མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་ཡོམ་ཁྲོད་ཀྱི་གནད་དོན། ཁང་གསར་རྡོ་རྗེ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཁང་གསར་རྡོ་རྗེ།

གཤམ་གསལ་ནི་ཕྲན་པས་ཉེ་ལམ་གྱི་ས་ཡོམ་དང་འབྲེལ་བའི་གནས་ཚུལ་ཁག་ལ་དཔྱད་བསྡུར་བྱས་ཏེ་བཀོད་པ་ཞིག་ཡིན། ང་རང་གི་ལག་པ་གཡོན་མར་བརྡབ་སྐྱོན་བྱུང་སྟེ་སྨན་བཅོས་བྱེད་བཞིན་ཡོད་སྟབས། སེམས་ནང་གི་བསམ་ཚུལ་མང་པོ་ཞིག་འབྲི་བསམས་ནའང་འབྲི་ཐུབ་ཀྱི་མི་འདུག འོན་ཀྱང་ས་ཡོམ་ཁྲོད་གྲོངས་པའི་ཕུང་པོ་དེ་དག་དང་། བོད་མིའི་རྡོག་རྩ་གཅིག་སྒྲིལ་གྱི་རྣམ་པ་དེ་ཚོ་མཐོང་དུས། སྡོད་ཐུབ་ཀྱི་མི་འདུག དེར་བརྟེན་གཤམ་གསལ་ནི་ཕྲན་པས་ལག་གཅིག་གིས་ཨུ་ཚུགས་བརྒྱབ་སྟེ་བྲིས་པ་ཞིག་ཡིན། ང་རང་གིས་འབད་བརྩོན་འདི་འདྲ་ཞིག་བསྟེན་པ་དེ་དོན་སྙིང་ལྡན་པ་ཞིག་ཡིན་དྲན་གྱི་འདུག

ཀ༽ སྔོན་བརྡ།
སྐྱེ་རྒུ་མདོའི་ས་ཡོམ་དེ་མ་བྱུང་གོང་ནས་རྒྱ་ནག་གི་ས་ཡོམ་ཆེད་ལས་པས་སྔོན་བརྡ་བཏང་ཡོད་ཀྱང་། རྒྱ་ནག་གཞུང་གིས་སྣང་མེད་དུ་བཏང་བ་དང་། དེ་རྗེས་ཕྱི་ཟླ་ ༤ ཚེས་ ༡༤ སྔ་དྲོ་ཞོགས་པ་ཆུ་ཚོད་ ༥ ཙམ་ལ་ས་ཡོམ་ཞིག་བྱུང་བ་ནས་ས་ཡོམ་ཆེན་པོ་དེ་མ་བྱུང་བར་དུས་ཡུན་ཆུ་ཚོད་གཉིས་ལྷག་ཡོད་ཀྱང་མཚོ་སྔོན་དང་སྐྱེ་རྒུ་མདོའི་ས་ཡོམ་བརྟག་ཞིབ་ལས་ཁུངས་ཀྱིས་མང་ཚོགས་ལ་སྔོན་བརྡ་གང་ཡང་བཏང་ཐུབ་མེད།

ཁ༽ ཤུགས་ཚད།
ས་ཡོམ་གྱི་ཤུགས་ཚད་ཐད་མི་མཐུན་པ་གཉིས་ཡོད། དེ་ཡང་དང་པོ་ཤུགས་ཚད་༦༌༩ ཡིན་པར་བསྒྲགས་ཤིང་། རྗེས་སུ་ཤུགས་ཚད་ ༧༌༡ ཡིན་པར་བསྒྲགས། ཨ་རིའི་ས་ཡོམ་བརྟག་ཞིབ་ཁང་གིས་ད་དུང་ཡང་ཤུགས་ཚད་ ༦༌༩ ཡིན་པར་རྗོད་བཞིན་ཡོད།

ཕྱི་ལོ་ ༢༠༠༨ ལོར་སི་ཁྲོན་ལ་ས་ཡོམ་བྱུང་སྟེ་སློབ་ཁང་འགྱེལ་བར་བརྟེན་སློབ་ཕྲུག་ཁྱོན་ཆེ་འདས་གྲོངས་སོང་བ་རེད། དོན་དེ་གནད་དོན་ཆེ་ཤོས་ཤིག་ཏུ་གྱུར་ཏེ་ད་ལྟའང་ཐག་གཅོད་ཡག་པོ་ཐུབ་མེད། དེའི་རྗེས་སུ་རྒྱ་ནག་གཞུང་གིས་རྒྱལ་ཡོངས་སུ་གསལ་བསྒྲགས་བྱས་པའི་ཡིག་ཆ་ཞིག་གི་ནང་། སློབ་གྲྭའི་ཁང་པ་ཁག་གི་བརྟན་ཚད་དེ། ངེས་པར་ཉུང་མཐར་ས་ཡོམ་ཤུགས་ཚད་ཨང་ ༧ ཐེག་ཐུབ་པ་ཞིག་དགོས་པར་བཤད་ཡོད། འོན་ཀྱང་སྐྱེ་རྒུ་མདོའི་སློབ་གྲྭའི་ཁང་པ་ཁག་ལ་ཚད་གཞི་དེ་ལོངས་མེད་པ་ནི་བཤད་མི་དགོས་པ་ཞིག་རེད། དེར་བརྟེན་ས་ཡོམ་གྱི་ཤུགས་ཚད་ ༦༌༩ ནས་ ༧༌༡ ལ་སྤར་བ་ནི། ཏག་ཏག་གནད་དོན་དེར་གཡོལ་ཐབས་ཤིག་ཡིན་སྲིད་པ་རེད།

ག༽ ཤི་ཚད།
ད་རེས་སྐྱེ་རྒུ་མདོར་ས་ཡོམ་ཤུགས་ཚད་ ༦༌༩ བརྒྱབ་པའི་ནང་ཡང་སྙིང་མི་ག་ཚོད་ལ་ཤི་གོད་བྱུང་མིན་གྱི་གྲངས་འབོར་དེ་རྩོད་གཞིའི་ངོ་བོར་གནས་ཡོད། རྒྱ་ནག་གཞུང་འབྲེལ་གྱིས་བསྒྲགས་པའི་ཤི་གོད་གྲངས་འབོར་གསར་ཤོས་ནི་ ༢༡༨༣ རེད། འོན་ཀྱང་ས་ཡོམ་འབྱུང་ཡུལ་དུ་དངོས་སུ་བསྐྱོད་པའི་ཧོང་ཀོང་གི་གསར་འགོད་པར། གྲྭ་ངག་དབང་བསྟན་པ་རིན་ཆེན་ཞེས་པས་བཤད་པ་ལྟར་ན། ཁོང་གི་དགོན་པ་གཅིག་པུས་མི་རོ་ ༣༤༠༠ ལྷག་ཞུགས་འབུལ་བྱས་པ་ཡིན་ཞེས་བཤད་ཡོད། ས་གནས་ཀྱི་བོད་མི་ཚོས་ཚོད་རྩིས་བྱས་པ་ལྟར་ན། ཤི་གོད་ཀྱི་གྲངས་འབོར་དེ་ ༡༠༠༠༠ བརྒལ་ཡོད་ལ། ཧོང་ཀོང་གི་མིང་པའོ་གསར་ཤོག་ལ་རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་གཅིག་གིས་ཤི་གོད་ཀྱི་འབོར་གྲངས་ ༡༠༠༠༠ བརྒལ་ངེས་པའི་སྐོར་བཤད་ཡོད།

    ང་ཚོས་གྲངས་འབོར་ངེས་གཏན་འཁེལ་བ་བརྗོད་མི་ཐུབ་ཀྱང་། སྐུ་ཕུང་ཞུགས་འབུལ་སྔ་རྗེས་གཉིས་བྱས་པ་དང་ཆུ་ལ་བཤམས་པ། སྨན་ཁང་དུ་གྲོངས་པ། སྒེར་པ་སོ་སོས་པུར་འཇུག་བྱས་པ་སོགས་བསྡོམས་ན། རྒྱ་ནག་གཞུང་གིས་བཤད་པ་དེ་ལས་ལྡབ་ཀྱིས་མང་བ་ཡོད་པ་ནི་གཏན་འཁེལ་ནས་བཤད་ཐུབ་པ་ཞིག་རེད།

    ཡང་སྐྱེ་རྒུ་མདོར་ས་ཡོམ་མ་བྱུང་སྔོན་ཟླ་ ༢ ཚེས་ ༢༧ ཉིན་ཅི་ལི་ (Chile) རྒྱལ་ཁབ་ཏུ་ས་ཡོམ་ཤུགས་ཚད་ ༨༌༨ ཅན་ཞིག་བརྒྱབ་ཅིང་། ཤུགས་ཚད་ཧ་ཅང་ཆེ་སྟབས་རྒྱལ་ཁབ་དེའི་མི་འབོར་གྱི་བརྒྱ་ཆ་ ༨༠ བརྒལ་བས་ས་ཡོམ་དེ་ཧ་ཅང་མངོན་གསལ་དུ་ཚོར་ཐུབ་པ་བྱུང་ཡོད་ལ། རྒྱུ་དངོས་ལ་ཚབས་ཆེའི་གནོད་སྐྱོན་བཟོས་ཡོད། འོན་ཀྱང་ས་ཡོམ་ནང་མི་ཤི་བའི་གྲངས་འབོར་དེ་ ༤༨༦ རེད།

    རྒྱ་ནག་གིས་རང་ཉིད་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པར་རློམ་བཞིན་ཡོད། འོན་ཀྱང་མང་ཚོགས་ཀྱི་སྡོད་ཁང་དང་འཕྲོད་བསྟེན་འགན་སྲུང་སོགས་ཀྱི་ཐད་ཅི་ལི་ལྟ་བུའི་རྒྱལ་ཁབ་ཆུང་ཆུང་ཞིག་ལ་དོ་གི་མེད།

ང༽ མྱུར་སྐྱོབས།
༢༠༠༨།༥།༡༢ ཉིན་སི་ཁྲོན་དུ་ས་ཡོམ་ཤུགས་ཚད་རིམ་པ་ ༨ བརྒྱབ་སྐབས། རྒྱ་ནག་གཞུང་གིས་དམག་དཔུང་དང་སྨན་པ། དང་བླངས་པ། ཕྱི་རྒྱལ་གྱི་རོགས་རམ་སོགས་ཧ་ཅང་ཤུགས་ཆེ་ཞིག་བཀོལ་ནས་གནོད་སེལ་མྱུར་སྐྱོབས་ཀྱི་ལས་དོན་ཚང་མ་ཧང་སངས་དགོས་པ་ཞིག་སྤེལ་ཡོད། དེ་དང་ད་རེས་སྐྱེ་རྒུ་མདོར་ས་ཡོམ་བྱུང་སྐབས་ཀྱི་གནས་ཚུལ་བསྡུར་ན་ཁྱད་པར་ཆེན་པོ་ཤོར་ཡོད། དེ་ཡང་
༡༽  སི་ཁྲོན་དུ་ས་ཡོམ་བྱུང་བའི་ཉིན་དེ་གར་རྒྱ་ནག་གཞུང་གིས་ཐད་འཕུར་གནམ་གྲུ་ ༢༠ བཏང་སྟེ་མྱུར་སྐྱོབས་དང་ཟ་འབྲུ་གནམ་ཐོག་ནས་གཡུག་འགོ་བཙུགས་པ་དང་། ཚེས་ ༡༥ ཉིན་ཡང་བསྐྱར་ཐད་འཕུར་གནམ་གྲུབ་འཕར་མ་ ༩༠ མངགས་ཏེ་མཐའ་ཁུལ་ཁག་ཏུ་མྱུར་སྐྱོབས་དངོས་རྫས་གཡུགས་པ་དང་། རྨས་མ་སྨན་ཁང་དུ་དབོར་བ་སོགས་བྱས་ཡོད།

    འོན་ཀྱང་ད་ཐེངས་སྐྱེ་རྒུ་མདོ་དང་དེའི་ཉེ་འདབས་ཀྱི་གནོད་འཚེ་ཕོག་ཁུལ་དུ་ཛ་དྲག་གི་སྐྱོབས་གསོའི་དངོས་ཟོག་གཡུག་མཁན་གནམ་གྲུ་གཅིག་ཀྱང་བཏང་མེད།

༢༽  སི་ཁྲོན་དུ་ས་ཡོམ་བྱུང་ནས་སྐར་མ་ ༩༠ ནང་སྲིད་བློན་དབུན་ཅཱ་སྦའོ་ས་ཡོམ་འབྱུང་ཁུལ་དུ་ངོ་བསྐྱོད་བྱས་པ་དང་། དེ་འཕྲལ་རྒྱ་ནག་གི་འཕྲོད་བསྟེན་བློན་ཆེན་གྱིས་མྱུར་སྐྱོབས་སྨན་བཅོས་རུ་ཁག་ ༡༠ ས་གནས་སུ་བཏང་། དེ་བཞིན་ཉིན་དེ་རང་ལ་ཁྲིན་ཏུ་དམག་ཁུལ་ཁང་གིས་དམག་མི་དང་དྲག་ཆས་ཉེན་རྟོག་པ་ ༥༠༠༠༠ མྱུར་སྐྱོབས་བྱེད་པར་མངགས། ཉིན་དེ་ག་རང་ལ་རྒྱ་ནག་རྒྱལ་ཡོངས་རྒུད་སྐྱོབས་ལྷན་ཚོགས་ཀྱིས་རིམ་པ་གཉིས་པའི་ཛ་དྲག་སྔོན་དཔག་གི་འཆར་གཞི་བཏིངས་ཤིང་། ཉིན་དེ་གའི་ཕྱི་དྲོར་འཆར་གཞི་དེ་རིམ་པ་དང་པོར་སྤར། གཞན་ཡང་ཐེ་ཝན་དང་ཉི་ཧོང་སོགས་ཀྱི་ཆེད་ལས་མྱུར་སྐྱོབས་མི་སྣ་ས་གནས་སུ་བཏང་ཡོད། དེར་བརྟེན། སི་ཁྲོན་གྱི་ས་ཡོམ་གྱི་ཁང་པ་འགྱེལ་བའི་འོག་ནས་བསྐྱབས་ཐུབ་པའི་མིའི་གྲངས་འབོར་མང་པོ་རེད།

    འོན་ཀྱང་སྐྱེ་རྒུ་མདོའི་ས་ཡོམ་ནང་བཏང་བའི་དམག་འབོར་ཉུང་བ་ཙམ་དུ་མ་ཟད། བོད་ཀྱི་ས་བབས་མཐོ་སར་གོམས་འདྲིས་མེད་པའི་དམག་མི་ཡིན་སྟབས། གཞན་བསྐྱབ་ཐུབ་རྒྱུ་ལྟ་ཅི་རང་ཉིད་ལ་སྲོག་རླུང་མ་འདང་པར་གནས་དགོས་བྱུང་ཡོད། དབུན་ཅ་སྦའོ་དང་ཧུའུ་ཅིང་ཐའོ་གཉིས་ས་གནས་སུ་སླེབས་ཀྱང་། སྡོད་ཡུན་ཐུང་ཞིང་ལས་དོན་བཀོད་སྒྲིག་བྱེད་སྟངས་ལ་བལྟས་ན། སྔོན་མ་ཁོང་གཉིས་སི་ཁྲོན་དུ་ས་ཡོམ་བྱུང་སྐབས་བསྐྱོད་སྟབས། ད་རེས་མི་རིགས་དབྱེ་འབྱེད་བྱས་མེད་ཁུལ་གྱི་རྣམ་འགྱུར་སྟོན་ཆེད་ཙམ་དུ་ཡོང་བ་མིན་ནམ་སྙམ།

ཅ༽ ཁང་པ་འགྱེལ་ཚད།
སྐྱེ་རྒུ་མདོའི་ཁང་པ་བརྒྱ་ཆ་ ༨༥ ཙམ་ས་ཡོམ་ནང་འགྱེལ་ཡོད། དེ་ནི་ཁྱོན་ཡོངས་ཀྱི་ལྟ་སྟངས་ཤིག་རེད། འོན་ཀྱང་མ་འགྱེལ་བར་ལྷག་པའི་ཁང་པ་དེ་དག་གང་དང་གང་ཡིན་ནམ་ཞེ་ན། གཞུང་གི་ཁང་པ་ཁག་རེད། དེར་བརྟེན་ཚིག་གཞན་གྱིས་བཤད་ན། བོད་རིགས་མང་ཚོགས་ཀྱི་སྡོད་ཁང་བརྒྱ་ཆ་ ༩༩ ས་ཡོམ་ནང་འགྱེལ་བ་རེད། གཅིག་བྱས་ན། འདི་བོད་མིའི་གོ་རྟོགས་ཤིག་དང་འབྲེལ་བ་ཡོད་སྲིད། གཅིག་བྱས་ན་འདི་འཚོ་བའི་ཆུ་ཚད་དང་འབྲེལ་བ་ཡོད་སྲིད། དེ་གཉིས་ག་རེ་ཡིན་རུང་རྒྱ་ནག་གཞུང་ལ་འགན་ཡོད་རེད།

ཆ༽ སྐྱེ་རྒུ་མདོའི་བོད་ཕྲུག
སྐྱེ་རྒུ་མདོའི་གནས་ཚུལ་ལ་བལྟ་སྐབས། མི་རྒན་པའི་ནང་རྒྱ་སྐད་ཤེས་མཁན་ཉུང་ཙམ་ཡིན་པ་འདྲ། འོན་ཀྱང་ཕྲུ་གུ་ཚོར་མཚོན་ན། བྱིས་པ་ལོ་ ༧།༨ དེ་ཚོས་ཀྱང་རྒྱ་སྐད་ཧ་ཅང་ཡག་པོ་བཤད་ཀྱི་འདུག  ང་རང་གི་ལྟ་སྟངས་ལྟར་ན། འདི་ཡག་རྟགས་ཤིག་རྩ་བ་ནས་མ་རེད། བོད་ཕྲུག་དེ་ཚོ་རིམ་པས་རྒྱ་རིགས་ཅན་དུ་སྒྱུར་བཞིན་ཡོད་པའི་དཔང་རྟགས་ཤིག་རེད། བཙན་བྱོལ་གྱི་སློབ་གྲྭའི་ནང་དུ། སྔོན་འགྲོའི་འཛིན་གྲྭ་ནས་དབྱིན་ཡིག་བསླབས་ན་ཡང་། ལོ་ ༡༠ ལ་སོན་པའི་བྱིས་པས་ཀྱང་དབྱིན་སྐད་ཡག་པོ་དེ་འདྲ་བཤད་ཤེས་ཀྱི་མ་རེད། འདི་ལས་སྐྱེ་རྒུ་མདོས་མཚོན་པའི་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་རིགས་ཅན་དུ་བསྒྱུར་བའི་གནད་དོན་འདི་ཚབས་ཆེ་ཆུང་ཅི་ཙམ་དུ་སླེབས་ཡོད་མེད་མཐོང་ཐུབ།

ཇ༽ གྲྭ་པའི་གཟུགས་བརྙན།
མདང་དགོང་ངས་པེ་ཅིང་དུ་ཡོད་པའི་རྒྱ་རིགས་སློབ་གྲོགས་ཤིག་ལ་ཁ་པར་བཏང་སྟེ། སྐྱེ་རྒུ་མདོའི་ས་ཡོམ་གྱི་སྐོར་བཤད། ངེད་གཉིས་ཀྱི་སྐད་ཆ་དེ་རང་བཞིན་གྱིས་ད་རེས་ས་ཡོམ་གྱི་གོད་ཆག་ནང་བོད་པའི་གྲྭ་པས་ནུས་པ་ཧ་ཅང་ཆེན་པོ་བཏོན་ཀྱང་། རྒྱ་ནག་གཞུང་གི་གསར་འགྱུར་ཁག་ཏུ་དེའི་སྐོར་ཆེད་དུ་ནག་བསུབ་བཏང་བའི་གནད་དོན་གླེང་། མཚམས་ཤིག་ཏུ་ངས། རྒྱ་ནག་གཞུང་གི་བྱེད་སྟངས་དེ་ནི་ཧ་ཅང་བྱབ་ཆུང་རེད། བོད་རིགས་མི་དམངས་དང་ཕྱི་རྒྱལ་གསར་འགོད་པ་ཚོས་གནས་ཚུལ་གསལ་པོར་མཐོང་བཞིན་དུ། འདི་ལྟར་སྐྱག་རྫུན་བཤད་དེ་རྒྱ་གཞུང་ལ་ཕན་ཐོགས་གང་ཡང་མེད། དེ་ལས་གྲྭ་པ་དང་དམག་མི་མཉམ་རུབ་ཀྱིས་བོད་མི་བསྐྱབས་པའི་གནས་ཚུལ་སྤེལ་ན། ཧ་ཅང་གིས་ནུས་པ་ཆེན་པོ་ཐོན་ངེས་རེད་ཅེས་བཤད། འོན་ཀྱང་ངའི་སློབ་གྲོགས་དེས་གད་མོ་དགོད་བཞིན། གྲོགས་པོ་རྡོ་རྗེ། ཁྱེད་རང་ལ་ད་དུང་ལྷད་མེད་མགོ་རྨོངས་ཀྱི་བོད་པའི་གཤིས་ཀ་དེ་བསྡད་འདུག་ཟེར། ངས་ཞིབ་པར་འདྲི་སྐབས་ཁོང་གིས།

    ༢༠༠༨ ལོ་ནས་རྒྱ་ནག་གཞུང་གིས་ཐག་གཅོད་ཆེན་པོ་ཞིག་བྱས་ཟིན་པ་རེད། དེ་ནི། བོད་པའི་གྲྭ་པའི་གཟུགས་བརྙན་ཞི་དུལ་དང་གཞན་ཕན་ཅན་ནས་དྲག་སྤྱོད་པ་དང་ཚུལ་མིན་ཅན་ཞིག་ཏུ་བསྒྱུར་རྒྱུ་དེ་རེད། དེའི་ཆེད་དུ་ལྷ་སའི་ ༣༌༡༤  རུ་འབོད་པ་དེ་རྒྱལ་ཡོངས་སུ་ཡོངས་ཁྱབ་ཏུ་བསྟན་པར་མ་ཟད། བོད་ཁུལ་གྱི་དགོན་པས་མེ་མདའ་དང་འབར་རྫས་ཉར་ཏེ་དྲག་སྤྱོད་བྱེད་རྩིས་ཡོད་པའི་གནས་ཚུལ་ཐེངས་མང་སྤེལ་ཟིན་པ་རེད། དེ་བཞིན་ ༡༩༥༩ གོང་དུ་སེར་མོ་བས་སྐྱིད་ཉལ་བརྒྱབ་སྟེ་མི་སེར་གྱི་རྔུལ་ཁྲག་འཇིབས་བཞིན་ཡོད་ཚུལ་ཡང་ཡོངས་ཁྱབ་ཏུ་དྲིལ་བསྒྲགས་བྱེད་བཞིན་ཡོད། དེར་བརྟེན་གློ་བུར་དུ་བོད་ཀྱི་གྲྭ་པ་ཚོས་རང་སྲོག་བློས་གཏོང་གིས་གཞན་ཕན་བྱེད་པ་ཙམ་མ་ཟད། བྱ་སྤྱོད་ཀྱི་མྱུར་ཚད་དང་བཟང་ཚད་དེ་ཏང་དང་དམག་དཔུང་གི་སྔོན་དུ་ཤོར་ནས་བྱ་བཟང་སྒྲུབ་ཚུལ་རྣམས་རྒྱ་ནག་རྒྱལ་ཡོངས་སུ་བསྟན་ཚེ། རྒྱ་རིགས་ཡོངས་ཀྱི་སེམས་ལ་གཡོ་འགུལ་ཐེབས་རྒྱུ་རེད་ལ། བོད་པའི་གྲྭ་པའི་གཟུགས་བརྙན་ངོ་མ་དེ་མཐོང་གི་རེད། དེ་ནི་ཏང་དང་རྒྱལ་ཁབ་ལ་འཇིགས་སྣང་ཧ་ཅང་ཆེ་བ་ཞིག་རེད། མདོར་བསྡུས་ནས་བཤད་ན། ༢༠༠༨ ལོའི་དྲག་གནོན་དེ་ནོར་འཁྲུལ་ཡིན་པར་ཁས་བླངས་པ་ལྟ་བུ་རེད་ཟེར།

ཇ༽ བཙན་བྱོལ་བོད་མིའི་རྣམ་འགྱུར།
ས་ཡོམ་བྱུང་རྗེས་༸གོང་ས་མཆོག་གིས་འཕྲལ་མ་ཉིད་དུ་གསུང་འཕྲིན་སྩལ་བ་དང་བོད་གཞུང་དང་ཆོས་སྡེ་ཁག་གིས་བསྔོ་སྨོན་གནང་བ། དེ་བཞིན་ཆོས་རྒྱུད་རིས་མེད་ཀྱི་དབུ་ཁྲིད་རྣམ་པས་ཐུགས་སྨོན་གནང་བ་བཅས་ནི་ཧ་ཅང་ནུས་ཤུགས་ཅན་ཞིག་རེད། དེ་དག་གིས་བོད་ནང་གི་མི་དམངས་ཀྱི་སེམས་སྡུག་སེལ་རྒྱུར་ཕན་པ་ཙམ་མ་ཟད། རྡོག་རྩ་གཅིག་སྒྲིལ་གྱིས་གདུང་སེམས་མཉམ་སྐྱེད་བྱེད་པར་ཡང་ནུས་པ་ཆེན་པོ་ཐོན་ཡོད། བཙན་བྱོལ་བོད་མི་བྱིངས་ལ་མཚོན་ནའང་། གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་ཧ་ཅང་ཡག་པོ་འདུག

འོན་ཀྱང་ང་རང་གི་ལྟ་སྟངས་ལྟར་ན། གནས་ཚུལ་ཛ་དྲག་འདི་འདྲ་བྱུང་སྐབས། གཞུང་དང་གཞུང་འབྲེལ་མ་ཡིན་པ་ཚང་མར་འཆར་གཞི་གསལ་པོ་མེད་པ་དང་། འབོད་སྒྲ་གཅིག་གྱུར་མེད་པ་འདི་ཞན་ཆ་ཞིག་རེད་སྙམ།

མ་འོངས་པར་འདི་དང་འདི་ལྟ་བུའི་ཛ་དྲག་གི་གནས་ཚུལ་ཡོང་སྲིད་པ་རེད། དེར་བརྟེན། བཀའ་བློན་ཁྲི་པའི་འོག་ཏུ་ཛ་དྲག་གི་ལས་འགུལ་ཚོགས་ཆུང་གཏན་འཇགས་ཤིག་ངེས་པར་དགོས་འདུག  ཚོགས་ཆུང་དེས་སྔོན་ཚུད་ནས་སྤྱི་ཚོགས་ཀྱི་རྙོག་ཟིང་དང་ཆབ་སྲིད་ཀྱི་གནས་ཚུལ། འབྱུང་བའི་གནོད་འཚེ་སོགས་ཛ་དྲག་གི་གནས་ཚུལ་བྱུང་སྐབས། ལམ་སེང་གཅིག་གྱུར་གྱི་བཀོད་འདོམས་དང་གཅིག་གྱུར་གྱི་འཆར་གཞི་གཞིར་བཟུང་ལས་འགུལ་སྤེལ་དགོས་འདུག་དྲན།། །།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 18

  1. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    ད་ཡང་ང་འགྲོ་དགོས་བྱུང་སོང༌། དགོངས་དག

    Reply
  2. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    ག༽ ཤི་ཚད།
    རྒྱ་ནག་གཞུང་གིས་གྲངས་འབོར་བཤད་སྟངས་དང་ལུགས་དང་མཐུན་པ་རེད། རྒྱལ་ཁབ་གཅིག་གི་ངོ་བོའི་ཐོག་ནས་བཤད་དུས་གང་བྱུང་མང་བྱུང་བཤད་ན་ག་ནས་འགྲིག ཕུང་པོ་རྙེད་རིམ་བཞིན་གྲངས་འབོར་འཕར་བ་རེད། དེ་མིན་ཁྲི་གཉིས་གསུམ་ཟེར་བ་འདྲ་པོ་ལབ་ཀྱི་མ་རེད། ཁྲི་གཉིས་ནས་གསུམ་བར་ཁྲི་གཅིག་གི་ཧེ་བག་ཏག་ཏག་ཡོད་པས་དེ་འདྲ་ལབ་ཤེས་ཀྱི་མ་རེད།
    རྒྱ་ནག་གིས་དེ་རིང་གྲངས་འབོར་སྟོན་པ་དེ་ཡང་ཁོ་རང་ཚོས་རྙེད་པའི་གྲངས་འབོར་དེ་ཡིན་པ་ལས་མཐའ་བཀག་མེད། ཡང་སང་ཉིན་མང་དུ་འགྲོ་སྲིད་པ་རེད། དེ་རྒྱལ་ཁབ་ཚང་མས་དེ་ལྟར་བཤད་ཀྱིན་ཡོད་རེད།

    Reply
  3. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    ཁ༽ ཤུགས་ཚད།
    ས་ཡོམ་གྱི་ཤུགས་ཚད་ཐད་ ༦༌༩ ནས་ ༧༌༡ ལ་སྤར་བ་ནི། ཁང་པའི་སྤུས་ཚད་མ་འདང་བའི་གནད་དོན་དེར་གཡོལ་ཐབས་ཤིག་ཡིན་སྲིད་པ་རེད། ཟེར་བ་དེ་བདེན་པ་རེད། ས་ཡོམ་དེ་རྒྱ་ནག་གིས་མ་ཚོར་སྔོན་ནས་ཨ་རི་གཤིས་ལས་ཁུངས་ཀྱིས་ཚོར་ཞིང༌། རིམ་པ་༦།༩ཡིན་པར་བཤད་པ་རེད། དེ་རྗེས་ཚང་ནུབ་ཕྱོགས་པ་དང་ཤར་ཕྱོགས་ནས་ཇར་པན་དང་ཐེ་ཝན་ཚུན་གྱིས་༦།༩་ཡིན་པར་བཤད་བཞིན་འདུག

    Reply
  4. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    དེ་རིང་སླར་ཡང་དྲ་བ་འདིར་འཛུལ་ཙམ་བྱས། ཁང་གསར་དེ་ཁ་བདེ་ཞིག་ལག་མྱུར། ཁ་ཤས་གནད་ལ་འབིགས་ཤིང་ཁ་ཤས་དེ་ཙམ་ཞིབ་ཚགས་མེད། དེ་རིང་ཁོང་གི་གསུང་པ་ལ་རིམ་པས་བལྟ་འདོད་བྱུང༌།

    ཀ༽ སྔོན་བརྡ།
    སྐྱེ་རྒུ་མདོའི་ས་ཡོམ་དེ་མ་བྱུང་གོང་ནས་རྒྱ་ནག་གི་ས་ཡོམ་ཆེད་ལས་པས་སྔོན་བརྡ་བཏང་བ་ཟེར་བ་དེ་ཞིབ་ཚགས་བྱུང་མི་འདུག དེ་ཧྥ་ལུང་ཀོང་གི་གསར་ལམ་ཐོག་བཀོད་པ་ཙམ་ལས་ཁུངས་སྐྱེལ་ཡག་པོ་ཞིག་མེད། ཚོགས་པ་འདི་རྒྱ་གཞུང་དང་དགྲ་ཁ་གཏད་ཡིན་པས་དྲང་བདེན་ཡིན་མིན་དོགས་གཞི་རེད། གང་ལྟར་གསར་ལམ་གཞན་གྱིས་དེ་ལ་བདེན་དཔང་ཞིག་ད་བར་མེད།

    ཕྱི་ཟླ་ ༤ ཚེས་ ༡༤ སྔ་དྲོ་ཞོགས་པ་ཆུ་ཚོད་ ༥ ཙམ་ལ་ས་ཡོམ་ཞིག་བྱུང་བ་ནས་ས་ཡོམ་ཆེན་པོ་དེ་མ་བྱུང་བར་དུས་ཡུན་ཆུ་ཚོད་གཉིས་ལྷག་ཡོད་ཀྱང་མཚོ་སྔོན་དང་སྐྱེ་རྒུ་མདོའི་ས་ཡོམ་བརྟག་ཞིབ་ལས་ཁུངས་ཀྱིས་མང་ཚོགས་ལ་སྔོན་བརྡ་གང་ཡང་བཏང་ཐུབ་མེད་གསུངས་པ་འདི་ཐུགས་མད། དེ་དངོས་གནས་རྒྱ་ནག་སྐྱོ་པོ་དང་ངོ་ཚ་དགོས་པ་ཞིག་བྱུང་བ་རེད། ས་ཡོམ་གཅིག་བརྒྱབ་ན་ཡང་བསྐྱར་ཁ་ཤས་བརྒྱབ་རྒྱུ་ཡིན་པ་དེ་ཡོངས་གྲགས་འདྲ་པོ་རེད།

    Reply
  5. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཁང་གསར་ལགས་ཀྱི་ད་རེས་དཔྱད་པ་ལེགས་པོ་ཞིག་སྤེལ་གནང་བར་ཐུགས་རྗེ་ཆེ། སྙན་སྣ་སྤྲོ་བ་དང་བསམ་ན་དོན་ཆེ་བའི་རྩོམ་ཡིག་མང་ཙམ་སྤེལ་རྒྱུའི་རེ་ སྐུལ་ཞུ། འོན་ཀྱང་ཁ་སྔོན་དྲིས་པའི་ལན་ད་དུང་གསལ་པོ་མ་བྱུང༌།

    Reply
  6. ཨརྱ། says:
    ལོ་ 15 སྔོན།

    ད་རེས་བྲིས་པ་ཡག་པོ་འདུག འོན་ཀྱང་ཁ་སང་བོད་ལ་འགྲོ་གི་ཡིན་ཟེར་བ་དེ་ཅི་བྱས་ཡོད། རྒྱ་ནག་གཞུང་ཚབ་ཁང་ལ་ཚོད་ལྟ་བྱས་པ་ཡིན་ནམ།

    Reply
  7. བློ་དཔལ། says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ་ལགས་ཁྱེད་རང་གིས་དཔྱད་བསྡུར་ཡག་པོ་གནང་འདུག
    བཀའ་དྲིན་ཆེ།

    Reply
  8. ཤི་མེད་ཚོར་མེད་། says:
    ལོ་ 15 སྔོན།

    མཐོང་སྣང་མི་གཅིག་བསམ་བློ་ཁ་ཁ་ཟེར་བ་བཞིན་བཙན་བྱོལ་བོད་མིའི་རྡོག་རྩ་གཅིག་སྒྲིལ་དང་གདུང་སེམས་མཉམ་སྐྱེལ་ཟེར་དུས་ཁ་ལ་ཟོས་ནས་བཤང་ནས་གཏོང་རྒྱུ་ཞིག་ཕལ་ཆེར་མིན་ནམ་སྙམ་པའི་ཐེ་ཚོམ་སྐྱེས་ནས་བསྡད་ཡོད་དེ་།ཁྱོད་ཀྱིས་རྡོག་རྩ་གཅིག་སྒྲིལ་གྱི་ཁུ་ཚུར་མཁྲེགས་ནོ་དང་གདུང་སེམས་མཉམ་སྐྱེལ་གྱི་སྡུག་བསྲན་ཆེ་སོ་བཤད་ན་ད་ཡང་ཁྱི་མོ་འགྲོ་སའི་སྲང་བར་ནས་བོད་རང་བཙན་གྱི་འབོད་ཚིག་ཁ་ནས་བསྒྲགས་ཏེ་རྣ་ལ་མི་འབྱོར་བའི་རྔ་མ་མེད་པའི་མཇུག་འབྲས་ཤིག་གི་རོ་ལངས་ནམ་བརྒྱབ་ཡོང་སྙམ་པའི་སུན་སྣང་གིས་ངོ་ཚ་ནས་བསྡད་ཡོད་།ད་ལྟའི་ཆར་ས་ཡོམ་གྱི་གོད་ཆག་འོག་བོད་མི་རིགས་འདིའི་མགོ་ལ་
    སྡུག་གི་མེ་རོ་བཞུར་གྱིན་འདུག་སྟེ་ད་དུང་བཙན་བྱོལ་དུ་གཞུང་དང་སྒྲིག་འཛུགས་ཁག་གི་སྒོར་རྡོག་འགའི་ཆད་པ་ལ་ཕང་སེམས་ཀྱིས་སྤྱི་ཁང་དགོན་ཁང་དུ་ནན་གྱིས་འཛོམས་ནས་ཀུན་སློང་མེད་པར་དགེ་སྒྲུབ་ཡིན་མདོག་གིས་ཕྲེང་རྡོག་འགའ་རེས་དུས་ཚོད་སྐྱེལ་ཐབས་བྱེད་པ་འདི་ལ་བསམ་ན་ཡི་མུག་ནས་མིད་པ་རྣོང་གི་འདུག

    Reply
  9. གྲྭ་རྒོད says:
    ལོ་ 15 སྔོན།

    གཞོན་ནུ་ཚོགས་པའི་ལས་དོན་བྱེད་ཕྱོགས་ཐོག་ལ་བསམ་ཚུལ་རེ་འབྲི་རོགས།
    ངས་བསམ་ན་གཞོན་ནུའི་ལས་དོན་བྱེད་ཕྱོགས་དེ་རྒྱ་ནག་གི་ལག་ཆ་ཆགས་མི་སྲིད་པ་མ་རེད་བསམ།དེའི་དོན་ལ་ཤུན་ཏུ་གཟབ་ནན་བྱེད་རྒྱུ་དེ་རེད།ས་འགུལ་གོད་ཆགས་ལ་རོགས་དངུལ་ཕྱོགས་ནས་ཀྱང་གཞོན་ནུའི་འདུ་རབས་བྱེད་བཞིན་པ་དེ་གཅིག་གྱུར་གི་ནམ་པ་ཞིག་ཏུ་མ་མཐོང་།གཞུང་གི་བཙན་བྱོལ་ན་ཡོད་པ་ཚང་མའི་ཉམས་ཏུ་འདུ་ཐུབ་ན་ནུས་ཤུག་ཡང་དེ་ལ་ཡོད་ཕན་ཐོག་ཡང་དེ་ལ་ཆེ།བོད་མི་ཡོངས་ཀྱི་ཁ་ཕྱོགས་གཅིག་ལ་འགྲོ་ཐུབ་པ་ཞིག་ཡོངས་ཐུབ་ལ་འབད་རོགས།

    Reply
  10. གྲྭ་རྒོད says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ་ལགས་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ་ཞུ།
    ཁྱེད་རང་གི་བསམ་ཚུལ་རྣམས་གཅིག་གྱུར་གྱི་ཕྱོགས་ལ་འབད་པ་འདྲ་བོ་མཐོང་སོང་དེ་ཡང་ཤུན་ཏུ་ལགས།བརྟགས་དཔྱོད་བྱས་པ་དེ་ཚོ་ཞིབ་ཚག་འདུག་དེ་རྒྱུན་སྐྱོང་རོགས།

    Reply
  11. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེས་དཔྱད་པ་བཏང་ནས་ལེགས་པོ་ཞིག་འཁྱོངས་འདུག ཁང་གསར་རྡོ་རྗེ་ལ་ངས་གསལ་བཤད་ཅིག་བྱེད་འདོད་ཡོད།

    Reply
  12. སྨྲ་བརྗོད་རང་དབང། says:
    ལོ་ 15 སྔོན།

    tashi delek

    Reply
  13. ཀུན་དགའ་བདེ་ཆེན། says:
    ལོ་ 15 སྔོན།

    ཁང་རྡོར་ཁྱེད་རང་གིས་ཆབ་སྲིད་ཀྱི་སྐོར་དང་བོད་པ་ནང་ཁུལ་གྱི་རྙོག་དྲ་དེ་ཚོ་མ་བྲིས་པར། རྩོམ་ཡིག་འདི་དང་འདི་འདྲ་བ། ད་དུང་ཕ་བུའི་སྒྲུང་དེ་འདྲ། ཕྱི་རྒྱལ་གྱི་མཐོང་ཐོས་འདྲ་བྲིས་ན་དཔེ་ཡག་པོ་འདུག

    དེ་མིན་༸རྒྱལ་བ་རིན་པོ་ཆེ་དང་དབུ་མའི་ལམ་སོགས་ལ་ཅིག་ཅིག་འགྲིགས་མ་སོང་ཟེར་བ་དེ་ཚོ་མ་བྲིས་ན་ཡག་པོ་འདུག ང་རང་གི་སེམས་གཏམ་ཡིན། ཉན་མ་ཉན་ཁྱེད་རང་རེད།

    Reply
  14. བློ་བཟང་། says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ་ལགས་ཀྱིས་དངོས་ཡོད་གནས་ཚུལ་གྱི་རྩོམ་ཡིག་སྤེལ་བར་ཐུགས་རྗེ་ཆེ་ཞུ། སྐྱེ་རྒུ་མདོ་ནས་ཕྲན་གྱི་ངོ་ཤེས་ཁ་ལོ་ཞིག་གིས་ཁ་པར་ཐོག་ནས་བཤད་དོན། ས་ཡོམ་མ་རྒྱབ་གོང་གི་དགོང་མོར་རྒྱ་མི་ཡུལ་སྐོར་སྤྲོ་འཁྱམས་བ་ཞིག་མགྲོན་ཁང་ཆེན་མོ་ཞིག་ཏུ་བསྐྱེལ་ནས། སང་ཉིན་སྔ་དྲོ་མལ་ས་ལང་སྟེ་མགྲོན་ཁང་དུ་ཕྱིན་ཏེ་རླངས་འཁོར་གཙང་མ་བཟོ་སྐབས་ས་ཡོམ་རྒྱབ་འདུག དེ་སྐབས་མགྲོན་ཁང་དེ་ལ་གས་སྲུབ་ཤར་བ་ལས་ས་ཐོག་ཏུ་འགྱེལ་ཡོད་མི་འདུག མགྲོན་ཁང་དུ་ཡོད་པའི་མི་གཅིག་ཀྱང་ཤི་སྐྱོན་བྱུང་མི་འདུག དེ་མིན་བོད་མི་རྣམས་ཀྱི་ཁང་པ་ཕལ་ཆེ་བ་ལྷག་མ་སོང་ཟེར། བོད་མི་ཤི་བའི་ཕུང་པོ་བདག་པོ་མེད་པའམ་རྩད་གཅོད་སུ་ཡང་མེད་མཁན་གྱི་རོ་༡༣༠༠ ཐམ་པ་རི་ཁུག་གཅིག་ཏུ་སྤུངས་ནས་མཉམ་བསྲེག་བྱས་འདུག ཕུང་པོ་ལ་བདག་པོ་ཡོད་མཁན་དག་གིས་བྱ་རྒོད་ལ་སྟེར་བ། དུར་ཁྲོད་གཞན་དུ་ཁྱེར་སོང་ཟེར། ཁོང་གིས་ཚོད་རྩིས་བྱས་ན་ཤི་བའི་མི་གྲངས་ཁྲི་གཅིག་ལས་བརྒལ་ཡོད་རྒྱུ་རེད་ཟེར། ད་དུང་ས་འོག་ཏུ་རོ་རྙེད་བཞིན་པ་རེད་འདུག ཚང་མ་བརྐོ་ཚར་ཡོད་མི་འདུག

    Reply
  15. རང་བཙན་གཙང་མ། says:
    ལོ་ 15 སྔོན།

    ཁྱོད་ཀྱིས་ཅི་བྲིས་ནའང་གོ་རྒྱུ་ཟབ་པ་ཤ་སྟག་རེད། ཐུགས་རྗེ་ཆེ། ད་དུང་མུ་མཐུད་འབྲི་རོགས་གནོངས།

    Reply
  16. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ཆབ་སྲིད་ཟེར་བ་དེ་མཚམས་མཚམས་སུ་འཁྲབ་དགོས་པ་ཞིག་རེད། སུས་འཁྲབ་མ་ཐུབ་ན་སྡུག་གྱོང་རེད།

    Reply
  17. karma dorje says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ་ལགས་ཀྱིས། ་་་་བཙན་བྱོལ་གྱི་སློབ་གྲྭའི་ནང་དུ། སྔོན་འགྲོའི་འཛིན་གྲྭ་ནས་དབྱིན་ཡིག་བསླབས་ན་ཡང་། ལོ་ ༡༠ ལ་སོན་པའི་བྱིས་པས་ཀྱང་དབྱིན་སྐད་ཡག་པོ་དེ་འདྲ་བཤད་ཤེས་ཀྱི་མ་རེད། འདི་ལས་སྐྱེ་རྒུ་མདོས་མཚོན་པའི་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་རིགས་ཅན་དུ་བསྒྱུར་བའི་གནད་དོན་འདི་ཚབས་ཆེ་ཆུང་ཅི་ཙམ་དུ་སླེབས་ཡོད་མེད་མཐོང་ཐུབ། ་་་
    གསུངས་པ་འདིས་དཔེ་དོན་འགྲོ་སྟངས་ཡག་པོ་རང་ཤེས་མ་སོང་། གཞན་ད་རེས་རྩོམ་བྲིས་ལ་དགའ་བསུ་དང་། རྒྱབ་སྐྱོར་ཡོད།

    Reply
  18. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ་ལགས་ཀྱི་རྩོམ་ཡིག་འདིར་གནས་ཚུལ་རེར་བསམ་ཚུལ་རེ་སྦྱར་ནས་བཤད་འདུག་སྟབས། གོ་རྟོགས་ལ་ཕན་ཐོགས་ཆེན་པོ་བྱུང་། ཐུགས་རྗེ་ཆེ།

    དང་པོ་དེར།

    སྔོན་བརྡ་དེའི་སྐོར་མུ་མཐུད་ནས་གསལ་བོ་བཟོ་རྒྱུ་གལ་ཆེན་པོ་རེད། མི་ཚང་མས་བཤད་ན། སི་ཁྲོན་ས་ཡོམ་འདི་སློབ་སྦྱོང་བྱེད་ས་ཞིག་ལ་རྩི་གིན་འདུག སློབ་སྦྱོང་མ་བྱས་སྟབས་ཡུལ་ཤུལ་ས་ཡོམ་གྱི་གོད་ཆག་འདི་བྱུང་བ་རེད། འདི་ལའང་སློབ་སྦྱོང་བྱེད་གི་མ་རེད། ཡུལ་གཞན་ཞིག་ལ་ལོ་རེ་ཟུང་ནང་ས་ཡོམ་འདི་འདྲ་ཞིག་རྒྱག་མདོག་ཁ་པོ་རེད། ༼དགོངས་དག འདི་ལྟར་མི་བཤད་ཀ་མེད་རེད།༽ དེ་དུས་ཀྱང་སྐབས་ཐོག་དེ་མ་གཏོགས་དེའི་སྔོན་གྱི་ས་ཡོམ་ལ་བསམ་བློ་གཏོང་གི་མ་རེད། དེར་བརྟེན་ཕན་ཐོགས་མིན་ལ་མ་ལྟོས་པར་ནོར་འཁྲུལ་ཅིག་ཡོད་ན་སྟོན་རན་རེད།

    དེང་སྐབས་བོད་འཛུགས་སྐྲུན་བྱེད་བཞིན་པའི་སྒང་རེད། བརྒྱ་ཆར་བཀུག་ན་བརྒྱ་ཆ་ ༣༠ ཚར་ཡོད་ཀྱི་རེད། ད་དུང་བརྒྱ་ཆ་ ༧༠ ལྷག་ཡོད་ཀྱི་རེད། དེ་བས་ང་ཚོས་བོད་འཛུགས་སྐྲུན་ཐད་ལ་བསམ་བློ་གཏོང་རན་མ་རེད་དམ། ཁང་པའི་སྤུས་ཚད། གྲོང་ཁྱེར་ཆགས་སའི་ས་བབ་བཅས་ཕྱོགས་གང་ཐད་ལ་བསམ་བློ་བཏང་ན་རྗེས་ཕྱོགས་ཕན་ཐོགས་ཅུང་ཙམ་མེད་འགྲོ།

    གཞན་པ་ཞིག་ནི། རྒྱལ་བ་རིན་པོ་ཆེའི་དྲ་ངོས་ན། ཏཱ་ལའི་བླ་མའི་དགེ་རྩ་ཞེས་པའི་ལེ་ཚན་ཞིག་སྟོང་བར་བཞུག་འདུག འདི་སྒོ་ཕྱེ་རྒྱུ་གལ་ཆེན་པོ་རེད་དྲན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese