མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙོན་ནས་ག་དུས་གློད་ཀྱང་རང་དགར་འདུག་གི་མ་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་པའི་མི་རབས་གསར་པའི་རྟོག་སད་བསམ་བློའི་སྣེ་ཁྲིད་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་བཀྲ་རྒྱལ་ལམ་སྨྱུག་མིང་ལ་ཞོགས་དུང་ལགས་ཀྱིས་༢༠༠༨ ལོའི་བོད་མིའི་ཞི་བའི་འོས་ལངས་ཆེན་མོར་བསྐྱར་དུ་བསམ་གཞིགས་གཏིང་ཟབ་བྱས་ཏེ། ༼ གནམ་ས་གོ་འབྱེད ༽ཅེས་པའི་དཔེ་དེབ་ཅིག་འདོན་སྤེལ་བྱས་མ་ཐག ཟླ་ ༤ ཚེས་ ༢༣ ཉིན་ཟི་ལིང་ནས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་སྟབས། ཕྱི་ཚེས་ ༣༠ ཉིན་འདི་གའི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་སྐུ་ཞབས་ཞོགས་དུང་ལ་རྒྱུས་མངའ་ཆེ་བ་སྤྱི་ཟུར་རོང་བོ་བློ་བཟང་སྙན་གྲགས་མཆོག་ལ་བཅར་འདྲི་ཞུས་ཡོད།

 

དྲི་བ། ཞོགས་དུང་གིས་ཉེ་ལམ་༼ གནམ་ས་གོ་འབྱེད ༽ཅེས་པའི་དེབ་ཅིག་བཏོན་མ་ཐག རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག གོ་ཐོས་སུ་ཁྱེད་གཉིས་རྫོང་ཁག་གཅིག་ཡིན་པ་དང་ཕན་ཚུན་ངོ་ཤེས་ཡིན་པའི་སྐད་ཆ་གོ་སོང་། དེས་ན་ཁྱེད་ཀྱིས་ཁོང་གི་སྐོར་ངོ་སྤྲོད་ཅིག་གནོང་དང་། 

ལན། ཞོགས་དུང་དང་ངེད་གཉིས་རྫོང་གཅིག་པ་ཙམ་ལས་ཕན་ཚུན་འབྲེལ་འདྲིས་དེ་འདྲ་མེད། རྩོམ་ཡིག་གི་ཐད་ནས་ཀྱང་ང་རང་ཞོགས་དུང་གི་ཀློག་པ་པོ་ཞིག་དང་། ཁོང་གི་བརྩམས་ཆོས་ལ་དགའ་མོས་ཡོད་མཁན་ཞིག་ཡིན་པ་ཙམ་ལས། རྩོམ་ཡིག་ཁག་ལ་རེ་རེ་བཞིན་བྱེ་བྲག་གི་བཤད་རྒྱུ་ཡོད་མཁན་ཞིག་མིན། ཞོགས་དུང་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་རྗེས་གཅན་ཚ་རྫོང་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་ཕྱག་ལས་གནང་བ་རེད། སྐབས་དེར་ང་ཡང་སློབ་གྲྭ་དེའི་སློབ་ཕྲུག་རེད། བར་སྐབས་ཞིག་ལ་ཁོང་གིས་ལས་ཀ་བསྐྱུར་ཏེ་ནུབ་བྱང་མི་རིགས་སློབ་ཆེན་ལ་སློབ་སྦྱོང་དུ་ཕྱིན་སོང་། གཞུང་གི་ལས་བྱེད་ཅིག་གིས་ཟླ་ཕོགས་གཡུགས་ཏེ་སློབ་གྲྭར་ཕྱིན་པ་དེར་སྐད་གྲགས་འདྲ་ཞིག་ཆགས་སོང་། ཁོང་དང་མཉམ་དུ་འབྲོང་བུ་ཚེ་རིང་རྡོ་རྗེ་དང་། བཀྲ་བྷ་སོགས་ཅན་ཚ་ས་ཁུལ་གྱི་མི་ཁ་ཤས་ཡོད། ཁོང་ཚོ་སློབ་མཐར་ཕྱིན་རྗེས་འབྲོང་བུ་ལྷ་ས་དང་། བཀྲ་བྷ་ཆབ་ཆའི་དགེ་ཐོན་སློབ་གྲྭར་དགེ་རྒན། ཞོགས་དུང་མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་བོད་ཡིག་སྡེ་ཚན་གྱི་རྩོམ་སྒྲིག་པར་བྱ་བ་བགོས་སོང་། སྐབས་དེར་འབྲོང་བུ་དང་བཀྲ་བྷ་གཉིས་ལ་རྩོམ་ཡིག་རེ་ཟུང་མཐོང་རྒྱུ་འདུག་མོད། ཞོགས་དུང་ལ་གྲགས་འགུལ་མི་འདུག ཞོགས་དུང་གིས་དཔལ་དོན་འགྲུབ་རྒྱལ་གྱི་གསུང་འབུམ་པོད་དྲུག་དེ་བསྡུ་སྒྲིག་བྱས་རྗེས་མི་ཚང་མ་ཁོང་ལ་དོ་སྣང་སླེབས་པ་རེད།

 

དྲི་བ། སྐུ་ཉིད་ཀྱི་དགོངས་ཚུལ་ལྟར་ན། ཞོགས་དུང་གིས་༼ བག་ཆགས་དོང་སྤྲུག ༽ སོགས་ཀྱི་རྩོམ་ཡིག་དེ་དག་སྤྱི་ཚོགས་ཀྱི་གནས་བབ་ག་འདྲ་ཞིག་གི་འོག་ནས་བྲིས་པ་དང་། རྩོམ་ཡིག་དེ་དག་གི་དགོངས་དོན་ལ་ངོས་འཛིན་གང་འདྲ་གནང་གིན་ཡོད་དམ།

ལན། ཞོགས་དུང་གིས་དོན་གྲུབ་རྒྱལ་གྱི་གསུང་འབུམ་དཔར་སྐྲུན་བྱས་རྗེས། སྤྱི་ཚོགས་ནང་གདེང་འཇོག་ཆེན་ཐོབ་ཡོད་སྟབས། ཐོག་མ་ནས་ཁོ་རང་དོན་གྲུབ་རྒྱལ་ལ་དུང་ཞེན་ཡོད་པ་དེར་བུད་ཤིང་སྟེང་སྣུམ་བླུག་པ་ལྟར་འབར་བ་རེད། དོན་འགྲུབ་རྒྱལ་གྱི་གསུང་འབུམ་ཕྱོགས་སྒྲིག་བྱས་པའི་ལས་རིམ་ལ་ཞིབ་ལྟ་བྱས་ན། ཞོགས་དུང་གི་ཤེས་ཡོན་གྱི་ཚད་གཞི་ཧ་ཅང་མཐོ་བ་ཤེས་ཐུབ་ཀྱི་འདུག ཉིན་ཞིག་ང་དཔེ་དེབ་དཔར་སྐྲུན་ཞིག་གི་ཆེད་དུ་སྦྲང་ཆར་རྩོམ་སྒྲིག་ཁང་དུ་སོང་བ་ཡིན། སྐབས་དེར་སྦྲང་ཆར་ལས་ཁུངས་ཀྱི་རྩོམ་སྒྲིག་པ་སྐོར་ཞིག་དང་གླེང་མོལ་བྱས། ཁོང་ཅག་གིས་ཞོགས་དུང་གིས་ཆོས་ལུགས་ལ་དོགས་སློང་བྱེད་དོན། བོད་མི་རིགས་འདི་མི་རིགས་གཞན་གྱི་རྗེས་ཆོད་ཀྱི་མེད་པ་དང་། རྨོངས་དད་དང་རྙིང་ཞེན་ཆེ་དྲགས་པའི་དབང་གིས་འཚོ་གནས་ཉེན་ཁར་ཐུག་གི་ཡོད་པ་བཤད་ཀྱིན་ཡོད་པ་རེད་ཟེར། སྐབས་དེར་ང་ལ་ན་གཞོན་གྱི་ང་རྒྱལ་ཆེན་པོ་འདུག ངས་ཁོང་ཅག་ལ་རྩོད་པ་བརྒྱབ་པ་ཡིན། ཞོགས་དུང་ལ་ཐུག་ན་རྩོད་པ་རྒྱག་དགོས་བསམ་ཡང་། ཉིན་དེར་ཁོ་ལས་ཁུངས་ན་མི་འདུག ཁོང་གི་རྩོམ་ཡིག་སྔ་མ་དག་གི་ཐད་ནས་བཤད་ན། རྩོམ་པ་པོས་བོད་མི་རིགས་ལ་ཤ་ཚ་དང་དུང་ཞེན། སེམས་ཁུར་ཤུགས་དྲག་ལས་བྱུང་བའི་སེམས་ཚོར་ཙམ་ལས། གཡས་གཡོན་དང་མདུན་རྒྱབ་སོགས་ཕྱོགས་ཚར་མར་ཁྱབ་ཐུབ་པ་ཞིག་མ་རེད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་མང་ཚོགས་སྒྱུ་རྩལ། སྦྲང་ཆར་དུས་དེབ་ཁང་བཅས་ཀྱི་རྩོམ་སྒྲིག་པ་དང་ཤེས་ཡོན་པ་རྒན་གྲས་ཚོས་ཀྱང་། ཞོགས་དུང་གིས་དོན་གྲུབ་རྒྱལ་གྱི་སྐད་ཆ་བསྐྱར་ཟློས་བྱེད་ཀྱིན་འདུག་ཟེར། དེའི་རྗེས་ཨ་ལགས་ཤར་དུང་ཚང་གིས་ཀྱང་། དེང་སྐབས་ན་གཞོན་འགས་ནང་ཆོས་ཁ་ལོ་བསྐོར་རྒྱུ་ཡིན་ཟེར་གྱིན་འདུག་མོད། མའོ་ཙེ་ཏུང་གི་དྲག་པོའི་མཚོན་ཆ་དང་དམག་དཔུང་གིས་མ་ཐུབ་པ་ཞིག བཀྲ་རྒྱལ་སོགས་ཀྱིས་ཁ་ལོ་བསྒྱུར་ཐུབ་པ་ཞིག་མ་རེད་གསུངས་སོང་།

 

དྲི་བ། ཞོགས་དུང་གི་མི་གཤིས་གང་འདྲ་ཡོད་པ་དང་། ཁོང་འཚར་ལོངས་བྱུང་སའི་ཁོར་ཡུག་དང་སློབ་སྦྱོང་གི་བརྒྱུད་རིམ་གང་འདྲ་ཡིན་ནམ། 

ལན། ད་ལྟ་ཕྱིར་དྲན་བྱས་ན། ཞོགས་དུང་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ན་ཡོད་སྐབས། གཟུགས་བོང་ཆེ་ཞིང་ལུས་སྟོབས་དང་ལྡན་པ། སྐྲ་རིང་པོ་དང་སུ་ལུ་བཞག་ཡོད་པ་ཞིག་ཡིན། སྐབས་དེར་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་ཡོང་བའི་དགེ་རྒན་ཚོས་གྱོན་ཆས་བབ་ཆགས་དང་། འགྲོ་འདུག་སྤྱོད་གསུམ་ཚུལ་ལྡན་ཡིན་ཡང་། དགེ་རྒན་བཀྲ་རྒྱལ་དགེ་རྒན་གཞན་དག་དང་མ་འདྲ་བ་ཞིན་ཡིན། ཁོའི་སྤྱོད་ཚུལ་དེ་དག་གིས་གང་ཞིག་མཚོན་གྱི་འདུག་ཟེར་ན། དེང་རབས་ལ་དགའ་བ་དང་གསར་གཏོད་ལ་དགའ་བ། རང་སྐྱ་ཐུབ་པའི་སྤོབས་པ་ལྡན་པ། མི་གཞིར་སྒེར་ཚིགས་ཡོད་པ་སོགས་མཚོན་གྱི་འདུག ཞོགས་དུང་འཚར་ལོངས་བྱུང་ས་ཞིང་པ་རེད། གྲོང་པ་དེར་སྔགས་པ་ཅུང་མང་པོ་ཡོད། དེའི་ཤུགས་རྐྱེན་གྱིས་དེང་སྐབས་ཁོང་གི་རྩོམ་ཡིག་ཁག་ནང་། “དགུ་འགྲིལ” དང་ “དགུ་སྒྲོག” “དགུ་གྲོལ” སོགས་ཀྱི་ཚིག་མང་པོ་བེད་སྤྱོད་བཏང་འདུག སློབ་སྦྱོང་གི་བརྒྱུད་རིམ་ཐད། ཞོགས་དུང་འགྲོ་སའི་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་ཚན་ཕལ་ཆེ་བ་སྲོལ་རྒྱུན་གྱི་རྩོམ་རིག་དང་། ཚད་མ་རིག་པ་སོགས་ཀྱང་ཡོད་པ་འདྲ། སྐབས་དེར་ཚེ་བརྟན་ཞབས་དྲུང་དང་ཨ་ལགས་དོར་ཞི་སོགས་དགེ་རྒན་དུ་བསྟེན་ཡོད་རྒྱུ་རེད། འོན་ཀྱང་། ཁོང་གི་རྩོམ་ཡིག་ཁག་ཏུ་ནང་ཆོས་ཀྱི་ཚིག་བེད་སྤྱོད་གཏོང་སྟངས་དང་། ཆོས་ཀྱི་རྣམ་གྲངས་མང་པོ་བགྲང་ཡོད་པར་ཞིབ་ཚགས་ཀྱིས་བལྟས་ན། ཞོགས་དུང་ལ་ནང་ཆོས་ཀྱི་གནས་ཚད་མཐོ་པོ་ཡོད་མེད་ཐེ་ཚོམ་རེད། གང་ལྟར། སྤྱི་ཚོགས་ནང་ཁོང་གི་རྩོམ་ཡིག་ཁག་ལ་གླེང་སློང་དང་དགག་སྒྲུབ་བྱས་པའི་རྙོག་འཛིང་གི་ཁྲོད་ནས་ཁོ་རང་གི་ལྟ་བ་ལངས་ཕྱོགས་དང་སྤོབས་པ། རྣམ་དཔྱོད་སོགས་མཆོངས་སྐྱོད་ཆེན་པོ་བྱས་སོང་།

 

དྲི་བ། བོད་ཕྱི་ནང་གཉིས་སུ་ཞོགས་དུང་གི་ལྟ་བར་རྒྱ་ནག་གི་ཆབ་སྲིད་འདྲེས་ཡོད་ཚུལ་དང་། ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་ཁྲོད། ཞོགས་དུང་ལ་དམར་ཤོག་དང་རིག་གནས་གསར་བརྗེ་ཡི་ཤན་ཤུགས་ཆེ་ཚུལ་བརྗོད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།

ལན། ཞོགས་དུང་གིས་བོད་མི་རིགས་ཀྱི་སྐྱོན་འཚང་ངོས་འཛིན་སྟངས་དང་། དེ་དག་ལ་ཐེར་འདོན་བྱེད་ཕྱོགས་དམར་ཤོག་གི་རིག་པའི་གཞུང་ལུགས་དང་། ཕྱོགས་ལྷུང་འཕྲལ་སེལ་ལྟ་བུའི་ཐབས་ཇུས་ཤིག་རེད། རྗེས་སུ་ཁོང་ཕྱི་རྒྱལ་ཁག་ཏུ་ཕྱིན་ཏེ་ཟིན་ཐོ་འགའ་རེ་བྲིས་པ་ངས་མཐོང་སོང་། དེ་དག་ནང་སྔར་གྱི་འདུ་ཤེས་འཛིན་སྟངས་ལ་ཅུང་འགྱུར་བ་ཐེབས་འདུག ཞོགས་དུང་གཅིག་པུ་མ་རེད། བོད་ནང་གི་ཤེས་ལྡན་པ་ཕལ་ཆེ་བར་ཞན་ཆ་དེ་འདུག ང་ལ་མཚོན་ན་ཡང་རྒྱ་གར་ལ་མ་ཡོང་སྔོན་ལ། མི་རིགས་ཤིག་ཡར་རྒྱས་སུ་འགྲོ་བར་དམག་དང་མཚོན་ཆ། དྲག་པོའི་སྒྲིག་འཛུགས་སོགས་མེད་ན་ཡོང་ཐབས་མེད་པ་ཞིག་རེད་དྲན་ཡོད། བཙན་བྱོལ་དུ་ཡོང་སྟེ་བལ་ཡུལ་དུ་སླེབས་སྐབས། བ་ཕྱུགས་སོགས་གཞུང་ལམ་དང་ཁྲོམ་སྲང་དུ་ཉལ་ཡོད་པ་དང་། རྒྱ་གར་གྱི་ཉེན་རྟོག་པས་དབྱུག་པ་བཟུང་ཡོད་པ་སོགས་མཐོང་སྐབས་ཅུང་ཡ་མཚན་བྱུང་། རིམ་གྱིས་དེ་དག་ལ་ཞིབ་ཏུ་བསམ་བློ་གཏོང་སྐབས། གཞི་ནས་དེ་དག་ཞི་བདེ་བག་ཕེབས་ཀྱི་རྒྱལ་ཁབ་ཅིག་གི་ཁྱད་ཆོས་ཡིན་པ་དང་། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ཡར་ལངས་དགོས་ན། ངེས་པར་དུ་དམར་ཤོག་གི་ལམ་སྲོལ་ཐོག་འགྲོ་དགོས་པ་ཞིག་མིན་པ་ཤེས་ཀྱི་འདུག འོན་ཀྱང་མི་སུ་འདྲ་ཞིག་ཡིན་རུང་སེམས་ཤུགས་དང་རྣམ་དཔྱོད་གཅིག་པུས་འདང་གི་མི་འདུག རྣམ་དཔྱོད་དང་ལག་ལེན་སྙོམ་སྒྲིག་ཡོང་དགོས་ཀྱི་འདུག་ལ། དེ་ཡོང་བར་ཁོར་ཡུག་དང་དུས་ཚོད་ངེས་ཅན་ཞིག་དགོས་ཀྱི་འདུག 

 

དྲི་བ། སྐུ་ཞབས་ཞོགས་དུང་གི་རྩོམ་ཡིག་ཁག་གིས་བོད་སྤྱི་ཚོགས་ལ་གཡོ་འགུལ་གང་འཚམ་བསླངས་པ་དེར་འཕྲལ་ཕུགས་ཀྱི་ཕན་གནོད་གང་འདྲར་ངོས་འཛིན་གནང་གིན་ཡོད་དམ།

ལན། ཕན་པ་རྒྱ་ཆེན་པོ་བྱུང་ཡོད་པར་མཐའ་གཅིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། བོད་རིགས་གཞོན་སྐྱེས་ཤིག་གིས་རང་གི་ལྟ་བ་དེ་སྐད་གསེང་མཐོན་པོས་སྤྱི་ཚོགས་སྟེང་གསལ་འདོན་བྱས་པའི་བློ་སྟོབས་དང་། ལྷག་བསམ་ལ་ང་ཚོས་གདེང་འཇོག་བྱ་འོས་པ་ཞིག་རེད། ངས་དགེ་ཕྲུག་ཚོ་ལ་ཁ་བརྡ་བྱེད་སྐབས། ཞོགས་དུང་སོགས་ལ་དགྲར་འཛིན་གྱི་བསམ་བློ་འཁོར་མི་ཉན། ང་ཚོ་ཚང་མས་མི་རིགས་ཀྱི་མདུན་ལམ་གླེང་གིན་ཡོད། ཁོས་མི་རིགས་འདིར་བཅིངས་པའི་བརྩེ་སེམས་དེ་ལྷད་མེད་པ་ཞིག་རེད། མདོར་ན། ཞོགས་དུང་གིས་བོད་མི་རིགས་དེ་འདི་ལྟར་བསྡད་ན་འགྲིག་གིན་མེད་པའི་བསམ་བློའི་བློ་སྒོ་འབྱེད་སོང་དྲན་ཡོད། བློ་སྒོ་འབྱེད་བྱེད་ཀྱི་རིག་པ་དེ་ཡང་མྱུར་བ་སྐྱེན་པ། རྣོ་ངར་དང་ལྡན་པ་ཞིག་རེད། སྤྱི་ཚོགས་ཀྱི་ཕྱོགས་གཅིག་མ་ཡིན་པར་སློབ་གྲྭ་དང་དགོན་པ། ཐ་ན་འབྲོག་ཕྱོགས་ཀྱི་རྒན་འཁོགས་ཚོས་ཀྱང་གླེང་སློང་དང་དགའ་མོས་བྱེད་ཀྱིན་ཡོད་སྐོར་ཐོས་སོང་། 

 

དྲི་བ། བོད་ཕྱི་ནང་གཉིས་སུ་ཞོགས་དུང་གི་ལྟ་བ་ལངས་ཕྱོགས་ཐད་གོ་བརྡ་གསལ་བོ་མ་འཕྲོད་པ་དང་། ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་ནང་ཞོགས་དུང་གི་བརྩམས་ཆོས་ལ་རྒྱུས་མངའ་མེད་པར་སྐྱོན་བརྗོད་བྱེད་མཁན་རིགས་ཡོང་གིན་ཡོད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ། 

ལན། ཉེ་ཆར་ཞོགས་དུང་འཛིན་བཟུང་བྱས་མ་ཐག ངས་ངྷ་རམ་ས་ལའི་གྲོགས་པོ་ཞིག་ལ་ཁ་པར་བཏང་སྟེ། གཙུག་ལག་ཁང་སོགས་ལ་མཆོད་འབུལ་རེ་བྱོས། ཞོགས་དུང་ལ་བཙོན་ཁང་ནས་ལྟོགས་སྐོམ་དང་མནར་གཅོད་མི་ཡོང་ཆེད་སྐྱབས་འཇུག་རེ་ཞུས་ཞེས་བཤད་སྐབས། ཁོ་རང་གི་སྡུག་གྱོང་རེད། ཆོས་ལུགས་ལ་ཁ་གཏོང་རྒྱུ་མང་དྲགས་སྟབས། རྣམ་སྨིན་འཁོར་བ་རེད་ཟེར། ངས་དེ་ལྟར་བཤད་སྲོལ་ཡོད་པ་མ་རེད། ཞོགས་དུང་ཆོས་ལུགས་ལ་ཁྱོན་ནས་མ་དགའ་བ་དེ་འདྲ་མ་རེད། ཁོང་གི་རྩོམ་ཡིག་དག་ལ་ཞིབ་ཏུ་བལྟས་ན། ཆོས་ལ་ཞེན་ཀ་ཡོད་པ་གསལ་བོ་རེད། ཅེས་བཤད་པ་ཡིན། ཞོགས་དུང་གིས་ཆོས་ལུགས་ལ་དོགས་སློང་བྱེད་པ་དེར་རྒྱུ་མཚན་མེད་པ་ཞིག་མ་རེད། ཉེ་ལམ་བདུད་ལྷ་རྒྱལ་གྱིས་ནུབ་བྱང་མི་རིགས་སློབ་ཆེན་ནས་གཏམ་བཤད་ཅིག་སྤེལ་བ་ཞིག་གོ་སོང་། སྐབས་དེར་བདུད་ལྷ་རྒྱལ་ཀྱིས། མི་དགེ་བ་དེ་བདེ་བ་སྒྲུབ་བྱེད་གཙོ་བོ་ཡིན་ཟེར། འོན་ཀྱང་སྐབས་དེའི་མི་དགེ་བ་ཟེར་བ་དེ་ནང་ཆོས་ལས་བཤད་པའི་མི་དགེ་བ་དེ་མ་རེད། མི་རིགས་གཉིས་ཀྱིས་ཐོབ་ཐང་རྩོད་པ་ལྟ་བུར་མཚོན་ན། དེ་ལ་སྙོམ་འཁུར་མི་ཉན། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། གྱོང་དང་ཕམ་ཁ་རང་གིས་འཁུར་བསྡད་ན་བདེ་བ་ཞིག་ཡོང་ཐབས་མེད་ཟེར། དེ་བཞིན་སྙིང་རྗེ་ལྟ་བུར་མཚོན་ན། གང་ཟག་བྱེ་བྲག་པ་ཞིག་གི་སྙིང་རྗེ་དེ་མི་རིགས་རྗེས་ལུས་ཐེབས་བྱེད་རེད་ཟེར་གྱི་མེད། རང་མི་རིགས་ཀྱིས་མི་རིགས་གཞན་པའི་འོག་ཏུ་མནར་གཅོད་མྱོང་གིན་ཡོད་ན། དང་པོ་རང་གི་མི་རིགས་འདི་སྙིང་རྗེ་དགོས་པ་རེད། རང་ཉིད་ནས་མགོ་བརྩམས་ཏེ་ཕ་མ་གཉེན་ཉེ་དང་། ནང་མི་སྤུན་མཆེད། སྡེ་བ་ཚོ་བ། མི་རིགས་རྒྱལ་ཁབ་སྙིང་རྗེ་དགོས། སེམས་ཅན་ཐམས་ཅད་ཟེར་བའི་བར་སྣང་གི་སྙིང་རྗེ་དེ་ནི་མི་རིགས་རྗེས་ལུས་ཐེབས་བྱེད་ཅིག་རེད་ཟེར་གྱི་འདུག

 

དྲི་བ། ཞོགས་དུང་སོགས་བོད་ནང་གི་རྩོམ་པ་པོ་དག་གི་ཆབ་སྲིད་བསམ་བློའི་གནས་ཚད་དང་། སྐབས་བབ་བོད་མིའི་རྩ་དོན་སྒྲུབ་ཕྱོགས་ཐད་སྤྱི་ཡོངས་ནས་གཟིགས་ཚུལ་ག་འདྲ་ཡོད་དམ།  

ལན། བོད་ནང་གི་རྩོམ་པ་པོ་ཚོར་ཆབ་སྲིད་ཀྱི་གནས་ཚད་ཅི་ཙམ་ཡོད་ཀྱང་། དངོས་སུ་ལག་ལེན་དོན་འཁྱོལ་བྱེད་པའི་གོ་སྐབས་རག་གིན་ཡོད་པ་མ་རེད། ས་བྱི་ཞི་རྒོལ་ཆེན་མོ་ལྟ་བུར་མཚོན་ན། སྣེ་ཁྲིད་པ་མི་གཅིག་ཀྱང་བྱུང་ཡོད་པ་མ་རེད། སྤྱིར་ཡིན་ན་བླ་སྤྲུལ་ཚོས་སྣེ་འཁྲིད་དགོས་ཀྱང་བྱུང་ཡོད་པ་མ་རེད། དེ་མེད་སོང་བ་ཡིན་ན། ཤེས་ཡོན་ཅན་གྱི་ཁྲོད་ནས་སྣེ་འཁྲིད་པ་བྱུང་དགོས་ཀྱང་དེ་ཡང་སླེབས་ཐུབ་ཡོད་པ་མ་རེད། ཤེས་ཡོན་པའི་ནང་སྣེ་འཁྲིད་འདོད་ཡོད་མཁན་མང་པོ་ཡོད་ཀྱང་། མང་ཚོགས་རྗེས་སུ་འབྲང་མིན་ལ་དོགས་པ་ཡོང་གིན་ཡོད། ཕྱོགས་གཞན་ཞིག་ནས་ཕྱི་ལོགས་ཀྱི་བོད་མི་ཚོའི་ནུས་པ་ཧ་ཅང་སྙོམ་དྲགས་སྟབས། བོད་ནང་ཁུལ་གྱི་གནད་ཡོད་མི་སྣ་ཚོས་ལས་འགུལ་སྣེ་འཁྲིད་བྱས་ན། ནུས་པ་ག་ཚོད་ཅིག་ཐོན་ཐུབ་པའི་གདེང་ཚོད་མེད་ལ། ལྷག་པར་དུ་གོ་གནས་ཤོར་བ་དང་བཙོན་དུ་ཚུད་པ་སོགས་བྱུང་ན། མི་རིགས་ལ་ལས་དོན་སྒྲུབ་པའི་གོ་སྐབས་ཤོར་འགྲོ་བ་རེད་དྲན་གྱི་ཡོད། ས་བྱི་ཞི་རྒོལ་ཆེན་མོའི་ཉམས་མྱོང་ལས་མང་ཚོགས་རྗེས་སུ་འབྲང་མིན་གྱི་དོགས་པ་སེལ་སོང་བ་རེད། ཉམས་མྱོང་དེ་གཞི་ལ་བཞག་པའི་ཐོག་ནས་གོམ་པ་དང་པོ་སྤོ་མཁན་སྐུ་ཞབས་ཞོགས་དུང་རེད་དྲན་ཡོད།

 

དྲི་བ། ཞོགས་དུང་གིས་བརྩམས་པའི་༼ གནམ་ས་གོ་འབྱེད ༽ ཀྱི་དཔེ་དེབ་དེར་སྤྱི་ཡོངས་ནས་ལྟ་སྟངས་དང་གདེང་འཇོག་གང་འདྲ་ཡོད་དམ།

ལན། གནམ་ས་གོ་འབྱེད་ཀློག་མཁན་ཚོར་ལྟ་ཚུལ་འདི་འདྲ་ཞིག་ཡོང་གིན་འདུག གནམ་ས་གོ་འབྱེད་ནང་བཤད་པའི་ས་བྱི་ཞི་རྒོལ་ཆེན་མོའི་རྒྱུ་རྐྱེན་དེ་ཆ་ཚང་བ་ཞིག་མིན་པ་དང་། ཞེད་སྣང་གི་དབང་གིས་བཤད་མ་ཕོད་པའི་ཆ་ཡོད་པ། གནད་དོན་ལ་ལ་དེ་ཙམ་གནད་དུ་འཁེལ་མེད་པ་བཅས་རེད། དེ་ལ་ཁག་ཀྱང་ཡོད་རྒྱུ་མ་རེད། འཇིགས་སྣང་འོག་བྲིས་པ་ཞིག་ལ་ཆ་ཚང་བ་ཞིག་ཡོང་དཀའ་མོ་རེད། དེ་ནི་རྩོམ་པ་པོའི་སྐྱོན་ཆར་ངོས་འཛིན་བྱས་ན་མི་འགྲིག ཁོར་ཡུག་གི་ཆ་རྐྱེན་ཀྱིས་མ་འདང་བ་རེད། ༼ གནམ་ས་གོ་འབྱེད་ ༽ འདི་དེ་སྔ་མ་བྱུང་བའི་བོད་རྒྱའི་འགལ་འབྲེལ་གྱི་གནས་བབ་བརྗོད་སྟངས་ཧ་ཅང་གཏིང་ཟབ་ཅིང་རྒྱ་ཆེ་བ། དོན་ལ་གནས་ཤིང་གནད་དུ་འཁེལ་བ་ཞིག་དཔེ་དེབ་ཕུན་སུམ་ཚོགས་པོ་ཞིག་རེད་དྲན་ཡོད། ཞོགས་དུང་གིས་གནམ་ས་གོ་འབྱེད་བརྩམས་པ་དེ་དོན་དངོས་ཐོག་གནམ་ས་གཉིས་ཀ་གོ་འབྱེད་པ་ལྟ་བུ་ཆགས་སོང་། གང་ཡིན་ཟེར་ན། སྔར་ས་བྱི་ཞི་རྒོལ་ཆེན་མོའི་སྐབས། འགའ་རེ་ཡིས་ཞོགས་དུང་སོགས་ཀྱིས་སོས་དལ་དུས་སྐད་བརྒྱབ་ཀྱང་། ཛ་དྲག་གི་སྐབས་སུ་ལྐོག་ཏུ་ཡིབ་སྟེ་གྲགས་འགུལ་མི་འདུག་ཟེར་མཁན་ཡོད། ཡང་རེ་ཟུང་གིས་ཞོགས་དུང་གིས་ཆོས་ལུགས་ལ་དགག་པ་བརྒྱབས་ཏེ། རྒྱ་གཞུང་གི་ལས་དོན་སྒྲུབ་ཀྱིན་ཡོད་པའི་དོགས་པ་ཟ་མཁན་ཡང་བྱུང་ཡོད། ཐེངས་འདིའི་གནམ་ས་གོ་འབྱེད་ཀྱིས་ཞོགས་དུང་གིས་བོད་མི་རིགས་ལ་ཤ་ཚ་དང་། རྣམ་རྒྱུན་སེམས་ལ་ཉར་བའི་སྡུག་བསྔལ་དེ་དཀར་ན་དཀར་ས་དང་། ནག་ན་ནག་སར་བསྐྱལ་ཏེ་གནམ་ས་གོ་འབྱེད་པ་ལྟར་གསལ་བོ་བཟོས་སོང་།

 

དྲི་བ། སྐུ་ཉིད་ཀྱིས་ཚོད་དཔག་བྱས་ན། ཐེངས་འདིར་ཞོགས་དུང་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་དེས་དཔའ་ཞུམ་སྲིད་མིན་དང་། འབྱུང་འགྱུར་ཁོའི་ཁ་ཕྱོགས་ལ་འགྱུར་བ་ཐེབས་སྲིད་དམ།

ལན། ཞོགས་དུང་གིས་སྔོན་ཆད་སྤྱི་ཚོགས་ཀྱི་རྙོག་འཛིང་ལ་ཁ་གཏད་བཅག་ཅིང་། དངོས་ཤུགས་བརྒྱུད་གསུམ་གྱི་གནོན་ཤུགས་ལ་གདོང་ལེན་བྱས་ཏེ་མགོ་བསྒུར་མྱོང་མེད། ད་ལྟ་སླར་ཡང་རྒྱལ་ཁབ་ཀྱི་ཆབ་སྲིད་དང་ཁྲིམས་ལུགས་ཀྱི་གདོང་ལ་བུད་པ་རེད། སྔར་ནས་མཇུག་འབྲས་ཅི་འབྱུང་དང་། དཀའ་སྡུག་གང་འཕྲད་སོགས་ལ་ཚོད་དཔག་དང་གྲ་སྒྲིག་ཡོད་རྒྱུ་རེད་དྲན་ཡོད། གནམ་ས་གོ་འབྱེད་ནང་དུ་ཡང་། བཟའ་ཟླ་བུ་ཕྲུག་དང་མི་རིགས་གཉིས་ལས་མི་རིགས་བདམས་པ་ཡིན་ཞེས་སེམས་ཐག་ཆོད་པོས་བཤད་འདུག ཁོ་བཙོན་ནས་ཕྱིར་ག་དུས་གློད་ཀྱང་རང་དགར་འདུག་གི་མ་རེད། རྒྱ་གཞུང་གིས་ཀྱང་ཁོའི་ཁ་ལ་དམ་ཕྲུག་རྒྱག་ཐུབ་གི་མ་རེད། བོད་ནང་གི་གཞོན་སྐྱེས་ཚོའི་ནང་དུ་ཁོ་ལ་དགའ་མོས་བྱེད་མཁན་དང་ཁོའི་ལྟ་བ་ལངས་ཕྱོགས་ཀྱི་རྗེས་སུ་འབྲང་མཁན་ཧ་ཅང་མང་པོ་རེད། ལྷག་པར་དུ་ཐེངས་འདིའི་དོན་རྐྱེན་ལས་བོད་ཕྱི་ནང་གཉིས་ནས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་སྟབས། མ་འོངས་པར་རྒྱ་གཞུང་གིས་ཁོ་བསད་ཀྱང་བཏུབ་ཀྱང་ལངས་ཕྱོགས་ལ་འགྱུར་བ་ཐེབས་གི་མ་རེད་སྙམ།

 

དྲི་བ། ཟླ་འདི་འགར་ཞོགས་དུང་གཙོས་པའི་རྩོམ་པ་པོ་སྐོར་ཞིག་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་སྟབས། བོད་བཙན་བྱོལ་གཞུང་དམངས་གཉིས་དང་། ལྷག་པར་དུ་སྨྱུག་ཐོག་པ་ཚོར་དམིགས་བསལ་གྱི་འགན་འཁྲི་འདྲ་ཡོད་དམ།

ལན། དྲི་བ་དེ་གལ་ཆེན་པོ་ཞིག་རེད། དེའི་ཐད་ང་ཚོར་ལས་འགན་གཙོ་བོ་གཉིས་ཡོད་པ་རེད། ང་ཚོས་གང་ཡོང་ཅི་ཡོང་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབོད་སྐུལ་དང་ཁྲིམས་གཏུགས་བྱ་རྒྱུ་གལ་ཆེན་རེད། གསར་འགོད་པ་དང་རྩོམ་པ་པོའི་མཐུན་ཚོགས་ལ་དམིགས་བསལ་གྱི་འགན་འཁྲི་ཡོད་པ་རེད། ལས་འགུལ་སྤེལ་བ་དང་ཚོགས་འདུ་ཚོགས་པ། ཞོགས་དུང་གི་རྩོམ་ཡིག་ལ་བགྲོ་གླེང་སོགས་བྱས་ཏེ། ཁོང་གི་ལས་དོན་དང་རེ་འདུན་ལ་རྒྱབ་སྐྱོར་དང་། བཙོན་ཁང་ན་དཀའ་སྡུག་མྱོང་གིན་ཡོད་པར་རིན་ཐང་ཅིག་སྤྲོད་དགོས་པ་རེད། གཉིས་པ། ཞོགས་དུང་གིས་མི་རིགས་འདིའི་མདུན་ལམ་དང་བདེ་སྡུག་ཐད། ཉིན་དང་མཚན། ཁོར་ཡུག་གང་གི་གནས་སྐབས་སུའང་བསམ་བློ་ཧ་ཅང་མང་པོ་བཏང་ཞིང་། ལྷག་པར་དུ་ཁོ་རང་གི་གྲོང་ཁྱེར་གྱི་འཚོ་བའི་ཁྲོད་ནས་མི་རིགས་འདྲ་མཉམ་མེད་པ་དང་། བོད་མིའི་དཀའ་སྡུག་ལ་བསམ་གཞིགས་གཏིང་ཟབ་བྱས་ཏེ་རྩོམ་གྱི་བརྗོད་བྱར་བཞག་ཡོད། དེ་དག་སྐད་ཡིག་གཞན་དག་ནང་བསྒྱུར་ཏེ་དཔར་འགྲེམ་དང་། བརྩམས་ཆོས་ཁག་ལ་སློབ་སྦྱོང་དང་དཔྱད་ཞིབ་ནན་ཏན་བྱ་རྒྱུ་གལ་ཆེན་པོ་རེད། །

 

ངེད་གཉིས་ཀྱི་དྲི་བ་དྲིས་ལེན་ཡོངས་སུ་མཇུག་རྫོགས་རྗེས་སྤྱི་ཟུར་རོང་བོ་བློ་བཟང་སྙན་གྲགས་མཆོག་གིས་ཉེ་ཆར་སྐུ་ཞབས་ཞོགས་དུང་རྒྱའི་བཙོན་འོག་ཏུ་ཚུད་པ་ཐོས་མ་ཐག་བྲིས་པའི་ཚེག་བར་སོ་གཅིག་མའི་སྙན་ཚིག་ཤོ་ལ་ཀ་གཅིག་ཀློག་འདོན་གནང་དོན། ངག་གི་དབང་ཕྱུག་དོན་གྲུབ་རྒྱལ་པོ་མི་རིགས་འདི་ལ་ཡིད་ཐང་ཆད་དེ་གཅེས་པའི་སྲོག་གིས་བྲིས་པའི་ཞལ་ཆེམས་རླུང་ལ་བསྐུར་ཏེ་དགོངས་དུ་གཤེགས། །ཤེར་རྟོག་རིག་པ་སྨྲ་བའི་འབྲོང་བུ་དམར་པོའི་གཞུང་གི་སྐུབ་སྟེགས་ཆེད་དུ་རེ་བའི་ཀློང་གི་མིག་ཞགས་ཁྲོད་ན་ཡལ་ལ་ཉེ་བར་ཞེ་རེ་ཕངས། །བཀྲ་ཤིས་རྒྱལ་པོའི་ཞོགས་པའི་དུང་སྒྲ་སྤྲིན་ནག་འཚུབ་མའི་བང་རིམ་གཏོར་ཏེ་ནག་པོ་དགྲ་ཡི་ཁྲིམས་ལ་ཐོགས་པའི་ཐན་སྐད་དེ་རིང་རྣ་བར་ལྷུང་། །ཕ་ཡུལ་གཅིག་པའི་ཨ་མའི་བུ་ཚོས་མི་རིགས་འདི་ཡི་བདེ་སྡུག་ཆེད་དུ་རྐང་པའི་རྗེས་ཤུལ་རེ་རེ་བཀོད་དེ་བསིལ་ལྡན་གངས་རིའི་རྨོངས་གཉིད་དཀྲོགས།། ཞེས་ཡིད་གདུང་དྲག་པོས་བཀླགས་སོང་།།

 

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༣ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 23

  1. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    སླར་ཡང་ཞོགས་དུང་དྲན།

    Reply
  2. དཀྱིལ་གནས།། says:
    ལོ་ 16 སྔོན།

    ལྷ་རམས་ཞེས་པ་འདི་ཅི་ཡིན། ངའི་ལྟ་ན་དེ་ནི་མིང་དོན་ཆེན་ཡིན་རྒྱུ་རེད་སྙམ། ཡིན་ན་ཡང་ཆོག་ཤེས་མི་འདུག་ག།
    གང་མཚམས་ཞིག་ལ་མིང་རྐྱང་པའི་ཤོག་ལྷེབ་གང་ངེས་ཡིན་། བོད་ཚང་རྨོངས་དད་ཆེ། ཤི་དུས་ནི་བླ་རྒན་ཚོ་ཡག་པ་འདུག། ད་གང་ཡིན་མི་ཤེས་ཡ།

    Reply
  3. གངས says:
    ལོ་ 16 སྔོན།

    དྲི་བ་དང་དྲིས་ལན་གཉིས་ཀ་བློ་ལ་འབབ་ནི་རྐྱང་རྐྱང་རེད། ཐུགས་རྗེ་ཆེ། ཧ་ཅང་ཀློག་སྤྲོ་བོ་བྱུང་།

    Reply
  4. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    མགོ་རུལ་ལ་གསལ་བཤད།
    ཁོང་ཚང་ད་དུང་དགེ་བཤེས་མ་རེད། ལྷ་རམས་པའང་མ་རེད། ཡིན་ནའང་སེར་བྱེས་ལྷ་རམས་པ་རེད། ཞིབ་ཆ་འདི་འདྲ་ཞིག་ཡོད་པ་རེད། ངེད་ལྗང་རླུང་ཚོགས་པའི་རིག་གནས་འཆད་ཁྲིད་སྐབས་བཞི་བའི་འོད་སྡེར་སྟེང་ལ་སེར་བྱེས་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས་ཞེས་མིང་བེད་སྤྱད་བཏང་ཡོད། ཕལ་ཆེར་དེ་མཐོང་བ་ཡིན་རྒྱུ་རེད།

    རྒྱུ་མཚན་འདི་འདྲ་རེད། གདན་ས་ནས་འཛིན་གྲྭ་ཆ་ཚང་རྫོགས་རྗེས་ལོ་དྲུག་ལ་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཕེབས་རྗེས་གཞི་ནས་དགེ་བཤེས་ལྷ་རམས་པའི་མཚན་གནས་འབུལ་གྱིན་ཡོད་པ་རེད། ལོ་དྲུག་དེ་ལོ་གཉིས་རེ་བགོ་བྱ་བརྒྱབས་ནས་ལོ་དང་པོ་གཉིས་ལ་བཀའ་རམས་འཛིན་གྲྭ་དང་། ལོ་གསུམ་པ་དང་བཞི་བ་ལ་ལྷ་རམས་འཛིན་གྲྭ། ལོ་ལྔ་བ་དང་ལོ་དྲུག་པ་ལ་སློབ་དཔོན་ལོ་རིམ་ཞེས་འབོད་ཀྱིན་ཡོད་པ་རེད། དེ་ཆ་ཚང་རྫོགས་ནས་སྨོན་ལམ་ཆེན་མོའི་གྲྭ་སྐོར་དམ་བཅའ་སོགས་གྲུབ་རྗེས་དགེ་བཤེས་ལྷ་རམས་པ་ཆགས་པ་རེད།

    སེར་བྱེས་ལྷ་རམས་པ་ཞེས་པ་ནི་ལྷ་རམས་འཛིན་གྲྭར་སླེབས་པ་ནས་མཚན་གནས་དེ་འབུལ་གྱིན་ཡོད་པ་རེད། དེ་དུས་ད་དུང་རྟེན་འབྲེལ་མཛད་སྒོ་ཞིག་ཀྱང་འཚོགས་དགོས་པ་རེད། དེ་ནས་སེར་བྱེས་ལྷ་རམས་པའི་མཚན་རྟགས་དེ་འབུལ་གྱིན་ཡོད་པ་རེད། དེ་ནས་བཟུང་སེར་བྱེས་ལྷ་རམས་པ་རེད། དགེ་བཤེས་ལྷ་རམས་པ་མ་རེད།
    གསལ་བཤད་ཙམ་ཡིན།

    Reply
  5. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ངས་སྐུ་ཞབས་ཞོགས་དུང་ལ་སྡོམ་ཚིག་ཅིག་བཞག་ཡོད། “དུས་རབས་གཉིས་ཀྱི་དཀྱོགས་མཚམས་ཀྱི་བོད་པའི་མི་རབས་གསར་བར་རྟོག་སད་ཀྱི་ཀི་རིང་འདེབས་མཁན། གསར་རྙིང་གཉིས་ཀྱི་སྣོལ་མཚམས་ཀྱི་བོད་པའི་རིག་གནས་སྣང་ཚུལ་ལ་དོགས་སློང་གི་སྙིང་སྟོབས་སྤེལ་མཁན། ཤར་ནུབ་གཉིས་ཀྱི་སོ་མཚམས་ཀྱི་བོད་པའི་བསམ་བློའི་རིན་ཐང་ལ་དཔྱོད་ཤེས་ཀྱི་རྒྱང་འབོད་གཏོང་མཁན། ལྷ་མི་གཉིས་ཀྱི་དབྱེ་མཚམས་ཀྱི་བོད་པའི་མི་ཆོས་ཀུན་སྤྱོད་ལ་གསར་བརྗེ་ཡི་བསྒྲགས་གཏམ་སྤེལ་མཁན་རྩོམ་པ་པོ་ཞོགས་དུང” གོང་གི་སྡོམ་ཚིག་དེ་ནི་ད་ལོའི་ཕྱི་ཟླ་ ༢ ཚེས་ནང་སྐུ་ཞབས་ཞོགས་དུང་གི་དཔེ་དེབ་༼ གནམ་ས་གོ་འབྱེད། ༽ སླེབས་མ་ཐག་ངོ་སྤྲོད་དང་བཅས་སྔོན་གླེང་དུ་སྤེལ་བ་ཡིན།

    Reply
  6. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    དྲི་བ། ཟླ་འདི་འགར་ཞོགས་དུང་གཙོས་པའི་རྩོམ་པ་པོ་སྐོར་ཞིག་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་སྟབས། བོད་བཙན་བྱོལ་གཞུང་དམངས་གཉིས་དང་། ལྷག་པར་དུ་སྨྱུག་ཐོག་པ་ཚོར་དམིགས་བསལ་གྱི་འགན་འཁྲི་འདྲ་ཡོད་དམ།

    ལན། དྲི་བ་དེ་གལ་ཆེན་པོ་ཞིག་རེད། དེའི་ཐད་ང་ཚོར་ལས་འགན་གཙོ་བོ་གཉིས་ཡོད་པ་རེད། ང་ཚོས་གང་ཡོང་ཅི་ཡོང་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབོད་སྐུལ་དང་ཁྲིམས་གཏུགས་བྱ་རྒྱུ་གལ་ཆེན་རེད། གསར་འགོད་པ་དང་རྩོམ་པ་པོའི་མཐུན་ཚོགས་ལ་དམིགས་བསལ་གྱི་འགན་འཁྲི་ཡོད་པ་རེད། ལས་འགུལ་སྤེལ་བ་དང་ཚོགས་འདུ་ཚོགས་པ། ཞོགས་དུང་གི་རྩོམ་ཡིག་ལ་བགྲོ་གླེང་སོགས་བྱས་ཏེ། ཁོང་གི་ལས་དོན་དང་རེ་འདུན་ལ་རྒྱབ་སྐྱོར་དང་། བཙོན་ཁང་ན་དཀའ་སྡུག་མྱོང་གིན་ཡོད་པར་རིན་ཐང་ཅིག་སྤྲོད་དགོས་པ་རེད། གཉིས་པ། ཞོགས་དུང་གིས་མི་རིགས་འདིའི་མདུན་ལམ་དང་བདེ་སྡུག་ཐད། ཉིན་དང་མཚན། ཁོར་ཡུག་གང་གི་གནས་སྐབས་སུའང་བསམ་བློ་ཧ་ཅང་མང་པོ་བཏང་ཞིང་། ལྷག་པར་དུ་ཁོ་རང་གི་གྲོང་ཁྱེར་གྱི་འཚོ་བའི་ཁྲོད་ནས་མི་རིགས་འདྲ་མཉམ་མེད་པ་དང་། བོད་མིའི་དཀའ་སྡུག་ལ་བསམ་གཞིགས་གཏིང་ཟབ་བྱས་ཏེ་རྩོམ་གྱི་བརྗོད་བྱར་བཞག་ཡོད། དེ་དག་སྐད་ཡིག་གཞན་དག་ནང་བསྒྱུར་ཏེ་དཔར་འགྲེམ་དང་། བརྩམས་ཆོས་ཁག་ལ་སློབ་སྦྱོང་དང་དཔྱད་ཞིབ་ནན་ཏན་བྱ་རྒྱུ་གལ་ཆེན་པོ་རེད། ། སྐད་ཆ་འདི་དག་ནི་གལ་ཆེན་དོན་ཆེན་ཡིན་པས་གཞུང་སྒེར་ཚང་མས་ལག་ལེན་དུ་སྟར་བའི་རེ་འབོད་སྙིང་ནས་ཞུ།

    Reply
  7. མགོ་རུལ། says:
    ལོ་ 16 སྔོན།

    ཕྱི་རྒྱལ་ཡིན་ན་ཞྭ་མོ་གྲུ་བཞི་དེ་ལོ་ཆུང་ཡིན་དུས་ནས་གྱོན་ཐུབ་ཀྱང་དགེ་ལུགས་པའི་ལུགས་ལ་སྟོད་འགག་སེར་པོ་དེ་གྱོན་རྒྱུ་ལས་སླ་བོ་མེད།

    Reply
  8. མགོ་རུལ། says:
    ལོ་ 16 སྔོན།

    ཡཡ། སྔོན་མ་ཞིག་ལ་རོང་པོ་ལྷ་རམས་པ་ཚང་ཞེས་བྲིས་འདུག་བསམས་སོང་ཡང་ཡིན་ས་མ་རེད། དེས་ན་ཁོང་གིས་མི་འགྱངས་པར་སྟོད་འགག་སེར་པོ་གྱོན་ཐུབ་རྒྱུ་རེད་ལ། སྟོད་འགག་སེར་པོ་དེའི་ཆེད་དུ་མི་ཚེ་ཕྱེད་ཀ་དང་མགོ་སྐྲ་ཕྱེད་ཀ་རྫོགས་འགྲོ་ཡ། ཧུཧུཧུ།

    Reply
  9. མི་རྐང་གླིང་བུ། says:
    ལོ་ 16 སྔོན།

    ༡༽མགོ་རུལ་ལགས། འདིས་དགེ་བཤེས་དམ་བཅའ་འཇོག་རྒྱུ་རེད་ཟེར། ནམ་རྒྱུན་དགེ་བཤེས་དམ་བཅའ་མ་བཞག་གི་བར་དུ་དགེ་བཤེས་ཞེས་འབོད་ཀྱིན་མེད་ནའང་ཁོང་གསར་འགོད་པས་དགེ་བཤེས་ཞེས་བོས་པ་རེད། དོན་ལ་དགེ་བཤེས་མ་རེད་ཟེར། ལོ་མཇུག་མ་ཞིག་ལ་དགེ་བཤེས་འཇོག་རྒྱུ་རེད་ཟེར། འོན་ཀྱང་ཤེས་ཡོན་བཟང་ཁི་ཟེར།
    ༢༽ གསར་འགོད་པ་ལགས། ཨ་ལག་ཤར་དུང་མ་རེད། ཤར་གདོང་རེད། ཨ་ལག་ཤར་གདོང་བློ་བཟང་བཤད་སྒྲུབ་ཚང་ལ་ཟེར་ནི་རེད། འདི་པ་སྤྱི་ཟུར་རོང་པོ་བློ་བཟང་སྙན་གྲགས་ཀྱི་བླ་མ་རེད།

    Reply
  10. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 16 སྔོན།

    གསར་འགོད་པས། ཚད་མ་རིག་པ་ལ་མཚན་མ་རིག་པ་ཞེས་ནོར་འདུག ཅུང་གཟབ་བཟབ་དགོས་ས་རེད་དོ།། གྲགས་པའི་དབང་དུ་བྱས་ན་དེ་བྲིས་ནོར་ཚབ་ཆེན་འདྲ་རེད་དཱ།
    ད་དུང་གཞན་ཞིག་ནི།
    རོང་བོ་བློ་བཟང་སྙན་གྲགས་ཀྱི་རྩོམ་ཚིགས་བཅད་དེར་ཡང་མ་བདེ་བ་ཞིག་ནི་ངེས་པར་འདུག་སྟེ།
    དེ་ཡང་འདི་ལྟར། ། ངག་གི་དབང་ཕྱུག་དོན་གྲུབ་རྒྱལ་པོ་(དོན་གྲུབ་རྒྱལ་ཞེས་པའི་རྒྱལ་དང་རྒྱལ་པོ་གཉིས་མཉམ་བསྲེས་ཀྱིས་ངེས་ཚིག་འཆད་པ་འདི་བློ་ལ་ཤིན་ཏུ་མ་བདེ་ལ་བཀྲ་ཤིས་རྒྱལ་བོར་ཡང་དེ་བཞིན། )མི་རིགས་འདི་ལ་ཡིད་ཐང་ཆད་དེ་གཅེས་པའི་སྲོག་གིས་བྲིས་པའི་ཞལ་ཆེམས་རླུང་ལ་བསྐུར་ཏེ་དགོངས་(འདི་ཡང་བོད་རྒྱ་ཚིག་མཛོད་ཀྱི་དངོས་བསྟན་དང་ཡོངས་གྲགས་ནི་དགུང་དུ་མཐད་དེ་སྐབས་འདིར་གནམ་དུ་གོ་བ་ཡིན)དུ་གཤེགས། །ཤེར་རྟོག་༼རྟོགས༽རིག་པ་སྨྲ་བའི་འབྲོང་བུ་དམར་པོའི་གཞུང་གི་སྐུབ་༼རྐུབ་༽སྟེགས་ཆེད་དུ་རེ་བའི་༼བ་སྟོང་གི་༽ཀློང་གི་མིག་ཞགས་ཁྲོད་ན་ཡལ་ལ་ཉེ་བར་ཞེ་རེ་ཕངས། །བཀྲ་ཤིས་རྒྱལ་༼གྱི༽པོའི་ཞོགས་པའི་དུང་སྒྲ༼ས༽་སྤྲིན་ནག་འཚུབ་མའི་བང་རིམ་གཏོར་ཏེ་ནག་པོ་དགྲ་ཡི་ཁྲིམས་ལ་ཐོག༼ཐོགས༽་པའི་ཐན་སྐད་དེ་རིང་རྣ་བར་ལྷུང་། །ཕ་ཡུལ་གཅིག་པའི་ཨ་མའི་བུ་ཚོས་༼ཚོའི་ཐ་དད་ལས་དབང་དགའ་དང་སྐྱོ་བའི་གྲོགས་སུ་བསྡེབས་ཏེ་གངས་རིའི་ལས་དབང་སྤེལ་མར་མཚོན་འདི་གཟིགས་ལགས་སམ། ཞེས་མ་བརྗེས་ན་རྐང་བ་གཉིས་པ་དེ་འབྲེལ་མེད་དང་ཐ་ན་འགལ་བར་ཡང་འགྱུར༽མི་རིགས་འདི་ཡི་བདེ་སྡུག་ཆེད་དུ་རྐང་པའི་རྗེས་ཤུལ་རེ་རེ་བཀོད་དེ་བསིལ་ལྡན་གངས་རིའི་རྨོངས་གཉིད་དཀྲོགས།།
    ༼ཡང་རྐང་བ་ཐ་མ་སོར་བཞག་དགོས་པའི་དབང་དུ་བཏང་ན་རྐང་བ་གཉིས་པ་དེ་ངེས་པར་མཐུན་ཕྱོགས་ཀྱི་དཔའ་བོ་གཞན་ཞིག་ལ་སྦྱོར་དགོས་པ་ནི་དཔེར་ན།
    <<ལྷིང་འཇགས་མེད་པའི་ཧི་མ་ལ་ཡ>>སྤོབས་པས་གྱེར་བའི་དཔའ་བོའི་དཔའ་བོ་སྒྲོལ་མ་སྐྱབས་ཀྱིས་འཇིགས་རུང་བཙོན་དུ་བདེན་པའི་དེ་ཉིད་བརྙེས་པ་ན། །ཞེས་སྦྱར་རོ། །
    བླུན་པོས་མཁས་པ་ལ་ཅ་ཅོ་སྨྲ་བ་འདི་ཅོལ་ཆུང་དུ་ཤེས་ན་ཡང་འདི་ཙམ་སྨྲས་པར་བཟོད་པར་མཛོད་ཅིག

    Reply
  11. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    གནད་འགག་གི་སྐབས་སུ་མི་སྣ་ཤེས་ཡོོན་ཅན་དག་ལ་བཅར་འདྲི་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད། དྲི་བ་ཡག་པོ་དྲིས་འདུག་དྲིས་ལན་ཡང་ཏག་ཏག་བློ་ལ་འབབ་ནི་ཞིག་བརྒྱབས་འདུག འདི་འདྲ་བྱས་ན་གཞིས་ལུས་སྤུན་ཟླ་དག་གི་མཐོང་སྣང་ལ་ཡག་པོ་ཡོད་ཁཽ་ཐག་རེད། དེ་མིོན་ཧ་ཅང་མཁས་མདོག་བསྟན་ནས་ཁ་རྒྱགས་པ་བཤད་ན་བོད་གཞིས་བྱེས་གཉྀས་ཀྱི་མཐུན་སྒྲིལ་ལ་གནོད་ངེས་རེད།

    Reply
  12. ཟླ་བ་གཞོན་ནུ། says:
    ལོ་ 16 སྔོན།

    ༼ཞོགས་དུང་གིས་སྔོན་ཆད་སྤྱི་ཚོགས་ཀྱི་རྙོག་འཛིང་ལ་ཁ་གཏད་བཅག་ཅིང་། དངོས་ཤུགས་བརྒྱུད་གསུམ་གྱི་གནོན་ཤུགས་ལ་གདོང་ལེན་བྱས་ཏེ་མགོ་བསྒུར་མྱོང་མེད། ད་ལྟ་སླར་ཡང་རྒྱལ་ཁབ་ཀྱི་ཆབ་སྲིད་དང་ཁྲིམས་ལུགས་ཀྱི་གདོང་ལ་བུད་པ་རེད། སྔར་ནས་མཇུག་འབྲས་ཅི་འབྱུང་དང་། དཀའ་སྡུག་གང་འཕྲད་སོགས་ལ་ཚོད་དཔག་དང་གྲ་སྒྲིག་ཡོད་རྒྱུ་རེད་དྲན་ཡོད། གནམ་ས་གོ་འབྱེད་ནང་དུ་ཡང་། བཟའ་ཟླ་བུ་ཕྲུག་དང་མི་རིགས་གཉིས་ལས་མི་རིགས་བདམས་པ་ཡིན་ཞེས་སེམས་ཐག་ཆོད་པོས་བཤད་འདུག ཁོ་བཙོན་ནས་ཕྱིར་ག་དུས་གློད་ཀྱང་རང་དགར་འདུག་གི་མ་རེད། རྒྱ་གཞུང་གིས་ཀྱང་ཁོའི་ཁ་ལ་དམ་ཕྲུག་རྒྱག་ཐུབ་གི་མ་རེད། བོད་ནང་གི་གཞོན་སྐྱེས་ཚོའི་ནང་དུ་ཁོ་ལ་དགའ་མོས་བྱེད་མཁན་དང་ཁོའི་ལྟ་བ་ལངས་ཕྱོགས་ཀྱི་རྗེས་སུ་འབྲང་མཁན་ཧ་ཅང་མང་པོ་རེད། ལྷག་པར་དུ་ཐེངས་འདིའི་དོན་རྐྱེན་ལས་བོད་ཕྱི་ནང་གཉིས་ནས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་སྟབས། མ་འོངས་པར་རྒྱ་གཞུང་གིས་ཁོ་བསད་ཀྱང་བཏུབ་ཀྱང་ལངས་ཕྱོགས་ལ་འགྱུར་བ་ཐེབས་གི་མ་རེད་སྙམ། ༽
    འདི་བསྡོམས་ཚིག་གནད་ལ་འཁེལ་བ་ཞིག་ཏུ་འདོད།

    Reply
  13. ཟླ་བ་གཞོན་ནུ། says:
    ལོ་ 16 སྔོན།

    གནམ་ལྕགས་ཟེར་བ་ལགས།
    ཚིག་རྐང་འདིས་རྩོམ་པ་པོའི་ཡིད་ཕངས་པའི་ཚོར་བ་བསྟན་ཡོད་པ་ལས། ཁྱོད་ཀྱི་ལྟར་དགེ་བཤེས་ལྷ་རམས་པ་ཞིག་ལ་དགྲ་གཉེན་ཆགས་སྡང་ཀྱི་ཕྱོགས་རིས་ཆེ་བས་མ་རེད།
    ཡིད་ཕངས་ཚུལ་གསུངས་པ་ལ་དོན་མེད་དུ་འབྲོང་བུར་དམོད་པ་བཏང་བ་མ་རེད།
    མཁྱེན་པར་མཛོད།
    ཤེར་རྟོགས་རིག་པ་དང་རྐུབ་སྟེགས་གཉིས་ཡིག་ནོར་ཤོར་འདུག

    ༼ཤེར་རྟོག་རིག་པ་སྨྲ་བའི་འབྲོང་བུ་དམར་པོའི་གཞུང་གི་སྐུབ་སྟེགས་ཆེད་དུ་རེ་བའི་ཀློང་གི་མིག་ཞགས་ཁྲོད་ན་ཡལ་ལ་ཉེ་བར་ཞེ་རེ་ཕངས། །༽

    གནམ་ལྕགས་ལགས་དགེ་བཤེས་ཁོང་ལ་སྡང་དོན་ལའང་རྒྱུ་མཚན་རེ་ཡོད་རྒྱུ་རེད།
    དོན་མེད་དུ་འབྲོང་བར་ཅི་ལྟར་གཤེ་འདུག

    ༼གཙན་ཚ་ན་འབྲོང་བུ་མ་གཏོགས་དགྱ་དགའ་མེད་ནའང་དེ་ལྟར་བྱེད་སྲིད༽ཁྱེད་རང་གི་ཚིག་འདིའི་གོ་བ་ལོན་མ་སོང་། དགོངས་དག་ཞུ།

    Reply
  14. བྱང་ཆུབ། says:
    ལོ་ 16 སྔོན།

    very good.

    Reply
  15. ལྷ་མ་ཡིན། says:
    ལོ་ 16 སྔོན།

    འབྲོང་བུ་ཟེར་བའི་མྱི་ངན་དེ་རྒྱ་དགའ་མ་ཞིག་ཡིན་པ་མ་ཟད་ད་དུང་ཁོས་༧གོང་ས་ཐམས་ཅད་མཁྱེན་པ་ལའང་ཅི་འདྲའི་སྐུར་འདེབས་བྱས་འདུག གནམ་ལྕགས་ཟེར་བ་ཁྱོད་ཀྱིས་དེ་ཙམ་ཡང་མ་གོ་ན་མཆན་བུ་འདེབས་རྒྱུ་སྐྱུར་ལ་ཞོག

    Reply
  16. ལུང་རྟོགས། says:
    ལོ་ 16 སྔོན།

    འབྲོང་བུར་དམོད་པ་ནི་དོན་མེད་ཞིག་ག་ལ་ཡིན། ཁོས་ན་ཉིན་ས་བྱི་ཞི་བརྒོལ་ཆེན་མོའི་སྐབས་སྐད་ཆ་ག་རེ་བཤད་མིན་མ་ཤེས་སམ། མ་ཤེས་ན་ན་ཉིན་གྱི་ཤར་དུང་རི་དུས་དེབ་ལ་བལྟོས་དང་ཤེས་ངེས།

    Reply
  17. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས། གསར་འགྱུར་ཞིག་བཏང་ཡོད་པས་གཟིགས་རོགས་ཞུ།

    Reply
  18. གནམ་ལྕགས། says:
    ལོ་ 16 སྔོན།

    བཀྲ་ཤིས་ལགས་ཀྱིས་ཁ་ཉིན་ཞིག་ལའང་འདིའི་སྐོར་གྱི་བསམ་ཚུལ་ཞིག་གསུང་བ་མཐོང་མྱོང་། ཡིན་ནའང་བརྩམས་ཀྱི་རྗེས་སུ་ཆོས་ཞེས་བཞག་དུས་ཆོས་ལུགས་མ་ཡིན་པ་དེ་ངེས་པར་དུ་གོ་དགོས་པ་དང་། ཁྱད་ཆོས་དང་འདྲ་བར་ཚིག་གྲོགས་ཀྱིས་གོ་བ་ལེན་དགོས། དེ་བས་ཉིད་ཀྱིས་མིང་མཐའ་ལ་བཞག་པའི་ཤད་གཉིས་ཀྱི་གཅིག་དེ་གཡུགས་བཞག་ན་བདག་གི་མིག་ལ་དེ་བས་མཛེས་པོ་ཞིག་མི་འདུག་ཞུ་རྒྱུ་ཡིན།

    Reply
  19. བཀྲ་ཤིས། ། says:
    ལོ་ 16 སྔོན།

    དྲི་བ་ཡག་པོ་བྱས་འདུག ཞོགས་དུང་གི་བརྩམ་ཆོས་ཟེར་ལན་པོ་ཞེ་དྲག་མི་འདུག ཞོགས་དུང་གི་རྩོམ་ཡིགདང་། གསུང་རྩོམ། རྩོམ་དེབ། ཅེས་བྲིས་ན་བདེ་བོ་ཡོད་རེད།

    Reply
  20. མགོ་རུལ། says:
    ལོ་ 16 སྔོན།

    འབྲོང་བུ་ལ་ཁ་རྡུང་བཏང་བ་དེ་ལ་དགའ་བསུ་ཡོད། ང་རང་འབྲོང་བུ་ལ་ཐུག་པ་ཡིན་ན་ངས་དེར་འགྲམ་ལྕག་ཅིག་གཞུ་མ་ཐུབ་ན་བུ་མིན།

    Reply
  21. མགོ་རུལ། says:
    ལོ་ 16 སྔོན།

    དགེ་བཤེས་འདི་བ་ཚང་ཅུང་མ་འདྲ་བ་ཞིག་འདུག དགེ་བཤེས་ཀྱི་མིང་ཙམ་འཛིན་པ་གང་མང་ཞིག་གིས་སྟོད་འགག་སེར་པོ་དེ་གྱོན་ནས་གང་སར་ངོམ་སོ་བྱེད་བཞིན་ཡོད་ཀྱང་ཁོང་གིས་དེ་གྱོན་མི་འདུག རྒྱུ་མཚན་ག་རེ་ཡིན་ནམ།

    Reply
  22. གནམ་ལྕགས། says:
    ལོ་ 16 སྔོན།

    དྲི་བ་དྲིས་ལན་དཔེ་མི་སྲིད་པའི་ཡག་པོ་བྱུང་འདུག ཡིན་ནའང་མཇུག་གི་ཚིགས་བཅད་ཤོ་ལོ་ཀ་གཅིག་བུ་དེས་གཉང་འདུག

    མཁས་དབང་བློ་སྙན་གྱིས་ཞོགས་དུང་ལ་བསྟོད་འོས་ཀྱང་། དོན་མེད་དུ་འབྲོང་བུར་དམོད་པ་ནི་མཁས་པ་འཆུག་ན་འདོམ་གང་གི་དཔེ་ལྟར་རོ།།

    སྤྱིར་བཏང་གིས་འབྲོང་བུ་ཡག་པོ་རེད་ཟེར་གྱི་མེད་ཀྱང་། གཙན་ཚ་ན་འབྲོང་བུ་མ་གཏོགས་དགྱ་དགའ་མེད་ནའང་དེ་ལྟར་བྱེད་སྲིད།

    གཙོ་བོ་ངས་ག་རེ་བཤད་འདོད་ཡོད་ཟེར་ན། མཁས་དབང་བློ་སྙན་ལགས་དགེ་བཤེས་ལྷ་རམས་པ་ཞིག་ལ་དགྲ་གཉེན་ཆགས་སྡང་གི་ཕྱོགས་རིས་ཆེ་ཙམ་འདུག་ཅེས་ཞུས་པ་ཡིན། དེ་མིན་ན་དོན་མེད་དུ་འབྲོང་བུར་དམོད་དོན་ག་རེ་ཡིན་ནམ།

    Reply
  23. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 16 སྔོན།

    ཡིག་ནོར་ཅུང་མང་བ་མཐོང་སོང་མ་གཏོགས་ཡག་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese