མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༅།། ལྷ་ལན་རྡོ་བཅུ་མ། ཁང་གསར་རྡོ་རྗེ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༤
Share on FacebookShare on TwitterShare on EmailShare on Whatsapp

 

(སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ཀྱི་རྩོམ་ལན་ལ་ཕྲན་ཁང་གསར་རྡོ་རྗེས་ཞུ་ལན་དུ་ཕུལ་བ་དོན་ཚན་བཅུ་ཅན།)

སྐུ་ཉིད་ཀྱི་རྩོམ་ཡིག་སྔོན་མ་དེའི་ཞབས་སུ་ཕྲན་གྱིས་གནད་དོན་འགའ་གསེད་བཀྲོལ་དང་སྦྲགས།
བགྲོ་གླེང་རྩུབ་ཤིང་བརྡར་ན་དགེ་ཆེ་ཡང་།།
ཧ་ཅང་མང་ན་ཐམས་ཅད་འཚིག་ཉེན་འདུག།


ཁང་གསར་རྡོ་རྗེའི་ཁ་ཁོག་དབྱེ་བ་མེད།། 
ཁ་ལྗོངས་དོན་དུ་གནས་སྐབས་འདི་ཙམ་ཡིན།། ཞེས་གནས་སྐབས་བགྲོ་གླེང་མཚམས་འཇོག་འདུན་གྱི་བརྡ་ཞིག་བསྟན་པ་ཡིན་ཏེ། སྐུ་ཉིད་ཀྱིས་མུ་མཐུད་བགྲོ་གླེང་གནང་བཞེད་ཀྱིས་རྩོམ་ཡིག་གནད་དོན་སྣ་མང་ཅན་ཞིག་གནང་བར། དེ་རིང་རང་བྲེལ་ཟིང་ཆེ་བའི་བར་གསེང་དུ་ཞུ་ལན་འདི་ཕུལ་ཅིང་། ཕྲན་པ་ཡུན་རིང་བོད་ཡིག་འབྲི་བར་མ་གོམས་པ་དང་། དག་སྡེབ་ལ་སྦྱངས་པ་དམན་པ། བསམ་གཞིགས་ནན་ཞིབ་བྱེད་ཁོམ་བྲལ་བ་བཅས་ལ་བརྟེན། དག་ཆ་ནོར་བ་དང་བསམ་དོན་ཇི་བཞིན་མཚོན་པར་བྱེད་མ་ཐུབ་པ་མང་དུ་འབྱུང་སྲིད་ན་སྐུ་ཉིད་དང་ཀློག་པ་པོ་རྣམ་པར་སྔོན་ཚུད་ནས་བཟོད་གསོལ་ཞུ་རྒྱུ་ཡིན།

༡༽  གནས་ལུགས་ཞེས་པ་དེ་མི་ཁ་མང་ཉུང་དང་བཤད་མཁས་ལོད་དང་འབྲེལ་བ་ཞིག་ཡིན་སྲིད་པ་སོགས་ཀྱི་སྐོར་དེ་ངས་ཆོབ་འདྲ་བོ་ཞིག་རྩེས་ནས་ལབ་ཁུལ་ཡིན། དགེ་འདུན་ཆོས་འཕེལ་གྱིས་ཀྱང་། མི་མང་གང་དུ་མོས་དེ་གྲུབ་མཐའ་དང་། ཁ་མང་གང་དུ་མཐུན་དེ་བདེན་པ་ཡིན། །ལྟ་བུ་ཞིག་གསུངས་ཡོད་དྲན། ཚིག་ཇི་བཞིན་མི་དྲན། ང་རང་གི་མྱོང་ཐོག་ནས་གནས་ཚུལ་གཉིས་བཤད། ཕྱི་ལོ་ ༡༩༨༠ གྱ་གྲངས་ནང་ང་རྒྱ་ནག་ལ་ཡོད་སྐབས། རྒྱ་རིགས་ཕོ་གསར་གཉིས་ཀྱིས་ལྷ་ཁང་ནང་ནས་དངུལ་རྐུ་བ་མཐོང་། དེ་འཕྲལ་བདག་གིས་འབྲེལ་ཡོད་མི་སྣ་བོས་ཏེ་དོན་དེ་བཤད་པ་ན། ཕོ་གསར་གཉིས་དེས་ བརྐུས་མེད་ཟེར་ལ། རིམ་གྱིས་དེ་གཉིས་ཀྱི་ཕ་མ་དང་ཉེ་དུ་བཅས་པས་ཁོང་གཉིས་ཀྱིས་རྐུ་བ་མི་སྲིད། འཚོ་བ་ལ་དཀའ་ངལ་ཅི་ཡང་མེད་ཅེས་གླེང་། ལྷ་ཁང་གི་དངུལ་ལ་གྲངས་ཀ་དང་རྟགས་ཅི་ཡང་མེད་སྟབས། དཔང་རྟགས་ཀྱི་ཐོག་ནས་ཀྱང་ར་སྤྲོད་བྱེད་ཐབས་བྲལ། གཞན་ཕར་ཟད་ངའི་སློབ་གྲོགས་ཚོས་ཀྱང་། ཁྱེད་རང་ནོར་བ་མ་རེད་དམ། ཕོ་གསར་དེ་གཉིས་ཀྱིས་རྐུ་བྱེད་ས་མ་རེད་ཟེར། ཚང་མས་དེ་ལྟར་ལབ་ཡོང་དུས་ངའི་སེམས་ལའང་རང་ཉིད་མིག་འཕྲུལ་བ་མིན་ནམ་དྲན། ཐ་མ་ཐབས་མེད་པར་ལོག་ཡོང་། ཕྱིས་སུ་དེའི་ཆེད་དུ་ངས་ཚོད་ལྟ་ཞིག་ཀྱང་བྱས། དེ་ཡང་ཉིན་གཅིག་ངའི་ངོ་ཤེས་བུད་མེད་ཅིག་གིས། པང་གདན་མཛེས་པོ་ཞིག་བདམས་ནས་ཡོང་གི་འདུག ངས་རོགས་པ་ཚོ་ལ། མོས་པང་གདན་བསྟན་ན་མཛེས་པོ་མི་འདུག་ལོབས་ཨང་ཞེས་མངགས། བུད་མེད་དེ་ངེད་ཚོའི་འགྲམ་དུ་སླེབས་ཏེ་པང་གདན་བསྟན་པ་དང་། ངེད་ཅག་ཚང་མས། འང་ལཱ། པང་གདན་དེའི་ཚོས་གཞི་དེ་འདྲའི་མདོག་ཉེས་པ་ལ། ག་རེ་བྱས་ནས་འདི་བདམས་པ་ཡིན་ཞེས་ཁ་གཅིག་གྲགས་སུ་བཤད། དེ་མུར་བུད་མེད་དེའི་བློ་འགྱུར་ནས། པང་གདན་བརྗེ་བར་ཕྱིན་སོང་། མི་མང་པོས་རྡོག་བསྒྲིལ་ན་སྐད་ཆ་ལ་དེ་འདྲའི་ནུས་པ་འདུག  བདེན་པ་བཤད་མཁས་ལོད་དང་འབྲེལ་བ་ནི། ཁྱེད་རང་ཚུད་པའི་རང་རེའི་སྤྱི་འཐུས་ཚོའི་བཀའ་མོལ་གནང་སྟངས་དེ་ཚོ་ལ་གཅིག་གཟིགས། ཟམ་གདོང་རིན་པོ་ཆེའི་གསུངས་སྟངས་ལ་གཅིག་གཟིགས་ན་གསལ་པོ་མཐོང་རྒྱུ་འདུག ཆོས་ཀྱི་དབང་དུ་བྱས་ན་ནི། ཕྱི་ནང་གཉིས་ལས། བདེན་པ་གཅིག་ལས་མེད། དེ་ནི་དཀོན་མཆོག་གོ་ཟེར་མཁན་དེ་ཡི་ཤུ་དང་ཧིན་དྷུ་དེ་ཚོ་རེད། ཧིན་དྷུའི་རྗེས་འཇུག་བདག་ཉིད་ཆེན་པོ་གྷན་དྷིས་ཀྱང་དེ་རང་ལན་དུ་མར་གསུངས། གྷན་དྷིའི་རྗེས་འཇུག་ཟམ་གདོང་རིན་པོ་ཆེས་ཀྱང་དེ་རང་མང་དུ་བཟློས། རང་ཅག་ནང་པའི་གྲུབ་མཐའ་སྨྲ་བ་ཚོས་ནི། བདེན་གཉིས་དང་བདེན་བཞི་སོགས་སུ་བཞེད། དངོས་ཡོད་རང་རེའི་ལོ་རྒྱུས་ནང་བོད་འདི་རང་བཙན་ཡིན་ཡང་། དེང་སྐབས་རྒྱལ་ཁབ་ང་ཆེ་ང་བཙན་ཟེར་བ་ཚང་མས་རྒྱ་ནག་གི་ཆ་ཤས་རེད་ཟེར་ཚུལ་ལ་གཞིགས་ན། བདེན་པ་ལ་འགྱུར་བ་མེད་ཅེས་པ་འདི་ཚོ་དོན་ལ་གནས་དཀའ། དངོས་པོའི་གནས་ཚུལ་ལྟར་ན། བདེན་པ་དངོས་པོ་རེད་ཡང་ན་རྟག་པ་རེད། དངོས་པོ་ཡིན་ན་དེ་ལ་འགྱུར་བ་མེད་པ་ཞིག་ཇི་ལྟར་སྲིད། རྟག་པ་ཡིན་ན། དེས་དོན་བྱེད་ནུས་པ་འདི་ཅི་ལགས། 

    གང་ལྟར་རྩེད་མཚར་དུ་བཤད་པ་འདི་ག་རེ་ཡིན་ནའང་ཡིན་ཆུགས། གཙོ་གནད་མ་རེད། སྤྱིར་བཏང་ཚིག་རྩོད་འདྲ་བརྒྱབ་ན། ངས་བཤད་པའི་གནས་ལུགས་ཞེས་པ་དེ་ཁྱེད་ཀྱིས་བདེན་པ་དང་དོན་གཅིག་པར་ཨུ་ཚུགས་ཀྱིས་འཐེན་པ་འདི་འཐད་མི་འཐད་ལའང་ངེད་གཉིས་ཆུ་ཚོད་ཁ་ཤས་རྩོད་ཆོག་གི་རེད།

༢༽ ལོ་རྒྱུས་ཐོག་ནས་ཀྱང་ཡིན་ལ། བོད་མི་དམངས་ཀྱི་ཐོབ་ཐང་ཡང་ཡིན་པ། དཔའ་བོ་དཔའ་མོ་འབུམ་ཕྲག་གིས་གང་གི་ཆེད་དུ་སྲོག་བློས་བཏང་བའི་རང་བཙན་གཙང་མ་རྩོད་ལེན་གྱི་སྐད་ཆ་ཞིག་འཇམ་དབྱངས་ནོར་བུས་བཤད་ཡོང་དུས། མི་ཉན་པར་མ་ཟད། ༧རྒྱལ་བ་རིན་པོ་ཆེའི་དགྲ་ཡིན་པར་བརྗོད་པ་འདི་ལ་སོམས་དང་། གལ་ཏེ། དབུ་མའི་ལམ་འདི་ཐོག་མར་འཇམ་ནོར་ལྟ་བུ་ཞིག་གིས་བཏོན་པ་ཡིན་ཚེ། རྒྱལ་འཚོང་བ་དང་ཞབས་འདྲེན་པ་སོགས་ཀྱི་མིང་ངན་དུ་མ་མཆིལ་སྣབས་དང་བཅས་སྐད་ཅིག་ཉིད་དུ་ཁོང་གི་སྟེང་འཕོ་བ་ལ་ཐེ་ཚོམ་ཅི་འདུག

    བདག་གིས་བཤད་པ་དེ་རྒྱུག་པ་ལེབ་རྡུང་ཡིན་མིན་ནི། སོ་སོས་སོ་སོར་དྲི་བ་དྲིས་དང་། དབུ་མའི་ལམ་དེ་༧རྒྱལ་བ་རིན་པོ་ཆེས་གསུངས་པ་མིན་ན། ཁྱེད་རང་གིས་བརྩི་ས་ཨེ་རེད། ཐག་རིང་པོར་གཟིགས་མི་དགོས། ཉེ་དུས་ཡང་བསྐྱར་ཡེ་ཤེས་དབྱིངས་དཔྱད་ཀྱི་ཐོག་ཏུ་བབས་པ་དེས་ཀྱང་འདི་གསལ་བར་བྱེད་ནུས།     དེ་ཡང་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་གང་གནང་ལ་མོས་མཐུན་ཡོད་ཅེས་པའི་དོན་ཅི་རེད། འདི་དབུ་མའི་ལམ་ལ་མཐའ་གཅིག་ཏུ་ཡིད་ཆེས་ཡོད་ཟེར་གྱི་ཡོད་མ་རེད། དུས་ནས་དུས་སུ་༧རྒྱལ་བ་རིན་པོ་ཆེའི་ཡེ་ཤེས་ཀྱི་དབྱིངས་ནས་དཔྱད་དེ་ལམ་གང་ཞིག་ཏུ་ཐག་བཅད་ཀྱང་དེ་ག་རང་ལ་འགྲོ་གི་ཡིན་ཟེར་གྱི་ཡོད་རེད། དབུ་མའི་ལམ་ལ་དོན་རྟོན་གྱིས་ཡིན་ན། མ་འོངས་པར་འགྱུར་ཆོག་ཆོག་གི་ལམ་ཁ་འདི་འདྲ་ཞིག་འཇོག་དོན་འདུག་གམ། འདི་ཚོ་ཁྱེད་ཅག་སྤྱི་འཐུས་ལྷན་ཚོགས་ཀྱིས་ནན་དུ་བསམས་ཤིང་དཔྱད་དེ་བྲིས་ཤིང་སྤྱི་མོས་ཀྱིས་གཏན་ལ་ཕབ་པ་ཡིན་དུས། བདག་ལྟ་བུ་ཞིག་གིས་ནག་པོ་འབྲུ་བཤེར་གྱིས་འགྲེལ་དགོས་དོན་ཅི་ལ་ཡོད།

༣༽    ཐུགས་ཀྱི་ར་བ་ཆེ་ཆུང་གཉིས་ནི་ལོས་ཡོད། ངས་དཔེ་མཚོན་གཉིས་བཤད། དང་པོ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེ་༧གོང་ས་མཆོག་གིས་རང་ཅག་བོད་མི་རྣམས་ལ་སྩལ་བའི་ར་བ་ཆེ་བ་རེད། ངས་ནི་བཅའ་ཁྲིམས་འདི་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཆུ་སྤྲེལ་ཞལ་གདམས་དང་མཉམ་པའི་༧རྒྱལ་བ་རིན་པོ་ཆེའི་ཞལ་གདམས་ཡོད་ན་མེད་ན་དེ་རེད་དྲན་གྱི་ཡོད། བཅའ་ཁྲིམས་རིན་པོ་ཆེའི་འོག་ཏུ་དབུ་མའི་ལམ་ལ་དགའ་མཁན་ཚོས་དེར་བསྟོད་ཆོག་ན། མ་དགའ་མཁན་ཚོས་དེ་ལ་སྨད་ཆོག་གི་ཡོད། ཁྱེད་རང་དབུ་མའི་ལམ་ལ་ཕེབས་པ་དེ་མཁས་པ་ཡིན་ན། བསྟན་འཛིན་བརྩོན་འགྲུས་རང་བཙན་གྱི་ལམ་ལ་སོང་བ་དེ་བླུན་པོ་ཡིན་མི་དགོས་པ་དེ་བཅའ་ཁྲིམས་ཀྱི་དགོངས་པ་རེད། དེ་ཚོ་ད་ག་སེ་མ་རེད། ༧རྒྱལ་བ་རིན་པོ་ཆེས་ཆོག་མཆན་སྩལ། སྦུག་ཐམ་ཕབ་པའི་དགོངས་པ་རེད། ༧རྒྱལ་བ་རིན་པོ་ཆེའི་དགོངས་པའི་ར་བ་ཆེན་པོ་ཟེར་ན་དེ་རེད། ར་བ་ཆེན་པོ་དེའི་ནང་ད་ལྟའི་ཁྱེད་ཅག་དབུ་མའི་ལམ་གྱི་ལས་འགུལ་ཁང་དང་། རང་བཙན་རྩོད་མཁན་གྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཡར་ཙམ་མར་ཙམ་བྱས་ནས་བཞུགས་ཆོག་པ་དེ་བྱུང་བ་རེད། ཁྱེད་ཀྱིས་རྩ་དོན་གྱི་ཆེད་དུ་དབུ་མའི་ལམ་བཤད་དེ། རང་བཙན་གཙང་མ་འདོད་མཁན་བསྟན་འཛིན་བརྩོན་འགྲུས་གླེན་ལྐུགས་ཡིན་པར་བཤད་པ་དེ། ༧རྒྱལ་བ་རིན་པོ་ཆེའི་དགོངས་པའི་ར་བའི་ནང་ཡོད་སྙམ་པའི་སྤོབས་པ་ཡོད་ན། ངས་རྩ་དོན་གྱི་ཆེད་དུ་རང་བཙན་དང་དབུ་མའི་ལམ་གཉིས་ཀ་གལ་ཆེ་མཉམ་ཡིན་པར་བཤད་པ་འདི་དེ་བས་ཀྱང་ཡིད་བཞིན་ནོར་བུའི་ཐུགས་ཀྱི་ར་བ་ནང་མའི་ནང་མ་དེར་མ་ཚུད་ཀྱང་། ར་བ་ཕྱི་མ་ལས་ཞར་ཡང་མི་འགོངས་སྙམ་པའི་སྤོབས་པ་དང་ཡིད་ཆེས་ཡོད།

    གཉིས་པ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་སྔ་མོ་མཛད་པའི་བདེན་གསོལ་སྨོན་ཚིག་གི་ནང་།  རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན།། ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།། ཞེས་པ་ཞིག་གསལ་ཡོད། དེ་བཞིན་ཉེ་དུས་མཛད་པའི་གསོལ་འདེབས་བདེན་པའི་རྔ་སྒྲའི་ནང་། ཆོས་སྲིད་རང་དབང་བདེ་སྐྱིད་གསར་པ་ཡིས། །བོད་འབངས་འཕྲལ་ཡུན་འདོད་དོན་མྱུར་འགྲུབ་ཤོག ། ཅེས་འཁོད་ཡོད། ཁྱེད་རང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཞིག་དང་མཐོ་སློབ་ཀྱི་སློབ་དཔོན་ཞིག ༧རྒྱལ་བ་རིན་པོ་ཆེའི་དགོངས་པ་རྟོགས་ཏེ་སྒྲུབ་མཁན་ཡིན་པར་རློམ་པ་ཞིག་གིས། ཚིག་གནད་འདི་ཚོ་མཁྱེན་ངེས་རེད། ཁོང་ཡིད་བཞིན་ནོར་བུ་རྡོ་རྗེའི་ཚིག་ལ་མངའ་བརྙེས་པའི་རྟགས་སུ། གསུང་སྔ་རྗེས་འདི་དག་ཚང་མའི་ནང་། རང་བཙན་ཡང་གསུངས་མེད་ལ། རང་སྐྱོང་ཡང་གསུངས་མེད། རང་དབང་ཞེས་གསུངས་ཡོད། བོད་དོན་འཐབ་རྩོད་ཀྱི་དགོངས་པའི་བབས་ས་དེ་རེད། ར་བ་ཆེན་པོ་དེ་རེད། བོད་ལ་རང་དབང་བྱུང་ན་རང་བཙན་ཡིན་ཡང་ཆོག རང་སྐྱོང་ཡིན་ཡང་ཆོག་པ་རེད། རང་དབང་མ་བྱུང་ན། དེ་གཉིས་གང་ཡིན་ཡང་ཁོང་གི་དགོངས་པར་ཡོད་པ་དེ་མ་རེད། འདིས་གསལ་པོ་ཆགས་པའི་རེ་བ་ཡོད།

༤༽  རང་བཙན་དང་རང་སྐྱོང་གཉིས་འགལ་བ་ལྟག་སྤྲོད་ཡིན་པར་གསུངས་པ་འདི་ངས་བལྟས་ན་ནོར་འཁྲུལ་ཧ་ཅང་ཆེན་པོ་རེད། ཐབས་ཇུས་ཀྱི་ཐོག་ནས་ནོར་འཁྲུལ་རེད་ལ་ལྟ་གྲུབ་ཀྱི་ཐོག་ནས་ཀྱང་ནོར་འཁྲུལ་རེད། སྤྱིར་བཏང་འཐབ་ཇུས་ཀྱི་ཐོག་ནས་འདི་གཉིས་མཉམ་སྦྲེལ་བྱེད་པ་ལ་དགེ་མཚན་ཡོད་པ་ཞིག་ཁྱེད་ཀྱིས་ཤུགས་སུ་ཁས་བླངས་པ་ལྟ་བུར་འདུག   

    ང་གནས་ཡུལ་ཁེ་ན་ཌའི་ནང་ཁུ་བྷེག་ཅེས་པའི་རང་སྐྱོང་ས་ཁུལ་ཞིག་ཡོད། རང་སྐྱོང་ཧ་ཅང་གི་ཚད་མཐོན་པོ་རེད། མི་ཁག་ཅིག་དེས་འདོད་པ་མ་ཚིམ་པར་ཁུ་བྷེག་རང་བཙན་དགོས་ཟེར། ཐ་མ་འོས་བསྡུ་བྱས་པ་རེད། བརྒྱ་ཆ་ཁ་ཤས་ཤོར་ཏེ་རང་བཙན་བྱེད་ཐུབ་མེད། གལ་ཏེ་ཁེ་ཎ་ཌའི་རྒྱལ་ཁབ་ཀྱིས་ཁུ་བྷེག་ལ་ཡག་པོ་མ་བྱས་ཚེ། ཁུ་བྷེག་རང་བཙན་བྱེད་པར་གོམ་པ་གང་ལས་མེད། རང་བཙན་བྱེད་དང་མི་བྱེད་དེ་ཁེ་ཎ་ཌའི་རྒྱལ་ཁབ་ཀྱིས་ཁུ་བྷེག་མི་དམངས་ཀྱི་མངོན་འདོད་ལ་བརྩི་འཇོག་བྱེད་མིན་ལ་རག་ལས་པ་རེད། མདོར་ན། སྲིད་དོན་རིག་པ་ནས་བཤད་པའི་དོན་ངོ་མའི་རང་སྐྱོང་ཞེས་པ་ནི། མི་རིགས་ཤིག་ལ། རང་སྐྱོང་བྱས་ནའང་འགྲིག་ལ་རང་བཙན་བྱས་ནའང་འགྲིགས་པའི་དབང་ཆ་དགོས་རེད། གནས་སྟངས་དེ་འདྲའི་འོག་མི་རིགས་ཤིག་གིས་རང་སྐྱོང་བདམས་ན་དོན་དམ་པའི་རང་སྐྱོང་ཡོད་པའི་རྟགས་རེད། དེ་མིན་བདམས་ཀ་གཞན་ཅི་ཡང་མེད་པར་འགྲོ་དགོས་པ་ཞིག་ཡིན་ན། དེ་དོན་ངོ་མའི་རང་སྐྱོང་ཡིན་དཀའ་བ་རེད། རྒྱ་ནག་དམར་ཤོག་གིས་ཀྱང་སྔོན་མ༌རིགས་པའི་གཞུང་ལུགས་འདི་ལན་མང་དུ་བཤད་ཟིན་པ་རེད། འདི་ཚོར་དགོངས་པ་བཞེས་ན། རང་བཙན་དང་རང་སྐྱོང་ངོ་བོའི་ཆ་ནས་ཀྱང་འགལ་བ་ལྟག་སྤྲོད་མིན་པ་ཤེས་ནུས།

    དེ་ནས་བོད་ལ་ཆ་བཞག  ༡༩༥༡ ནས་ ༡༩༥༩ བར་བོད་གཞུང་དགའ་ལྡན་ཕོ་བྲང་གི་མངའ་ཁོངས་རྣམས་རྒྱ་ནག་གི་འོག་ཏུ་རང་སྐྱོང་ཙམ་དུ་མ་ཟད། ཧ་ཅང་ཚད་མཐོའི་རང་སྐྱོང་གི་གནས་བབས་འོག་ཡོད་པའི་ཁུལ་རེད། དུས་ཡུན་དེའི་རིང་༧རྒྱལ་བ་རིན་པོ་ཆེ་བོད་ཀྱི་དབུ་ཁྲིད་རེད་ལ། དགའ་ལྡན་ཕོ་བྲང་བོད་ཀྱི་གཞུང་རེད། ད་དུང་བོད་དམག་དང་བོད་ཀྱི་སྔར་སྲོལ་ལམ་ལུགས་དེ་ཚོ་མུ་མཐུད་གནས་ཡོད། འོན་ཀྱང་དེ་འདྲའི་རང་སྐྱོང་དེ་ཡུན་ཐུང་ཞིག་ལས་ཉར་ཐུབ་མེད། མ་ཐུབ་སྟབས། ༡༩༥༩ ནས་ ༡༩༧༩ བར་རང་བཙན་འཐབ་རྩོད་གནང་བ་རེད།

    ཡུན་རིང་དབྱིན་ཇིའི་འོག་ལ་གནས་པའི་ཧོང་ཀོང་དེ་རྒྱ་ནག་གི་འོག་ཏུ་ ༡༩༩༧ ལོར་ཚུད་རྗེས། རང་སྐྱོང་དབང་ཆ་རྣམས་དེང་སྐབས་ཉིན་རེ་བཞིན་རྒྱ་ནག་ལ་ཤོར་བཞིན་པ་རེད། དེ་ཚོ་ལ་གཞིགས་ན། ང་ཚོ་བོད་ཆོལ་ཁ་གསུམ་དེ་རྒྱ་ནག་དམར་པོའི་འོག་ནས་རང་སྐྱོང་ཞིག་བྱུང་བའི་དབང་དུ་བཏང་རུང་། དེ་མུ་མཐུད་ནས་བདག་པོ་རྒྱག་ཐུབ་ས་ཨེ་རེད། ངས་བལྟས་ན། དེ་ནི་ཧ་ཅང་དཀའ་བ་ཞིག་རེད། རྒྱ་མི་རྣམས་ཇུས་མཁས་པོ་རེད། བོད་མི་རྣམས་བག་ལྷོད་པ་རེད། སྲིད་ཀྱི་གནད་འགག་ཤེས་མཁན་ཉུང་ཉུང་རེད། བླ་མ་ཁ་ཤས་ཤིག་ལ་གོ་གནས་མཐོན་པོ་སྤྲད་བཞག་ན། བོད་པ་ཚོ་དགའ་ཐག་ཆོད་ཀྱི་རེད།   

    མདོར་ན་ད་ལྟའི་རྒྱ་ནག་དམར་པོའི་གཞུང་འདི་ལ་གཞི་རིམ་གྱི་འགྱུར་བ་ཧ་ཅང་ཆེན་པོ་ཞིག་མ་སོང་གི་བར་དུ། རང་བཙན་དང་རང་སྐྱོང་གཉིས་ཕར་བཞག ལྷ་ས་གྲོང་ཁྱེར་གྱི་ས་ཆ་ཆུང་ཆུང་དེ་ཙམ་ཞིག་ཀྱང་བདག་ཅག་ལ་རྩ་བ་ནས་སྤྲོད་ཀྱི་མ་རེད། སྤྲད་ཀྱང་ཡུན་རིང་གནས་ཀྱི་མ་རེད། ནམ་རྒྱ་ནག་དམར་པོའི་གཞུང་འདི་འཐོར་བ་ན། དེ་དུས་རང་བཙན་དང་རང་སྐྱོང་གཉིས་ཀ་ལ་གོ་སྐབས་འདྲ་མཉམ་དུ་ཡོད་པ་རེད།

    ད་ལྟའི་ཆར་རྒྱ་ནག་དམར་གཞུང་འདི་མ་འགྱུར་བར་གནས་ཕྱིན་རང་སྐྱོང་དང་རང་བཙན་གཉིས་ཀ་ལ་རེ་བ་མེད་ནའང་། གཞུང་གིས་རང་སྐྱོང་དང་གཞུང་འབྲེལ་མ་ཡིན་པས་རང་བཙན་རྩོད་དགོས། གང་ཡིན་ཟེར་ན། དེ་གཉིས་བསྡོམས་ན། རྒྱ་ནག་གཞུང་ལ་གནོན་ཤུགས་ཆེ་ཤོས་དེ་སྤྲོད་ཐུབ་ཀྱི་ཡོད།  ༸རྒྱལ་བ་རིན་པོ་ཆེས་ཀྱང་རྒྱ་གཞུང་ལ་ཡིད་ཆེས་ཇེ་སྲབ་ཏུ་སོང་། རྒྱ་ནག་མི་དམངས་ལ་ཡིད་ཆེས་ཡོད་གསུང་གི་མི་འདུག་གམ། དེའི་གནད་འགག་དགོངས་པ་ཞིབ་ཏུ་བཞེས་ན་ཤེས།

༥༽    དེ་ནས་ཁྱེད་རང་དམངས་གཙོའི་སྤྱི་ཚོགས་ཀྱི་སྤྱི་འཐུས་རེད། ༸རྒྱལ་བ་རིན་པོ་ཆེའི་དགོངས་པ་གཅིག་པུ་ལ་འགན་ཁུར་ན་ཁྱེད་རང་གི་ལས་འགན་ཆ་ཤས་ལས་ཆ་ཚང་མ་སྒྲུབ་པ་རེད། བོད་མི་དམངས་ལའང་འགན་ཁུར་དགོས་རེད། དེ་ཡང་དང་པོ། ༢༠༠༨ ལོར་བོད་ནང་གི་མི་དམངས་ཀྱིས་བོད་རང་སྐྱོང་དགོས་ཟེར་གྱི་འདུག་རང་བཙན་དགོས་ཟེར་གྱི་འདུག གཉིས་ཀ་འདུག་ན་དེ་གཉིས་ལས་གང་ཞིག་མང་ས་རེད། དེ་ལ་ཁྱེད་སྤྱི་འཐུས་ལ་འགན་ཞིག་མི་འདུག་གམ། ཁོང་ཚོས་རང་བཙན་དགོས་ཞེས་སྐད་འབོད་བྱས་པ་དེས། སྲོག་བཏང་བ་དེས། དབུ་མའི་ལམ་གྱི་སྲིད་ཇུས་དེར་ཕན་གྱི་འདུག གནོད་ཀྱི་འདུག དེ་ལ་ཡག་པོ་ཞིག་དགོངས།

    གཉིས་པ། དམངས་གཙོའི་སྤྱི་ཚོགས་ནང་ལྟ་བ་འདྲ་མིན་ཡོིད་ཆོག་པ་རེད་ལ་དོན་དངོིས་སུའང་ཁྱེད་རང་གི་མིག་གི་མདུན་དེར་ཡོད་མུས་རེད། དམངས་གཙོ་ཡོད་དགོས་ན། འདི་ལ་གཡོལ་ཐབས་ཡོད་མ་རེད། ཁྱེད་རང་གིས་འགལ་བ་ལྟག་སྤྲོད་དུ་མཐོང་བའི་རྒྱུ་མཚན་གྱིས་གཞན་དག་གིས་ཀྱང་དེ་ལྟར་མཐོང་དགོས་ཀྱི་མ་རེད།

༦༽  ད་བར་ཞི་མོལ་མ་བྱུང་བ་དེ། ངས་བལྟས་ན། རྒྱ་ནག་གཞུང་ཧམ་ཤེད་ཆེ་བས་རེད། བོད་དོན་ཐག་གཅོད་འདོད་ཀྱི་ལྷག་བསམ་མེད་པས་རེད། ༧རྒྱལ་བ་རིན་པོ་ཆེས་ཀྱང་དེ་ག་རང་གསུང་གི་འདུག  འོན་ཀྱང་ཁྱེད་རང་བོད་མི་དམངས་ཀྱི་སྤྱི་འཐུས་ཤིག་གིས། ༧རྒྱལ་བ་རིན་པོ་ཆེའི་དགོངས་པ་སྒྲུབ་མཁན་ཡིན་ཟེར་མཁན་ཞིག་གིས་  《རྒྱ་གཞུང་ནས་ཀྱང་བོད་མིར་རང་བཙན་དོར་བའི་སྐད་ཆ་རྣམ་དག་བཤད་འདོད་མི་འདུག་ཚུལ་བཤད་ཀྱིན་པའང་བདེན་པ་ཆགས་ཀྱིན་ཡོད་རེད།》ཅེས་རྒྱ་གཞུང་གིས་བོད་དོན་ཐག་མ་བཅད་པ་དེ་བོད་པའི་བྱས་ཉེས་ཡིན་པ་ཁས་ལེན་ཡིག་ཐོག་ཏུ་གནང་བ་མ་ཟད། བྱས་ཉེས་དེ་རང་བཙན་འཐབ་རྩོད་པ་ཚོའི་མགོ་ལ་གཡོག་པ་རེད། འདི་རྩ་དོན་གྱི་ཐོག་ནས་ནོར་འཁྲུལ་ཆེན་པོ་རེད། ཉུང་མཐར་ཡང་། དེ་འདྲ་ཡིན་སྲིད་ལྟ་བུ་ཞིག་གསུངས་ནའང་ཐེ་ཚོམ་གྱི་གཞི་རུ་གྱུར་གྱི་རེད།  དངོས་ཡོད་གནས་ཚུལ་ནི་དེ་འདྲ་མ་རེད། བོད་མི་མདང་སྐྱེས་བྱིས་པ་ཡན་གྱིས་དེ་རིང་རང་སྐྱོང་མ་གཏོགས་རང་བཙན་མི་དགོས་ཞེས་ཁྲག་གི་མིང་རྟགས་བཀོད་ནས་སྤྲད་ཀྱང་། རྒྱ་ནག་གཞུང་གིས་མིང་རྟགས་བཀོད་པ་དེ་ག་ཁ་བྲལ་རེད། རྣམ་པ་འགྱུར་བའི་རང་བཙན་རེད་ཟེར་གྱི་རེད།

    དེ་བཞིན་དུ་ཁྱེད་ཀྱིས་《དེ་བས་བོད་ཡོངས་ལ་རང་སྐྱོང་ཞིག་སྤྲད་ཀྱང་དེ་ལས་ལྡོག་ནས་རང་བཙན་རྩོད་རྒྱུར་དོགས་པ་དང་འཇིགས་སྣང་བྱེད་ཀྱིན་པ་རེད།》ཅེས་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་རྟོགས་པ་ཙམ་མ་ཟད། རྒྱ་ནག་གཞུང་གི་དགོངས་པ་ཡང་རྟོགས་མདོག་གིས་བཤད་འདུག  འདི་ཚོ་བཤད་སྔ་དྲགས་པ་རེད། བླ་མའི་དགོངས་པ་སྒྲུབ་མ་སྒྲུབ་ཅིག་གི་ཆེད་དུ་རང་མི་རིགས་ཀྱི་མགོ་ལ་ནག་ཉེས་འགེལ་ཤག་ཤག་འདི་ཡག་པོ་མ་རེད། དོན་དུ་རང་སྐྱོང་ཅིའི་ཕྱིར་དགོས་རེད། རང་སྐྱོང་དེ་བོད་མི་དམངས་ཀྱི་མངོན་འདོད་སྒྲུབ་པའི་ཆེད་དུ་དགོས་ཟེར་གྱི་ཡོད་རེད། བོད་མི་དམངས་ཀྱི་མངོན་འདོད་སྒྲུབ་མི་ཐུབ་པའི་རང་སྐྱོང་ཞིག་སྤྲད་ཚེ། བོད་མི་དམངས་ཀྱིས་རང་གི་ཐོབ་ཐང་འཐབ་རྩོད་བྱེད་ཀྱི་རེད་ལ་བྱེད་དགོས་ངེས་ཤིག་རེད། དེར་བརྟེན་སང་ཉིན་ཆོལ་ཁ་གསུམ་ལ་མིང་དོན་མཚུངས་པའི་རང་སྐྱོང་སྤྲད་པ་ཡིན་ཟེར་བའི་ཡིག་ཆ་ཞིག་ལ་མིང་རྟགས་བཀོད་པ་དང་། ད་རྙོག་དྲ་མེད་སོང་བ་རེད་བསམ་ན། ཁྱེད་རང་ནོར་བ་རེད། རྒྱུ་མཚན་རང་སྐྱོང་ནི་དངོས་ཡོད་ལག་ལེན་ཞིག་རེད་མ་གཏོགས་ཡིག་ཆ་ཞིག་མ་རེད།

༧༽ ཁྱེད་ཀྱིས་རང་བཙན་དང་དབུ་མའི་ལམ་གཉིས་གཅིག་གྲོགས་གཅིག་གིས་བྱེད་པ་ལས་ལྡོག་སྟེ་གཅིག་ལམ་གཅིག་གིས་འགོག་བཞིན་པའི་ཚོར་སྣང་ཡོང་གིན་ཡོད་པ་རེད། ཅེས་གསུངས་པ་འདི་ལ་ཡང་བསྐྱར་དགོངས་པ་བཞེས་དགོས། སྤྱིར་བཏང་ལྟ་གྲུབ་ཀྱི་དབང་དུ་བྱས་ནའང་འགལ་བའི་ཁྲོད་དུ་ཞི་མཐུན་ཡོད་པ་དེ་ལྟ་གྲུབ་སྨྲ་བ་ཚང་མས་ཁས་ལེན་གྱི་ཡོད། ༸རྒྱལ་བ་རིན་པོ་ཆེ་ལ་མཚོན་ནའང་། སྲིད་པའི་ཕུན་ཚོགས་རྩྭ་བཞིན་དུ་དོར་བའི་དགེ་སློང་ཞིག་ཡིན་ཡང་རྒྱལ་སྲིད་བདག་གིར་བཞེས་ཡོད། འདི་འགལ་འདུ་རེད་དམ།

    རང་བཙན་དང་དབུ་མ་ལ་མཚོན་ནའང་། གཉིས་ཀ་བོད་དོིན་ཆེད་རེད། རང་སྐྱོང་གིས་འདོད་པ་ཚིམ་ངེས་ཤིག་འདུག་ན། རང་བཙན་འཐབ་རྩོད་པ་ཚོས་ཀྱང་མར་བབས་ཡོང་གི་རེད། རང་སྐྱོང་གིས་འདོད་པ་ཚིམ་གྱི་མི་འདུག་ན། རང་སྐྱོང་དོན་གཉེར་བ་ཚོས་ཀྱང་རང་བཙན་ལ་ཡར་འཛེགས་འགྲོ་གི་རེད། གནས་ལུགས་འདི་འདྲའི་སླ་མོ་ཞིག་རྙོག་དྲ་ཆེན་པོར་བསྒྱུར་དོན་འདུག་གམ།

    དེ་ནས་ལོ་རྒྱུས་དེད་ན། ༡༩༤༩ ནས་ ༡༩༧༩ བར་རང་བཙན་ཆེད་དུ་སྲོག་བཏང་བའི་འཐབ་རྩོད་པ་དེ་ཚོས་རང་སྐྱོང་ཡོང་བ་ལ་ཕན་འདུག་གནོད་འདུག དབུ་མའི་ལམ་ཡོིངས་བསྒྲགས་གནང་རྗེས་ ༡༩༨༧།༨༨།༨༩ བཅས་སོགས་ལ་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མིས་རང་བཙན་དོན་དུ་སྲོག་བཏང་བ་དེས་དབུ་མའི་ལམ་ལ་གནོད་འདུག་ཕན་འདུག  ༢༠༠༨ ལོར་ཆོལ་ཁ་གསུམ་གྱི་ཁྱོན་དུ་རང་བཙན་གྱི་ཆེད་དུ་ཡོངས་རྫོགས་བློས་བཏང་བའི་རང་བཙན་འཐབ་རྩོད་པ་དེ་ཚོས་བོད་རང་སྐྱོང་ཡོང་བར་གནོད་འདུག་ཕན་འདུག ཁྱེད་རང་གི་འདོད་པ་ལྟར་ན་གནོིད་འདུག་ཟེར་དགོས་རེད། གང་ཡིན་ཟེར་ན། ཁོང་ཚོ་རང་བཙན་འཐབ་རྩོད་པ་རེད། མདུན་མཆོངས་པ་རེད། དེ་ཚོས་བོད་རང་བཙན་གྱི་འཐབ་རྩོད་བྱས་པས་བོད་རང་སྐྱོང་ཡོང་བར་གནོད་འདུག་ཟེར་ན།  ཁྱེད་རང་བོད་མི་དམངས་ཀྱི་སྤྱི་འཐུས་རེད་འདུག་གམ་བླ་མ་ཞིག་གི་ཕྱག་མཛོད་རེད་འདུག འདིའི་ཐད་ཁྱེད་རང་ལ་བབས་ས་གཅིག་ལས་མེད། དེ་ནི་འགྲེལ་བཤད་སྙིང་རྗེ་མོ་ཞིག་བརྒྱབ་ནས་གཡོལ་རྒྱུ་ཙམ་རེད། དོན་དམ་པའི་འགལ་འདུ་ཟེར་ན་འདི་རེད།

   ༨༽ དོན་དངོས་སུ་བོད་ནང་གི་མི་དམངས་ཀྱིས་རང་བཙན་གྱི་སྐད་འབོད་ལ་བརྟེན་ནས། འཛམ་གླིང་ཐོག་བོད་ཀྱི་ཁྲིམས་དོན་གྱི་གནས་བབས་ངོ་མ་དང་བོད་མི་དམངས་ཀྱི་མངོན་འདོད་མཚོན་ཐུབ་ཡོད། བཙན་བྱོལ་ནང་དབུ་མའི་ལམ་ལ་འདོད་མོས་མེད་པའི་མི་དེ་ཚོ་ཡོད་པར་བརྟེན་ནས། ༸རྒྱལ་བ་རིན་པོ་ཆེས་ཞལ་ཞེ་གཉིས་མེད་ཀྱིས་བོད་དོན་ཞི་འགྲིགས་གནང་འདོད་ཡོད་པ་དང་། དེ་ཡང་བོད་རྒྱ་གཉིས་ཕན་ཡོང་ཆེད་བོད་མིའི་རེ་འདུན་ངོ་མ་ནས་མར་བབས་ཏེ་གུ་བཤངས་ཧ་ཅང་ཆེན་པོ་གནང་ཡོད་པ་ཀུན་གྱིས་མཐོང་ཆོས་སུ་གྱུར་པ་འདི་བྱུང་བ་རེད།

    ཕྱི་ལོ་ ༢༠༠༡ གི་གོང་དུ་དབུ་མའི་ལམ་གྱི་སྲིད་ཇུས་ཡོད་ཀྱང་བཀའ་ཤག་གི་བཀའ་བློན་ཁྲི་པ་དང་གཞུང་ཞབས་དྲུང་ཆེ་ཚུན་ནས་གཞོིན་ནུ་ལྷན་ཚོགས་ཀྱི་ཚོགས་འདུར་ཕེབས་ཆོག་པ་དེ་ཅི་རེད། རང་སྐྱོང་དང་རང་བཙན་གཅིག་ལག་གཅིག་གིས་འགོག་གི་ཡོད་ན། ༡༩༧༩ ནས་ ༢༠༠༠ བར་འདི་ལ་དཀའ་ངལ་མ་བྱུང་བ་ཅི་རེད། ༢༠༠༡ གི་རྗེས་ནས་བཀའ་བློན་ཁྲི་པ་དང་གཞུང་ཞབས་ཚོ་ཅིའི་ཕྱིར་རང་བཙན་འཐབ་རྩོད་པའི་ཚོགས་འདུའི་སྐུ་མགྲོན་དུ་ཕེབས་མ་ཆོག་པ་རེད། ཐ་ན་སློབ་གྲྭའི་དགེ་རྒན་ཙམ་ཡང་གཞོན་ནུ་ལྷན་ཚོགས་སུ་ཞུགས་མ་ཆོག་པ་འདི་ཅི་རེད། དུས་མཚམས་དེ་ནས་འགལ་བ་ཆགས་པ་དེ་མིས་དོན་མེད་དུ་བཟོས་པའི་འགལ་བ་རེད་དོན་དམ་གྱི་འགལ་བ་རེད། ད་ལྟའི་དམིགས་བསལ་སྐུ་ཚབ་རྒྱ་རི་ནས་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་ལ་སོགས་པས་དེ་གཉིས་འགལ་བར་མ་གཟིགས་པར་མ་ཟད། ཕྱི་ལོ་ ༢༠༠༠ གོང་དུ་གཞོན་ནུའི་ཚོགས་པ་ཡར་རྒྱས་སུ་བཏང་བ་དེ་ཁོང་ཅག་མཁྱེན་རྒྱ་དམའ་བས་རེད། ལོག་རྟོག་བྱུང་བས་རེད། འགལ་བ་འདིའི་སུའི་ཁེ་ཕན་གྱི་ཆེད་དུ་སློང་གི་ཡོད་རེད།

༩༽    རང་བཙན་འཐབ་རྩོད་པ་ཚང་མས་རང་སྐྱོང་ལ་ངོ་རྒོལ་བྱེད་པར་བཤད་པ་དེ་ཡང་བདེན་པ་མ་རེད། དེ་ལྟར་ན། གཞོན་ནུ་ལྷན་ཚོགས་ནི་བཙན་བྱོལ་ནང་གི་མི་འབོར་མང་ཤོས་ཀྱི་ཚོགས་པ་དེ་ཆགས་ཡོད་པས། དེ་དང་དེ་མིན་རང་བཙན་རྩོད་མཁན་གྱི་ཚོགས་སྡེ་ཁག་གི་ཚོགས་མི་ཆ་ཚང་བསྡོིམས་ན། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་ངུ་ཞིག་ལས་མི་འབྱུང་། དོན་དངོས་སུ་ངེད་ཅག་གི་གཡས་གཡོན་དུ་གཞོན་ནུའི་ཚོགས་མིས་ཁེངས་བསྡད་ཡོད། དེ་ཚོས་ལམ་དབུ་མར་ཡང་རྒྱབ་སྐྱོར་བྱེད་བཞིན་པ་མངོན་གསལ་རེད། མདོར་ན་འགལ་བ་མེད་ས་ན་འགལ་བ་བཟོ་བ་འདི་སྲིད་དོན་པ་ཁ་ཤས་ཀྱིས་འཁྲབ་བཞག་པ་རེད་མ་གཏོགས། དོན་གྱི་འགལ་བ་ག་ལ་ཡོིད།  ཐ་ན་སྲིད་དོན་པ་འགས་དུས་ཡུན་གང་ཙམ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་༸གོང་ས་མཆོག་གི་ཕེབས་བསུ་ལའང་བཅར་མ་ཆོག་པ་བཟོས་མ་སོང་ངམ། རྗེས་སུ་ཡིད་བཞིན་ནོར་བུས་གཞོན་ནུའི་ཚོགས་གཙོའི་བརྟན་བཞུགས་མཎ་ཌལ་དགྱེས་བཞེས་གནང་མ་སོང་ངམ། འདིས་ག་རེ་མཚོན་གྱིན་འདུག

༡༠༽ མཆན་སུས་བཞག་མིན་མི་ཤེས་པའི་མི་ཁ་ཤས་ཀྱི་ཚིག་དུམ་ཁ་ཤས་དྲངས་ཡོང་སྟེ། དེ་ཚོར་དག་འབུད་བྱེད་དགོས་ཚུལ་གསུངས་འདུག་ཀྱང་། ཆ་རྒྱུས་ཙམ་ཡང་མེད་པའི་མི་དེ་ཚོར་དག་འབུད་བྱེད་པའི་འགན་ཞིག་ཁྱེད་བོད་མི་དམངས་ཀྱི་སྤྱི་འཐུས་ཤིག་ལ་མེད་ན་ང་ལ་ག་ནས་ཡོང་། སྤྱིར་བཏང་། འགལ་འདུའི་ལྟ་ཚུལ་ནི་རང་ཅག་ཀུན་ལ་ཡོད་པ་རེད། དཔེར་ན། བོད་དོན་ལ་བསམས་ན། ད་ག་རེ་ཡིན་ནའང་བློས་གཏོང་སྙམ་སྙམ་ཞིག་རྒྱུན་དུ་འབྱུང་གི་འདུག ཡང་སང་ཉིན་སྤྱི་དོན་ཆེད་ཞལ་འདེབས་བསྡུ་མཁན་སླེབས་ན། ཨ་སྒོར་ལྔ་བཅུ་འབུལ་བར་ཡང་བསམ་བློ་གང་ཙམ་གཏོང་དགོས་ཡོང་གི་འདུག དེ་ཚོ་འགལ་འདུ་རེད།

བཀའ་ཁྲིའི་དབང་ཆའི་སྐོར་ལ་བདག་གིས་ད་ཕན་གང་ཡང་བཤད་མེད་པས་མཇུག་གི་དོན་ཚན་དེ་བདག་ལ་འབྲེལ་བ་མེད་པ་འདྲ།། །།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༢༣ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 24

  1. karma dorje says:
    ལོ་ 15 སྔོན།

    རབ་བཙན་དང་། དབུ་མ་སོགས་གལ་ཆེན་པོ་མ་རེད། གལ་ཆེ་ཤོས་དེ་བོད་ལ་ཡར་རྒྱས་དང་།
    བོད་མིར་བདེ་སྐྱིད་དེ་རེད།

    Reply
  2. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    འདིར་བཀོད་པའི་བསམ་ཚུལ་དེ་ཚོར་ལན་འདེབས་དང་གསལ་བཤད་ཁ་གསལ་བྱེད་དགོས་པ་ཅང་རིག་མ་སོང་། འོན་ཀྱང་དེ་ཚོར་བཀླགས་རྗེས་བསམ་བློ་གཏོང་གིན་སྐད་ཆ་ཁ་ཤས་བཤད་འདོད་བྱུང་།

    ཁྱེད་ཅག་ཚང་མས་མཁྱེན་གསལ་བཞིན། བཀུར་འོས་ཆབ་བྲག་ལྷ་མོ་སྐྱབས་ངེད་གཉིས་ལེ་དབར་མང་པོའི་རྒྱང་ཐག་གིས་ཆོད་ཡོད། ངེད་གཉིས་བར་སྒེར་དང་སྤྱི་གཉིས་ཐད་ནས་འཁོན་འཛིན་གང་ཡང་མེད། ངེད་གཉིས་ཀྱིས་འདིར་གླེང་བ་དེ། སྤྱི་དོན་ལ་ཨེ་ཕན་སྙམ་པ་དང་སྤྱི་པ་ལ་བློ་སྐྱེད་ཅིག་འབྱུང་དུ་རེ་བ་དེ་ལས་གཞན་གྱི་སྐུལ་སློང་གང་ཡང་ཡོད་མ་རེད། འོན་ཀྱང་མཆན་འཇོག་མཁན་ཚོས་ངེད་གཉིས་དབར་ཞེ་འཁོན་ཆེན་པོ་ཡོད་པ་ལྟར་གྱི་གཟིགས་སྣང་བྱུང་འདུག དེ་ནོར་བ་རེད་ཞུ་འདོད་བྱུང་།

    བཀུར་འོས་ལྷ་མོ་སྐྱབས་ཀྱིས་གསུངས་པ་དེ་ཚོས་ང་ལ་ཕན་ཐོགས་ཡོང་གི་འདུག ཁྱེད་ཅག་གིས་ཀྱང་ལེགས་པར་གཟིགས་ཏེ་དཔྱད་ན་ཕན་ཐོགས་ཡོང་ངེས་རེད། བགྲོ་གླེང་ཞེས་པ་དེ་ལྟད་མོར་བལྟ་བ་ལྟ་བུ་མ་རེད། ལྟད་མོ་ཡིན་ན། རྩལ་གང་ཆེ་དང་འར་གང་ཆེ་དེ་ཚོར་དོ་སྣང་ཆེ་བ་བྱེད་ཀྱི་རེད། བགྲོ་གླེང་ཞེས་པ་དེའི་གཙོ་བོའི་གནད་འགག་ཆུང་ཆུང་དེ་འདྲ་ལ་ཐུག་ཡོད། དཔེར་ན། ཁོང་གིས་རང་བཙན་དང་རང་སྐྱོང་གཉིས་ངོ་བོའི་ཐོག་ནས་འགལ་བ་ཡིན་པར་གསུངས་ཀྱི་ཡོད། དེ་ག་རང་ལ་དགོངས་པ་བཞེས་ན། གཏིང་ཟབ་མོ་ཞིག་གི་བར་དུ་འགྲོ་ས་ཡོད་རེད། དེ་ལ་ཁྱད་པར་ཆེན་པོ་མེད་ན། རང་བཙན་བློས་བཏང་བ་རེད་ཅེས་ཧང་སངས་སངས་བྱེད་དགོས་དོན་མི་འདུག་ག
    སྤྱིར་བཏང་མི་ཞིག་གིས་ནམ་རྒྱུན་རྟག་པར་གོ་ཡོང་བའི་སྐད་ཆ་ཞིག་བཤད་སྐབས། དེ་ལ་སྤྱི་ཚོགས་ཀྱིས་དོ་སྣང་ཞེ་དྲག་བྱེད་ཀྱི་མ་རེད། དེ་ལས་ལྡོག་སྟེ་ནམ་རྒྱུན་གྱི་ས་མཚམས་དེ་ཚོ་བརྒལ་ནས་ཤོད་མཁན་དེ་ཚོར་དོ་སྣང་ཆེན་པོ་བྱེད་ཀྱི་རེད། རྟག་པར་ཚང་མས་གོ་བསྡད་པ་བསྐྱར་ལྡབ་བྱེད་དགོས་ན། བསྐྱར་ལྡབ་བྱེད་མཁན་ལའང་དམིགས་བསལ་བཤད་རྒྱུ་མེད་པ་འདྲ་ཞིག་ཡོང་གི་རེད། འོན་ཀྱང་དེ་ཙམ་གྱིས་བཤད་མཁན་གླེན་པ་ཡིན་པར་བརྩིས་ན་འགྲིག་གི་མ་རེད།
    བཀུར་འོས་ལྷ་མོ་སྐྱབས་ཀྱིས་གསུངས་པ་དེ་ཟློས་གར་འདྲ་བོ་ཞིག་ཡིན་ན། དེ་བོད་ཀྱི་ལྷ་མོ་འདྲ་བོ་རེད། ཉོབ་ཏོ་རེད། ངས་བཤད་པ་དེ་ཚོ། དིང་སང་གི་གཞོན་ནུ་ཚོས་དགའ་བོ་བྱེད་པའི་འཁྲུག་གཞས་འདྲ་བོ་རེད། འོན་ཀྱང་འཁྲུག་མ་འཁྲུག་ཙམ་གྱིས་རྒྱུ་མཚན་ལྡན་མི་ལྡན་གྱི་སྐད་ཆ་བཤད་ན་ཡག་པོ་མ་རེད།
    བཀུར་འོས་ལྷ་མོ་སྐྱབས་ལགས་ཀྱི་རྩོམ་རིག་སྤྱི་ཡོངས་ལ་ལེགས་པར་གཟིགས་ན། ཁོང་གི་དགོངས་ཚུལ་དེ་ཚོ་གཏིང་ཟབ་ས་ནས་དྲང་པོ་དྲང་བཞག་གིས་གསུངས་ཐུབ་ཡོད། འདི་ལ་ང་ཚོས་གདེང་འཇོག་གསལ་པོ་གནང་དགོས་པ་དེ་གལ་ཆེན་པོ་རེད། ལྷག་པར་དུ། དེང་གི་དུས་འདིར་༸རྒྱལ་བ་རིན་པོ་ཆེའི་བཀའ་བཞིན་སྒྲུབ་ཐུབ་རུང་མ་ཐུབ་རུང་། རང་ངོས་ནས་ལྷག་བསམ་རྣམ་དག་གནང་མཁན་ཉུང་བའི་སྐབས་འདིར། ཁོང་གིས་རང་གི་ནུས་ཚོད་ཀྱི་འགན་ཞིག་བཞེས་བཞིན་པ་འདི་ལ་ཚང་མས་གུར་བཀུར་ཞུ་དགོས། དེ་མིན་ང་འདྲ་བོས་ཆབ་བེ་ཆོབ་བེ་ལུང་པ་གང་བཤད་ཡོང་དུས། དོན་ངོ་མའི་ཁ་གཏད་ལངས་མཁན་སུ་འདུག ང་མ་ཡིན་པ་གཞན་དག་གིས་སྡུག་རིགས་ངན་ཚད་བྲིས་པ་དེ་ཚོ་ལ་ཡ་ལན་བྱེད་མཁན་སུ་འདུག བྱེད་བསམ་ནའང་ཤེས་ཚད་ཀྱིས་ལྡང་གི་འདུག་གམ། དེར་བརྟེན། ཁོང་གི་གནང་སྟངས་ལ་ངས་ནི་ཁ་ཞེ་གཉིས་མེད་ཀྱིས་གུས་བརྩི་ཡོད།
    ང་རང་དྲྭ་རྒྱའི་ནང་དམག་ཆེན་བརྒྱབ་དྲག་སྟེ། གོང་དུ་བཀོད་པའི་རྩོམ་དེ་ལའང་བཤད་མི་འོས་པའི་སྐད་ཆ་སྦོམ་པོ་མང་པོ་ཞིག་བཤད་འདུག འོན་ཀྱང་ཀློག་པ་པོ་ཚོས་དེ་ཙམ་གཞི་ལ་བཞག་སྟེ་ཆགས་སྡང་ཕྱོགས་རིས་བྱས་ན་ཡག་པོ་མ་རེད། ངས་སྡིག་པ་བསགས་པའི་ཞོར་ལ་ཁྱེད་ཅག་ལའང་གསོག་བཅུག་པ་འདྲ་བོ་ཆགས་ཀྱི་འདུག དེ་དག་ཐུགས་ལ་བཞག་སྟེ་དགོངས་འཆར་གནང་རོགས་གནང་། དོན་དག་རང་གི་སྒང་ལ་དགོངས་འཆར་གནང་རོགས།

    འབྲེལ་བ་མེད་པའི་བསམ་འཆར་དང་དྲི་བ་ལ་ལན་ཞུ་གི་མིན། གང་ཡིན་ཟེར་ན། ཉིན་མ་གསུམ་བཞིའི་རིང་ལས་བྲེལ་ཆེ་ཙམ་ཡོད། འོན་ཀྱང་ཉིན་རེའི་སྔ་དགོང་གཉིས་སུ་མཆན་གསར་པ་དེ་ཚོ་ཚང་མ་ཀློག་གི་ཡིན།
    དེ་ཙམ་ཡིན། ཐུགས་རྗེ་ཆེ།

    Reply
  3. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    བགྲོ་གླེང་ལ་རིན་ཐང་འདུག

    Reply
  4. གྲགས་པ། says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ་ལགས་ལ་དངོས་གནས་ཆབ་སྲིད་ཀྱི་ཤེས་ཚད་ཡག་པོ་འདུག ད་བར་འདིར་རྩོད་གླེང་བ་སུ་དང་གང་གིས་ཁོང་ལ་དོ་ཟླ་མི་འདུག ད་དུང་མ་མཐུད་དེ་གླེང་བར་སྨོན།

    Reply
  5. ཀུན་དགའ་བདེ་ཆེན། says:
    ལོ་ 15 སྔོན།

    (གཞོན་ནུ་ཚོགས་པས་རང་སྐྱོང་ལ་ངོས་ལེན་བྱེད་ཀྱི་ཡོད་པ་མངོན་གསལ་རེད།) ཅེས་པ་དེ་(གཞོན་ནུ་ཚོགས་པས་རང་སྐྱོང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་མངོན་གསལ་རེད།)ཅེས་བཟོ་བཅོས་གནང་རོགས།

    Reply
  6. ཀུན་དགའ་བདེ་ཆེན། says:
    ལོ་ 15 སྔོན།

    ཁང་གསར་བ། ཁྱོད་ཀྱིས་༸རྒྱལ་བ་རིན་པོ་ཆེའི་བཀའ་སྒྲུབ་མཁན་ཚོ་ལ། སྲུང་མ་ཞེས་འཕྱ་དམོད་བྱས་པ་དང་། ༸རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་ ༥ ནས་ ༡༤ བར་གྱིས་བོད་པ་མུན་ནག་ནང་ལ་བཞག་པ་རེད་ཟེར་བ། ༸རྒྱལ་བ་རིན་པོ་ཆེའི་དགོངས་ཚུལ་དང་བོད་མི་དཀྱུས་མའི་བསམ་ཚུལ་གཉིས་གལ་ཆེ་ཆུང་གཅིག་པ་རེད་ཟེར་བ་དེ་ཚོ་རང་ཉིད་གིས་ནོར་འཁྲུལ་ཤོར་བ་ཁས་མ་བླངས་ཕྱིན། ང་རང་ལ་བྱེད་རྒྱུ་གཞན་མེད་ནའང་། གང་ཐུབ་ཀྱིས་ངོ་རྒོལ་བྱེད་ཀྱི་ཡིན།

    ད་དུང་ཁྱོད་ཀྱིས་ཟམ་གདོང་རིན་པོ་ཆེ་རྩོམ་པ་པོ་མ་རེད་ཅེས་གྲོས་ཆོད་རྫུན་མ་བཞག་ཡིན་པ། དེ་ཚོ་དཔེ་མི་སྲིད་པའི་ཧམ་པ་རེད།

    གཞོན་ནུ་ཚོགས་པས་རང་སྐྱོང་ལ་ངོས་ལེན་བྱེད་ཀྱི་ཡོད་པ་མངོན་གསལ་རེད། ཁྱེད་རང་གིས་བཀབ་ཐུབ་ཀི་མ་རེད། ཚང་མས་མཐོང་གི་འདུག

    Reply
  7. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    མི་ཕན་ལུགས་ལ་རང་ལུགས་ཡིན་ཁུལ་རེ།།
    མི་ཤེས་དཔྱོད་ལ་མི་འདེགས་མཆན་བུ་རེ།།
    མི་བུ་རང་རང་ས་ན་རྒྱལ་ཕམ་ཞིག།
    མི་འགའ་མཁས་བླུན་གཉིས་ཀྱི་སོ་མཚམས་ན།།
    མི་རབས་དག་ལ་ལམ་སྟོན་ཡིན་མདོག་ཞིག།

    མ་རབས་རྒྱང་ནས་མི་འདོད་སྐད་རྒྱང་རེ།།
    མ་འཇོན་གཞན་ལ་སྐྱོན་ཡོན་འབྱེད་རྒྱུ་ཞིག།
    མ་ཤེས་ནགས་མེ་འདི་ཡང་དེ་འདྲ་ཞིག།
    མ་རབས་ཡ་རབས་གཉིས་ཀྱི་་ས་མཚམས་ན།།
    མ་ཐུབ་རྨོངས་བའི་ལམ་ནས་གཉིད་ལ་ཤོར།།
    མ་རིག་མུན་པ་ཅན་འདི་མཐོང་བས་སྐྱོ།།

    Reply
  8. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    གུས་མོར་ཟླ་ངོ་གཉིས་ཀྱི་རིང་ལས་དོན་ཞིག་གི་དབང་གིས་འདིར་བསམ་ཚུལ་དང་མཆན་བུ་འདེབས་རྒྱུའི་དུས་ཁོམ་བྱུང་མ་སོང། ཁ་སང་རང་ལས་མཇུག་གྲུབ་པར་བརྟེན་དེ་རིང་འདིར་ཡོང་ནས་ལྷོད་ལྷོད་བྱས་ཏེ་དྲྭ་ལམ་ཁག་ཅིག་ཉུལ་བ་ཡིན།

    དུས་བབ་དྲྭ་བའི་ངོས་ཐད་ནས་བཤད་ན་ཆེད་རྩོམ་དང་དེ་བཞིན་གསར་འགྱུར་སོགས་ཕྱོགས་མང་པོ་ཞིག་ནས་མར་དང་ཐུར་དུ་འགྲོ་བཞིན་པའི་ཚོར་བ་ཞིག་ལས་ཡར་རྒྱས་དང་མདུན་དུ་འགྲོ་བཞིན་པའི་ཚོར་བ་སྤྲད་མ་སོང། འདི་ལྟར་བལྟས་ཏེ་ཚོད་དཔག་བྱས་པ་ཡིན་ན་རྒྱུན་མཐུད་ནས་དུས་ཐུང་ངང་མར་དང་ཐུར་དུ་འགྲོ་ངེས་ཡིན་པའི་ཚོར་བ་ཞིག་རང་བཞིན་གྱིས་སྐྱེར་བཅུག་སོང། འདི་བསམ་ཚུལ་གཅིག་ཡིན།

    གཉིས་ནས་དུས་བབ་དྲྭ་བའི་ནང་དེང་ཆབ་བྲག་དང་ཁང་སར་གཉིས་རྩོད་པར་ཞུགས་འདུག དེ་ཡང་རྩོད་པའི་རྣོ་སྒང་དང་སྐབས་རེ་ཚིག་གི་ཟུར་དང་ངོས་མ་འདྲ་བ་ནས་བལྟས་ན་ཁོང་རྣམ་པ་གཉིས་ཀྱིས་མཚམས་ལ་རེར་ཁོང་ཁྲོ་ཡང་ཅུང་ཙམ་རེ་བཞེས་ཀྱི་མེད་དམ་སྙམ་པའི་ཚོར་ཤེས་སླེབས་བྱེད་ཀྱི་བརྗོད་ཚིག་ཀྱང་ཇི་སྙེད་ཅིག་མཐོང་རྒྱུ་འདུག མ་གཞི་རྩོད་པའི་རྩ་བ་ནི་བོད་མི་རིགས་ཀྱི་དཀའ་ངལ་སེལ་བྱེད་ཀྱི་ཐབས་ལམ་དེ་ལམ་དབུ་མ་ཡག་གི་རེད་དམ། རང་བཙན་ཡག་གི་རེད། རང་བཙན་རྩོད་མཁན་ཚོ་མགོ་མི་ཚོས་མཁན་དང་། ཆབ་སྲིད་ཀྱི་ཤེས་རྒྱ་མེད་མཁན་རེད་དམ། ཡང་ན་དབུ་མའི་ལམ་དུ་ཞུགས་མཁན་ཚོ་གོ་སྐབས་རིང་ལུགས་པ་དང་སྐབས་འཚོལ་རིང་ལུགས་པ། དེ་བཞིན་ཆབ་སྲིད་གཞུང་ལུགས་དང་དངོས་ཡོད་གནས་སྟངས་ལ་བལྟ་མི་ཐུབ་པའི་མིས་ཅི་བཤད་ལ་ཉན་བཞིན། རྒྱུགས་བཞིན། འདུར་བའི་ཨུར་ཞོགས་བྱེད་མཁན་རེད་ལྟ་བུའི་ནང་དོན་དེ་ག་ལ་རྣམ་པ་དང་བརྗོད་ཚུལ་སྣ་ཚོགས་ཀྱི་སྒོ་ནས་རྩོད་པར་ཞུགས་འདུག་པ་འདི་རེད།
    འོན་ཀྱང་རྩ་བ་དེ་ག་ལ་ཡར་ག་ཁྱད་མཚར་ཞིག་རྒྱས་འདུག དེ་ནི་ཁོང་གཉིས་ཀྱི་གཞི་རྩའི་རྩོད་གཞི་དང་ཕན་ཚུན་ལ་འཆད་བཞིན་གླེང་བའི་ཁྱབ་ཚད་དང་ས་ཁོངས་ལས་བརྒལ་བའི་དྲི་རྟགས་སྣ་ཚོགས་ཤིག་བསམ་བཞིན་དང་བསམ་བཞིན་མ་ཡིན་པར་སླེབས་བཞིན་འདུག དཔེར་ན་ཆབ་བྲག་གིས་རྩོད་པའི་རྩ་བ་དབུ་མའི་ལམ་འདི་བོད་དོན་བདེན་མཐའ་གསལ་བྱེད་ཀྱི་ཐབས་ལམ་ཡག་ཤོས་ལ་ངོས་འཛིན་བྱེད་བཞིན་པ་ལས་གཞན་བོད་ཀྱི་བདེན་མཐའ་གསལ་བྱེད་དུ་རང་བཙན་གྱི་ལྟ་བ་འཁྱེར་ཆོག་གི་མ་རེད་ལབ་མི་འདུག་ལ། རང་བཙན་གྱི་ལྟ་བ་འཛིན་མཁན་གྱི་མིའི་ནུས་པ་དང་བྱེད་ཕྱོགས་ལ་ཟུར་དང་ངོས་མ་འདྲ་བའི་སྒོ་ནས་སྐྱོན་བརྗོད་བྱས་ཡོད་པ་ལས། རང་བཙན་གྱི་ལྟ་བ་དང་ལངས་ཕྱོགས་ཁོ་རང་ལ་སྐྱོན་བརྗོད་དམིགས་བཀར་བྱས་ཏེ་གསུངས་མི་འདུག དེ་བཞིན་ཁང་སར་ལགས་ཀྱིས་ཀྱང་རྒྱལ་བ་རིན་པོ་ཆེ་དང་ལམ་དབུ་མ་ལ་ཐད་ཀར་སྐྱོན་འཛུགས་བྱས་མེད་ལ། བོད་ཀྱི་བདེན་མཐའ་སེལ་བྱེད་ཀྱི་ཐབས་ལམ་ལ་མཐའ་གཅིག་ཏུ་རང་བཙན་ལས་ལམ་ཁ་གཞན་མེད་ཚུལ་ཀྱང་གསུངས་མི་འདུག འདི་ཚོ་ནི་རྩོད་གཞིའི་རྩ་བ་དང་མི་མཐུན་པའི་ཡན་ལག་གི་ཡར་ག་གྱེས་ཚུལ་གཞན་ཞིག་རེད།
    དེ་རིང་དེ་ཙམ་ཡིན། ད་ཕྱི་ལོག་ཏུ་གྲོགས་པོ་ཁ་ཤས་དང་མཉམ་དུ་གོ་ཧྤེས་འཐུང་དུ་འགྲོ་དགོས། ཁང་སར་ལགས་ཀྱིས་རྒྱལ་བ་རིན་པོ་ཆེའི་སྲུང་མ་ཞེས་པའི་རྩོམ་ཡིག་དེའི་ཐད་གུས་མོར་བསམ་ཚུལ་གཞན་ཞིག་ཡོད། དོ་དགོངས་མ་ཐུབ་རུང་སང་ཉིན་སྤེལ་ངེས་ཡིན་པ་ཐུགས་འཇགས་འཚལ།

    Reply
  9. ནགས་མེ། says:
    ལོ་ 15 སྔོན།

    ཆབ་བྲག་བས་ཡི་གེ་དག་མོ་ཞིག་འབྲི་ཡོང་གི་ཡོད་པ་འདིར་གུས་ཞབས་ཡོད། འོན་ཏེ་ཁོང་ལ་ཆབ་སྲིད་བསམ་བློའི་སྒྲོམ་གཞི་མི་འདུག་པས། ཁང་གསར་བས་ལམ་སེང་བསྐྱུར་ལ་ཐོངས།

    Reply
  10. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    གསལ་བཤད་དང་ལན་འདེབས་ཞུ་དགོས་པ་མེད་ན། སྔོན་ལ་གཉིད་ཅིག་ཉལ་བར་འགྲོ་གི་ཡིན། སང་ཞོགས་མཇལ་ཆོག

    Reply
  11. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ད་ཕན་གནང་བའི་དགོངས་འཆར་དེ་ཚོར་ལན་འདེབས་དང་གསལ་བཤད་ཞུ་དགོས་ཅང་མཐོང་མ་སོང་།
    སྡེ་དགེ་བ་འཇིགས་མེད་ཡེ་ཤེས་རྡོ་རྗེའི་མཆན་རིང་པོ་དེའི་དོན་གནད་ཟབ་མོ་འདུག རང་གཞུང་གིས་གསན་ཏེ་དགོངས་དཔྱད་གནང་ཐུབ་ན་ཡག་པོ་འདུག་དྲན།

    དེ་མིན་དགོངས་འཆར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ།

    ཀུན་དགའ་བདེ་ཆེན་ལགས་ཀྱིས་ཕྲན་པ་གྲོགས་མེད་ཁེར་རྐྱང་དུ་འཇོག་དགོས་པའི་དགོངས་ཚུལ་སྔོན་མ་གསུངས་སོང་ལ། ད་རེས་ཀྱང་གསུངས་འདུག དམངས་གཙོའི་སྤྱི་ཚོགས་ནང་འདི་ཚོ་གནང་སྟངས་ཡག་པོ་མ་རེད། དྲྭ་ཚིགས་འདིའི་ཐོག་ཁང་རྡོར་ང་ཤོར་ནའང་འདྲ་ཕམ་ནའང་འདྲ། དེ་ལ་ཁྱད་ཅི་ཡང་མེད། དགོས་རྒྱུ་དེ་ཕན་ཚུན་སྦྱང་བཤད་བྱས་ཏེ་བློ་སྐྱེད་ལེན་དགོས་པ་དེ་རེད། དེར་བརྟེན་མ་འོངས་པར་དགོངས་པ་རྒྱ་ཆེ་ཙམ་བཞེས་པའི་རེ་བ་ཡོད།

    Reply
  12. རང་བཙན་གཙང་མ། says:
    ལོ་ 15 སྔོན།

    བློ་གྲོས་ཅན་ཟེར་ན་འདི་རེད། ལེགས་བཤད་ཟེར་ན་འདི་འདྲ་ལ་ཟེར། མཁས་པ་བརྩད་ཅིང་མ་དྲིས་ན། །དེ་སྲིད་བར་དུ་གཏིང་མི་དཔོགས། །རྔ་ལ་དབྱུ་གུས་མ་བརྣུན་ན།། དེ་སྲིད་གཞན་དང་ཁྱད་ཅི་ཡོད།། ཅེས་པ་ལྟར་རེད། དེར་བརྟེན། རྣམ་དཔྱོད་ཀྱིས་དབྱུ་གུས་བརྣུན་མཁན་རྒན་ལྷ་མོ་སྐྱབས་དང་རྔ་སྒྲ་ཡང་དག་པར་སྒྲོག་མཁན་ཁང་གསར་རྡོ་རྗེ་གཉིས་ཀར་ཐུགས་རྗེ་ཆེ་ཞུ།

    ཁང་གསར་རྡོ་རྗེ་ལགས་ཀྱིས་འདི་འདྲའི་ལེགས་བཤད་ཀྱི་སྐྱེས་མང་དུ་སྩོལ་བར་ཞུ།

    Reply
  13. ཀུན་དགའ་བདེ་ཆེན། says:
    ལོ་ 15 སྔོན།

    ད་ཁང་རྡོར་འདི་ལ་ཅི་བྱེད་དགོས་རེད། ས་རཱ་མཐོ་སློབ་ཀྱི་སློབ་དཔོན་དང་རྩོམ་པ་པོའི་མཐུབ་ཚོགས་ཀྱི་ཚོགས་གཙོ། སྐུ་ངོ་ལྷ་མོ་སྐྱབས་ཀྱིས་མ་ཐུབ་ན། ང་རང་ཚོ་དྲྭ་ཁང་ལ་མྱུལ་ཙམ་མྱུལ་ཙམ་བྱེད་མཁན་ཚོས་ཐུབ་དཀའ་མོ་རེད།

    དེ་ལས་ངས་སྔོན་མ་ལབ་པ་ནང་བཞིན། ཁང་གསར་འདི་ལ་ཁ་ཡ་མ་བྱས་པར་གཡུག་བཞག་ན། འཇམ་ཐིང་ངེར་སྡོད་ཀྱི་རེད། དྲ་རོགས་ཚོ། ཁང་གསར་ལ་ཁ་ཡ་མ་བྱེད། ཐབས་ཤེས་ཡག་ཤོས་དེ་རེད།

    Reply
  14. སྡེ་དགེ་བ་འཇིགས་མེད་ཡེ་ཤེས་རྡོ་རྗ says:
    ལོ་ 15 སྔོན།

    ཐབས་ཇུས་ལ་མཁས་པའི་ཤེས་ལྡན་ཁང་གསར་རྡོ་རྗེས་སྤེལ་བའི་དཔྱད་རྩོམ་མང་ཆེ་བ་ལ། ཞིབ་པར་བལྟས་པས་སྲིད་དོན་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་སློབ་གསོའི་རིན་ཐང་ཡོད་པར་མཐོང་བས། རང་སེམས་ཧ་ཅང་དགའ་མོས་བྱུང་།

    བོད་གངས་ཅན་པའི་རྒྱལ་དམངས་ཀྱི་གནས་སྟངས་ཤིན་ཏུ་སྐྱོ་བའི་དུས་རབས་འདིར། མཁས་མཛངས་ལྡན་པའི་བོད་རིགས་རྣམས་ཀྱིས་གཞུང་སྒེར་གྱིས་མགྲོན་འབོད་བྱེད་པ་ལ་ནམ་ཡང་མི་སྒུག་པར། མ་བསྐུལ་དང་ལེན་གྱིས་བཙན་བྱོལ་བོད་གཞུང་གི་ལས་རིགས་ཁག་གི་ནང་དུ་གང་འགྱོགས་སྒོས་ཞུགས་ནས། རང་གི་ཤེས་འཇོན་ལྟར་བོད་དོན་རླབས་ཆེན་སྒྲུབ་དགོས་པ་ནི། རྒྱལ་སྤྱིའི་དུས་བབ་ཀྱིས་སྤྲད་པའི་སོ་སོ་མི་ཚེའི་ལས་འགན་རེད་ལ་ཤི་གསོན་བོད་འབངས་ཡོངས་ཀྱི་རེ་བ་ངོ་མ་ཡང་འདི་རེད། དེར་བརྟེན་བདག་གིས་ཀྱང་བོད་གཞུང་གི་ལས་རིགས་སུ་ཞུགས་ཏེ། དངོས་ཤུགས་བརྒྱུད་གསུམ་ནས་ཞབས་འདེགས་གང་ནུས་ཉིན་ལྟར་ཞུ་བཞིན་ཡོད་ལ། ད་དུང་བཙན་བྱོལ་བོད་གཞུང་གི་ལས་ཁང་ཁག་ལ་ངེས་པར་དུ་ཐབས་ཇུས་ལ་མཁས་པའི་ཤེས་འཇོན་ཅན་གྱི་བོད་མི་མང་པོ་ཡོད་དགོས་པ་འདི་གལ་གནད་ཤིན་ཏུ་ཆེ་བར་མཐོང་།

    གལ་ཏེ་བཙན་བྱོལ་བོད་གཞུང་གིས། ཐབས་ཇུས་ལ་མཁས་པའི་ཤེས་འཇོན་ཅན་གྱི་བོད་མི་རྣམས་ལ། མཐོང་ཆུང་གིས་མཐོ་གནོན་དང་འབུར་འཇོམས་བྱས་ནས། ལས་གནས་མི་སྤྲད་པ་དང་ཐབས་ཇུས་གོང་འཕེལ་ཀྱི་བྱ་འགུལ་སྣ་ཚོགས་པ་ཞིག་སྤེལ་མ་བཅུག་ན། ང་ཚོའི་བོད་གཞུང་འདི་སྔར་གྱི་ལོ་རྒྱུས་རྙིང་པ་བཞིན་འཕེལ་མེད་སོར་གནས་དང་ནུས་མེད་ཉམས་རྒུད་ནས་རྩ་མེད་དུ་འགྲོ་ངེས་ཡིན་པ་ཀུན་གྱི་ཤེས་གསལ་རེད།

    ད་ལྟ་བཙན་བྱོལ་བོད་གཞུང་གིས་ཛ་དྲག་གིས་བསྒྲུབ་དགོས་པའི་བྱ་བ་གལ་ཆེན་ཞིག་ནི། ༼བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས༽ཚད་ལྡན་ཕུན་སུམ་ཚོགས་པ་ཞིག་མྱུར་དུ་གསར་འཛུགས་བྱེད་རྒྱུ་འདི་རེད།

    ཤེས་རབ་གསལ་ཞིང་ཉམས་མྱོང་ཆེ་བའི་བོད་རིགས་ལྷག་བསམ་ཅན་རྣམས། བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིར་གང་འགྱོགས་ཕྱོགས་གཅིག་ཏུ་བསྡུས་ནས། འཆར་གཞི་ཡོད་པའི་སྒོ་ནས་ཉམས་ཞིབ་སྡེ་ཚན་དུ་མ་རྩ་འཛུགས་བྱས་ཏེ། ཞིབ་འཇུག་པ་རྣམས་ཀྱིས་ཉིན་ལྟར་ཆུ་ཚོད་བརྒྱད་རེ། བློ་དང་རིག་པ་སྣ་ཚོགས་པས་བོད་ཀྱི་རྒྱ་ཆེའི་ལས་དོན་སྤྱི་ལ་ཞིབ་དཔྱོད་བྱེད་རྒྱུ་དང་། ཡང་སྐབས་རེ་བློ་སེམས་རྩེ་གཅིག་གིས་ཟབ་མོའི་ལས་དོན་དམིགས་བསལ་ལ་ཞིབ་འཇུག་མཐར་ཕྱིན་པ་བྱས་ནས་ཐབས་ཇུས་ཀྱི་བསྡོམས་རྩིས་ཐོབ་པར་བྱེད་བཅུག་དགོས།

    བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིའི་ལས་འགན་ནི། བོད་གངས་ཅན་ལྗོངས་ཀྱི་ཆོས་ལྡན་མི་རིགས་འདིའི། གནས་སྐབས་དང་མཐར་ཐུག་གི་དམིགས་ཡུལ་རྣམས་སྒྲུབ་ཐུབ་པའི་མཐུན་རྐྱེན་དུ། གོ་རིམ་ཡོད་པའི་འཆར་གཞི་དང་། ཕན་ནུས་ཆེ་བའི་ཐབས་ཇུས། སྣ་ཚོགས་མཉམ་འབྲེལ་ཀྱི་ལས་འགུལ་སོགས་དུས་ཐོག་ཏུ་བོད་གཞུང་གི་ལས་རིགས་སོ་སོའི་ལས་བྱེད་པ་རྣམས་ལ་ཐབས་ཇུས་བསླབ་སྟོན་དང་གནས་ཚུལ་མཁོ་འདོན་བྱེད་རྒྱུ་དེ་ཡིན།

    བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིའི་མེད་ན་མི་རུང་བའི་འབྲེལ་ཡོད་ལས་ཁང་གལ་ཆེན་ཞིག་ནི། ཕྱི་ནང་གི་དགོས་ངེས་གནས་ཚུལ་རྣམས་འཚོལ་སྡུད་ཐུབ་པའི་༼བོད་ཀྱི་ཆེས་མཐོའི་གསང་བའི་ལས་ཁང༽ཞིག་ཡོད་དགོས་ལ། བོད་ཀྱི་ཆེས་མཐོའི་གསང་བའི་ལས་ཁང་འདིས་ངེས་པར་དུ་གནས་ཚུལ་མཁོ་སྤྲོད་བྱེད་ཐུབ་པའི་མི་སྣ་སྤྱང་གྲུང་འཛོམས་པ་མང་པོ་སྦྱོང་བརྡར་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའམ་སྒེར་བ་རྣམས་དང་། འབྲེལ་བ་མངོན་ལྐོག་གཉིས་ནས་བྱས་ཏེ་འབྲེལ་ཡོད་དགོས་ངེས་ཀྱི་གནས་ཚུལ་རྣམས་དུས་ཐོག་ཏུ་རག་ཐུབ་པ་བྱེད་དགོས།

    འདིར་ངེས་པར་དུ་ཤེས་དགོས་ཞིག་ནི།

    བོད་ནི་རྒྱ་ནག་གི་ཆ་ཤས་ནམ་ཡང་བྱེད་མ་མྱོང་ལ། བོད་ནི་རང་བཙན་ཆ་ཚང་ཡོད་པའི་རྒྱལ་ཁབ་གཅིག་ཡིན་པ་ནི་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད་པས། སུས་ཀྱང་ལོ་རྒྱུས་ལ་འགྱུར་བ་བཏང་མི་ཐུབ། རྒྱ་དམར་གྱིས་བསམ་བཞིན་བོད་ལ་བཙན་འཛུལ་བྱས་ནས་བོད་ཡུལ་རྒྱ་ནག་གི་མི་སེར་སྤེལ་ཡུལ་བྱེད་བཞིན་པ་ནི། རྒྱ་སྤྱིའི་ཁྲིམས་དང་ཡོངས་སུ་འགལ་བའི་ཉེས་སྤྱོད་ཚབས་ཆེན་ཞིག་རེད། དེར་བརྟེན་བོད་མི་དམངས་རྣམས་ལ་བོད་རང་དབང་རང་བཙན་རྩོད་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་ལ། བོད་མི་དམངས་རྣམས་ལ་རང་དབང་རང་བཙན་རྩོད་རྒྱུ་ནི་དུས་རབས་ཀྱིས་སྤྲད་པའི་ལས་འགན་ཞིག་ཡིན།

    འོན་ཀྱང་གོང་ས་སྐྱབས་མགོན་ཏཱ་ལའི་བླ་མས། རྒྱ་བོད་མི་རིགས་ཕྱོགས་གཉིས་ཀྱི་གནས་སྐབས་དང་ཡུན་རིང་གི་ཞི་བདེའི་ངང་མཉམ་གནས་ཡོང་ཆེད། ཕྱོགས་གཉིས་ལ་ཕན་པའི་དབུ་མའི་ལམ་གྱི་ཐབས་ཇུས་ལ་བརྟེན་ནས་རྒྱ་བོད་གྱི་འགལ་ཟླ་རྣམས་བསལ་ཐུབ་པའི་དགོངས་ཚུལ་གསུངས་ཡོད། དབུ་མའི་ལམ་ཐབས་ཇུས་ནི་སྔར་བྱུང་ལོ་རྒྱུས་རྣམས་བྱུང་ཚར་བ་ཞིག་ཡིན་པས་རྩོད་ལེན་མི་བྱེད་པ། གཙོ་ཆེ་ཤོས་ཕྱིས་འབྱུང་རྒྱ་བོད་མི་རིགས་གཉིས་ཞི་བདེ་ཡུན་གནས་ཡོང་བའི་ཕྱིར། རྒྱལ་བ་རིན་པོ་ཆེས་ཐུགས་བརྩེ་བས་རླབས་ཆེན་གྱི་དགོངས་པ་དབུ་མའི་ལམ་གྱི་ཐབས་ཇུས་འདི་སྟོན་ཡོད་པ་ལས། ལོ་རྒྱུས་ཐོག་བོད་རང་བཙན་མིན་པས་དབུ་མའི་ལམ་འདི་སྟོན་པ་ཞིག་མ་རེད།
    འོན་ཀྱང་ཤེས་ལྡན་ཁང་གསར་རྡོ་རྗེས། ད་ལྟའི་རྒྱ་ནག་དམར་པོའི་གཞུང་འདི་ལ་གཞི་རིམ་གྱི་འགྱུར་བ་ཧ་ཅང་ཆེན་པོ་ཞིག་མ་སོང་གི་བར་དུ། རང་བཙན་དང་རང་སྐྱོང་གཉིས་ཕར་བཞག ལྷ་ས་གྲོང་ཁྱེར་གྱི་ས་ཆ་ཆུང་ཆུང་དེ་ཙམ་ཞིག་ཀྱང་བདག་ཅག་ལ་རྩ་བ་ནས་སྤྲོད་ཀྱི་མ་རེད། སྤྲད་ཀྱང་ཡུན་རིང་གནས་ཀྱི་མ་རེད། ནམ་རྒྱ་ནག་དམར་པོའི་གཞུང་འདི་འཐོར་བ་ན། དེ་དུས་རང་བཙན་དང་རང་སྐྱོང་གཉིས་ཀ་ལ་གོ་སྐབས་འདྲ་མཉམ་དུ་ཡོད་པ་རེད། གསུངས་པ་ལྟར་ང་ཚོས་ཞུམ་པ་མེད་པའི་སྙིང་སྟོབས་དང་ལྷག་བསམ་རྣམ་དག་གིས་སྔར་ལས་ལྷག་པའི་ཞིབ་འཇུག་དང་། སྔར་ལས་ལྷག་པའི་འཆར་གཞི་དང་། སྔར་ལས་ལྷག་པའི་ཐབས་ཇུས་དང་། སྔར་ལས་ལྷག་པའི་ལས་འགུལ་སྣ་ཚོགས་ཞིག་བོད་འབངས་ཡོངས་ཀྱི་མངོན་འདོད་མ་འགྲུ་བར་དུ་ཕྱོགས་ཀུན་ནས་གཏིང་ཟབ་སྤེལ་དགོས་སོ།

    Reply
  15. གཡག་རྒོད says:
    ལོ་ 15 སྔོན།

    ཁང་རྡོར་དང་ལྷ་སྐྱབས་ཀྱི་རྩོད་པ་འདི་ལ་དངོས་གནས་ཀློག་རིན་འདུག ཁུང་རྣམས་པ་གཉིས་ཀྱི་སེམས་ཁུར་བྱེད་སའི་གཞི་ཅུང་ཟད་མི་
    འདྲ་བ་ལས། རིག་ལམ་དང་གནས་ལུགས་ཀྱི་ཆ་ནས་གཉིས་ཀ་འདྲ་འདྲ་རེད། ང་ལྟ་བའི་ཀློག་མཁན་རྣམས་ལ་བསམ་བློའི་ཁ་ཕྱོགས་གསར་བ་
    མང་བོ་ཕྱོགས་གཉིས་ནས་རེག་གི་འདུག་པས། རྕོད་པ་མུ་མཐུད་ནས་གནང་རོགས།

    Reply
  16. སྡེ་དགེ་བ་འཇིགས་མེད་ཡེ་ཤེས་རྡོ་རྗ says:
    ལོ་ 15 སྔོན།

    བོད་ནི་རྒྱ་ནག་གི་ཆ་ཤས་ནམ་ཡང་བྱེད་མ་མྱོང་ལ། བོད་ནི་རང་བཙན་ཆ་ཚང་ཡོད་པའི་རྒྱལ་ཁབ་གཅིག་ཡིན་པ་ནི་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད་པས། སུས་ཀྱང་ལོ་རྒྱུས་ལ་འགྱུར་བ་བཏང་མི་ཐུབ། རྒྱ་དམར་གྱིས་བསམ་བཞིན་བོད་ལ་བཙན་འཛུལ་བྱས་ནས། བོད་ཡུལ་སྟོད་སྨད་བར་གསུམ་རྒྱ་ནག་གི་མི་སེར་སྤེལ་ཡུལ་བྱེད་བཞིན་པ་ནི། རྒྱ་སྤྱིའི་ཁྲིམས་དང་ཡོངས་སུ་འགལ་བའི་ཉེས་སྤྱོད་ཚབས་ཆེན་རེད། དེར་བརྟེན་བོད་མི་དམངས་རྣམས་ལ། བོད་རང་དབང་རང་བཙན་རྩོད་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་ལ། བོད་མི་དམངས་རྣམས་ལ་རང་དབང་རང་བཙན་རྩོད་རྒྱུ་ནི་དུས་རབས་ཀྱིས་སྤྲད་པའི་ལས་འགན་ཞིག་ཡིན།

    འོན་ཀྱང་གོང་ས་སྐྱབས་མགོན་ཏཱ་ལའི་བླ་མས། རྒྱ་བོད་མི་རིགས་ཕྱོགས་གཉིས་ཀྱི་གནས་སྐབས་དང་། ཡུན་རིང་གི་ཞི་བདེའི་ངང་མཉམ་གནས་ཡོང་ཆེད། དབུ་མའི་ལམ་གྱི་ཐབས་ཇུས་ལ་བརྟེན་ནས་རྒྱ་བོད་གྱི་འགལ་ཟླ་བསལ་ཐུབ་པའི་དགོངས་ཚུལ་གསུངས་ཡོད། དབུ་མའི་ལམ་གྱི་ཐབས་ཇུས་ནི་སྔར་བྱུང་ལོ་རྒྱུས་རྣམས་བྱུང་ཚར་བ་ཞིག་ཡིན་པས་རྩོད་ལེན་མི་བྱེད་པ། གཙོ་ཆེ་ཤོས་ཕྱིས་འབྱུང་རྒྱ་བོད་མི་རིགས་གཉིས་ཞི་བདེ་ཡུན་གནས་ཡོང་བའི་ཕྱིར། རླབས་ཆེན་གྱི་དགོངས་པ་དབུ་མའི་ལམ་གྱི་ཐབས་ཇུས་འདི་སྟོན་ཡོད་པ་ལས་་

    Reply
  17. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    Various views are need for a country.It could be a kind of slave system if withought different views and values in a country.Therefore,please work it out with your view but not only waste pepers and spaces.

    Reply
  18. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    Various views are need for a country.It could be a kind of slave system if withought different views and values in a country.Therefore,please work it out with your view but not only waste pepers and spaces.

    Reply
  19. གཡང་ལགས། says:
    ལོ་ 15 སྔོན།

    ཆབ་བྲག་སྤྱི་འཐུས་མ་ཡིན་ན་ཁང་གསར་གྱིས་ལན་འདི་དག་འབྲི་ཨེ་ཡོང་བསམ་པ་ཞིག་འདུག གང་ལགས་ཟེར་ན་སྲིད་དོན་ཐད་ཁོང་གཉིས་ཀྱི་རྣམ་དཔྱོད་བར་ཐག་མདོ་སྨད་ནས་སྟོད་ལུང་བར་དུ་ཆོད་པ་ལྟ་བུ་འདུག་ལ། ཁང་གསར་གྱིས་བཀྱོན་པའི་ལན་དེ་དག་ཆབ་བྲག་གིས་གོ་བ་ཡང་ཡག་པོ་ཞིག་ལོན་ཨེ་ཡོང་སྙམ་པ་ཞིག་འདུག གང་ལྟར་ཀྱང་། རྒྱ་ནག་དམར་གཞུང་འདིས་བོད་པ་རྣམས་རྒྱ་མིར་མ་འགྱུར་བར་དུ་གཉའ་གནོན་བྱེད་སྲིད་པ་ལས། བོད་མི་རིགས་འདི་ཉིད་འཚོ་གནས་ལ་ཕན་པའི་ཁེ་དབང་གང་ཡང་སྤྲོད་མི་སྲིད། ཧོང་ཀོང་ལྟ་བུ་ཡང་སྔར་རང་དབང་ཡོད་ཀྱང་ད་ལྟ་རྒྱ་གཞུང་འོག་ཏུ་ཚུད་པ་ནས་བཟུང་ལམ་ལུགས་མི་འདྲ་བའི་མིང་ཞིག་འཁུར་རྒྱུ་ཡོད་ཀྱང་ཉིན་རེ་བཞིན་དུ་རང་དབང་ལ་ལྟང་འཛིན་བྱེད་བཞིན་ཡོད་པ་རེད། གཞན་ཡང་རྒྱ་མི་རིགས་འདི་ཁ་གནག ཁོག་རྩུབ། གཡོ་མང་། ལོ་རྒྱུས་ཐོག་རང་སྐྱ་འཕེལ་བའི་མི་རིགས་ཇི་ཙམ་ཞིག་རྒྱ་བསྒྱུར་བྱས་འདུག རིག་གནས་མི་འདྲ་བའི་དབང་གིས་བོད་རྒྱ་གཉིས་ཀྱི་བར་དུ་ཁོག་པ་ལོན་དགོས་བྱུང་ན་སྤྱང་ཀི་དང་ལུག་གཉིས་ཀྱི་བར་དུ་གཉིས་ཀས་ཁས་ལེན་རུང་བའི་གནས་ལུགས་ཞིག་འཚོལ་དགོས་པ་དང་ཨ་ན་མ་ན་རེད། སྤྱང་ཀིའི་མིག་ཏུ་ལུག་ནི་ནམ་ཡང་བཟའ་བྱ་ཡིན་པ་དང་། རང་ཉིད་ལས་སྟོབས་གཞན་པ། རང་གིས་གང་འདོད་བཀོལ་ནུས་པ་ཞིག་ཏུ་བརྩི་བ་ལས་རང་དང་ཐོབ་ཐང་གཅིག་པའི་སེམས་ཅན་ཞིག་ཏུ་བརྩི་མི་སྲིད། འོན་ཀྱང་ལུག་རྣམས་ནི། སྐབས་རེ་སྤྱང་ཀིས་བཅོས་མའི་འཛུམ་སྟོན་པ་དང་གོ་སྐབས་འཚོལ་བའི་ཁྲོད་དུ་དམའ་དམའ་ཞུམ་ཞུམ་འགའ་བྱེད་པ་ལ་བློ་འཁྲུལ་སྲིད་པ་ནི་ཉེན་ཁ་རེད།

    Reply
  20. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    དཔྱོད་ལྡན་གསར་བརྗེ་སྐྱབས་ཀྱིས་ལྷ་མོ་སྐྱབས་ལགས་སུ་ཕུལ་བའི་ལན་འདི་རེད།

    སྤྱིར་བཏང་ཁ་སང་ནས་ནག་མོ་ཅོ་མཛིང་ལྟ་བུའི་ཁ་རྩོད་ཚིག་འདི་མཚམས་བཞག་ན་འདོད་སོང་། དེ་ལྟར་མཚམས་འཇོག་འདོད་ཀྱི་མཇུག་བསྡུ་ཞིག་ཀྱང་འབྲི་ཁུལ་བྱས་ནས་མཆན་བུ་བཏབས་ཡོད། དེ་རིང་འདིར་རྒན་ལགས་ཀྱིས་ཁང་གསར་ངེད་གཉིས་ཀྱི་མིང་གི་བཟུང་ནས་ཕྱག་རྩོམ་ཕེབས་འདུག གུས་མེད་དུ་མི་འགྲོ་ཆེད་གཤམ་ལ་ཡང་བསྐྱར་བསམ་ཚུལ་འགའ་འབུལ་བར་བརྩོན།

    ༡༽གནས་ལུགས་རྒྱུ་མཚན་ཟེར་བ་དེ་མཐར་གཏུགས་ན་གནས་སྟངས་རེད་འདོད། དངོས་ཡོད་གནས་སྟངས་ལས་ལྷག་པའི་གནས་ལུགས་རྒྱུ་མཚན་ཞིག་དང་། བདེན་པ་རྡོག་རྡོག་ཟེར་བ་ཞིག་ཡོད་སྟངས་མེད་པ་ཞིག་རེད། མ་གཞི་ནས་རྒན་ལགས་ནང་བཞིན་ལྟ་གྲུབ་གླེང་བའི་གཞུང་ལུགས་སྟེ། དཔེ་དེབ་དང་ཡིག་ཆའི་གསེང་ནས་གནས་ལུགས་རྒྱུ་མཚན་དང་བདེན་པ་འཚོལ་བའི་དུས་ཚོད་དེ་སྔ་ས་ནས་ཡོལ་ཚར་བ་རེད། དངོས་ཡོད་གནས་སྟངས་ཀྱིས་སྟོང་བའི་གནས་ལུགས་རྒྱུ་མཚན་གང་ཡིན་ཡང་མཐར་གཏུགས་ན་གནས་ལུགས་མ་རེད་ལ། རྒྱུ་མཚན་ཡང་མ་རེད། བདེན་པ་ནི་དེ་བས་ཀྱང་ག་བ་ག་བ།

    ༢༽རང་བཙན་དང་ལམ་དབུ་མ་གཉིས་འགལ་བ་ཡིན་སྟངས་ངོ་བོའི་སྒང་ནས་གསུངས་འདུག རྒྱལ་ཁབ་གསར་འཛུགས་དང་རྒྱལ་ཁབ་བློས་གཏོང་གི་ཐད་ནས་གསལ་བོར་གསུངས་འདུག འདི་ཡང་ལྟ་གྲུབ་དང་གཞུང་ལུགས་བར་གྱི་འགལ་ཟླ་ཞིག་མ་གཏོགས། དངོས་ཡོད་གནས་སྟངས་སྟེ། བོད་དོན་དང་བོད་མིའི་མངོན་འདུན། རྒྱ་ནག་གི་ངོས་འཛིན་སོགས་ཀྱི་སྟེང་ནས་འགལ་ཟླ་གང་ཡང་མེད། རང་བཙན་བརྩད་ན་རེད། ལམ་དབུ་མར་ཞུགས་ནའང་རེད། འདི་གཉིས་གང་ཡིན་ཡང་བོད་དོན་ཡིན་པ་དངོས་ཡོད་གནས་སྟངས་རེད། བོད་མི་ཚོའི་རང་བཙན་ལ་འདོད་མོས་ཡོད་པ་དང་། ལམ་དབུ་མ་བརྒྱུད་ནས་རང་སྐྱོང་ཚད་ལྡན་ཞིག་རེག་པར་འདོད་བཞིན་པའང་དངོས་ཡོད་གནས་རེད། ང་ཚོས་ལམ་དབུ་མ་ཟེར་ནས་ལྟ་གྲུབ་དང་གཞུང་ལུགས་ཀྱི་འགྲེལ་བརྗོད་དང་གསལ་བཤད། དེ་བཞིན་འབྲེལ་མོལ་རིམ་པ་ག་ཚད་བྱས་ཀྱང་རྒྱ་ནག་གིས་དེ་ནི་རང་བཙན་རང་རེད་ཟེར་བཞིན་པ་འདི་ཡང་དངོས་ཡོད་གནས་སྟངས་རེད། ལྷག་པར་དུ་འབྲེལ་མོལ་ཐེངས་དགུ་བའི་རྗེས་རྒྱ་ནག་གིས་བོད་རིགས་ཡོངས་ལ་རང་སྐྱོང་ཡོང་ཐབས་ཀྱི་ཡིག་ཆ་དེ་དོན་ཚན་བདུན་གྱི་སྒང་ནས་རང་བཙན་དང་། རྣམ་པ་འགྱུར་བའི་རང་བཙན། ཕྱེད་རང་བཙན་ཡིན་ཚུལ་ང་ཚོའི་མིག་གིས་རིག་ས་དང་རྣ་བས་གོ་ས་ནས་གསལ་བསྒྲགས་བྱས་ཡོད། ད་བར་དུ་ང་ཚོས་འདི་གཉིས་ལ་འགལ་ཟླ་ཡོད་ཚུལ་གང་གླེང་བ་རྣམས་བཙན་བྱོལ་སྤྱི་ཚོགས་ནང་གི་རྩོད་གླེང་ཞིག་ལས་བོད་རྒྱའི་བར་གྱི་རྩོད་གླེང་ཞིག་མ་རེད། དེ་ཡང་གཙོ་བོ་དེ་གཉིས་ཀྱི་ལྟ་གྲུབ་དང་གཞུང་ལུགས་རྐྱང་བའི་སྒང་ནས་གླེང་བ་མ་གཏོགས། གནས་སྟངས་རང་གི་སྟེང་ནས་སུས་ཀྱང་གླེང་ཡོད་པ་མ་རེད་ལ། གླེང་ཤེས་སྟངས་ཀྱང་ཡོད་པ་མ་རེད།

    ༣༽རྒན་ལགས་ཀྱིས་ཨུ་ཚིགས་བསྐྱོན་གི་འདུག ལམ་དབུ་མ་གང་ཟག་གི་ཆེ་མཐོང་སྒང་ནས་ཡོང་བ་ལས་དོན་ལ་རྟོན་པའམ་ངེས་ཤེས་གསལ་བོ་ཆགས་ནས་ཡོང་མེད་པ་དངོས་ཡོད་གནས་ཚུལ་རེད། འདི་ལ་ངས་གསལ་བཤད་འབྲི་དགོས་དོན་མི་འདུག གསལ་གསལ་ལྷང་ལྷང་རེད་འདོད། གང་ལྟར་རྒན་ལགས་གནོད་ས་དེ་ཁང་གསར་ལགས་ཀྱིས་དབུ་མ་དང་པོ་འདོན་འཇམ་དབྱངས་ནོར་བུ་ཡིན་ན་ཞེས་པའི་དཔེ་འཇོག་དེ་རེད། རང་ཉིད་འདོད་པ་མེད་ས་དང་གནོད་ས་ཞིག་ཡོང་སྐབས་རྒྱུ་མཚན་བཙལ་ནས་ཨུ་ཚིགས་བསྐྱོན་པ་འདི་ལ་གསལ་བཤད་བྱས་ཀྱང་འགྲོ་ས་མེད་པ་གསལ་བོ་རེད།

    ༤༽བདག་གཞན་མཉམ་བརྗེ་ཟེར་བ་དེ་ཚོ་ངོ་མས་རྒྱ་ཆེན་པོ་དང་གཏིང་ཟབ་པོ་རེད། རྒྱ་ཅི་ཙམ་ཆེ་ཞིང་གཏིང་ཇི་ཙམ་རིང་བ་དེ་ཙམ་གྱིས་མིའི་རྣམ་དཔྱོད་དང་དང་ལེན་སོགས་ཀྱི་སྒང་ནས་ཡོང་ཐབས་ཁག་པོ་རེད། རྒྱ་རིགས་སྤུན་ཟླ་ཟེར་བ་དེ་ཡང་ཚད་མཐོན་པོ་དེ་ཚོས་བཤད་རྒྱུ་ཞིག་རེད་མ་གཏོགས་བོད་དང་བོད་མི་རིགས། རང་ཉིད་བོད་པ་ཞིག་གི་དགའ་སྡང་ཆགས་ཞེན་གྱི་ངོས་ནས་ཚད་དེ་འདྲ་ཞིག་ལ་སླེབས་ཐབས་ཁག་པོ་རེད། ང་ཚོའི་དབུ་ཁྲིད་དང་། རྒྱ་རིགས་དམངས་གཙོ་དོན་གཉེར་བའམ་ཤེས་ཡོན་ཅན་ཚོས་རྩོམ་ཡིག་རེ་ཟུང་གིས་རྒྱ་རིགས་མང་ཚོགས་སྤྱིའི་བོད་ལ་དགའ་སྡང་ཆགས་ཞེན་གང་འདྲ་ཡོད་མེད་ཚབ་མཚོན་ཐུབ་གི་མ་རེད། ཁ་ཐུག་གི་སྐད་ཆའམ། དངོས་ཡོད་གནས་སྟངས་ཀྱི་སྒང་ནས་རྒན་ལགས་དང་ངེད་གཉིས་བསྡུར་བ་ཡིན་ནའང་། རྒྱ་རིགས་ཚོར་འབྲེལ་འདྲིས་དང་། འབྲེལ་ལམ། རྒྱུས་ལོན། དེ་མིན་ཕྱོགས་གང་ཐད་ནས་ང་བཟང་བ་གི་རེད་མ་གཏོགས་རྒན་ལགས་ཡག་གི་མ་རེད། རྟོག་པ་མཐོན་པ་བྱས་ནས་གསུངས་ཀི་ཡོད་ན་གནས་ཚུལ་ལོགས་ཀ་རེད། འོན་ཏེ་རྟོག་པ་མཐོན་པོ་གནང་ས་ང་ཚོའི་ནང་ཁུལ་གྱི་ཁོར་ཡུག་འདི་མ་རེད། སྐུ་ཉིད་ལ་སྐད་ཡིག་གི་བཀག་རྒྱ་མེད་ན་བརྒྱུད་ལམ་ནི་ག་ཚད་དགོས་དགོས་རེད། ཐུགས་ལ་མ་གནོད་རོགས།

    ༥༽རང་བཙན་རྩོད་མཁན་དང་རང་བཙན་གླེང་མཁན་ཚོར་དཀར་འདོན་གནང་རོགས་ཞེས་རྒན་ལགས་དང་ལུང་རིགས་གཉིས་ཀར་ཞུས་ཡོད། དཀར་འདོན་གནང་སའང་ཁ་གསལ་བོ་བྱས་ནས་ཞུས་ཡོད། ཐ་ན་གང་གཉིས་ཀྱི་རྩོམ་ཡིག་སྔ་མ་དག་གི་ནང་སྤེལ་བའི་རྗོད་པའི་ཚིག་འགྲོས་གཅིག་བུའི་སྟེང་ནས་ཀྱང་དཀར་འདོན་གནང་དགོས་ས་མང་པོ་རེད། དཀར་འདོན་གནང་དང་མི་གནང་དེ་ཁྱེད་རྣམ་གཉིས་ཀྱི་རང་དབང་རེད་མ་གཏོགས་ངས་ཨུ་ཚིགས་གང་ཡང་བྱེད་ཀི་མིན།

    དེ་རིང་འདི་ཙམ་ཡིན། ཆུ་ཚོད་མི་འདུག ལས་ཀ་གཞན་པ་ཡོད།

    Reply
  21. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    བཅོས་ཀྱི་ཆེད་དུ་ཕུལ་བའི་བསམ་འཆར་གཅིག་ནོར་འདུག བྲེལ་བ་བྱས་ན་འདི་འདྲ་རེད། འདུག་སེ་བཅོས་རོགས། དོན་ཚན་༤༽ དུམ་མཚམས་གཉིས་པའི་མཇུག་དེར། 《དེ་ལ་དོན་ངོ་མའི་རང་སྐྱོང་ཟེར་ཡིན་དཀའ་བ་》 ཞེས་པ་དེ། 《དེ་དོན་ངོ་མའི་རང་སྐྱོང་ཡིན་དཀའ་བ་》 ཞེས་བཅོས་རོགས།

    དགོངས་འགལ་མེད་པ། རྩོམ་འདི་དུས་ཐུང་ནང་བྲིས་སྟབས་དག་ཆ་ནོར་འདུག ནམ་རྒྱུན་ངའི་གྲོགས་པོ་རྣམ་གླིང་བློ་གསལ་སོགས་ཀྱིས་རོགས་པ་གནང་གི་རེད། དེང་སྐབས་ཁོང་འདིར་བཞུགས་མེད།

    Reply
  22. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ཉིན་གུང་གི་བར་གསེང་དུ། འཁྱུག་ཙམ་བལྟ་རུ་ཡོང་བ་ཡིན། ཉིན་གུང་ཡོལ་རྗེས་ལས་ཀ་ཡོད་ལ། དེ་རྗེས་ངོ་ཤེས་ཁ་ཤས་དང་འཛོམས་དུས་བཟོས་ཡོད། གནད་དོན་ཁག་ལ་དེ་རིང་དགོང་མོ་ཆུ་ཚོད་ ༩།༡༠ ཙམ་ལ་གསལ་བཤད་ཞུས་ཆོག

    འཇིགས་བྲལ་བསྟན་འཛིན་ལགས། ཁྱེད་ཀྱི་བཀའ་མོལ་རྣམས་བཀླགས་པ་ཡིན། སྤྱིར་བཏང་ང་རང་ཡང་གཤིས་སྤྱོད་གཞན་དང་འདྲིས་དཀའ་བ་ཞིག་ཡིན། དགོས་གལ་བྱུང་ན་རིམ་པས་འབྲེལ་བ་བཙུགས་ཆོག

    ཅོ་རི་ཉི་མ་ལགས། དོན་གྱི་ཐོག་ཏུ་བབས་ནས་དགོངས་འཆར་གནང་རོགས། ང་ཚོ་དབུས་པ་ཚོ་ལ་གཏམ་དཔེ་ཞིག་ཡོད་རེད། ཆོས་ར་ལ་ཆོས་དང་། གཞས་ར་ལ་གཞས་ཟེར་གྱི་རེད། ད་འབྲེལ་ཡོད་གནད་དོན་རང་གི་སྒང་ལ་གསུངས་རོགས།

    ཡིག་ནོར་ཁ་ཤས་མཐོང་སོང་། རྩོམ་སྒྲིག་པས་ཞུ་བཅོས་ཤིག་ངེས་པར་གནང་རོགས།

    ༡》 ངས་འདི་ནས་བྲེལ་འཚབ་ཀྱིས་བྲིས་སྟབས་དབྱངས་མང་པོ་ཞིག་ཉིས་བརྩེགས་བྱུང་འདུག

    ༢》 དོན་ཚན་ ༣༽ པའི་ནང་གསེས་དོན་ཚན་གཉིས་པ། 《གཉིས་པ། ཏཱ་ལའི་བླ་མ་སྐུ་པྲེང་བཅུ་བཞི་པ་ཆེན་པོས་སྔ་མོ་མཛད་པའི་བདེན་གསོལ་སྨོན་ཚིག་གི་ནང་།》ཞེས་པའི་སྐུ་པྲེང་དེ་སྐུ་ཕྲེང་ལ་བཅོས་རོགས།

    ༣》 དོན་ཚན་༤༽ དུམ་མཚམས་གཉིས་པའི་མཇུག་དེར། 《དེ་ལ་དོན་ངོ་མའི་རང་སྐྱོང་ཟེར་ཡིན་དཀའ་བ་》ཞེས་པ་དེ། 《དེ་ལ་དོན་ངོ་མའི་རང་སྐྱོང་ཡིན་དཀའ་བ་》 ཞེས་བཅོས་རོགས།

    ༤》 དོན་ཚན་ལྔ་པའི་འགོ་དེར། 《ལས་འགན་ཆ་ཤས་ལ་ཆ་ཚང་མ་སྒྲུབ་པ་རེད། 》ཅེས་པ་དེ་《ལས་འགན་ཆ་ཤས་ལས་ཆ་ཚང་མ་སྒྲུབ་པ་རེད། 》ཅེས་བཅོས་རོགས།

    དྲྭ་རོགས་ཚོ། རྒྱབ་སྐྱོར་གནང་ནའང་འདྲ། དགག་པ་གནང་ནའང་འདྲ། དགོངས་འཆར་གསུངས་ནའང་འདྲ། དོན་དག་རང་གི་སྒང་ལ་གསུངས་རོགས། དེ་མིན་རང་ཅག་ཚང་མའི་དུས་ཚོད་དང་ནུས་པ་ཆུད་ཟོས་རེད། དོན་མེད་བཤད་བསྡད་པ་ལས་བོད་ནང་ས་ཡོམ་འོག་གྲོངས་པ་ཚོའི་ཆེད་མ་ཎི་ཁ་ཤས་བསགས་ན་ཡག་གི་རེད།

    Reply
  23. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཧཧཧཧཧའཇིགས་བྲལ་བ་ཁྱེད་ཀྱིས་བོད་སྤྱིའི་དོན་བཤད་དུས་ཡོད་ཚད་བློའི་གཏོང་ནས་བཤད་ཀྱི་ཡིན་གསུངས་མྱོང་ཡོད་པར་མ་ཡིན་ནམ། གོང་བླ་མ་ལ་ཐུག་ན་འདྲ་འོག་མོ་སེར་ལ་ཐུག་ན་འདྲ་དྲང་བདེན་བཤད་པར་འཇིགས་པ་བྲལ་ཞེས་པར་མ་ཡིན་ནམ། དེ་རིང་ཁང་གསར་དང་ལྐོག་འབྲེལ་བྱ་ནས་སྤྱིའི་དོན་བཤད་རྩིས་ཡོད་དམ།ཧཧཧཧཧཧཧཧཧ

    ཕོ་གཏམ་ལྕགས་ཀྱི་རི་བུ་འདི།
    སྔར་ལོར་བཤད་ཀྱང་ད་ལོར་ཡོད།
    མོ་གཏམ་ས་ལེ་སུ་ལ་དེར།
    སྔ་དྲོ་བཤད་ཀྱང་ཕྱི་དྲོ་མེད།་་་་་་་་་་ཟེར་བའི་གཏམ་རྒྱུས་དང་མི་འགལ་གནང་རོགས་ཞུ།

    Reply
  24. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ་ལགས། ཁྱོད་རང་ལ་ཁ་སྙན་གྱི་ངོ་བསྟོད་རྩ་བ་ནས་མིན། གཤམ་གྱི་སྐད་ཆ་འདི་དག་ལ་དགོངས་པ་བཞེས་ནས་ལན་ཞིག་གནང་རོགས།

    འདི་ལྟར་གནད་ལ་ཕིག་ཅིང་དོན་ལ་འབྱོར་བའི་བསམ་ཚུལ་འདི་ཚོ་ཀློག་དུས་བདག་གི་ཡིད་ལ་གསར་སྐྱེས་ནང་ད་དུང་བོད་མི་འདུག་ཨང་བསམ་ནས་སེམས་ཤུགས་འཕེལ་གྱི་འདུག བློ་སྐྱེད་ཐོབ་ཀྱི་འདུག

    གུ་ཡངས་དཀྱེལ་ཆེ་ཟེར་བ་ཞིག་བརྗོད་ཀྱི་འདུག་པ་འདི་འདྲ་ལ་ཟེར་བ་མིན་ནམ་སྙམ། འདི་ལྟར་ཁྱོད་ཉིད་ཀྱི་རྩོམ་ཡིག་འདི་དག་ཀློག་སྐབས་རང་ཉིད་ཀྱི་སེམས་ནང་དུ་ཡང་ཡང་འཁོར་བའི་དྲི་བ་མང་དག་ཅིག་ཁྱོད་རང་ལ་འདྲི་འདོད་སྐྱེ།

    དེང་སྐབས་ངས་བསམ་ཚུལ་རེ་འབྲི་སྐབས་ཁྱོད་རང་གི་བསམ་ཚུལ་དེ་ཚོ་ཡིད་ལ་འཁོར་གྱི་འདུག འདིའི་ཐད་ཁྱོད་རང་ལ་བསམ་ཚུལ་གང་ཡོད་ན་སེམས་ཀྱི་འདུག
    གནད་འགག་རེ་ལ་ཐུག་དུས་དྲི་བ་རེ་སླེབས་ཡོང་གི་འདུག བདག་གི་ཁོར་ཡུག་ན་ཡོད་པའི་རང་དང་འདྲ་བའི་གྲོགས་པོ་ཚོར་གྲོས་བསྡུར་རེ་བྱེད་ཀྱི་ཡོད།

    རིགས་པས་བདག་གི་སེམས་ཀྱི་འཛིན་ཕྱོགས་མང་པོ་ཞིག་འཆང་ཡུལ་མེད་པར་གཏོང་དུས་ང་རང་ཉིད་ལ་ཡིད་མུག་སྐྱེ་ཡི་འདུག ཡིན་ནའང་ངའི་སེམས་ན་རྒྱུ་ཞིང་སྙིང་ལ་ཉལ་བའི་དྲི་བ་སྐོར་ཅིག་ལ་ལན་བློ་ཡིད་ཚིམས་པ་ཞིག་ཐོབ་ཀྱི་མི་འདུག ངའི་དྲི་བ་འདི་ཚོ་དྲ་ཐོག་ནས་གླེང་རྩ་བ་ནས་ཤེས་ཀྱི་མི་འདུག

    ངའི་སྐད་ཆ་འདི་དག་ཨ་གསར་ཞིག་ཏུ་མ་དགོངས་རོགས། ང་ཁྱོད་རང་ལ་འབྲེལ་ལམ་ཞིག་འཛུགས་འདོད་ཆེ། གལ་ཏེ་དགག་བྱ་མེད་ན་མེད་ལན་ཞིག་གནང་རོགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese