགས་པའི་རྐྱེན་གྱི་ཞིབ་ཕྲ་ཀློག་ཐུབ་མ་སོང་། མུ་མཐུད་དེ་གནད་ལ་ཁེལ་བའི་རྩོམ་ཡིག་གང་མང་སྤེལ་བའི་རེ་བར་ཡོད།
བཀྲ་ཤིས་བདེ་ལེགས་སེང་གེ་ལགས་ཞིབ་ཀློག་ཅིག་བྱེད་ཀྱིན་ཡིན།
རྩོམ་ཡིག་འདི་ནི་མཁས་དབང་བློ་བཟང་སེང་གེ་ལགས་ཀྱིས་ཆེད་དུ་བོད་ཀྱི་དུས་བབ་གསར་ཤོག་སྟེང་བྲིས་པ་ལྟར། བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༤༧༥ སྟེང་བཏོན་ཡོད།
དྲ་གྲོགས་ཚོས་འདིའི་ཐད་དཔྱད་ཞིབ་ཀྱི་རིན་ཐང་ཡོད་པའི་དགོངས་ཚུལ་རེ་སྤེལ་རོགས།