མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡིག་ནག་ཏུ་འགྱུར་བཞིན་པའི་༼བོད།༽ ལུང་རིགས་རྒྱལ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp

མི་ནག་ཚང་ལུང་རིགས་རྒྱལ།

སུ་ཞིག་གིས་མ་ཤེས་པ་དང་། མ་འཇོན་པ། མ་ཕོད་པ། མ་འདོད་པ་གང་ཡིན་བཤད་ཚོད་མ་ཐིག་ཀྱང་། ད་ཐེངས་སྐྱེ་རྒུ་མདོར་ས་ཡོམ་བརྒྱབ་སྐབས་རྒྱལ་ཁབ་ཕལ་ཆེ་བ་ཞིག་གིས་རྒྱ་ནག་ལ་མྱ་ངན་ཐུགས་གསོའི་འཚམས་འཕྲིན་འབུལ་སྐབས་༼བོད་༽ཅེས་པའི་ཡིག་འབྲུ་འདི་མཐའ་གཅིག་ཏུ་སྐུང་ཐབས་བྱས་ཡོད།

ས་གནས་ས་ཐོག་གི་བོད་མི་ཚོས་རྒྱ་ནག་གཞུང་གིས་མྱུར་སྐྱོབ་མ་བྱས་པའི་སྐོར་ལ་སྐྱོན་བརྗོད་དང་ཞུ་གཏུགས་བྱེད་བཞིན་པའི་སྐབས་སུའང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ལ་བསྔགས་བརྗོད་རྟས་མི་ཐེག་པ་ཞིག་བྱས་ཡོད།

བྷི་བྷི་སེ་དང་སི་ཨིན་ཨིན་ལྟ་བུའི་གསར་འགྱུར་བརྒྱུད་ལམ་དག་གིས་ཀྱང་ཐེངས་འདིར་ཆག་སྒོ་བྱུང་མཁན་ནི་བོད་རིགས་མི་དམངས་ཡིན་པའི་སྐོར་ལ་ཕྱོགས་ཙམ་རེ་མ་གཏོགས་གླེང་མེད། བྷི་བྷི་སི་ཡིས་ཐོག་མར་གནས་ཚུལ་བསྒྲགས་སྐབས་༧གོང་ས་མཆོག་གིས་གཟིགས་འདུག་ལ། ས་གནས་དེ་ངོས་འཛིན་བྱེད་སྟངས་ཀྱི་ཐད་ཁོང་ཉིད་ཐུགས་བདེ་བོ་མ་བྱུང་ཅེས་ཁོང་གིས་གསུངས་བྱུང་།

གང་ལྟར་རྒྱལ་ཁབ་འདི་དག་གིས་ཐུགས་གསོའི་འཚམས་འཕྲིན་དེ་དག་སྲིད་འཛིན་ཧུའུ་ཅིན་ཐའོ་དང་། སྲིད་བློན་ཝུན་ཇ་པའོ། ཚོགས་གཙོ་ཝུའུ་པང་ཀོ་བཅས་ཀྱི་མིང་ཐོག་ལ་བཏང་ཡོད་པ་རེད།

ཐུགས་གསོའི་འཚམས་འཕྲིན་བསྐུར་མཁན་གྱི་གྲས་སུ་ཁེ་ན་ཌ་དང་ཨ་རི་སོགས་ཡོད། ཁེ་ན་ཌའི་གཞུང་གིས་བོད་ཅེས་པ་གཏན་ནས་མ་གླེང་བའི་ཐད། ཁེ་ན་ཌའི་བོད་རིགས་ཚོགས་པས་གཞུང་ལ་ཞུ་སྐུལ་བྱས་འདུག་ཀྱང་ཕན་ཐོགས་བྱུང་མི་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧེ་ལེ་རི་ཡིས་ཀྱང་། ༼བོད་༽ཅེས་པ་ཁ་ནང་ལ་ལེན་མ་ཐུབ་པར། དཀའ་སྡུག་གི་ཉིན་མོ་འདིར་ང་ཚོའི་སེམས་གསོ་དང་སྨོན་ལམ་ནི་རྨས་སྐྱོན་ཕོག་མཁན་དང་། ཡུལ་མེད་དུ་གྱུར་མཁན་བཅས་རྒྱ་ནག་གི་མི་དམངས་ཚང་མའི་མཉམ་དུ་ཡོད། ཅེས་ཉྭ་འདར་བཞིན་དུ་བྲིས་པ་ལྟ་བུ་ཞིག་བསྐུར་འདུག

རྒྱལ་ཁབ་ཚང་མའི་ཐུགས་གསོའི་འཚམས་འདྲི་དེ་དག་མི་གཅིག་གིས་བྲིས་པ་ལྟར་སྣང་ལ། འཕར་པ་རྗེས་ཐོག་ཅེས་པའི་དཔེ་ལྟར། འཚམས་འདྲི་དེ་དག་ཀྱང་རྒྱས་བསྡུས་དང་ནང་དོན་གང་གི་ཕྱོགས་ནས་ཀྱང་གཅིག་རྗེས་གཅིག་གིས་མནན་ཏེ་བྲིས་པ་ལྟར་སྣང་། འདི་དག་ལ་བལྟས་ན་འཚམས་འཕྲིན་འདི་དག་མ་ཕུལ་བའི་གོང་ནས་རྒྱལ་ཁབ་འདི་དག་ནང་གི་རྒྱ་ནག་གཞུང་ཚབ་ཁང་གིས་ཐེངས་འདིའི་འཚམས་འདྲིར་ངོས་ལེན་བྱེད་སྟངས་ལ་ལམ་དང་ལུགས་སྲོལ་ཞིག་བཟོས་ཡོད་པའི་སྣང་བའང་ཤར།

འཚམས་འཕྲིན་བསྐུར་མཁན་གཤམ་གསལ་རྒྱལ་ཁབ་དག་གི་སྲིད་འཛིན་དང་སྲིད་བློན། གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་ཡིན། དེ་དག་ནི་ར་ཤི་ཡ་དང་ཨ་རི། ཁེ་ན་ཌ། ཧྥ་རན་སི། འཇར་མན། དབྱིན་ཇི། ཉི་ཧོང་། ལྷོ་ཀོ་རི་ཡ། པཱ་ཀི་སི་ཐན། ཝེ་ཐུ་ནམ། འབར་མ། ཀམ་བྷོ་ཌེ་ཡ། སིན་གྷ་པོར། མལ་ཌི་ཧྥུ། ཊར་ཀི། ཁུ་ཝེ་ཐུ། རྗོར་ཌན། ཨ་རབ། གྷ་བྷོན། སུ་ཌན། སེ་ཆལ་ལི། མ་ལན། ཁ་རྫ་ཀི་སི་ཐན། པོར་ཇི་གྷལ། བྷོལ་གྷ་རི་ཡ། རོ་མན། ལུག་སམ་བྷར་ཀི། སར་བྷི་ཡ། སི་པན། ཡུ་རོབ་མཐུན་ཚོགས། ནེའུ་ཛི་ལན་ཌི། ཡུ་རུ་གྷ། ཆི་ལི། བྷུ་ར་ཛལ། ཝེ་ནེ་ཛུ་ལ། མི་ཀི་སི་ཁོ། ཀོ་ལིམ་བྷ། ཨར་རྗིན་ཊི་ན། ཨལ་གྷ་རི་ཡ། པེ་རུ། སེ་ནེ་གྷལ།

ངས་གླེང་འདོད་པའི་དོན་དག་གཞན་པ་དེ་ནི་ཐུགས་གསོ་འབུལ་ས་ངོ་མ་སུ་ཡིན་གྱི་སྐོར་ཡིན། ༧གོང་ས་མཆོག་ནི་བོད་མི་རིགས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན། ཁོང་གི་མཚན་གནས་རྗེས་འབྲེལ་འདིའི་དབང་གིས་ཁོང་ལའང་ཐུགས་གསོའི་འཚམས་འདྲི་རེ་བྱེད་འོས་ཀྱང་། ད་བར་དུ་ཁ་པར་གཅིག་ཡོང་བའི་སྐད་ཆའང་ཐོས་རྒྱུ་མེད་པར་གྱུར།

ཁ་སང་དེ་རིང་། ཁོང་ཉིད་ནི་རྒྱ་གར་བྱང་ཕྱོགས་ཀྱི་རི་འདབས་ཤིག་ཏུ་ཧ་ཅང་ཐུགས་འཚབ་དང་། ཧ་ཅང་ཁེར་རྐྱང་གི་ཚུལ་དུ་བཞུགས་ཡོད། འདིའི་གོ་དོན་ནི། ཕྱོགས་གཅིག་ནས་བོད་ནང་གི་གནས་སྟངས་དང་སྐྱེ་རྒུ་མདོའི་ས་ཡོམ་གྱི་གནོད་འཚེ་དེ་ཐུགས་འཚབ་གྱི་གཞི་ཡིན་ལ། ཕྱོགས་གཞན་ནས་ཁོང་ལ་བོད་མི་རིགས་ཀྱི་དད་པ་དམ་ཚིག་ཡོད་རུང་། རྒྱལ་སྤྱིའི་སྲིད་དོན་པ་ཚོའི་གྲོས་ར་ནས། ང་ཚོའི་སྐྱབས་མགོན་འདི་ད་སྐབས་དངོས་གནས་སྐྱབས་མེད་མགོན་མེད་ཅིག་ཏུ་གྱུར་དང་འགྱུར་བཞིན་པའི་སྒང་ཡིན།

འདི་ལྟར་སྲིད་གཞུང་ཁག་དང་བརྒྱུད་ལམ་ཁག་གིས་བོད་ལ་ངོས་ལེན་བྱེད་མི་འདོད་པའི་རྣམ་འགྱུར་ཇེ་གསལ་རེད་ལ། རྒྱ་ནག་གི་ཁ་དབང་འོག་ཏུ་ཤོར་ཏེ་༼བོད་༽ཅེས་པའི་ཡིག་འབྲུ་འདི་ཡང་གཞུང་འབྲེལ་གྱི་ཡིག་ཆའི་ཁོངས་ནས་ཕྱིར་འདོན་རྩིས་བྱས་པ་གསལ་བོ་རེད།

བོད་པ་ཚོས་མ་གོ་མ་ཚོར་བ་བྱས་ནས། རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་དང་། བརྒྱུད་ལམ་ཆེན་པོ་དག་ཀྱང་ག་ལེར་བྱས་ནས། བོད་དོན་གྱི་མཐའ་འཁོར་ནས་རྐང་འཇབ་ལག་འཇབ་ཀྱིས་ཕར་འབྲོ་མགོ་བརྩམས་འདུག འདི་ནི་བོད་རིགས་ཚོར་གསལ་འདེབས་ཡིན།

གནས་སྟངས་ཛ་དྲག་གི་སྐབས་འདིར་ཁག་ཅིག་གིས་སྐྱེ་རྒུ་མདོའི་ས་ཡོམ་སྐོར་ལ་ཆབ་སྲིད་ཀྱི་ལྷད་མ་རྒྱག་ཅེས་བཤད་མཁན་ཡོད། སྐད་ཆ་འདི་སུ་ཞིག་གིས་བཤད་དགོས་མིན་དང་། སུ་ཞིག་ལ་བཤད་དགོས་མིན་བསམ་བློ་གཏོང་དགོས་པ་འདྲ།

བདུན་ཕྲུག་གཅིག་ལྷག་གི་རིང་འདིར། རྒྱ་ནག་གཞུང་གིས་བརྒྱུད་ལམ་ཐམས་ཅད་སྤྱད་ནས་སྐྱེ་རྒུའི་ས་ཡོམ་གྱི་མྱུར་སྐྱོབ་ཟློས་གར་འཁྲབ་མགོ་བཙུགས། ས་ཡོམ་བརྒྱབ་མ་ཐག་རྒྱ་ནག་དབུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲིལ་བསྒྲགས་འགན་འཛིན་ལི་ཁྲང་ཁྲོན་གྱིས་བཤད་དོན། ༼ང་ཚོས་གོ་སྐབས་འདི་དམ་འཛིན་བྱས་ཏེ་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་པ། སྤྱི་བདེ་མི་སྣ། མེ་གསོད་རུ་ཁག སྨན་པ་བཅས་ཀྱིས་མི་དམངས་ཀྱི་ཚེ་སྲོག་སྐྱོབ་བཞིན་པའི་ལས་དོན་དེ་ཤུགས་ཆེན་པོའི་སྒོ་ནས་ཁྱབ་བསྒྲགས་བྱེད་དགོས་༽ཟེར། ཏང་གི་གཟི་བརྗིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་སྟོན་རྒྱུ་ནི་ས་ཡོམ་འདིའི་སྟེང་གི་ཁེ་ཕན་དང་པོར་བཞག་ཡོད།

རྒྱ་ནག་གི་བྱེད་སྟངས་ནི་ཆབ་སྲིད་ཡིན་པ་ནི་དབུས་གཞུང་གི་བསྒྲགས་གཏམ་ནས་གསལ་བོར་ཤེས་ལ། རྒྱལ་ཁབ་གཞན་གྱི་སྲིད་གཞུང་དག་ཀྱང་གར་སྟེགས་ཀྱི་ཕྱོགས་གཅིག་ལ་བུད་དེ་འཁྲབ་ཚན་འདི་སྦྱངས་ཤིང་། ཐ་ན་༼བོད་༽ཅེས་པའི་ཡིག་འབྲུ་ཙམ་ཡང་གཞུང་འབྲེལ་གྱི་ཐུགས་གསོའི་འཚམས་འཕྲིན་ནང་མངོན་བཅུག་མེད། འདི་ནི་རྐང་བཙུགས་ནས་རྒྱ་ནག་གི་ཆབ་སྲིད་མ་གཏོགས་མི་འཁྲབ་པའི་བྱེད་སྟངས་ཤིག་ཡིན་སྟབས། ད་རེབ་ཀྱི་རང་བྱུང་ས་ཡོམ་གྱི་ཆག་སྒོ་འདིའི་ཞོར་དུ་བོད་མི་ཚོའི་མགོར་ཆབ་སྲིད་ཀྱི་ཆག་སྒོ་ཐོལ་བ་ཞིག་ཀྱང་བྱུང་སོང་།

མདོ་དོན། ༼བོད་༽ཅེས་པ་འདི་པེ་ཅིན་གྱི་ངོས་ནས་བཤད་ན་ཡི་གེ་ནག་ཅན་དུ་འགྱུར་དགོས་ལ། རྒྱལ་ཁབ་གཞན་ལ་མཚོན་ན་༼བོད་༽ཅེས་པ་ནི་སྐུང་ཡིག་ཏུ་འགྱུར་དགོས་ཀྱི་ཡོད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༨ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 27

  1. ལུང་རྟོགས། says:
    ལོ་ 15 སྔོན།

    ད་དངོས་གནས་འཛམ་གླིང་ཀྱང་མགོ་འཇུག་ལོག་ཚར་འདུགས། དེང་སང་འཛམ་གླིང་ལ་ཆག་སྒོ་ཇེ་མང་རེད་ལ། བྱ་བ་འདི་ལྟར་བསྒྲུབས་ན་མུ་འཐུད་ནས་ཆག་སྒོ་ཡོང་ངེས་རེད།

    Reply
  2. སྟག་སྨྱོན། says:
    ལོ་ 15 སྔོན།

    ཞལ་འདེབས་འབུལ་མཁན་ཡོང་མིན་ལ་སེམས་ཁྲལ་མི་འདུག གཙོ་བོ་ཞལ་འདེབས་བསྡུ་སྟངས་དང་གནོད་ཐེབས་མི་མང་གི་ཆེད་འཆར་གཞི་བློས་ཐུབ་ཅིག་གསལ་བོ་བྱས་ནས་ཡོད་དགོས་པ་མཐོང་གི་འདུག ཞལ་འདེབས་བསྡུ་མིའི་ནང་བོད་གཞུང་རྩིས་ཞིབ་ཀྱིས་ཐེ་གཏོགས་དང་ལྟ་ཞིབ་བྱེད་རྒྱུ་གལ་ཅང་གལ་ཆེན་པོ་རེད། ཞལ་འདེབས་འདི་རྒྱ་ཆེན་པོ་ཡིན་ཙང་དངུལ་བསྡུ་དང་ཉར་མཁན། སྤྱོད་མཁན་ཚོའི་ནང་དངུལ་རྩིས་མཁས་པ་ཞིག་ཡོད་རྒྱུ་གལ་ཆེན་པོ་མཐོང་གི་འདུག རྩིས་ཞིབ་ལ་རྒྱུས་མེད་མཁན་རྐྱང་གིས་ཞལ་འདེབས་རྒྱ་འདེབས་རྒྱ་ཆེན་པོ་འདི་འདྲ་བསྡུ་ཉར་བཀོལ་གསུམ་བྱེད་རྒྱུ་ལས་སླ་བོ་ཡོད་པ་མ་རེད། དེ་ལྟར་ཞལ་འདེབས་བསྡུ་སྟངས་ཚད་ལོངས་པ་དང་སྤུས་དག་པོ་དང་བློ་འཁེལ་བ་ཞིག་གི་ཐོགས་བསྡུས། འཆར་གཞི་ལྡན་པའི་ཐོགས་ནས་བྱས་པ་ཡིན་ན་དངོས་གནས་ཕན་ཐོགས་ཆེན་པོ་ཡོང་གི་རེད། ད་ལམ་སྤུས་དག་དང་རྙོག་གླེང་མེད་པར་ཚང་མའི་འདོད་བློ་ཁེངས་པ་ཞིག་བྱེད་ཐུབ་ན། མ་འོངས་པར་གནད་འགག་འདི་འདྲར་ཐུག་པ་ཡིན་ནའང་ཞལ་འདེབས་གང་ཐུབ་རེ་འབུལ་རྒྱུར་དོགས་པ་ཡོང་གི་མ་རེད།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    སྟག་སྨྱོན་ལགས། སྐུ་ཉིད་ཀྱིས་བཤད་པར་རྒྱུ་མཚན་འདུག

    ཞལ་འདེབས་འབུལ་ཕྱོགས་ལ་བསམ་ཚུལ་ཞིག་ང་ལའང་ཡོད། མི་མང་པོ་ཞིག་གིས་སོ་སོས་ཕུལ་བའི་ཞལ་འདེབས་དེ་རྒྱ་ནག་གཞུང་བརྒྱུད་ནས་སྤྲོད་འདོད་བྱེད་ཀྱི་མི་འདུག ཡིད་ཆེས་མེད་པའི་དབང་གིས་རེད། འོན་ཀྱང་། ང་ཚོར་ཡང་ཞལ་འདེབས་འབུལ་མཁན་དང་བསྡུ་མཁན། ལེན་མཁན་བཅས་ཀྱི་བར་འགྲོ་སྟངས་གསལ་བོ་ཞིག་མི་འདུག གཤམ་དུ་དཔེ་མཚོན་ཙམ་ཞུས་ན།

    ༡། ཁྱོད་ཀྱི་ཞལ་འདེབས་དེ་ཅི་ཞིག་གི་ཆེད་དུ་ཡིན་མིན་གསལ་བོ་བཟོས་ན་ཡག་གི་རེད། བྱིས་པ་ཞིག་གི་འཚོ་སྣོན་ཡིན་ནམ། སློབ་གྲྭ་གསར་འཛུགས་ཀྱི་ཆེད་ཡིན་ནམ། སྨན་བཅོས་ཀྱི་ཆེད་ཡིན་ནམ། ཡང་མིན་ན། སྐྱེ་རྒུ་མདོའི་ཁྱིམ་ཚང་ཞིག་ལ་འབུལ་རྒྱུ་ཡིན་ནམ། འདི་དག་གསལ་བོར་བཟོས་ན་ཡག་པོ་ཡོད་རེད་འདོད།

    ༢། ༼ཞལ་འདེབས་ནི་ག་ས་གང་ནས་འབུལ་གྱི་འདུག སི་ཁྲོན་ས་ཡོམ་སྐབས་ཀྱི་ཞལ་འདེབས་ལས་བརྒལ་འདུག ས་ཁྱོན་དང་མི་གྲངས་ཀྱི་ཆ་ནས་སི་ཁྲོན་ས་ཡོམ་སྐབས་ལས་གཞི་རྒྱ་ཆུང་བ་དང་ཉུང་བ་ཡོད།༽ དེར་བརྟེན་ཞལ་འདེབས་བསྡུ་མཁན་ལའང་རིགས་ཤིག་ཡོད་ན་ཡག་གི་རེད། དཔེར་ན། བྱིས་པའི་རོགས་སྐྱོར་གྱི་ཞལ་འདེབས་བསྡུ་མཁན། སློབ་གྲྭ་གསར་འཛུགས་ཀྱི་ཞལ་འདེབས། སྐྱེ་རྒུའི་ ཁྱིམ་ཚང་གི་ཞལ་འདེབས་བསྡུ་མཁན། བུད་མེད་ཀྱི་རོགས་སྐྱོར་ཞལ་འདེབས། འཕྲོད་བསྟེན་གྱི་ཞལ་འདེབས་བསྡུ་མཁན་བཅས་ཡོད་ན་ཁོངས་སོ་སོར་འབུལ་བདེ་གི་རེད།

    ༣། ས་གནས་ས་ཐོག་ནས་ཀྱང་ཞལ་འདེབས་དེ་དག་སྤུས་གཙང་ཞིག་བེད་སྤྱོད་བྱེད་པ་དང་། ཞལ་འདེབས་དེ་དག་ལ་དམིགས་ཡུལ་ངེས་ཅན་ཡོད་པ་ལྟར། བེད་སྤྱོད་ཀྱང་དམིགས་ཡུལ་ཇི་བཞིན་འགྲོ་ཐུབ་ན་ཕན་ཐོགས་ཆེ་བར་འདོད།

    Reply
  4. སྐར་མདའ། says:
    ལོ་ 15 སྔོན།

    རྒྱ་གཞུག་གི་གོ་སྐབས་འདི་དམ་འཛིན་བྱས་ཏེ། ཏང་གི་གཟི་བརྗིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་སྟོན་རྒྱུ་ནི། ས་ཡོམ་འདིའི་སྟེང་གི་ཁེ་ཕན་དང་པོར་བཞག་ཡོད་ངེས་རེད།

    Reply
  5. སྟག་སྨྱོན། says:
    ལོ་ 15 སྔོན།

    དེ་མིན་དཔྱད་རྩོམ་ཡག་པོ་བྲིས་འདུག་ཟེར་བའི་མིང་རེ་རག་མི་ཡོང་བསམ་པ་དང་། ཡང་ན་དཔྱད་བརྗོད་བྲིས་ནས་ཕན་ས་ཞིག་འདུག་དྲན་གི་མི་འདུག གང་ཞལ་འདེབས་བསྡུས་ནས་འཕྲོད་ས་ལ་འཕྲོད་པ་གནང་རོགས་ཅེས་འབྲེལ་ཡོད་ཚོར་ཕྱག་འཚལ་ནས་ཞུ་གི་ཡོད། ད་ལམ་གྱི་ཞལ་འདེབས་བསྡུ་མཁན་ཚོ་ལག་པ་གཙང་མ་གཙང་རྐྱང་ཅན་རྐྱང་རྐྱང་ཡིན་པའི་རེ་བ་ཙམ་བྱེད་རྒྱུ་དང་། རང་གིས་ཀྱང་གང་ཐུབ་ཅིག་ཕུལ་ཡོད་ལ། ད་དུང་ཡང་དཀར་ཐིག་ཕྲན་བུ་རེ་བརྒྱག་ཐུབ་བསམ་ཡོད། དུས་ཚོད་ཆེས་དཀོན་ནའང་རང་དབང་མེད་པར་འདི་ལ་ཡོང་ནས་བསམ་ཚུལ་ཐུང་ཐུང་འདི་བྲིས་ཡིན

    Reply
  6. སྟག་སྨྱོན། says:
    ལོ་ 15 སྔོན།

    མི་ནག་ཚང་རྩོམ་སྒྲིག་པ་ལགས། དུས་བབ་ནང་གི་རྩོམ་ཡིག་ཆེས་ཉུང་ཉུང་ཞིག་ལས་ཀློག་གི་མེད་པ་ལས་ཁྱེད་ཀྱིས་བྲིས་པ་རྣམས་ཧ་ལམ་ཀློག་གི་ཀློག་གི་ཡོད། ད་ཐེངས་ཀྱི་བོད་ནང་ས་ཡོམ་འདིའི་སྐོར་ལ་ངས་དཔྱད་རྩོམ་དང་སྙན་ངག་འབུམ་གཅིག་བྲིས་ཐུབ་ནའང་ས་གནས་ས་ཐོག་ལ་ཆུ་ཐིག་པ་གཅིག་གི་རིན་ཐང་དང་གོ་ཡང་ཆོད་ཀི་མ་རེད། དེ་ལས་ད་ལམ་ཕྱོགས་སོ་སོ་ནས་ཞལ་འདེབས་རང་གི་ཚོད་རེ་འབུལ་ཐུབ་རྒྱུ་དང་། ཞལ་འདེབས་བསྡུ་མཁན་ཚོས་ངོས་ནས་གཙང་མ་གཙང་རྐྱང་གི་ཐོག་ནས་སྐྱེ་མདོའི་ས་ཡོམ་གནོད་ཐེབས་ཚོར་ཕན་ཐོགས་ཡོང་བ་ཞིག་བྱེད་རྒྱུའི་རེ་བ་བརྒྱག་བཞིན་ཡོད། དེ་མིན་དཔྱད་ཡག་པོ་བྲིས་འདུག་ཟེར་བའི་མིང་རེ་རག་མི་ཡོང་བསམ་པ་དང་། ཡང་ན་དཔྱད་བརྗོད་བྲིས་ནས་ཕན་ས་ཞིག་འདུག་དྲན་གི་མི་འདུག གང་ཞལ་འདེབས་བསྡུས་ནས་འཕྲོད་ས་ལ་འཕྲོད་པ་གནང་རོགས་ཅེས་འབྲེལ་ཡོད་ཚོར་ཕྱག་འཚལ་ནས་ཞུ་གི་ཡོད།

    Reply
  7. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཉལ་དགོས་བསམ་པའི་སྐབས་ལ་ཀརྨ་རྡོ་རྗེ་ལགས་ཕེབས་འདུག

    ད་རེབ་དང་ད་རེས་ཞེས་པ་གཉིས་ཀར་རང་རང་གི་དོན་དག་ཡོད་པ་འདྲ། ད་རེབ་ཅེས་པ་ནི་ད་ཐེངས་ཞེས་པའི་དོན་རེད། རེབ་གཅིག་ལ་སྤོར་གི་ཡིན། ཐེངས་གཅིག་ལ་སྤོར་གི་ཡིན་ཅེས་པ་ལྟར་རེད་དྲན།

    རེས་ཅེས་པ་ནི་རེ་མོས་ཀྱི་བསྡུས་ཚིག་རེད། འདི་ནི་ལོ་དང་ཟླ་བ། བདུན་ཕྲག ཚེས་གྲངས་བཅས་ལ་རེ་མོས་ཀྱིས་འཁོར་ཞིང་རྒྱུན་ཆགས་ཀྱི་རྣམ་པར་ཡོད་པའི་ལས་དོན་གྱི་རིགས་ལ་གོ་དགོས་པ་འདྲ། དཔེར་ན། ཐབ་རེས། ཉལ་རེས་ཞེས་པ་ལྟ་བུ་རེད།

    རེབ་ཡིན་ན་ཡང་སེར་འཁོར་དགོས་པའི་ངེས་པ་མི་འདུག་སྙམ། རེས་ཡིན་ན་ནི་འཁོར་ནས་འགྲོ་རྒྱུ་ཞིག་རེད་འདོད།

    མདོ་དོན་དག་ཆ་གང་ཡིན་མིན་དེ་མཁས་པ་གཞན་པ་ཚོར་སྐད་ཆ་འདྲི་རོགས། ད་ཉལ་གྱི་ཡིན། གཟིམ་འཇགས་གནང་དགོ།

    Reply
  8. karma dorje says:
    ལོ་ 15 སྔོན།

    མི་ནག་ཚང་ལུང་རིགས་རྒྱལ་ལགས། བྷི་བྷི་སེ་དང་སི་ཨིན་ཨིན་དང་། ད་རེབ་ཚབ་ལ།
    རྦི་རྦི་སི་དང་སི་ཨེནཨེན་དང་། ད་རེས་ཞེས། བྲིས་མི་དགོས་སམ།

    Reply
  9. རྭ་རྒྱ་བློ་དབང་། says:
    ལོ་ 15 སྔོན།

    ང་ལ་མཚོན་ན། སྐབས་ཐོག་གི་གསར་འགྱུར་རམ་གནས་ཚུལ་གནད་ཅན་རེ་རེད་སྙམ་པ་འགའ་བསམ་བཞིན་རྩོམ་སྒྲིག་པའི་གཏམ་གྱི་ནང་ལ་འཇོག་པའམ། ཡང་ན་རང་ཉིད་ཀྱི་ཟིན་བྲིས་སུ་ཐད་འགོད་པ། མདུན་ངོས་གསར་འགྱུར་གྱི་གཤམ་འཇོག་པ་བཅས་བྱས་མོད། སྣང་མེད་དུ་སྐྱུར་རྐྱང་བྱས་སོང་། དོན་གནད་རེ་འགའ་གསར་འགོད་པར་ཁ་པར་བརྒྱབ་ནས་ངོ་སྤྲོད་བྱས་པའང་ཡོད་མོད། རྨང་གཞིའི་ཆ་ནས་དེ་ཙམ་གྱིས་དོ་སྣང་སྤྲད་མ་སོང་བས་བླ་རྒན་བྱ་ཐབས་ཟད་ནས་བསྡད་པ་ཡིན།

    Reply
  10. གསར་བརྗེ་སྐྱབས། says:
    ལོ་ 15 སྔོན།

    ས་ཡོམ་བྱུང་བ་ནས་ད་བར་དུ་ས་ཡོམ་རང་དང་དེའི་གེག་སེལ་ཐད་རྩོམ་ཡིག་མང་པོ་འདུག་པ་ལ། ཞིབ་བསྡུར་ཀྱང་མང་པོ་འདུག ཡིན་ཡང་ཚང་མ་གནད་དོན་ལ་ཐད་ཀར་ལྟ་སྟངས་ཤིག་ལས་གང་ཡང་མ་རེད། རྩོམ་ཡིག་ཚང་མའི་ནང་གནད་དུ་འཛིན་སྟངས་གི་ཐད་ནས་གོང་གི་རྩོམ་ཡིག་འདི་དང་། དེ་རིང་གསར་དུ་ཁ་བརྡའི་སྟེང་བའི་སྤེལ་བའི་རབ་འབྱོར་ལགས་ཀྱི་རྩོམ་ཡིག་གཉིས་ཁྱད་དུ་འཕགས་ཤོས་དེ་རེད། ངོ་མས་རྩོམ་ཡིག་འདི་འདྲ་ཞིག་སྤེལ་བར་ཐུགས་རྗེ་ཆེ་ཞུ་གི་ཡོད།

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ནམ་རྒྱུན་ཡིན་ན་བོད་དོན་ཅེས་མགོ་གྱོང་རག་བར་དུ་ཅིག་བཤད་གི་རེད། གནད་ལ་ཐུག་དུས་གཞས་ཚིག་རེ་དང་སྙན་ངག་རེ་བྲིས་ནས་འདུག་གི་རེད། འདས་པའི་བདུན་ཕྲག་གཅིག་གི་རིང་དྲ་ཐོག་ལ་བསླེབས་མཁན་དག་གིས་རང་རང་གི་ཟིན་བྲིས་ནང་ལ་རང་རང་གི་ས་ནས་གནས་ཚུལ་རེ་བྲིས་ཡོད་ན་ང་ཚོར་ས་ཡོམ་གྱི་སྐོར་འདི་ཅུང་གསལ་བོ་དང་། ཁ་ཕྱོགས་དང་བསམ་ཕྱོགས་ཡོད་པ་ཞིག་ཆགས་ཡོད་སྲིད།

    ང་ཚོར་གནས་ཚུལ་འགག་པའི་དབང་གིས་བསམ་ཚུལ་ཡང་འགག་བསྡད་འདུག

    བརྒྱུད་ལམ་གང་དུ་ཕྱིན་ནའང་། བོད་པའི་བརྒྱུད་ལམ་འདི་ཐབས་རྡུགས་ཤོས་དེ་རེད། བརྒྱུད་ལམ་ལ་བསླེབས་མཁན་ཚོས་སེམས་སྐྱོ་མདོག་དང་། སེམས་ཤུགས་ཡོད་མདོག དེ་མཚོན་བྱེད་ཀྱི་སྨྱུག་རྩལ་ཡང་ཡོད་མདོག་གིས་ག་དུས་ཡིན་ཡང་དོན་དག་ཅིག་བྱུང་ན་ལམ་སེང་སྙན་ངག་འབྲི་བ་དང་། དེ་མིན་ན་གཞས་ཚིག དེ་མིན་ན་བསྒྲགས་གཏམ་ཞིག་སྤེལ་འདོད་པའི་འཕྲུལ་སྣང་དང་ཧམ་པ་དེས་རང་གི་མིག་མདུན་དང་རྣ་རྩའི་གནས་ཚུལ་མང་པོ་ཞིག་སྣང་མེད་དུ་གཏོང་གི་འདུག དེས་དྲ་ཐོག་གི་གང་ཟག་སོ་སོར་ཤུགས་རྐྱེན་ཐེབས་པ་ཙམ་དུ་མ་ཟད། སྤྱི་ཚོགས་ཧྲིལ་བོ་འདིར་ཤུགས་རྐྱེན་ཐེབས་གི་འདུག འདིའི་རིགས་ལ་ཚང་མས་བསམ་བློ་གཏོང་རན་རེད།

    Reply
  12. དབྱངས་བུ། says:
    ལོ་ 15 སྔོན།

    རྩོམ་སྒྲིག་པ་ལགས། ཡག་པོ་བྲིས་འདུག ཐུགས་རྗེ་ཆེ།

    Reply
  13. བདེ་ཆེན་ལྷུན་གྲུབ། says:
    ལོ་ 15 སྔོན།

    གང་བྱེད་ཀྱང་ཕམ་པ་རག་མཁན་ནི་བོད་མི་རྣམས་རེད། གོང་ས་མཆོག་གི་སྐུ་པར་བཤམ་སྟངས་ལ་ལྟོས་དང་མིག་ཆུ་དབང་མེད་དུ་ཤོར་བྱུང་།

    Reply
  14. སྟག་སྨྱོན། says:
    ལོ་ 15 སྔོན།

    ཨ་རིའི་སྲིད་འཛིན་མི་ནག་དེ་སླེབས་པ་ནས་འཛམ་གླིང་འདིའི་ཐོག་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་ལ་ཡིད་ཆེས་རེ་བ་བཅོལ་བྱེད་མཁན་གྱི་གྲངས་ཉུང་མི་རིགས་ཉམས་ཆུང་ཚོར་བརྙས་བཅོས་དང་ཐུབ་ཚོད་གཏོང་མཁན་དགྲ་དམར་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གསར་བ་ཞིག་བྱུང་བ་དང་། དྲང་བདེན་ལ་རེ་བཅོལ་བྱེད་མཁན་ཚོར་བློ་ཕམས་དང་ཕམ་ཁ་ཐེ་བ་ཞིག་ཕོགས་པ་རེད།
    ༢། བོད་ལ་ས་ཡོམ་བརྒྱབ་ཏེ་བོད་མི་མང་པོ་ཤི་རྨས་ཀྱི་གོད་ཆགས་ཕོགས་པ་དང་ཨོ་བྷ་མའི་སྲིད་གཞུང་སོགས་ཀྱིས་ཧོའུ་ཅིན་ཐོའི་མིང་ཐོག་ལ་མྱང་ངན་སེམས་གསོའི་ཡི་གེ་ཕུལ་བ་དེ་ཡིད་སྐྱོ་བའི་གནས་ཚུལ་གཉིས་པ་དེ་རེད། དཔེར་ན་ཨ་རིའི་གྲོང་ཁྱེར་New York ལ་ས་ཡོམ་བརྒྱབ་ཏེ་ཨ་རིའི་མི་སེར་མང་པོ་ཤི་རྨས་ཀྱི་གོད་ཆགས་སྐྱོ་བོ་ཞིག་བྱུང་བ་དང་། རྒྱ་ནག་གཞུང་གིས་ Osama Binladen ལ་མྱ་ངན་སེམས་གསོའི་ཡི་གེ་བསྐུར་བ་འདྲ་བོ་མཐོང་གི་འདུག

    Reply
  15. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཏང་མི་རྒན་རབ་པ་ནད་པ་མཆོག་གི་དྲུང་དུ།

    ལྟོག་ན་ཕུར་རི་མི་ཟ་བ་ཁ་དཀར་རྐྱང་གི་ཡར་མཚན་རེད།
    དགྲ་ལ་མགོ་བོ་མི་སྒུར་ལེ་སྐྱེས་པ་ཕོ་ཡི་ཡར་མཚན་རེད།

    ནད་པ་ལགས་ཁ་ཞེ་གཉིས་མེད་ཀྱིས་བཀའ་བློན་སྤྱི་འཐུས་ཚང་མ་གོང་ཁྲ་ཏང་མི་ནང་དུ་འཛུལ་བཞུགས་བྱེད་ནུས་པར་འདུག་གམ།

    རྒྱ་གང་ཁྲན་མེད་ན་བོད་མི་རིགས་འདི་ཡར་ལང་མི་ཐུབ་པ་ཅི་ཡིན་ནམ།ཧཧཧཧཧཧཧཧཧཧ
    ཁྱེད་ལ་བོད་མི་རིགས་ཀྱི་ཁེ་དབང་འཕྲོག་མཁན་ཞིོག་ངེས་པ་དུ་དགོས་ཀྱིན་འདུག་གམ།

    Reply
  16. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    ཁ་རྗེས་དབང་ཐང་གིས་འདི་འདྲ་ཞིག་ཏུ་གྱུར་པ་རེད། ཨོ་་་་་ ཨུ་ཚང་གི་གནས་ཚང་རྒྱ་གར་གྱིས་ཐུགས་གསོའི་འཚམས་འཕྲིན་འདྲ་ཅང་མི་འདུག་གམ།

    Reply
  17. ནད་པ says:
    ལོ་ 15 སྔོན།

    རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་དེ་ཨང་དང་པོར་འཇོག་གི་ཡོད་པ་དེ་འཛམ་གླིང་ཆབ་སྲིད་སྤྱིའི་འགྲོ་སྟངས་ཤིག་རེད།

    ཨ་རིའི་སྲིད་འཛིན་དང་། རྒྱ་གར་གྱི་སྲིད་འཛིན་སོགས་ནས་བོད་དེ་རྒྱ་ནག་གི་ཆ་ཆས་ཤིག་མིན་པ་གསལ་པོར་ཤེས་ཀྱི་ཡོད་ཀྱང་ཁོང་ཚོས་ཤེས་བཞིན་དུ་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    དེ་འདྲ་སོང་ཙང་ང་ཚོས་ཀྱང་སོ་སོའི་མི་རིགས་ཀྱི་ལ་རྒྱ་དང་། རྒྱལ་ཞེན་ཨང་དང་པོར་བཞག་སྟེ། ༸ གོང་ས་མཆོག་གི་བཀའ་དགོངས་ལྟར་རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ཡོང་རྒྱུར་འབད་དགོས།

    གལ་སྲིད་ང་ཚོས་༸ གོང་ས་མཆོག་གི་ཐུགས་བཞེད་ལྟར་ཅི་གསུང་བཀའ་བཞིན་བསྒྲུབ་ཐུབ་ན་ནམ་ཞིག་ཏན་ཏན་ང་ཚོར་རྒྱལ་ཁ་ཞིག་འཐོབ་ངེས་ལ་རྒྱ་ནག་གཞུང་ལའང་དེ་ནི་རྒྱལ་ཁ་ཞིག་ཡིན།

    རྒྱ་བོད་མི་རིགས་གཉིས་གཅིག་ཏུ་བསྒྲིལ་ཏེ་ཕན་ཚུན་ཕ་བུ་ལྟར་ལག་དངས་སྤྲེལ་ཏེ་ཆབ་སྲིད་དང་། དཔལ་འབྱོར་། རིག་གཞུང་། ཆོས་ལུགས། མི་རིགས། སྤྱི་ཚོགས། ཚན་རིག བཟོ་རྩལ། འཕྲོད་བསྟེན། ཞིང་འབྲོག རྒྱལ་སྲུང་སོགས་ཕྱོགས་ཀུན་ལ་མཉམ་ལས་ཡག་པོ་ཞིག་ཐུབ་ན་འཛམ་གླིང་སྟེང་རྒྱ་ནག་ཡར་ལངས་ཟིན་པ་དང་ལྷན་དུ་བོད་མི་རིགས་དེ་ཡང་དོན་དངོས་ཐོག་འཛམ་གླིང་ནང་ཡར་ཟིན་པ་དང་གཅིག་མཚུངས་ཡིན།

    དེ་འདྲ་སོང་ཙང་ང་ཚོས་ཀླད་པ་དཀྲུགས་དཀྲུགས་བཏང་ནས་༸ གོང་ས་མཆོག་གི་བཀའ་དགོངས་དང་མ་འགལ་བར་རྒྱ་བོད་གཉིས་མཉམ་གནས་ཐུབ་རྒྱུར་འབད་དགོས།

    དེ་དུས་ང་ཚོར་རྒྱ་གར་དང་། ཨ་རི། ཁ་ན་ཌ་སོགས་ཀྱི་ཕྱི་རྒྱལ་གྱི་བརྒྱབ་སྐྱོར་རྫུན་མ་དེ་དག་དགོས་མཁོ་གཏན་ནས་མེད་ལ་ང་ཚོར་ཡང་འཛམ་གླིང་སྟེང་དཔའ་དང་དཔུང་ངོམ་ཐུབ་པའི་དུས་ཤིག་འཆར་ངེས་ཡིན།

    དེར་བརྟེན་དྲ་གྲོགས་ཚོ་ཕྱི་རྒྱལ་གྱིས་ཡི་གེ་ག་རེད་བྲིས་མིན་ལ་སེམས་ཁྲལ་གཏན་ནས་བྱེད་མི་དགོས། སེམས་ཁྲལ་བྱེད་དགོས་ས་དེ་༸ གོང་ས་མཆོག་གི་བཀའ་དགོངས་ལྟར་ང་ཚོས་སྲུང་བརྩི་གང་ཐུབ་ཞུ་རྒྱུ་དེ་རང་ཡིན།

    དེར་བརྟེན་ང་ཚོས་རྒྱ་ནག་དགྲ་བོ་ཤིག་ཏུ་བརྩི་རྒྱུའི་འདུ་ཤེས་དེ་དོར་ཏེ་༸ གོང་ས་མཆོག་གི་བཞེད་པ་ལྟར་རྒྱ་ནག་མཛའ་གྲོགས་ཤིག་ཏུ་བརྩིས་ཏེ་ང་ཚོ་བོད་མི་རིགས་ཟེར་བ་དེ་འཛམ་གླིང་སྟེང་ཡར་ལངས་ཐུབ་པ་ཞིག་བྱེད་དགོས་ན་རྒྱ་ནག་དང་ལྷན་དུ་མཉམ་ལས་ཤིག་མ་བྱུང་ན་དེ་ནི་ཉི་མའི་རྨི་ལམ་རང་ཡིན་སྟབས་ང་ཚོས་ད་ལྟ་ཀླད་པ་དཀྲུགས་དཀྲུགས་གཏོང་དགོས་པའི་དུས་ཚོད་གལ་ཆེན་ཞིག་རེད།

    Reply
  18. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གིས་ཁ་ཉིན་སུད་སི་ཕེབས་སྐབས་སུ་བཙན་བྱོལ་གཞུང་གི་ལམ་དབུ་མ་དང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་པའི་རྒྱུ་མཚན་གྱིས་འཛམ་གླིང་རྒྱལ་ཁབ་མང་པོ་བོད་དོན་ལ་རྒྱབ་སྐྱོབ་མང་རེ་མང་རེ་རེད་གསུངས་གནང་སོང།
    དེ་རིང་རྩོམ་བསྒྲུགས་པ་ལུང་རིག་ལགས་ཀྱིས།
    འདི་ལྟར་སྲིད་གཞུང་ཁག་དང་བརྒྱུད་ལམ་ཁག་གིས་བོད་ལ་ངོས་ལེན་བྱེད་མི་འདོད་པའི་རྣམ་འགྱུར་ཇེ་གསལ་རེད་ལ། རྒྱ་ནག་གི་ཁ་དབང་འོག་ཏུ་ཤོར་ཏེ་༼བོད་༽ཅེས་པའི་ཡིག་འབྲུ་འདི་ཡང་གཞུང་འབྲེལ་གྱི་ཡིག་ཆའི་ཁོངས་ནས་ཕྱིར་འདོན་རྩིས་བྱས་པ་གསལ་བོ་རེད།

    བོད་པ་ཚོས་མ་གོ་མ་ཚོར་བ་བྱས་ནས། རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་དང་། བརྒྱུད་ལམ་ཆེན་པོ་དག་ཀྱང་ག་ལེར་བྱས་ནས། བོད་དོན་གྱི་མཐའ་འཁོར་ནས་རྐང་འཇབ་ལག་འཇབ་ཀྱིས་ཕར་འབྲོ་མགོ་བརྩམས་འདུག འདི་ནི་བོད་རིགས་ཚོར་གསལ་འདེབས་ཡིན། ཞེས་གསུངས་པར་གཉིས་ལ་གང་ལ་བདེན་ཁ་སྟེར་དགོས་སམ།

    གསུངས་ལུགས་འདིར་གཉིས་ལ་འགལ་བ་ཡོད་པར་འདྲ། མ་རེད་དམ། སྤུན་གྲོགས་ཚོ། གསུང་དང།

    བོད་ཞེས་པའི་ཡིག་འབྲུ་འདིར་གཞུང་འབྲེལ་ཡིག་ཆའི་ཁུངས་ནས་ཕྱིར་འདོན་རྩིས་བྱེད་མཁན་ཕྱི་ཕྱོགས་གཅིག་པོ་ག་ལ་ཡིན་དེང་སང་བཀའ་སྤྱི་གཉིས་ཀྱིས་བྱས་སྟངས་ལ་གཟིགས་དང།

    རྒྱ་དཔོན་ང་ཕོད་མི་གཅིག་ཤི་དུས་བཀའ་ཤག་གིས་མྱ་ངན་གུས་ཚིག་གསལ་བསྒྲགས་ཅི་འདྲ་བྱས་ཡོད་མེད་དྲ་གྲོགས་ཚོའི་མཁྱེན་གསལ་རེད། བོད་མི་ཁྲི་ཚོ་སྲོག་དང་བྲལ་ན་ཡང་རྒྱ་དཔོན་ང་ཕོད་ལ་མྱ་ངན་ཞུས་པར་ལྟར་བྱེད་མི་དགོས་དོན་ཅི་ཡིན་ནམ།

    Reply
  19. རོ་བདག says:
    ལོ་ 15 སྔོན།

    ངོ་མ་བདེན་པ་རེད་ཡིག་གེ་ནག་གོ་བ་འདུག་ད

    Reply
  20. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    རྒྱལ་ཁབ་འདི་དག་གི་ལག་ནས་ཨུ་ཚུགས་ཀྱིས་ཐུགས་གསོའི་འཚམས་འཕྲིན་སློང་བ་ལས། ཁོང་ཚོར་སྐྱེ་རྒུ་མདོར་ས་ཡོམ་བརྒྱབ་ཅིང་རྒྱ་ནག་ལ་ཐུགས་གསོའི་འཚམས་འཕྲིན་ཕུལ་སྐབས་༼བོད་༽ཅེས་པའི་ཡིག་འབྲུ་འདི་སྐུང་དོན་ལ་གསལ་བཤད་དང་། བོད་མི་རིགས་ལ་དགོངས་དག་ཞུ་རུ་འཇུག་རྒྱུའི་ལས་འགུལ་ཞིག་སྤེལ་བ་ཡིན་ན་དགེ་མཚན་ཆེ་བ་མེད་འགྲོ།

    Reply
  21. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    བོད་རང་དབང་སློབ་ཕྲུག་ཚོགས་པས་རྒྱལ་ཁབ་མང་པོ་ཞིག་གི་འཚམས་འཕྲིན་བསྡུ་བཞིན་པ་འདི་ལྷག་བསམ་གྱི་ངོས་ནས་བཤད་ན་རྨ་མེད་ཀྱང་། འཇིག་རྟེན་འགྲོ་ལུགས་ལྟར་བཤད་ན། ང་ཚོར་སེམས་གསོའི་འཚམས་འཕྲིན་བཏང་ཤོག་ཅེས་བཤད་སྲོལ་ཞིག་མེད་ལ། ལས་ཀ་འདི་ཡང་ཨུ་ཐུག་པའི་ལས་ཀ་རང་རེད།

    Reply
  22. རྭ་རྒྱ་བློ་དབང་། says:
    ལོ་ 15 སྔོན།

    འདི་ལྟར་བལྟས་ན། ང་ཚོས་དྲིལ་བསྒྲགས་ཀྱི་ཤོག་ངོས་དག་ལ་ཡང་བསྐྱར་དུ་ཞིབ་འཇུག་བྱེད་དགོས་འདུག གོང་གསལ་རྒྱལ་ཁབ་དེ་དག་གིས་ཡུན་རིང་བར་ས་འགུལ་བརྒྱུགས་ས་བོད་ཡིན་པ་ཤེས་མེད་ངེས་རེད། དེ་ལ་ཡང་ཁག་མི་འདུག་སྟེ། ས་འགུལ་བརྒྱུགས་ནས་ཉིན་གསུམ་པར་ངས་བོད་ཀྱི་གཞུང་ཞབས་རྙིང་པ་ཞིག་དང་ཁ་བརྡ་བྱས། ཁོས་བཤད་རྒྱུར། སྔར་ས་མ་ཤོར་བའི་སྔོན་དུ་ད་ལྟའི་ས་འགུལ་བྱུང་སའི་ཡུལ་དེར་མ་པུ་ཧྥང་གིས་དམག་བརྒྱབ་པ་རེད། ཡུལ་མི་ཚོ་བྲོས་ཡོང་ནས་བོད་གཞུང་ལ་སྐྱབས་བཅོལ་སྐབས་ཐབས་ཤེས་སྣ་ཚོགས་བཏང་ནས་ཕྱིར་ཕུད་པ་རེད། གང་ཤེས། རྒྱ་གར་ལ་སླེབས་ནས་ཚང་མས་བོད་རང་བཙན་ཟེར་གི་འདུག་ཅེས་གསུངས་སོང་། ཁོང་གིས་བཤད་སྟངས་ལས་ཀྱང་གནས་ཚུལ་སྣ་ཚོགས་ཤིག་ར་སྤྲོད་ཀྱི་འདུག་ལ། ཐ་ན་ང་ཚོའི་སློབ་གྲྭ་ཁག་ཏུ་བཀོལ་བཞིན་པའི་བོད་ཀྱི་ས་རྒྱུས་སློབ་ཚན་ཚོའི་ཁྲོད་ན་ཡང་། མདོ་ཁམས་ཀྱི་གནས་དང་། ཡུལ། མི་གྲངས། རི་བོ་སོགས་ཕལ་ཆེར་སྟོང་ཆར་བཞག་འདུག་པ་སོགས་ཀྱང་བོད་ངོ་མི་ཤེས་པའི་རྒྱུ་རྐྱེན་དང་ཀུན་སློང་ཆགས་ཡོད།

    Reply
  23. འཇམ་མགོན། says:
    ལོ་ 15 སྔོན།

    གྲོགས་མི་ནག་ལགས། འདི་དག་ཚང་མ་ཆབ་སྲིད་ཀྱི་གཡོ་སྒྱུ་ཁོ་ན་རེད། ཆབ་སྲིད་ཀྱི་གཡོ་སྒྱུས་རྒྱལ་ཁབ་སོ་སོའི་རང་དོན་བསྒྲུབ་བཞིན་པ་ལས་དོན་དངོས་དང་ལེན་གྱིས་བོད་དོན་ཞིག་བྱས་མི་ཡོང་པ་ནི་ང་ཚོས་ཀྱང་ཤེས་གསལ་རེད། འདི་ནི་རྒྱལ་སྤྱིའི་གནད་དོན་ཞིག་ཡིན། འོན་ཀྱང་། རྒྱལ་ནག་གིས་ང་ཚོ་སའི་སྒང་གི་འབུ་ཞིག་གི་ཚུལ་དང་འཛམ་གླིང་ཡོངས་རང་ཉིད་ཀྱི་དབང་འོག་ཏུ་ཡོད་པ་ལྟ་བུའི་འདུ་ཤེས་ཤིག་བཟུང་ཡོད། ཁོ་ཚོས་ཁྱབ་བསྒྲགས་གང་ཞིག་བྱས་ཀྱང་རྒྱ་དམག་གིས་བྱེད་བཞིན་ཡོད་པ་རྐྱང་སྟོན་པ་ལས་མི་དམངས་ཀྱི་སེམས་འཚུབ་དང་། རོགས་སྐྱོར། ལྷག་དོན་དགེ་འདུན་པ་རྣམས་ཀྱིས་དཀའ་ལས་བརྒྱབ་པ་ཕྱོགས་ཙམ་ཡང་བསྟན་མེད། འདི་ནི་ང་ཚོའི་མི་རིགས་ལ་མཐོང་ཆུང་ཞིག་དང་འཛམ་གླིང་མི་དམངས་ཇི་ཡང་མི་ཤེས་པའི་ལྐུགས་པ་ལྟ་བུ་ཞིག་ལ་བསྒྱུར་ཡོད།

    Reply
  24. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    ཕྲན་གྱི་འབྲི་དགོས་སར་དུ་བྲིས་པ་དང་། གཤམ་གྱི་འབྲི་དགོས་སར་གྱིས་བྲིས་འདུག ལག་བཙོག་འདི།

    Reply
  25. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    བཀུར་འོས་རྩོམ་སྒྲིག་པ་ལགས། ཕྲན་དུ་ལག་ཏུ་ངྷ་ས་བོད་རང་དབང་སློབ་ཕྲུག་ཚོགས་པས་བསྐུར་ཡོང་བའི་གློག་འཕྲིན་ཞིག་ཏུ། གཤམ་གྱིས་རྒྱལ་ཁབ་ཁག་གིས་༧གོང་ས་མཆོག་ལ་ཐུགས་གསོའི་འཚམས་འཕྲིན་གནང་འདུག ད་ལྟ་ངས་གསར་འགྱུར་བཟོ་བཞིན་པའི་སྒང་ཡིན། གསལ་འདེབས་ཙམ་ཡིན་ལགས།
    United States of America
    United Kingdom
    France
    Greece
    South Africa
    Germany
    India
    Australia
    Luxembourg
    Australia
    Spain
    Italy
    Bulgaria
    Switzerland
    The Netherlands
    Poland
    Portugal
    Sweden
    Scotland
    Ireland
    Brazil
    Argentina
    Mexico
    Canada
    Belgium
    Peru
    Philippines

    Reply
  26. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    རྩོམ་སྒྲིག་པ་ལགས། ངས་ཀྱང་འདིའི་ཐད་དུ་འདི་ནས་མི་མང་བོ་ཞིག་ལ་གསལ་བཤད་བྱེད་དགོས་ཐུག་གི་འདུག་ལ། སྐབས་རེར་མི་ཁ་ཤས་ཀྱི་མགོ་བོ་ཡང་གཡུག་གི་འདུག ཉིད་ཀྱིས་གསུངས་པ་ལྟར། ད་སྐབས་ཕྱོགས་སོ་སོའི་རྒྱལ་ཁབ་ཀྱི་དབུ་ཁྲིད་མང་ཆེ་ཤོས་ཤིག་ཆབ་སྲིད་ཀྱི་ལག་ཆ་དང་ཚོང་དཔོན་ལྟ་བུ་ཤ་སྟག་ཤིག་ལས་མིའི་རིགས་ཀྱི་ལོ་རྒྱུས་ལ་བརྩི་བཀུར་ཡོད་མཁན་ནི་ཉིན་མོའི་སྐར་མ་ལྟར་ཉུང་དུ་འགྲོ་བ་འདི་ཡི་སྐབས་སུ་བོད་རིགས་རང་གི་ནང་དུ་ཡང་ཆབ་སྲིད་ང་ཆོས་ལུགས་སོགས་བསྲེ་ནས་མ་འོང་། ང་ཚོ་ཆོས་པ་ཡིན་ཟེར་མཁན་ཡོད་པ་རེད། དེ་དག་ནི་དངོས་ནས་ཐབས་སྐྱོ་བོ་རེད། ལྷག་པར་དུ་ས་འགུལ་གྱི་དུས་ཚོད་འདི་དམ་འཛིན་གྱིས་རྒྱ་ནག་གི་སྲིད་འཛིན་ནས་བཟུང་དེ་གཡོ་སྒྱུའི་ལེའུ་གནམ་ས་འགུལ་བ་ཞིག་བྱས་པ་དེར། འཛམ་གླིང་གི་མི་མང་བོ་ཞིག་གཉིད་ནས་ཡོད་ཀྱང་། བོད་མི་མི་ཉུང་བ་ཞིག་ཀྱང་ད་དུང་ཡང་གཉིད་ནས་ཡོད་པ་མཐོང་དུས་སེམས་པ་སྐྱོ་ཡང་ཐབས་ཤེས་གཞན་གང་ཞིག་ཡོད། ཡོད་པ་དེ་ནི་མུ་མཐུད་དུ་བོད་རིགས་མང་ཚོགས་ལ་འདིའི་སྐོར་གསལ་བཤད་རབ་དང་རིམ་པ་ཚགས་ཤོག་དང་རླུང་འཕྲིན ་སོགས་བརྒྱུད་དེ་གླེང་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་འདུག

    རྒྱལ་ཁབ་འདིའི་གསར་འགྱུར་གྱི་ལེའུ་ཚན་ཞིག་གི་ནང་དུ་བོད་ལ་ས་ཡོམ་གྱི་གོད་ཆག་བྱུང་འདུག་པ་དང་༧གོང་ས་མཆོག་གིས་ཁོའི་མི་དམངས་ལ་སེམས་གསོ་གཏོང་བ་དང་ཐུགས་སྨོན་གནང་གི་འདུག་ཟེར་བ་ཞིག་ཐེངས་གཅིག་གཉིས་ཤིག་ལ་བཤད་པ་གོ་སོང་། དེ་མ་གཏོགས་དྲ་ཐོག་ནས་རྒྱལ་ཁབ་གཞན་དག་གི་གསར་འགྱུར་ལས་བོད་དུ་ས་འགུལ་བརྒྱབ་འདུག་ཟེར་མཁན་མ་ཐོས་པ་དེ་ནི་དངོས་ནས་སེམས་པ་སྐྱོ་བའི་སྣང་བ་དེ་ནི་ཉིད་དང་གཅིག་མཚུངས་ཡིན།

    Reply
  27. རྭ་རྒྱ་བློ་དབང་། says:
    ལོ་ 15 སྔོན།

    ཡུན་ནས་ཡུན་ཏུ་བསྟར་བའི་རྒྱ་གཞུང་གི་དྲིལ་བསྒྲགས་དང་། ཤིས་ཙང་ཞེས་པའི་རྒྱ་མིང་། ཆིན་ཧེ་ཞེས་པའི་རྒྱ་མིང་སོགས་དང་འབྲེལ་བ་དམ་ཟབ་ཡོད་ངེས་སྙམ། ཨ་རི་གཙོ་བོར་བྱས་པའི་རྒྱལ་ཁབ་མང་པོ་ཞིག་གིས་བོད་ཅེས་པའི་མིང་འདི་སྐུང་ཐབས་བྱས་ཡོད་ཀྱང་སྲིད་མོད། གཙོ་གནད་ནི་རྒྱ་གཞུང་གི་གཏིང་རིང་བའི་གཡོ་ཇུས་ཀྱིས་ས་ཁུལ་དུམ་བུར་བཅད་པ་མ་ཟད། ཡོངས་གྲགས་དྲིལ་སྒྲོག་གི་ཡིག་ཆར་བོད་ཅེས་པ་འདི་དབུས་ཕྱོགས་གཅིག་བུར་མ་གཏོགས་མ་སྤྲད་པས་རེད་སྙམ། འདིར་བལྟས་ན་དེ་སྔ་བཙན་བྱོལ་དུ་ཤིས་ཙང་གི་གོ་དོན་ལ་རྩོད་རྙོག་སློང་མཁན་ཚོར་ཡང་ཕུགས་བསམ་རིང་པོ་རེ་ཡོད་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese