མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་ཡོམ་ཁྲོད་མི་ ༧༦༠ བསད་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

སྐྱེ་རྒུ་མདོའི་ས་ཡོམ་གྱིས་མིི་ ༧༦༠ རྐྱེན་ལམ་དུ་བརྫངས་ཡོད་པ་དང་། དེའི་ཁྲོད་ད་ཕན་ཤེས་རྟོགས་ལྟར་ན་སློབ་ཕྲུག་ ༥༦ ཡོད་འདུག མི་ ༩༡༡༠ ལ་རྨས་སྐྱོན་ཕོགས་ཡོད་པར་མ་ཟད། ཤོར་ཉེན་ཡོད་པའི་གློག་འདོན་ཆུ་མཛོད་ཞིག་གིས་བོད་མི་ཚོར་དངངས་སྐྲག་འཕར་མ་ཞིག་སྤྲོད་ཀྱིན་ཡོད་འདུག་ཟེར།

ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པའི་ས་གནས་ཆུ་ཚོད་ ༧ དང་སྐར་མ་ ༤༩ སྟེང་མཚོ་སྔོན་ཡུལ་ཤུལ་སྐྱེ་རྒུ་མདོ་རུ་ས་ཡོམ་ཚད་རིམ་ ༧་༡ ཅན་ཞིག་བརྒྱབ་སྟེ་ཡུལ་དེའི་ཁང་ཁྱིམ་གྱི་བརྒྱ་ཆའི་ ༨༥ རྡིབ་བཤིག་ཏུ་གྱུར་ཏེ་མི་མང་པོ་རྐྱེན་ལམ་དུ་བཏང་ཡོད་པ་དང་། རྒྱ་ནག་ཤིན་ཧྭ་གསར་ཁང་གིས་དེ་རིང་གནས་ཚུལ་སྤེལ་བ་ལྟར་ན། མིའི་ཤི་གྲངས་  ༧༦༠ དང་། གར་སོང་ཆ་མེད་དུ་གྱུར་བ་ ༣༡༣། དུས་ཚོད་ ༢༤ རིང་བསྐྱབས་ཐུབ་པ་ ༩༠༠། རྨས་སྐྱོན་ཕོག་པའི་མི་གྲངས་ ༩༡༡༠   ལ་བུད་ཡོད་ལུགས་གསལ་བསྒྲགས་བྱས་འདུག

ཐེངས་འདིར་མྱུར་སྐྱོབ་པ་ ༥༠༠༠ དང་།  དེའི་ཁྲོད་དམག་མི་ ༧༠༠ ཡོད་འདུག མྱུར་སྐྱོབ་པ་མངཔོ་ཞིག་ད་དུང་ས་གནས་སུ་འབྱོར་ཡོད་མི་འདུག

ཡུལ་ཤུལ་ས་གནས་ནས་རེ་སྐུལ་ཞུས་པ་ལྟར་ན། རྒྱ་ནག་གཞུང་ངོས་ནས་གུར་ ༥༠༠༠ དང་། སྟོད་གོས་ ༥༠༠༠༠། ཉལ་ཆས་ ༥༠༠༠༠ བཏང་ཡོད་འདུག

ཚེ་རིང་འོད་ཟེར་ལགས་ཀྱི་དྲ་ཚིགས་སུ་གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིའི་ས་ཡོམ་གྱིས་ཡུལ་ཤུལ་ཁུལ་གྱི་ཤང་གྲོང་ ༩ ལ་གནོད་འཚེ་ཐེབས་ཡོད་པ་དང་། ས་གནས་ཁག་གི་སློབ་གྲྭའི་ཁང་བ་བརྒྱ་ཆའི་ ༧༠ རྡིབ་བཤིག་ཏུ་གྱུར་ཡོད་པར་མ་ཟད། གནོད་འཚེ་ཐེབས་མཁན་གཙོ་བོ་སློབ་གྲྭ་ཁག་ཡིན་ཚུལ་བརྗོད་ཡོད།  སྐྱེ་རྒུ་མདོའི་ནུབ་ཕྱོགས་ཀྱི་སྤྱི་ལེ་ ༡༠༠ མཚམས་སུ་ཡོད་པའི་གྲོང་རྡལ་ཞིག་ཏུ་གནོད་འཚེ་ཐེབས་པ་ཚབས་ཆེ་བ་དང་། གཞན་ད་ལྟ་གནོད་འཚེ་ཐེབས་ཡུལ་ཁག་ཏུ་མྱུར་སྐྱོབ་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པ་དང་། ནམ་ཟླ་ཧ་ཅང་འཁྱག་པའི་རྐྱེན་ཀྱིས་གྱོན་གོས་དང་སྡོད་ཁང་གི་དཀའ་ངལ་འཕྲད་ཀྱིན་ཡོད་པར་མ་ཟད། ད་ལྟའི་ཆར་ཡུལ་ཁུལ་དང་བར་ཐག་སྤྱི་ལེ་ ༨༠ མཚམས་སུ་དམག་མིས་ལྟ་རྟོག་འགག་སྒོ་བཙུགས་ཏེ་འབྲེལ་ཡོད་སྡེ་ཁག་གི་དཔང་ཡིག་མེད་མཁན་དག་ལ་འགོག་སྲུང་ནན་མོ་བྱེད་ཀྱིན་ཡོད་ཚུལ་བཀོད་འདུག

གནས་ཚུལ་འདིའི་ཐད་འདི་ག་གསར་ཁང་གིས་ཕ་ཡུལ་ཡུལ་ཤུལ་ནས་ཡིན་ཞིང་དེང་སྐབས་ངྷ་སར་གནས་སྡོད་དགེ་འདུན་ཆོས་འཕེལ་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས། ང་རང་གིས་ཤེས་རྟོགས་བྱུང་བ་ལྟར་ན་སྐྱེ་རྒུ་མདོ་རུ་ཡོད་པའི་ཁང་པའི་བརྒྱ་ཆ་ ༨༠ ལྷག་ས་འོག་ཏུ་ཐིམ་ཡོད་འདུག་ལ། གསར་ལམ་ཁག་ཏུ་མི་ ༤༠༠ ལྷག་འདས་གྲོངས་སུ་ཕྱིན་ཡོད་ཚུལ་བརྗོད་ཡོད་ནའང་། ང་རང་ཤེས་རྟོགས་བྱུང་བར་གཞིགས་ན་ད་ལྟའི་ཆར་མི་ ༥༠༠༠ ལྷག་འདས་གྲོངས་སུ་ཕྱིན་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག རྒྱ་ནག་གཞུང་གིས་གསར་ལམ་དུ་བཤད་པ་ལྟར་ན་ས་གནས་ས་ཐོག་ཏུ་དམག་མི་འབོར་ཆེན་བཏང་ཡོད་པའི་གནས་ཚུལ་བརྗོད་ཀྱིན་ཡོད་ཀྱང་། ང་རང་ཕ་ཡུལ་ནས་གནས་ཚུལ་འབྱོར་བ་ལྟར་ན་ས་ཡོམ་བྱུང་སྟེ་ཆུ་ཚོད་ ༨ ལྷག་འགོར་ནའང་མྱུར་སྐྱོབ་དམག་མི་གཅིག་ཀྱང་སླེབས་མེད་པར། བོད་མི་ཚོས་རང་ངོས་ནས་རྡིབ་བཤིག་ཏུ་གྱུར་པའི་ཁང་ཁྱིམ་དག་བསྔོགས་ཏེ་རང་གི་གཉེན་ཉེ་དང་གྲོང་པ་ཁྱིམ་འཚེས་བཙལ་བཞིན་ཡོད་ཚུལ་བརྗོད་བྱུང་ལ། སྐྱེ་རྒུ་དགོན་པའི་ནང་གྲྭ་པ་ཚོར་འདུ་ཁང་དུ་ཚོགས་འཚོགས་ཡོད་སྟབས། གྲྭ་པ་ཁག་ཅིག་འདས་གྲོངས་སུ་ཕྱིན་ཡོད་པར་མ་ཟད། དགོན་པའི་ཁང་པ་མང་པོ་ཞིག་གཏོར་བཤིག་བཏང་ཡོད་འདུག་ལ། ད་ལྟའི་ཆར་སྐྱེ་རྒུ་མདོའི་ནང་ཡོད་པའི་གློག་འདོན་ཆུ་མཛོད་ཞིག་ཡོད་པ་དེ་ཤོར་ཉེན་ཡོད་པའི་གནས་ཚུལ་ཡོད་སྟབས། བོད་མི་ཚོས་ས་ཡོམ་གྱི་གནོད་སྐྱོན་ལས་གཞན་པའི་དངས་སྐྲག་སྐྱེས་ཡུལ་འཕར་མ་ཞིག་ཆགས་ཡོད་འདུག་ཅེས་བརྗོད་བྱུང་།

ཕྱི་ཚེས་ ༡༤ ཉིན་འདི་གའི་གསར་འགོད་པ་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཕྱིན་ཏེ། དེར་ཡོད་ཡུལ་ཤུལ་ཁུལ་གྱི་སློབ་མ་ཁག་ཅིག་ལ་ཁོང་ཚོའི་ནང་མིའི་གནས་ཚུལ་གང་འདྲ་ཆགས་ཡོད་མེད་སྐོར་རྒྱུས་ལོན་བྱས་པར། དེར་ཡོད་ཡུལ་ཤུལ་ཁུལ་གྱི་སློབ་མ་ ༢༠ ལྷག་གི་ཁྲོད། དོན་འགྲུབ་དཔལ་ལྡན་གྱི་གཉེན་ཉེ་གསུམ་ཐེངས་འདིའི་ས་ཡོམ་ཁྲོད་འདས་གྲོངས་སུ་ཕྱིན་ཡོད་འདུག་ལ། གཞན་མིང་བརྗོད་འདོད་མེད་པའི་གྲོགས་པོ་ཞིག་གི་སྤུན་མཆེད་གཅིག་བཅས་འདས་གྲོངས་སུ་ཕྱིན་ཡོད་ཚུལ་བརྗོད་བྱུང་ལ། བསོད་ནམས་མཁས་གྲུབ་དང་ཀུན་དགའ། གསེར་འོད། དགེ་ལེགས་བཅས་སློབ་མ་ཁག་ཅིག་གིས་ད་ལྟའི་ཆར་ཡང་ནང་མིར་འབྲེལ་བ་བྱེད་ཐུབ་ཀྱི་མེད་པར་སེམས་ཁྲལ་གྱི་གནས་སུ་ལྷག་འདུག གཞན་ཡང་ངྷ་སར་གནས་སྡོད་དགེ་འདུན་པ་ཞིག་གི་ཉེ་འབྲེལ་ ༢༡ ཐེངས་འདིའི་ས་ཡོམ་གྱི་གོད་ཆག་ཁྲོད་འདས་གྲོངས་སུ་ཕྱིན་ཚུལ་བརྗོད་བྱུང་།

ཐེངས་འདིའི་བོད་ཁུལ་གྱི་ས་ཡོམ་གྱི་གོད་ཆག་ཐད་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཐུགས་གསོའི་འཚམས་ཕྲིན་དང་བསྔོ་སྨོན་མཛད་ཡོད་པ་དང་།  འཇར་མན་སྲིད་བློན་དང་། ཨུ་རུ་སུའི་སྲིད་འཛིན། པ་ཀི་སི་ཐན་གྱི་སྲིད་འཛིན་སོགས་ཀྱིས་ཐུགས་གསོ་མཛད་ཡོད། དེ་བཞིན་ཡུ་རོབ་མནའ་འབྲེལ་གྱི་ཚོགས་གཙོ་ཇོ་སི་མན་ནོལ་བྷ་ཝེལ་Jose Manuel Bavvoso ་དང་ཧྥ་རན་སི་ཕྱི་སྲིད་བློན་ཆེན་རྣམ་གཉིས་ནས་གལ་སྲིད་རྒྱ་ནག་གིས་རོགས་སྐྱོར་ལ་ངེས་ལེན་མོས་མཐུན་བྱས་པ་ཡིན་ན། ང་ཚོས་ངོས་ནས་གྲ་སྒྲིག་ཨང་གསར་ཡོད་སྐོར་བརྗོད་ཡོད་འདུག

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནི། མཚོ་སྔོན་ཞིང་ཆེན་གྱི་ལྷོ་ནུབ་ཀྱི་མཚམས་སུ་གནས་ཤིང་། ཁུལ་དེར་རྫོང་ཁག་ ༦ དང་ཤང་ ༤༧ ། གྲོང་སྡེ་ ༢༥༧ བཅས་ཡོད་ལ། བསྡོམས་མི་གྲངས་ཁྲི་༢༨་༣༡ ཡོད་པ་རེད།  ཐེངས་འདིའི་ས་ཡོམ་གྱི་ལྟེ་གནས་ནི་ཡུལ་ཤུལ་རྫོང་ར་སྟོད་ཤང་ཡིན་འདུག  གཞན་ཡང་། ཡུལ་ཤུལ་ཁུལ་ནི་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་ཡིན་པ་དང་། ཁུལ་དེར་རྒྱ་ནག་གིས་འཛུགས་བསྐྲུན་བྱས་པའི་ཆུའི་ཤོངས་ཚད་Kilowatt ཁྲི་ ༠་༤ ཅན་གྱི་ཆུ་གློག་ས་ཚུགས་ ༡༥ དང་། ཆུའི་ཤོངས་ཚད་ Kilowatt  ཁྲི་ ༠་༣༨༦ ཅན་གྱི་ཆུ་གློག་ས་ཚུགས་ ༢༦ གསར་འཛུགས་བྱས་ཡོད་པ་རེད།

ཚེ་རིང་འོད་ཟེར་ལགས་ཀྱིས་ཊི་ཝེ་ཊར་བརྒྱུད་ནས་བཤད་ན། ཡུལ་ཤུལ་སློབ་གྲྭ་ཞིག་ཏུ་དགེ་རྒན་རྣམས་ཀྱིས་སློབ་ཕྲུག་ ༦༡ སྐྱབས་འདུག་ཀྱང་། ད་དུང་སློབ་ཕྲུག་ ༢༠༠ ས་འོག་ཏུ་ལྷག་ཡོད་པར་བཤད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༨ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 86

  1. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཉིན་རེའི་ཏར་འཕྲིན་གྱི་གསར་འགོད་པ་ Malcolm Moore ལགས་ཀྱིས་སྐར་མ་ ༡༥ སྔོན་འདིར་ཡུལ་ཤུལ་ནས་ཊི་ཝེ་ཊར་བརྒྱུད་གནས་ཚུལ་བཤད་པ་ལྟར་ན། སང་ཉིན་ཆོས་ཕྱོགས་ཀྱི་མཛད་སྒོ་དག་སྒྲུབ་རྗེས་ཤི་བོ་དག་གི་བེམ་པོ་རྣམས་བྱ་ གཏོར་བྱ་རྒྱུ་ཡིན་ཚུལ་འདུག

    Reply
  2. འབྲི་འབྲོང་། says:
    ལོ་ 15 སྔོན།

    ད་རེས་སྐྱེ་དགུ་ས་ཡོམ་གྱིས་གོད་ཆག་ཁྲོད་དུ་གྲྭ་པ་ཚོས་དཀའ་ངལ་ལ་གངོང་ལེན་དང༌། སེམས་ཅན་ལ་སྙིང་བརྩེ་བའི་ཐོག་རང་གི་ལུས་སྲོག་འཕང་པ་རེད་པར་རོགས་རམ་གནང་བ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། གྲྭ་པ་ཚོ་ད་དུང་ད་རེས་ཙམ་མ་ཡིན་པར། བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ཡིན་ན་ཡང་སྔོན་ལ་འདུན་བསྐྱོད་བྱེད་མཁན་གྲྭ་པ་རེད། མི་ཤི་རྐྱེན་ཆག་ལ་སོགས་ལས་དོན་དཀའ་ཁག་ཆེ་སར་གདོང་ལེན་བྱེད་མཁན་གྲྭ་པ་རེད། ལོས་ཡིན་སངས་རྒྱས་བསྟན་པའི་རྗེས་འཇུག མཆོག་གསུམ་གྱི་ཡ་གྱལ། ཕྱག་བྱ་བའི་འོས་སུ་གྱུར་པ་དགེ་འདུན་རིན་པོ་ཆེ། ཤེས་ཡོན་དང༌། ཁོག་རྒྱ་ཆེ་བ། བློ་གཅིག་སེམས་གཅིག་འདི་ལྟར་ན། གྲྭ་པ་ནི་བོད་གངས་ཅན་པའི་བསྟན་པ་དང༌། ཆབ་སྲིད་དེ་བཞིན་སྤྱི་སྒེར་ཀུན་ཕན་ཐོག་ཆེ་བའི་བཀའ་དྲིན་ཅན་ཞིག་རེད་འདུག་སེམས།

    Reply
  3. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 15 སྔོན།

    ད་ལམ་སྐྱེ་རྒུ་མདོའི་ས་འགུལ་གོད་ཆག་དེའི་གནས་སྟངས་བརྙན་འཕྲིན་སོགས་ཀྱི་བརྒྱུད་ལམ་ནས་མཐོང་དུས་སྐྱོ་སྣང་ཧ་ཅང་བྱུང་། འོན་ཀྱང་རང་ཉིད་རྒྱང་གྲགས་ལེའུ་མང་པོའི་མཚམས་སུ་གནས་པའི་ཐོག་གནས་སྟངས་གཞན་གྱི་རྐྱེན་པས་བྱ་ཐབས་བྲལ། གོད་ཆག་བྱུང་ས་དེར་༸གོང་ས་མཆོག་ཞབས་སོར་འཁོད་ཐུབ་ན་ཚེ་འདས་རྣམས་ལ་ཕན་པ་སྨོས་མེད་ཐོག་མང་ཚོགས་སྐྱོ་གདུང་སངས་ངེས་ཡིན།

    Reply
  4. གཞིས་ལུས་བོད་པ། says:
    ལོ་ 15 སྔོན།

    གངས་ལྗོངས་གླེང་སྟེགས་དྲ་ཚིགས་སུ་གསལ་བ་ལྟར་ན། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གཅིག་པུས་ཀྲུང་སྒོར་ས་ཡ་གཅིག་དང་འབུམ་བདུན་༡༧༠༠༠༠༠གྱིས་ས་འགུལ་གྱིས་གནོད་འཚེ་ཐེབས་པའི་ཡུལ་ཤུལ་ས་ཆར་རོགས་སྐྱོར་བྱས་ཤིང་ད་དུང་ཐེངས་གཉིས་པ་ལའང་མུ་མཐུད་དུ་རོགས་སྐྱོར་བྱེད་འཆར་ཡོད་པར་བཤད་འདུག ཡང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྲི་བརྒྱད་ཅུའི་༨༠༠༠༠༠རོགས་སྐྱོར་བྱས་པར་བཤད་ཅིང་ད་དུང་མུ་མཐུད་དུ་བྱ་འཆར་ཡོད་པར་བཤད་འདུག

    Reply
  5. ར་ས་ཕོ་ཉ། says:
    ལོ་ 15 སྔོན།

    འདིར་བལྟོས་དང་། http://www.tibet123.com/bbs/viewthread.php?tid=14519

    Reply
  6. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    ལ་དང་རི་བོ་ག་ཚོད་མཐོ་ན་ཡང།
    ནམ་མཁའ་ས་གཞི་ག་ཚོད་ཆེ་ཡང་རུང།
    ཁྱེད་ཅག་སྤུན་ཟླ་བློས་བཏང་མི་ཐུབ་པས།
    ཡུལ་ཤུལ་བོད་མིའི་ཚེ་སྲོག་སྐྱོབ་ཆེད་འགྲོ།

    ཤ་དང་རུས་པ་ག་ཚོད་ཟད་ན་ཡང།
    དངུལ་དང་སྒོར་མོ་ག་ཚོད་རྫོགས་ཡང་རུང།
    ཁྱེད་ཅག་སྤུན་ཟླ་བློས་བཏང་མི་ཐུབ་པས།
    ཡུལ་ཤུལ་བོད་མིའི་ཚེ་སྲོག་སྐྱོབ་ཆེད་འགྲོ།

    རང་གི་ལས་དོན་ག་ཚོད་ཆེ་ཡང་རུང།
    གཞན་གྱི་དོན་དག་ག་ཚོད་ཆུང་ན་ཡང།
    ཁྱེད་ཅག་སྤུན་ཟླ་བློས་བཏང་མི་ཐུབ་པས།
    ཡུལ་ཤུལ་བོད་མིའི་ཚེ་སྲོག་སྐྱོབ་ཆེད་འགྲོ།

    སེམས་དང་སེམས་མཐུན་བོད་རིགས་སྤུན་ཟླ་རྣམས།
    ཤ་དང་ཁྲག་མཐུན་བོད་རིགས་སྤུན་ཟླ་རྣམས།
    གཅིག་རྒྱབ་གཉིས་ལང་ལག་པ་དཔུང་བསྒྲིལ་ནས།
    ས་ཡོམ་གནོད་སེལ་མྱུར་སྐྱོབ་བྱེད་དུ་འགྲོ།

    Reply
  7. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 15 སྔོན།

    བེམ་རོ་༤༠༠༠ལྷག་
    བཞི་ནོར་དགོངས་དག

    Reply
  8. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 15 སྔོན།

    ད་རེས་ཀྱི་དོན་རྐྱེན་ངན་པའི་འོག་ཏུ་མི་ཤི་ཚད་ངེས་གཏན་མེད་ནའང་རང་གི་སྤུན་མཆེད་ཤིག་གིས་དངོས་སུ་མཐོང་དང་ཧ་གོ་བ་ལྟར་ན་དེ་སྔོན་བེམ་རོ་བཞི་ལྷག་ཡོད་པ་དང་། ད་དུང་ས་འོག་ཏུ་ག་ཚད་ལུས་ཡོད་གསལ་རྟོགས་ཐུབ་མེད་ཅེས་ཁ་པར་འབྱོར་བྱུང། ཕ་མས་བུ་ཕྲུག་གར་ཡོད་མི་ཤེས་པ་དང་། བུ་ཕྲུག་གིས་ཕ་མ་ཅི་བྱུང་མ་ཤེས་པར་ལུས་འདུག་ལ། རྩ་སྟོང་དུ་སོང་བའི་མི་ཚང་ནི་ཉུང་ཉུང་ཞིག་གཏན་ནས་རེད་མི་འདུག ད་དགོན་པ་དང་སློབ་ཁང་དུ་མ་ཡང་མིང་གི་ལྷག་མར་གྱུར་སོང་འདུག་ཟེར། མཚམས་འདིར་ངས་ངེད་གོད་ཆགས་ཐེབས་པའི་ཡུལ་མི་ཚང་མས་ཚབ་ཞུས་ནས་ངེད་ཚོར་གདོང་སེམས་མཉམ་སྐྱེད་དང་སེམས་གསོ་གནང་མཁན་ཡོད་དོ་ཅོག་ལ་ཐུགས་རྗེ་གྲངས་མེད་ཞུ་གི་ཡིན། ཐུགས་རྗེ་བཀའ་དྲིན་ཆེ། ཐུགས་རྗེ་བཀའ་དྲིན་ཆེ། ཐུགས་རྗེ་བཀའ་དྲིན་ཆེ།་་་་་་་་་་་་་་་་་་་་་་་་་་་་་་

    Reply
  9. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    རྟག་ཏུ་སྤྱི་དོན་ཞལ་དུ་བསྣམས་པའི་གཞུང་གི་ལས་བྱེད་དང་སྔོན་གྱི་རྒྱལ་པོའི་ཕོ་བྲང་ལས་བརྗིད་པའི་བླ་བྲང་དང་དགོན་སྡེ་ཁག་གིས་སྣེ་ཁྲིད་དེ་གོད་ཆགས་ཕོགས་པའི་མི་རྣམས་ལ་ཟ་ཟིང་གི་རོགས་སྐྱོར་དང་དེ་དང་འབྲེལ་བའི་བྱ་བ་དངོས་སུ་གནང་ཐུབ་ན་དགོས་པའི་དུས་དང་འོས་པའི་དུས་ཤིག་རེད། དེ་མིན་བརྗིད་ཉམས་ལྡན་པའི་ཁང་བཟང་དབུས་ནས་ཅི་ཞིག་བཤད་ཡང་ཕན་ཐོགས་མེད།

    Reply
  10. མི་རྐང་གླིང་བུ། says:
    ལོ་ 15 སྔོན།

    མི་ཤི་གྲངས་ལ་ཧེ་བག་ཆེན་པོ་ཡོད་རེད། གསར་ལམ་ཁག་ཏུ་གཅིག་མཚུངས་ཤིག་སླེབས་ཐུབ་ཀྱིན་མེད་པ་རེད། གསར་འགྱུར་འགོད་མཁན་དང་ཀློག་མཁན་གཉིས་ཀས་འགོད་ཤེས་པ་དང་། ཀློག་ཤེས་བྱེད་དགོས་ནི་རེད། འགོད་མཁན་གྱིས་རང་ལ་ངེས་གཏན་མེད་ན། གསར་འགྱུར་གྱི་ཁུངས་ག་རེ་ཡིན་དེ་ཡིས་བཤད་པ་ལྟར་ན་ཟེར་ནས་འགོད་དགོས་ནི་རེད། ཀློག་མཁན་གྱིས་ཀྱང་དེ་ལྟར་ཡིད་འཛིན་དགོས་ནི་རེད། དེ་ལྟར་བྱས་ན་ཁྱོད་རྫུན་པ་རེད། ང་བདེན་པ་ཡིན་སོགས་ཀྱི་རྩོད་པ་ཡོང་དོན་མེད་པ་རེད། འདི་གལ་ཆེན་པོ་རེད། གསར་འགྱུར་ལ་ཡིད་ཆེས་ཡོང་བ་ཕན་ཐོག་ཡོད་པའི་དོན་དག་ཅིག་རེད།

    Reply
  11. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    སྐར་མདའ་ལགས་ཁྱེད་ཀྱང་ད་སྐབས་སེམས་སྐྱོ་གདུང་གིས་མནར་ཏེ་སྐད་ཆ་ཅུང་ཟད་འདྲ་མིན་བཤད་པ་ནི་དངོས་གནས་ཁག་མེད། དུས་བབས་གསར་འགོད་པ་ལའང་གཞི་གཟུང་ས་ཞིག་དང་གཞན་གྱི་སྐད་ཆ་ལ་ཉན་གིན་ཉན་གིན་གསར་བསྒྲགས་བྱེད་པ་ལས་རང་ཉིད་དངོས་སུ་ས་གནས་དེར་སླེབས་ཐུབ་མེད་པས་ཐབས་ཤེས་གཞན་མེད

    Reply
  12. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    ས་ཡོམ་གོད་ཆགས་འོག་ཏུ་མི་༧༦༠་ཤི་བའི་གནས་ཚུལ་གསར་ལམ་དུ་བསྒྲགས་འདུག་ཀྱང་དེ་ནི་དངོས་བདེན་གང་ཡང་མ་རེད། དཔེར་ན་ཁོ་བོའི་ངོ་ཤེས་དང་ཁྱིམ་མཚེས་གཡས་གཡོན་གཅིག་པུ་ནས་ཀྱང་མི་གྲངས་༢༠༠་ལྷག་ཤི་བའི་མིང་ཐོ་རྣམས་ཁོ་བོའི་གྲོགས་པོའི་ལག་ཏུ་འབྱོར་ནས་བསྔོ་ཞུ་འབུལ་བཞིན་འདུག སྐྱེ་རྒུ་མདོ་རུ་ཁ་པར་བརྒྱུད་ནས་འབྲེལ་བ་བྱེད་དུས་ཁོང་ཚོས་མི་༡༠༠༠༠ལྷག་ཙམ་ཤི་བའི་ཚོད་དཔག་བྱེད་ཀྱི་འདུག དེ་ནི་ཁོ་ཚོས་དངོས་སུ་མཐོང་བཞིན་པ་དང་ལས་ཀ་བྱེད་བཞིན་པའི་ཚོད་དཔག་ཅིག་རེད།

    Reply
  13. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    སྐར་མདའ་ལགས། གསར་འགྱུར་གྱི་ཁུངས་འདྲ་མིན་རེད། ད་ལྟའི་ཆར་གྲངས་ཀ་ལ་ངེས་གཏན་ཡོད་པ་མ་རེད། བོད་མི་ ༧༠༠༠ བསད་འདུག་ཅེས་པ་དེ་བོད་ནས་ཁ་པར་བརྒྱུད་འབྲེལ་ཡོད་མི་སྣར་བཤད་པ་རེད། ལོགས་སུ་འཇོག་དགོས་དོན་ཡང་དེ་རེད། ༧༦༠ ཞེས་པ་དེ་རྒྱ་ནག་གཞུང་གི་སྐད་ཆ་རེད། ད་དུང་གྲངས་གནས་མི་འདྲ་བ་དེ་འདྲ་ཡོང་གི་རེད། ཁྱོད་ལ་ཁུངས་དག་མོ་ཞིག་བཤད་རྒྱུ་ཡོད་དམ།

    ཤེས་མ་ཤེས་བར་ནས་སྐད་མ་བརྒྱབ་ན་ཡག་གི་རེད།

    Reply
  14. སྐར་མདའ། says:
    ལོ་ 15 སྔོན།

    ཁ་སང་དུས་བབ་གསར་འགོད་ཐོག་ཏུ་བོད་མི་༼བོད་མི་ ༧༠༠༠ འདས་གྲོངས་སུ་ཕྱིན་འདུག༽ཅེས་བཀོད་ཡོད་ལ།
    དེ་རིང་ ༼ས་ཡོམ་ཁྲོད་མི་ ༧༦༠ བསད་འདུག་ཟེར།༽ བོད་པ་ཚང་གི་གསར་འགོད་འདི་དངོས་གནས་སུན་ནི་ཞིག་རེད། སྐྱག་རྫུན་བོད་ཀྱི་དུས་བབ་གསར་འགོད་ཐོག་ལ་འབྲི་དོན་ཅི་ཞིག་རེད།
    དུས་བབ་ཚང་གི་གསར་འགོད་འདི་ལ་ཉན་རྒྱུ་མི་འདུག

    Reply
  15. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    དོགས་པ།

    ག་རེ་བྱས་ནས་ས་ཡོམ་གྱི་ཤུགས་ཚད་ལ་བཤད་སྟངས་མ་འདྲ་བ་རེད།

    ༡། ཨ་རིས་བཤད་ན་ས་ཡོམ་གྱི་ཚད་རིམ་ནི་ ༦་༩ རེད་ཟེར།

    ༢། རྒྱ་ནག་གིས་དེ་མ་རེད། ཚད་རིམ་ ༧་༡ རེད་ཟེར།

    ༣། སི་ཁྲོན་གྱི་ས་ཡོམ་སྐབས་སློབ་ཕྲུག་མང་པོ་བསད་པ་རེད། སློབ་གྲྭའི་ཁང་བ་ཡི་སྤུས་ཚད་ནི་ས་ཡོམ་གྱི་ཚད་གཞི་རིམ་པ་ ༧ ལས་ངེས་པར་བརྒལ་དགོས་པ་རེད།

    ད་ཐེངས་ཀྱང་སློབ་ཕྲུག་མང་པོ་བསད་པ་རེད། དེར་བརྟེན་རྒྱ་གཞུང་གིས་རང་གི་ཉེས་པ་འགེབ་ཆེད་ས་ཡོམ་གྱི་ཚད་གཞི་འདི་ ༧་༡ ལ་སྤར་བ་རེད་ཟེར།

    འདི་ནི་ཆེད་ལས་པ་དག་གི་ལྟ་སྟངས་རེད། བསམ་བློ་གཏོང་རྒྱུ་འདུག

    Reply
  16. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    ད་རིང་ཞོགས་པར་རྒྱ་གཞུང་གི་འདས་གྲོངས་ཕྱིན་པའི་གྲངས་ཚད་དེ་༧༦༠རེད་འདུག་

    Reply
  17. ཇིང་སྲས་མིག་གསུམ་པ། says:
    ལོ་ 15 སྔོན།

    ས་ཡོམ་གྱིས་གནོད་འཚེ་འོག་འདས་པོ་རྣམས་ཀྱི་ཆེད་དུ
    ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔
    ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔།།ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔
    ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔།།ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔
    ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔།།ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔
    ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔།།ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔

    Reply
  18. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    སེམས་གསོའི་འཕྲིན་པ་དཀར་པོ།

    ལུས་སེམས་གཉིས་ཀ་རྒྱ་ཡིས་བསྡམས་དེ་ཡོད།།
    མི་རིགས་ལས་ངན་འདི་ཡི་༧སྐྱབས་མགོན་ཡང་།།
    རང་སར་མེད་པའི་སྔ་གཞུག་ཐམས་ཅད་ལ།།
    གཞིས་ལུས་བོད་མི་བསམ་དུས་སེམས་པ་སྡུག།

    ལྷག་དུ་ད་རེབས་འབྱུང་བའི་གནོད་སྐྱོན་ཁྲོད།།
    ཉེས་མེད་བརྒྱ་ཕྲག་འགའ་ཡི་ཚེ་སྲོག་འཕྲོག།
    སྐྱེ་སྔོན་ལས་ངན་བསགས་པའི་སྡུག་སྒྲིབ་དག།
    ད་རེབས་འདི་ནས་དག་པར་དཀོན་མཆོག་མཁྱེན།།

    ཤུལ་ལུས་སྟོང་ཕྲག་མང་བོས་འོ་འབོད་ཀྱིས།།
    དཔག་ཚད་ཁྲི་མ་འབུམ་གྱི་ཡུལ་གྲུ་ཀུན།།
    བསྐྱལ་ནས་རེ་ས་གཞན་ལས་མེད་པ་ཡི།།
    རྒྱུ་འབྲས་ཚུལ་བཞིན་སྲུང་ལ་བརྡ་ཞིག་བསྐྲུན།།

    མ་ཎི་ཡི་གེ་དྲུག་མའི་ཞལ་འདེབས་དང་།།
    སེམས་དང་བསམ་པ་དྲང་མོའི་བསྔོ་སྨོན་སོགས།།
    འཛམ་གླིང་ཡུལ་གྲུ་ཀུན་གྱི་བོད་རིགས་ཚོས།།
    འཕོངས་པ་མེད་པར་གནས་དེར་ཆར་བཞིན་ཕབ།།

    ད་ནི་རིག་དྲུག་གང་དུ་སྐྱེ་ན་ཡང་།།
    སྐྱེ་རྒ་ན་འཆི་རང་ལག་མེད་པ་དེར།།
    བསམ་བློ་ཞིབ་དུ་བཏང་ནས་ཤུལ་ལུས་ཚོས།།
    སེམས་ཀྱི་རེ་བ་མ་བརླག་འབད་པར་ཞུ།།

    རྒྱུ་ཡོད་རྣམས་ཀྱིས་ཞལ་འདེབས་འབྱོར་ངེས་ཡིན།།
    རྒྱུ་མེད་རྣམས་ཀྱིས་སྐྱབས་འཇུག་ཞུ་ངེས་ཡིན།།
    འགྱུར་མེད་དད་པ་བརྟན་པོས་གསོལ་བ་ཐོབས།།
    རྩ་བའི་བླ་མའི་ཐུགས་ལ་ཉེ་རིང་མེད།།

    Reply
  19. བྱམས་རྒྱལ། says:
    ལོ་ 15 སྔོན།

    http://edition.cnn.com/2010/WORLD/asiapcf/04/15/china.quake/index.html?hpt=Sbin
    དྲ་གྲོགས་ཚོས་འབྲེལ་ཐག་འདི་གཟིགས་དང་ གོང་ས་མཆོག་དང་ གོང་མ་རིན་པོ་ཆེ་སོགས་ཀྱི་སྐུ་པར་ས་འོག་ནས་ དོན་སོང་།

    Reply
  20. ཁ་བའི་མེ་ཏོག says:
    ལོ་ 15 སྔོན།

    ས་ཡོམ་ཀྱི་གནོད་འཚེ་ཕོག་པའི་བོད་རིགས་སྤུན་ཟླ་བརྒྱ་ཕྲག་མང་པོ་རྐྱེན་འདས་སོང་བ་རྣམས་ལ་ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ། ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།

    Reply
  21. མི་རྐང་གླིང་བུ། says:
    ལོ་ 15 སྔོན།

    ཁ་སང་བོད་ཟླ་གཉིས་པའི་ཚེས་སུམ་ཅུ་དང་། ཕྱི་ལོ་༢༠༡༠།ཟླ་༤པའི་ཚེས་༡༤རེས་གཟའ་ལྷག་པ་ཉིན། བོད་ཡུལ་ཁམས་སྒ་སྐྱེ་དགུ་མདོར་རང་བྱུང་གི་གོད་ཆགས་འདི་བྱུང་མ་ཐག་ཏུ་རང་ཅག་བོད་འབངས་རྣམས་ཀྱི་ཁོག་པའི་སྙིང་དང་། དཔྲལ་བའི་མིག་ཏུ་གྱུར་པའི་༸གོང་ས༸རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ནས་ཐུགས་ཕམ་ཙད་མེད་དང་བཅས་གཞིས་བྱེས་གཉིས་ལ་དཀའ་ངལ་འདི་དག་གདོང་ལེན་གྱི་ཆེད་དུ་བཀའ་བསྩལ་པ།

    ༄༅། །ད་ནང་ཞོགས་སྐད་གསར་འགྱུར་གོ་བ་ལ། སྐྱེ་དགུ་མདོའི་ས་ཁུལ་དེ་ལ་ས་ཡོམ་ཤུགས་ཆེན་པོ་ཞི་བོ་ཞིག་རྒྱབ་གཞག ད་ནངས་ཞོགས་སྐད་གསར་འགྱུར་བྱས་པ་ཡིན་ན། མི་དྲུག་ཅུ་རེ་གཉིས་ཤི་བ་རེད་ཟེར། ད་རེས་འདི་བ་གོ་དུས་མི་བརྒྱ་ཕྲག་ཁ་ཤས་དང་། སྟོང་ཕྲག ཁ་ཤས་ཀྱིས་སྟོང་ཕྲག་གཉིས་གསུམ་ཟེར་གི་འདུག་ཟེར། ཞིབ་ཕྲ་ཞིག་ཤེས་མ་སོང་། བྱས་ཙང་ས་ཡོམ་སྡུག་ཅག་ཅིག་རྒྱབ་གཞག ཤུགས་ཆེན་པོ་དགའ་རབ་ཞིག་བརྒྱབ་གཞག ད་བྱེད་ཡ་ནི་གང་ཡང་ཡོད་མ་རེད། སྨོན་ལམ་བརྒྱབ་ནས་བསྡད་ན་མ་གཏོགས། ད་ང་ཚོ་བོད་སའི་ས་ཁུལ་ལ་བྱུང་བ་རེད། གཙུག་ལག་ཁང་འདིར། ཆོས་དོན་ལ་བཀའ་མོལ་ཞིག་ཞུས། སྨོན་ལམ་ཞིག་འཚོགས་ཐུབ་ན། སྙིང་རྗེ།
    ད་ང་རང་ཚོ་སངས་རྒྱས་པའི་ཆོས་པ་རེད། བདེ་སྡུག་གང་བྱུང་བ་ཡིན་ནའང་གཙོ་བོ་སོ་སོར་སོ་སོའི་ལས་ཀྱི་འབྲས་བུ་སྨིན་པ་ཤ་སྟག་རེད། ད་ས་ཡོམ་གི་འོག་ནས་རྐྱེན་འདས་སུ་ཕྱིན་པ་དང་། ནད་པ། ནད་གཅོང་ཆགས་པ་དེ་དག་སོ་སོའི་སྔོན་བསགས་གི་ལས་ངན་པའི་འབྲས་བུ་སྨིན་པ་རེད། དེ་འདྲ་ཡིན་དུས། སྡུག་བསྔལ་མྱངས་པ་དེ་ཡིས་ཚེ་རབས་མང་པོར་གཞན་ལ་གནོད་པའི་བྱ་བ་དང་འབྲེལ་བའི་སྡིག་པ་བསགས་བཞག་པ་དེ་ཚོའི་གྲས་དེ་དག་པར་ཡོང་བར་ཤོག་སྙམ་པའི་སྨོན་ལམ་རྒྱབ་པ་ཡིན་ན་ཕན་གི་རེད། སོ་སོའི་སེམས་ལ་ཡིན་ནའང་ཏོག་ཙམ་སྡུག་བསྔལ་རྔམས་སྐྲག་ཤུགས་ཆུང་དུ་འགྲོ་བ་དང་། སྡུག་བསྔལ་བྱུང་བ་དེས་བསོད་ནམས་གསར་པ་གསོག་པའི་རྐྱེན་དུ་འགྲོ་བའི་དེ་འདྲའི་ཕན་ཐོག་ཡོང་གི་རེད། ཁྱོད་རང་ཚོས་འདི་ནས་ཕར་ལན་སྐྱེལ་སའི་བཟོ་འདྲ་བོ་བྱུང་བ་ཡིན་ན་སྡུག་བསྡལ་ནི་བྱུང་ཚར་བ་རེད། རྐྱེན་ངན་ནི་ཕྲད་ཚར་བ་རེད། ཞེའུ་སེམས་མ་སྐྱིད་པ་བྱས་ནས་བསྡད་པ་ལས་ག་ཚད་ཐུབ་ཐུབ་ཀྱིས་དགེ་བ་གསོག་ཐུབ་ན་གཟུངས་སྔགས་འདྲ་གསོག བློ་སྦྱོང་གི་ཉམས་ལེན་འདྲ་བྱེད་ཐུབ་པ་ཡིན་ན་སྡུག་བསྔལ་དང་ལེན་དེ་འདྲའི་བསམ་མནོ་ཏོག་ཙམ་གཏོང་ཐུབ་པ་ཡིན་ན་ཅིག་ཕན་འགྲོ་གི་རེད་པཱ། རྐྱེན་ངན་དགེ་བའི་གྲོགས་སུ་འགྱུར་བ་དང་། རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་ཐུབ་པ་བྱུང་ན་ཡག་པོ་རེད་པཱ། རེད་པཱ་ཡ།
    ཞེས་བསྩལ་བ་ཁོ་བོས་ཡིག་ཐོག་ཏུ་ཕབ་ཅིང་ཞུས་དག་ནན་ཏུར་བྱས་ཁུལ་ཡིན་ཡང་གློག་བརྙན་གྱི་དྲ་ཐག་འདི་ལ་རྩ་འཛིན་ཞུ་རོགས།
    (http://www1.voanews.com/tibetan-english/news/)
    འདི་ན་རང་གིས་འཇོན་འདོག་བྱས་པ་མ་ཡིན་ཅིང་ཞེ་ཕུག་བོད་དང་རྒྱལ་བ་རིན་པོ་ཆེ་ལ་གཏད་ནས་ཡོད་པའི་གཞིས་བཞུགས་བོད་མའི་རྣམས་ཀྱི་བསམ་པའི་རྒྱག་ཕྱེ་ཞིག་དང་། ངུ་ངག་འདི་ལྟ་བའི་ཁྲོད་ནས་མིག་ཆུ་འཕྱིད་རོགས་ཞིག་ཏུ་འགྱུར་བའི་རེ་བས་འདིར་ཕབ་བཀོད་ཞུས་པ་ཡིན། སྤུན་ཟླ་རྣམ་པ།
    ༸གོང་ས་རྒྱལ་བ་རིན་པོ་ཆེ་ནས་གསུངས་པ་ལྟར་ལུས་སེམས་གཉིས་ཀ་སྡུག་བསྔལ་གྱི་འོབས་དོང་ལྷུངས་པའི་གཞིས་བཞུགས་རྣམས་པ་ལ་བཀའ་སློབ་འདི་ཉིད་རྒྱུད་སྒྲགས་བྱེད་རོགས་ཞུ།

    Reply
  22. དཔལྡན་རྡོ་རྗེ། says:
    ལོ་ 15 སྔོན།

    དེ་རིང་ཁམས་ཁུལ་དགོན་ཁག་རྣམས་ཀྱི་བླ་གྲྭ་མང་པོ་ཞིག་སྐྱེ་རྒུ་མདོར་དུ་ཕེབས་བཞིན་པ། གསེར་རྟ། རྫོགས་ཆེན། དེ་བཞིན་ཆབ་མདོ་ཁུལ་དགོན་ཁག་གཅིག་ཡང་ཕེབས་བཞིན་འདུག་ཟེར་བ་ངོ་ཤེས་ཞིག་གི་ཁ་པར་རྒྱུད་ནས་གསུང་བྱུང་།

    Reply
  23. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    ས་ཡོམ་བྱུང་སའི་པར་རིས་གསར་འགྱུར་ལ་བལྟ་འདོད་ན། http://www.qhtb.cn/news/news_view.jsp?id=12486&zt=0

    Reply
  24. དཔལྡན་རྡོ་རྗེ། says:
    ལོ་ 15 སྔོན།

    དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་སྐྱེ་སྐུ་མདོར་ས་ཡོམ་གྱི་ཆག་སྒོ་བྱུང་བར་ཐུགས་གསོའི་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན། དེ་རིང་ཞོགས་པ་མཚོ་སྔོན་ཡུལ་ཤུལ་ཁུལ་དུ་ས་ཡོམ་གྱིས་རྐྱེན་པས་མི་ཤི་རྐྱེན་ཆག་ཚབས་ཆེན་བྱུང་བའི་གནས་ཚུལ་ཤེས་རྟོགས་བྱུང་དོན་ལ་ཡིད་སྐྱོ་བ་ཚད་མེད་པ་བྱུང། འདི་ནས་ཁོ་བོ་རང་ཉིད་གཙོ་བོར་གྱུར་པའི་རྒྱ་བལ་འབྲུག་སོགས་སུ་ཡོད་པའི་བཀའ་བརྒྱུད་པའི་དགོན་སྡེ་རྣམས་ཀྱི་རྐྱེན་འདས་སུ་གྱུར་པ་རྣམས་ཀྱི་སྐྱེ་འཆི་བར་དོའི་འཇིགས་སྐྲག་ཞི་བའི་བསྔོ་སྨོན་དང་ཚོགས་གསོག་བྱ་མུས་ཡིན་ལ། ཆོས་བརྒྱུད་རིས་མེད་ཀྱི་སྐྱེས་བུ་དམ་པ་རྣམས་ལའང་སྐྱབས་བསྔོ་འབུལ་བཞིན་ཡོད། ཤུལ་དུ་ལུས་པ་རྣམས་ཀྱང་རྨས་རྐྱེན་གེགས་གསུམ་ལས་མྱུར་དུ་ཐར་ཞིང་འཁོར་བའི་རང་བཞིན་མཐོང་འི་སྒོ་ནས་སེམས་རྒྱ་བསྐྱེད་དེ་ཤི་གསོན་གཉིས་ཀར་སྨན་པའི་དོན་ལྡན་གྱི་བྱ་བར་འབད་འབུངས་ཀྱིས། གཉེན་སྡུག་པ་དང་བྲལ་བའི་སྡུག་བསྔལ་ཡུན་རིང་དུ་མི་མྱོང་བའི་སྨོན་འདུན་ཤུགས་དྲག་བཅས། ཀརྨ་པར་འབོད་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་༢༠༡༠ ཟླ་ ༤ ཚེས་༡༤ ཉིན་ཕུལ།།

    Reply
  25. སེམས་བཟང་། says:
    ལོ་ 15 སྔོན།

    ཀློག་པ་པོ་ཚོ། གོང་ས་གིས་དབུས་པའི་ ཞེས་པ་དེ། གོང་ས་མཆོག་གིས་དབུས་པའི་ ཞེས་པ་ཡིན་པས་ནོར་བཅོས་ཡོང་བ་ཞུ།

    Reply
  26. དཔལྡན་རྡོ་རྗེ། says:
    ལོ་ 15 སྔོན།

    MESSAGE FROM GYALWANG KARMAPA IN RESPONSE TO DEVASTATING EARTHQUAKE STRIKING THE REGION OF YUSHU IN TSO-NGÖN [QINGHAI PROVINCE]
    April 14, 2010
    དེ་རིང་ཞོགས་པ་མཚོ་སྔོན་ཡུལ་ཁུལ་དུ་ས་ཡོམ་གྱིས་རྐྱེན་ཆག་ཚབས་ཆེན་བྱུང་བའི་གནས་ཚུལ་ཤེས་རྟོགས་བྱུང་དོན་ལ་ཡིད་སྐྱོ་བ་ཚད་མེད་བྱུང་། འདི་ན་ཁོ་བོ་རང་ིད་གཙོ་བོར་གྱུར་པའི་རྒྱ་བལ་འབྲུག་སོགས་སུ་ཡོད་པའི་བཀའ་བརྒྱུད་པའི་དགོན་སྡེ་རྣམས་ཀྱིས་རྐྱེན་འདས་སུ་གྱུར་པ་རྣམས་ཀྱི་སྐྱེ་འཆི་བར་དོའོ་འཇིགས་སྐྲགས་ཞི་བའི་བསྔོ་སྨོན་དང་ཚོགས་གསོག་བྱ་མུས་ཡིན་ལ། ཆོས་བརྒྱུད་རིས་མེད་ཀྱི་སྐྱེས་བུ་དམ་པ་རྣམས་ལའང་སྐྱབས་བསྔོ་འབུལ་བཞིན་ཡོད། ཤུལ་དུ་ལུས་པ་རྣམས་ཀྱང་རྨས་རྐྱེན་གེགས་གསུམ་ལས་མྱུར་དུ་ཐར་ཞིང་འཁོར་བའི་རང་བཞིན་མཐོང་བའི་སྒོ་ནས་སེམས་རྒྱ་བསྐྱེད་དེ་ཤི་གསོན་གཉིས་ཀར་སྨན་པའི་དོན་ལྡན་གྱི་བྱ་བར་འབད་འབུངས་ཀྱིས། གཉེན་སྡུག་པ་དང་བྲལ་བའི་སྡུག་བསྔལ་ཡུན་རིང་དུ་མི་མྱོང་བའི་སྨོན་འདུན་ཤུགས་དྲགས་བཅས། ཀརྨ་པར་འབོད་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཉིན་ཕུལ།

    I was extremely saddened to hear of the catastrophic loss of human life and the severe destruction caused by the recent earthquake in the region of Yushu in Tso-ngön [Qinghai Province]. I am now leading a group of Kagyü monasteries in India, Nepal, Bhutan, and other areas in prayers and virtuous activities dedicated to the deceased, so that their fears of the transitions between life and death may be eased. I am also offering prayers for any great masters from all the Tibetan spiritual lineages whose lives may have been lost.
    I am holding the survivors of this tragedy in my thoughts as well, and I hope that aid quickly reaches them. By bearing witness to the harshness of cyclic existence and allowing this to broaden our hearts and minds, may we all be able to extend our effort in meaningful ways, for the sake of both the iving and the dead. I offer my deeply heartfelt aspiration that all affected by this calamity will see the swift easing of the pain of separation from those they love.
    The Karmapa, Ogyen Trinley Dorje
April 14, 2010

    Reply
  27. སེམས་བཟང་། says:
    ལོ་ 15 སྔོན།

    ཐེངས་འདིའི་ས་ཡོམ་གྱིས་རྐྱེན་ལམ་དུ་བཏང་བ་དང་རྨས་མ་རྣམས་ཀྱི་ཆེད་གོང་ས་གིས་དབུས་པའི་བོད་པའི་བླ་མ་རྣམས་ཀྱིས་སྐྱབས་བསྔོ་མཛད་པ་ནི་ཤི་གསོན་གཉིས་ཀར་དོན་ཕན་ཡོད་པ་ཞིག་ཡིན་ལ། ཤུལ་ལུས་རྣམས་ཀྱིས་ཤེས་རྟོགས་བྱུང་ན་སེམས་གསོ་ཐེབས་པའི་བྱ་ཐབས་ཤིག་ཀྱང་རེད། བླ་ཆེན་མང་ཆེ་བས་སྐྱབས་བསྔོ་མཛད་པའི་གནས་ཚུལ་གསར་ལམ་འདི་ཉིད་དུ་འཁོད་ཡོད་ནའང་། རྒྱལ་བ་ཀརྨ་པ་རང་ཉིད་ནས་སྐྱབས་བསྔོ་མཛད་པ་མ་ཚད་གོང་ས་མཆོག་སོགས་ཆོས་བརྒྱུད་རིས་མེད་ཀྱི་སྐྱེས་བུ་དམ་པ་རྣམས་ལ་སྐྱབས་བསྔོ་ཕུལ་བ་དང་། རྒྱ་བལ་འབྲུག་སོགས་སུ་ཡོད་པའི་བཀའ་བརྒྱུད་པའི་དགོན་སྡེ་རྣམས་ལ་སྐྱབས་བསྔོ་དང་བྱང་བཞུས་དགོས་པའི་བཀའ་ངག་གནང་ཚུལ་སོགས་ཨེ་ཤ་ཡ་རང་དབང་རླུང་ཕྲིན་ཁང་དང་བོད་ཀྱི་བང་ཆེན་སོགས་སུ་གསལ་བ་ལས་འདིར་འཁོད་མི་འདུག །ཁོང་གི་མཛད་ཚུལ་དེ་ཚོའང་དུས་བབ་གསར་ཁང་གི་ལས་བྱེད་རྣམས་ཀྱིས་སྣང་ཆུང་དུ་མ་བཞག་པར་འདིར་ཡང་བཀོད་ཐུབ་ན་གཞི་བྱེས་བོད་མི་མང་པོར་སེམས་གསོ་ཐེབས་ངེས་རེད།

    Reply
  28. དཔལྡན་རྡོ་རྗེ། says:
    ལོ་ 15 སྔོན།

    དེ་རིང་ཕྱི་དྲོ་ཆུ་ཚོད་ ༥ པ་ལ་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་བཀའ་དགོངས་ལྟར་བལ་ཡུལ་བཀའ་དགོན་སྡེ་དོན་ལྷན་ཚོགས་དང་ཀརྨ་པ་སྲི་ཞུ་ཚོགས་པ་གཉིས་ཐུན་མོང་ཐོགས་མཆོད་རྟེན་ཆེ་མོ་བྱ་རུང་ཁ་ཤོར་དང་འཕགས་པ་ཤིང་ཀུན་སོགས་ལ་སེར་སྐྱ་ཕོ་མོ་བརྒྱ་ཕྲག་དུ་མར་སྨོན་ལམ་ཚོགས་པ་དང་མཆོད་མེ་སྟོང་མཆོད་ལྔ་ལྷག་ཕུལ་བ་སོགས་གནང་སོང་ལ། དེ་བཞིན་བལ་ཡུལ་བོད་མི་དང་བླང་ཚོགས་པ་ནས་ཀྱང་སྨོན་ལམ་དང་མཆོད་མེད་སྟོང་མཆོད་ཕུལ་སོང་། ཚེས་ ༡༦ ཉིན་གཞུང་འབྲེལ་ཐོགས་བལ་ཡུལ་གནས་མཁོད་བོད་མི་ཡོང་རྫོགས་མཆོད་འཇོར་ཚོགས་ཁང་དུ་སྨོན་ལམ་ཚོགས་རྒྱུ་དང་། དེ་བཞིན་མདོ་སྟོད་ཆུ་སྒང་ས་གནས་རྒྱུན་ལས་ཁང་དང་། ནང་ཆེན་ཉེར་ལྔ། སྒ་པ་སྐྱིད་སྡུག་སོགས་བོད་མི་སེར་སྐྱ་རྣམས་ནས་གདུང་སེམས་མཉམ་སྐྱེ་མུ་མཐུད་ནས་གནང་རྒྱུ་ཡིན་འདུག །འདས་པོ་རྣམས་ཀྱི་ཆེད་བསྔོ་སྨོན་དང་གསོན་པོ་ས་ཡོམ་འདིའི་གནོད་འཚེའི་འོག་ཏུ་དཀའ་ངལ་མྱོང་བཞིན་པའི་ང་ཚོའི་མི་རིགས་ཀྱི་ཆེད་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ་ཚོགས་སྐྱིད་ཁག་གང་མགྱོགས་ཐོག་དཔལ་འབྱོར་གྱི་རོགས་པ་རྒྱ་མི་ཆུང་བ་ཞིག་གནང་ཐུབ་ན་དགེ་ཕན་ཆེ་སྙམ།

    Reply
  29. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    གོད་ཆགས་ཐེབས་ཡུལ་གྱི་ཉེ་འགྲམ་ཁག་ལ་བྱེ་འཚུབ་རྒྱག་པ་དང་གནམ་གཤིས་འཁྱག་རུ་ཕྱིན་འདུག་པའི་གནས་ཚུལ་འདུག སེམས་ཁྲལ་ལངས་པ་ཞིག་རེད།

    Reply
  30. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    ད་ལྟ་རང་གནས་ཚུལ་ཐོན་གསལ་ལྟར་ན། པེ་ཅིན་ཆུ་ཚོད་༢༢དང་སྐར་༢༦ཐོག་ནག་ཆུ་ཁུལ་དུ་ས་ཡོམ་རིམ་པ་༤་༥ཅན་ཞིག་རྒྱུགས་འདུག ཁྱབ་ཚད་ཀེ་ལོ་མུས་ཁྲི་༡༠ནང་རེད་ཟེར།

    Reply
  31. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    ལས་སྨོན་བྱམས་བརྩེའི་སྲོག་གིས་འབྲེལ་བའི་བོད་རིགས་ཚོ།
    མི་ཚེ་གཅིག་ལ་སྐྱིད་སྡུག་སྣ་ཚོགས་ཡོང་སྲིད་པས། 

    སྐྱིད་དུས་ང་རྒྱལ་མ་བྱེད་བོད་ཀྱི་སྤྱི་དོན་སྒྲུབས།
    སྡུག་དུས་སེམས་ཕམ་མ་བྱེད་གཅིག་ཕན་གཅིག་རོགས་བྱོས།

    རྐྱེན་ཆག་སྒོ་བྱུང་བའི་ཛ་དྲག་དུས། སེམས་སྐྱོ་བ་ཙམ་ཀྱིས་མི་ཕན་པས།
    བློ་རིག་པའི་ཐབས་ཇུས་གྲོས་བྱས་ནས། ལས་དེ་འདྲ་མི་བྱེད་འདི་འདྲ་བྱེད།

    ཚེ་འདས་རྣམས་ཕན་པའི་ཕྱིར། སྐྱ་སེར་ཕོ་མོ་ཐམས་ཅད་ཀྱིས།
    
བདུན་ཕྲག་བདུན་ཀྱི་དུས་ཡུན་ལ། ཆོས་ལ་ཐོས་བསམ་སྒོམ་པར་མཛོད།

    གསོན་པོ་རྣམས་ལ་ཕན་པའི་ཕྱིར། སོ་སོའི་རང་ནུས་གང་ཡོད་ཀྱིས།
    
དངུལ་གྱིས་ཞབས་འདེགས་འབུལ་བའམ། ལུས་ངག་ཡིད་ཀྱིས་འབད་པར་འཚལ།

    ཤུལ་ལུས་དྭ་ཕྲུག་སྐྱབས་མེད་རྣམས། ཐབས་དང་ཇུས་ཀྱིས་མ་སྐྱབས་ན།

    བོད་ཕྲུག་རྒྱ་ལ་བསྒྱུར་ངེས་པས། ས་ཡོམ་ངན་འབྲས་ཅི་བས་སྡུག

    རྒྱ་མིའི་གཡོ་འཕྲུལ་བྱམས་ན་ཡང་། དེ་ལ་བློ་གཏད་བྱེད་མི་རུང་།
    
ཤིན་ཏུ་ཉམ་ཐག་གྱུར་ན་ཡང་། རང་དབང་རྩོད་ལེན་བརྗེད་མི་རུང་།

    Reply
  32. ལྷུན་འགྲུབ་། says:
    ལོ་ 15 སྔོན།

    བཙན་བྱོལ་ལ་ཡོད་པའི་བླ་བྲང་རྒྱུ་ཆེན་ཁག་དང་དེ་བཞིན་དགོན་པ་ཁག་དང་ཚོགས་པ་ཁག་སོགས་ལ་ཞུ་རྒྱུ་། ད་ལྟའི་ས་ཡོམ་འདིའི་གནོད་འཚེའི་འོག་ཏུ་དཀའ་ངལ་མྱོང་བཞིན་པའི་ང་ཚོའི་མི་རིགས་ཀྱི་ཆེད་གང་མགྱོགས་ཐོག་དཔལ་འབྱོལ་གྱི་རོགས་པ་མི་ཆུང་བ་གནང་རོགས་ཞེས་རེ་འབོད་ཞུ་བཞིན་ཡོད།
    ཐུགས་རྗེ་གཟིགས།

    Reply
  33. དབྱངས་བུ། says:
    ལོ་ 15 སྔོན།

    བུད་མེད་རྩོམ་པ་པོ་གྲགས་ཅན་ཚེ་རིང་འོད་ཟེར་ལགས། གསར་འགྱུར་མཁོ་འདོན་གནང་བར་ཐུགས་རྗེ་ཆེ།

    Reply
  34. བློ་བཟང་། says:
    ལོ་ 15 སྔོན།

    ཐོས་པ་དགའ་ལགས་ཁྱོད་རང་གིས་ག་རེ་གསུང་གི་ཡོད་དམ། ཞལ་འདེབས་ལན་མཁན་ག་པར་འདུག་གམ། ཞལ་འདེབས་ཕུལ་ཆོག ཞལ་འདེབས་བསྡུ་མཁན་ས་གནས་གང་སར་བཀྲམས་རོགས་ཞུ།

    Reply
  35. ཐོས་པ་དགའ། says:
    ལོ་ 15 སྔོན།

    ད་ལམ་བོད་མདོ་ཁམས་སྐྱེ་རྒུ་མདོ་ཁུལ་དུ་ས་ཡོམ་ཤུགས་ཆེ་བརྒྱབ་སྟེ་མི་རྒྱུ་གཉིས་ལ་གྱོང་གུན་ཚབས་ཆེན་ཕོག་ཡོད་པ་འདི་ལ་ངེའི་དྲྭ་ལམ་འདི་རྒྱུད་ནས་དེའི་ཁུལ་སེར་སྐྱ་ཕོ་མོ་ཡོངས་རྫོགས་ལ་གདུང་སེམས་མཉམ་སྐྱེད་དང་། རྐྱེན་འདས་སུ་སོང་བ་རྣམས་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་སྒྲིབ་མ་ལུས་པ་བྱང་ཞིང་དག་ནས་
    མངོན་མཐོའི་རྟེན་བཟང་རིམ་བརྒྱུད་བླ་མེད་རྫོགས་བྱང་མྱུར་དུ་ཐོབ་པ་དང། ད་ལྟ་སྡུག་བསྔལ་མྱངས་བཞིན་པ་རྣམས་ལ་རྐྱེན་ངན་བར་ཆེད་ཞི་ནས་ཆོས་མཐུན་ཡིད་བསམ་ལྟར་ལྷུན་གྱིས་འགྲུབ་པ་བཅས་ཀྱི་སྨོན་འདུན་ཞུ་རྒྱུ་དང་ང་རང་ལའང་བློ་ཕམ་ཚད་ལས་འདས་པ་ཡོད་ཀྱང་སྔོན་བསགས་ཀྱི་ལས་ལ་སངས་རྒྱས་ཀྱང་བཟློག་ཐབས་བྲལ་བས་ཤྭ་རིའི་བུ་ལ་སེམས་ཁྲལ་མེད་པར་མཛོད། དེ་རིང་ངའི་དྲྭ་ལམ་འདི་རྒྱུད་ནས་ལྷག་བསམ་དང་གཏོད་ཕོད་ཆེ་བའི་བོད་རིགས་སྤུན་ཟླ་རྣམ་པ་ཁྱེད་རྣམ་པའི་ཐུག་རྒྱ་ཆེན་པོས་སྒོ་ནས་ཞལ་འདེབས་རོགས་རམ་རྒྱ་མི་ཆུང་བ་གནང་སྐྱོང་ཡོང་བ་དང་ཁྱེད་ཀྱི་གང་གནང་བ་དེ་སྤྱི་ཚོགས་བདེ་རྩར་གནད་སྨིན་དུ་འགྲོ་ངེས་ཡིན་པའི་དེ་ལུགས་དགོངས་འཇགས་མཚལ།
    དཀོན་མཆོག་མཁྱེེན། ཤི་བ་རྣ་བས་ཐོས་དང་མིག་གིས་མཐོང༌། །འཇིག་རྟེན་ཁམས་ཀྱི་ཚེ་འདས་མ་ལུས་པ། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔
    གྲི་ཤི་མུག་ཤི་ལ་རོ་ཆུ་རོ་སོགས། །དགེ་མེད་སྡིག་མེད་བར་དོ་འཁྱམས་པ་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔
    ཐོས་པ་དགའི་མྱ་ངན་དང་བཅས།

    Reply
  36. བྱམས་རྒྱལ། says:
    ལོ་ 15 སྔོན།

    ལགས་རེད་བློ་བཟང་ལགས་ གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་གིས་ཞབས་འདེབས་སྡུ་ན་ཡག་གི་རེད། ཞབས་འདེབས་གཏན་གཏན་སྡུ་གི་རེད་བསམ་གྱི་འདུག་།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese