མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་མདོ་བས་བ་ལ་ཝར་འབོད་པ་ལ་གནོད་བྱེད་ཆེན་པོ་གཉིས། སྒོམ་སྡེ་ལྷ་རམས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

 

༼ཨ་མདོ་བས་བ་ལ་ཝར་འབོད་པ་ལ་གནོད་བྱེད་ཆེན་པོ་གཉིས༽
སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་གྲུབ།

སྤྱིར་བཏང་༼བ་ཡིག་༽ལ་ཝར་འབོད་པའི་གནས་སྐབས་ཡོད་དེ། ངག་སྒྲོན་རྩ་བ་ལས། བདེ་འོ་ལ་སོགས་རྫོགས་ཚིག་ལ། །འོ་ཉིད་སྤྱི་བོ་ལ་སོགས་པའི། །མིང་ལ་བ་ཕྱེད་ཝ་ཉིད་དོ། །ཞེས་གསུངས་པ་ལྟར། སྤྱི་བོ་དང་དགའ་བོ་ལ་སོགས་པའི་མིང་གི་ཆ་ལ་བ་ཕྱེད་མའི་ཝ་ཉིད་ཐོབ་པ་ནི་ཁོ་བོ་ཅག་གིས་ཀྱང་འདོད་ལ། མ་ཟད་ཝ་ཡིག་ལ་“༼མེད་ཀྱང་རུང་བའི་ཡི་གེ་གཅིག༽”ཅེས་བརྗོད་པས་ཀྱང་གོ་ནུས་སོ། །འོན་ཀྱང་ཨ་མདོ་བས་ནི་“༼བ༽”ལ་རྣམ་པ་ཐམས་ཅད་དུ་“༼ཝར༽”འབོད་དགོས་པར་འདོད་པ་ནི་ཤིན་ཏུ་ནོར་ཞིང་གནོད་བྱེད་ཀྱང་ཆེན་པོ་གཉིས་ཡོད་དེ།

གནོད་བྱེད་དང་པོ་ནི། དེ་ནི་ཡི་གེའི་སྐྱེ་གནས་དང་ཡོངས་སུ་འགལ་བ་ཡིན་ཏེ། པ་སྡེ་ཡོངས་རྫོགས་སྐྱེ་གནས་“༼མཆུ༽”དང་། “༼བྱེད་པ༽”མཆུ་སྦྱར་ཞིང་བཙུམ་པ་ལས་འབྱུང་བར་བཤད་ཅིང་འདོད་དགོས་པས། མཆུ་སྦྱར་ཞིང་བཙུམ་ནས་“༼ཝ༽”སྒྲ་ཐོན་ཐུབ་ན་ཕོ་ཁྱོ་ག་ཡིན། པ་ནས་མའི་བར་གྱི་ཡི་གེ་ཐམས་ཅད་སྒྲ་དམ་ལྷོད་ཀྱི་ཁྱད་པར་ཙམ་ལས་ཐམས་ཅད་སྐྱེ་གནས་དང་བྱེད་པ་མཚུངས་པས། གལ་ཏེ་བ་ཡིག་ལ་ཝར་འབོད་ན། པ་ཡིག་སོགས་གཞན་ལའང་ཝར་འབོད་དགོས་པར་འགྱུར་ཏེ། རྒྱུ་ཚོགས་ཚང་བའི་ཕྱིར་རོ། །དེས་ན་དོན་དངོས་ལ་“༼ཝ༽”ནི་བ་ཡིག་དང་མི་འདྲ་བར་མཆུ་ཅུང་ཟད་རུབ་ཙམ་བྱས་ཏེ་མགྲིན་པའི་ཁོང་ནས་སྐྱེས་པའི་ཕྱིར་རོ། །ཨ་མདོ་བས་བསྒྲིགས་པའི་གསེར་ཏོག་སུམ་རྟགས་ཀྱི་ཡི་གེའི་སྐྱེ་གནས་སོགས་ཀྱི་དཔེ་རིས་དང་། དེའི་རྗེས་འབྲང་གི་དག་ཡིག་གསར་བསྒྲིགས་སོགས་སུའང་ཡི་གེ་སྐྱེ་གནས་བཤད་པ་ན་གོང་དང་འདྲ་བར་བཤད་ཅིང་། འཐད་ལྡན་དུ་བྱེད་དགོས་པས་སོ། །

གནོད་བྱེད་གཉིས་པ་ནི། གཞན་ཡང་སློབ་དཔོན་ཐོན་མིས་རྒྱ་གར་གྱི་ཡི་གེའི་པ་སྡེ་ प फ ब भ म (པ་ཕ་བ་བྷ་མ།) རྣམས་ལས་མཐུག་པོའི་ཡི་གེ་བྷ་ཡིག་“༼भ༽”དོར་ནས་གཞན་རྣམས་སོར་བཞག་བྱས་པ་ཡོངས་གྲགས་ཡིན་ཞིང་། དེ་ལྟར་དུ་ཁས་ཀྱང་བླངས་དགོས་ལ། དེ་ལྟར་ན་རྒྱ་གར་གྱི་ཡི་གེ་“༼ब༽”ཡིག་གི་དོད་ནི་བོད་ཡིག་གི་“༼བ༽”ཡིན་ལ། གལ་ཏེ་དེ་ལ་“༼བ”“ba༽”ཞེས་མི་འབོད་པར་“༼ཝ””va༽”ཞེས་འབོད་པ་ཡིན་ན། ནོར་བ་ཤིན་ཏུ་གསལ་ལ། མ་ཟད་རྒྱ་གར་གྱི་བ་ཡིག་སོར་བཞག་ཏུ་ཁས་བླངས་པ་དང་ཡང་ཡོངས་སུ་འགལ་ལོ། །དེ་ལྟར་ན་ངེད་ཅག་བོད་པར་རྒྱ་གར་གྱི་ཡི་གེ་“༼ब༽”་ཡིག་གི་དོད་མེད་པར་ཁས་བླང་དགོས་པར་ཡང་འགྱུར་རོ། །
མ་ཟད་དབྱིན་སྐད་ཀྱི་
boy ལ་“ཝོཡེ”དང་།
ball ལ་“ ཝོལ”དང་། 
baby ལ་“ཝེབྷི”
bollywood ལ་“ཝོ་ལི་འུཊི”སོགས་ཤིན་ཏུ་མཚར་བ་དག་སྨྲ་དགོས་པར་འགྱུར་རོ། །

ཨ་མདོ་བའི་མཁས་པ་མང་པོ་ཞིག་གིས་བ་ལ་ཝར་འབོད་པ་ནི་བརྗོད་པ་ཡང་དག་པ་ཡིན་ཚུལ་ཨུ་ཚུགས་མཐར་སྐྱེལ་གནང་ཞིང་། དེའི་རྒྱུ་མཚན་ལ། རྟགས་འཇུག་རྩ་བར། ཝ་ནི་བ་དང་སྦྱར་བར་བྱ། །ཞེས་པའི་ཚིག་འདི་ལ་ཁུངས་བཅོལ་བར་མཛད་མོད། རྩ་ཚིག་དེས་ནི་བ་ལ་ཝར་འབོད་དགོས་པའི་རྒྱུ་མཚན་ཅི་ཡང་བསྟན་མེད་དོ། །དེས་ནི། ཝ་ཡིག་འདི་ཕོ་མོ་མ་ནིང་སོགས་གང་གི་ཁོངས་སུ་གཏོགས་ཤེ་ན། དེ་ནི་གོང་དུ་བཤད་པའི་བ་ཡིག་དང་མཚུངས་པར་མོ་ཡིག་གི་ཁོངས་སུ་བསྡུ་བར་བྱའོ་ཞེས་པའི་དོན་ཙམ་བསྟན་པ་ཡིན་ཏེ། སི་ཏུ་འགྲེལ་ཆེན་ལས། ཕོ་ཡི་ཡི་གེ་འབའ་ཞིག་ལ། །སྡེ་པ་ཕྱེད་དང་བརྒྱད་གནས་པའང་། །སྡེ་ཚན་ལྔ་རུ་དྲིལ་བྱས་ནས། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་བཞི་རུ། །སྡེ་པ་བཞི་པ་ཡན་ཆད་དབྱེ། །ལྷག་མ་བཅུ་བཞི་གནས་པ་ལ། །ཙ་སོགས་གསུམ་ནི་ཅ་སོགས་སྦྱར། །ཝ་ནི་བ་དང་སྦྱར་བར་བྱ། །ལྷག་མ་དྲུག་ནི་མོ་རུ་སྦྱར། །ར་ལ་ཧ་ནི་མོ་གཤམ་སྟེ། །ཨ་ནི་མཚན་མེད་ཅེས་ཀྱང་བྱ། །ཞེས་སོགས་ནས། དེའང་སྡེ་པ་བཞི་པོ་རྣམས་ཀྱི་དང་པོ་ཀ་ཅ་ཏ་པ་རྣམས་ཕོ་དང་། གཉིས་པ་ཁ་ཆ་ཐ་ཕ་རྣམས་མ་ནིང་དང་། གསུམ་པ་ག་ཇ་ད་བ་རྣམས་མོ་དང་། བཞི་པ་ང་ཉ་ན་མ་རྣམས་ཤིན་ཏུ་མོར་དབྱེ་བར་བྱའོ། །དེར་མ་ཕྱེ་བའི་ལྷག་མ་ཙ་སྡེ་ཕྱེ་ན་ཡི་གེ་བཅུ་བཞིར་གནས་པ་ལ། ཙ་ལ་སོགས་པ་སྟེ་ཙ་ཚ་ཛ་གསུམ་ནི་རིམ་བཞིན་སྔར་བསྟན་པའི་ཅ་ལ་སོགས་པ་གསུམ་དང་སྦྱར་བར་བྱ་སྟེ། ཙ་ཕོ་ཚ་མ་ནིང་ཛ་མོར་ཤེས་པར་བྱའོ། །དེ་བཞིན་དུ་ཝ་ནི་བ་དང་སྦྱར་བས་མོ་དང་། ལྷག་མ་ཞ་ཟ་འ་ཡ་ཤ་ས་དྲུག་ཀྱང་མོའི་ཡི་གེར་སྦྱར་བར་བྱའོ། །ཞེས་གསུངས་སོ། །

མདོར་བསྡུས་ན། ཨ་མདོ་བས་བ་ཡིག་ཡོད་ཚད་ལ་ཝར་འབོད་པའི་ཁུངས་གང་ཡིན་དང་། འབོད་དགོས་པའི་རིགས་པའི་སྒྲུབ་བྱེད་རྣོ་ཞིང་ངར་བ་ཞིག་ཅིས་ཀྱང་གནང་སྐྱོང་ཡོང་བར་ཞུ་ཞེས་རེ་སྐུལ་ཞུའོ།། །།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

གཏམ་གླེང་དམར་རྗེན་མ།

ཆུ་ཚོད་ ༡༧ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

༢༠༢༥/༠༥/༢༡
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

༢༠༢༥/༠༥/༢༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

༢༠༢༥/༠༥/༢༡

མཆན། 85

  1. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    ཨ་མདོ་བས་བ་ཕྱེད་ལ་ཝ་རུ་འབོད་སྟངས་དང་དབུས་གཙང་དང་ཁམས་པས་བ་ཕྱེད་ལ་ཝ་རུ་འབོད་སྟངས་མི་འདྲ། ཨ་མདོ་བས་བ་ཕྱེད་ལ་དབུས་དང་ཁམས་ཀྱི་ངག་གི་ཝ་ཡི་གདངས་དེ་མེད། དེ་ལས་ལྡོག་སྟེ་ཁམས་དང་དབུས་པའི་ངག་ནས་འཁྲོལ་མི་ཐུབ་པའི་གདངས་ཤིག་འབོད་པ་རེད། འོན་ཀྱང་ཀློག་སྟངས་འདི་ཡང་དག་རེད་ཅེས་བཤད་པ་མིན། ཆོལ་ཁ་གསུམ་གང་དུ་ཕྱིན་ཀྱང་ཡི་གེ་ཀློག་སྟངས་ལ་སྐྱོན་ཡོད་པ་ཤིན་ཏུ་མང་། ལར་ནས་བོད་ཀྱི་སྤྱི་སྐད་འདི་ཡིན་ཞེས་གཞི་འཛིན་ས་ཞིག་མེད་པས་སྤྱི་སྐད་དང་མཐུན་མི་མཐུན་ཡང་བཤད་ཐབས་མེད་པ་ཞིག་རེད། དྲ་གྲོགས་ཚོ་གཅིག་གིས་གཅིག་ལ་ངན་སྨྲ་མ་བྱས་ན་མི་བཟང་ངམ།

    Reply
  2. torue says:
    ལོ་ 15 སྔོན།

    I am very impressed about your lingustic views on Amdo ascent in pronouncing the words VA and in UTsang its PA ,but its very sad to know that you have very poor knowledge in differnt Tibetan Dilacts which adds the cultural diversity and richness of tibetan language ,In strictly speaking the Amdo way of pronouncing the actual way of what early tibetans were.Therefore please exam and analysis carefully and then comment yor inner voice on the web site.so from my side ,the mistakes are greatly regreted and any suggestions are purely welcome.

    Reply
  3. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 15 སྔོན།

    སྒོམ་སྡེ་ལྷ་རམས་པར་རྒྱབ་སྐྱོར་ཡོད། ངས་ག་དུས་ཡིན་ན་དེ་འདྲ་རེད་དྲན་སྡོད་ཀྱི་ཡོད། འདི་ཆོལ་ཁ་དང་ཡུལ་ལུང་གི་སྐད་མ་རེད། ཨ་མདོ་བ་བོད་པ་ཡིན་ན་བོད་པའི་སྤྱི་མང་དང་མཐུས་པ་འགྲོ་དགོས་པ་མ་ཟད། རང་ཉིད་ནས་རང་ཉིད་ཡང་དག་པ་ཡིན་ཅེས་སྐྱོན་མེད་འདོད་ན་མ་འོས་པ་དང་བོད་སྤྱི་པའི་སྒྲིག་མཛུག་གཏོར་བའི་ལག་ཆ་ལྟར་བུ་ཆགས་ངེས་རེད། དཔེ་ན་༧གོང་ས་མཆོག་དང་པཎ་ཆེན་བཅུ་པ་རྣམས་གཉིས་སྐུ་འཁྲུངས་ཡུལ་ཨ་མདོ་ནས་ཡིན་ཀྱང་གསུངས་སྐད་ག་དུས་ཡིན་ན་བོད་སྤྱི་སྐད་ཐོག་ལས་ཨམ་སྐད་གསུངས་མྱོང་མེད་པ་འདི་རྒྱུ་མཚན་ཡོད་པ་ཅིག་རེད།

    Reply
  4. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    ལྷ་རམ་པའི་ད་དངོས་གནས་ཁུངས་ལུང་རྗེས་ནས་བཙལ་ཀྱང་མི་རྙེད་པ་འདི་ཅིས་མི་སྐྱོའང་།གང་རྙེད་པ་དེ་བ་ཕྱེད་རྙེད་འདུག།ཧ་ཧ་ཁྱེད་ཀྱི་བ་ཕྱེད་ཟེར་བ་དེ་ངོས་ཞིག་འཛིན་རྒྱུ་མཁྱེན།ཁྱེད་ཀྱིས་ཨ་མདོ་བས་བ་ལ་ཝར་འབོད་པ་ལ་གནོད་བྱེད་ཆེན་པོ་གཉིས་ཟེར་ནས་མིང་འབོར་ཆེན་བཏགས་པ་དེ་ལ་བདག་གི་ལན་ཞིག་ཕུལ་ན་ཆོག་གམ།ལན་ཞིག་མགྱོགས་པོ་གནང་རོགས་ཞུ་ཞུ།

    Reply
  5. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 15 སྔོན།

    བ་ལ་ཝ་ཞེས་མི་འབོད་ཅེས་ཨུ་ཚུགས་ཇི་ཙམ་བྱེད་པ་དེ་ཙམ་གྱིས་རྙོག་པ་ཇེ་ལང་ལ་འགྲོ་གི་རེད། བ་ལ་ཝ་ཞེས་མི་འབོད་ན། འོ་ན་བ་ཕྱེད་ལ་ཝ་ཞེས་ཨེ་འབོད། འབོད་ན་བ་ཕྱེད་དེ་ཀ་མད་སུམ་ཅུའི་ནང་གང་ཡིན་ངོས་ཟུང་ཞིག
    བ་ཕྱེད་ལ་ཝར་མི་འབོད་ཟེར་ན། ངག་སྒྲོན་རྩ་བ་ལས། བ་ཕྱེད་ཝར་འབོད་རྣམས་ལ་བ། །ཞེས་གསུངས་ཤིང་། གསེར་ཏོག་སུམ་འགྲེལ་༣༧ལས། པི་ཝང་ཕ་ཝང་སོགས་ཀྱི་ཝ་ནི་ཙ་སྡེའི་བཞི་པ་བ་ཕྱེད་རུ་འབོད་པའི་ཝ་སྟེ། ཞེས་གསུངས་སོ། །
    དེར་མ་ཟད་ཁྱེད་ཅག་གིས་བ་སྒྲ་དང་བ་ཕྱེད་གཉིས་ཀྱི་སྒྲ་གདངས་ལ་ཁྱད་པར་ཕྱེ་ཐུབ་བམ།

    Reply
  6. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་མི་རིགས་ཀྱི་ཆོས་སྲིད་རིག་གནས་དཔལ་འབྱོར་བཅས་གོང་འཕེལ་ཡོང་ཕྱིར་བོད་རིགས་ཡོངས་ལ་སྤྱི་སྐད་གོ་བདེ་ཞིག་ངེས་པར་དགོས་སོ།

    ལྷ་སའི་ཕྱོགས་ནས་གི་ལ་གིས་ཞེས་འབོད།
    བྱེད་འབྲེལ་ཐ་དད་འབྱེད་པའི་སྒྲ་གདངས་མེད།

    ནང་ཆེན་པ་ཡིས་འབྲུ་ལ་འབུ་ཞེས་འབོད།
    ར་བཏགས་ཡོད་མེད་འབྱེད་པའི་སྒྲ་གདངས་མེད།

    མགོ་ལོག་གསེར་རྟས་ཤིང་ལ་ཤང་ཞེས་འབོད།
    གི་གུ་ཡོད་མེད་འབྱེད་པའི་སྒྲ་གདངས་མེད།

    མངའ་རིས་ཕྱོགས་ནས་མེད་ལ་མེ་ཞེས་འབོད།
    རྗེས་འཇུག་ཡོད་མེད་འབྱེད་པའི་སྒྲ་གདངས་མེད།

    མཚོ་སྔོན་ཕྱོགས་ནས་མཆོད་ལ་མཆོལ་ཞེས་འབོད།
    རྗེས་འཇུག་ད་ཡི་སྒྲ་གདངས་ཕལ་ཆེར་མེད།

    ལྷོ་ཁའི་ཕྱོགས་ནས་སྤྲེལ་ལ་སྤེལ་ཞེས་འབོད།
    ར་བཏགས་ཡོད་པའི་སྒྲ་གདངས་ཤིན་ཏུ་དཀོན།

    རྫ་ཆུ་ཁ་དང་མི་ཉག་འབྲོག་པ་ཚོས།
    གསལ་བྱེད་༼ག༽ལ་༼ཀ་ཆུང༽་ཞེས་སུ་བཏགས།
    གསལ་བྱེད་༼ཆ་༽ལ་༼ཅ་རིལ་༽ཞེས་སུ་བཏགས
    གསལ་བྱེད་༼ད་༽་ལ་ཏ་གཟེད་ཅེས་སུ་བཏགས།

    དེ་ལྟར་ཡུལ་ལུང་སོ་སོའི་འདོན་ཚུལ་དང་།
    སྐད་གདངས་སོགས་ལ་བརྟགས་ཅིང་དཔྱད་པ་ན།
    གཞུང་དང་མཐུན་ཞིང་ཀུན་གྱིས་གོ་བདེ་བའི།
    སྡེ་དགེའི་བོད་སྐད་ཕུན་སུམ་ཚོགས་པར་མཐོང་།

    སུམ་བརྟགས་གཞུང་བཞིན་སྒྲ་གདངས་ཐོན་པ་དང་།
    བོད་ཀྱི་བཙན་པོའི་ཡིག་སྐད་མ་ཉམས་པ།
    སྨྲ་བའི་སྡེ་དགེའི་སྐད་ཀྱི་སྒྲ་གདངས་འདི།
    གངས་ཅན་སྤྱི་སྐད་འོས་པའི་སྐད་གདངས་ཡིན།

    དབུས་གཙང་ཨ་མདོ་ཁམས་དང་འབྲུག་པ་ཚོས།
    སྡེ་དགེའི་སྐད་འདི་མྱུར་དུ་གོ་ཐུབ་པས།
    བོད་ཁམས་བསྟོད་སྨད་བར་གསུམ་ཐམས་ཅད་ལས།
    སྡེ་དགེའི་སྐད་འདི་སྤྱི་སྐད་འདེམས་པར་འོས།

    དེ་ལྟར་ཡིན་མིན་ཡུལ་ལུང་སོ་སོ་ཡི།
    མི་རྣམས་མཉམ་དུ་འཛོམས་ནས་དཔྱད་ན་ཤེས།
    སོ་སོའི་ཡུལ་སྐད་རྒྱུན་འཛིན་བྱེད་བཞིན་དུ།
    བོད་པའི་སྤྱི་སྐད་དར་བའི་བཀྲ་ཤིས་ཤོག །

    བོད་རིགས་ཡོངས་ལ་སྤྱི་སྐད་གོ་བདེ་ཞིག་ངེས་པར་དགོས་སོ།

    Reply
  7. བཀྲ་ཤིས་རྒྱ་མཚོ says:
    ལོ་ 15 སྔོན།

    སྒོམ་སྡེ་ལྷ་རམས་པ་ལགས། ཁྱོད་ཀྱིས་གསུང་བཞིན་པའི་བ་སྒྲ་དང་ཝ་སྒྲ་དག་ཨ་མདོ་བས་ཀློགསྟངས་ཅུང་འདྲ་ཤས་ཆེ་ན་ཡང་ཨ་མདོ་བ་ཞིག་གིས་ཉན་ཚེ་དེ་དག་སྒྲ་ལ་ཁྱད་པར་ཤིན་ཏུ་ཆེ། འོ་ན་ཁྱོད་ཀྱིས་བདག་སྒྲའི་ཕྲད་ཅན་གྱི་བ་ཡིག་ཏེ་དཔེར་ན། ཅ་མདོ་བ། དབུས་གཙང་བ། ལྟ་སྐོར་བ། གནས་མཇལ་བ། ད་དུང་མིང་ཚིག་ ཀ་བ་ ཕོར་བ་སོགས་ཀྱི་བ་ཡིག་དེའི་སྒྲ་ཅི་ལྟར་ཀློག་བཞིན་ཡོད།།

    Reply
  8. སྨྱུ་གུ། says:
    ལོ་ 15 སྔོན།

    སྒོམ་སྡེ་ལྷ་རམས་པར་ཕུལ་བའི་གླེང་མོལ།

    ཡི་གེའི་སྐྱེ་གནས་ཀྱི་བཤད་པ་དེ་དག་རྣམ་པ་ཀུན་ཏུ་ཁས་ལེན་ཆོག་ཆོག་ཅིག་མིན། དཔེར་ན། པ་ཕ་བ་མ། ཞེས་པའི་ཡི་གེ་བཞི་པོ་སྐྱེ་གནས་གཅིག་དང་བྱེད་པ་གཅིག་མཚུངས་ཀྱིས་ཡོང་སྐབས། བ་ལ་འབའ་ཞེས་པའི་སྒྲ་འདྲ་བ་ཞིག་ལས་བ་རྐྱང་གི་སྒྲ་མེད།
    དེར་བ་རྐྱང་གི་སྒྲ་ཡོང་དགོས་ན། པ་ཕ་མ་གསུམ་སྐྱེ་གནས་དང་བྱེད་པ་གཅིག་འདྲ་ཡིན་པ་གང་ཞིག་ལ། བ་ཡིག་གཅིག་བུར་མཆུ་མི་བཙུམ་པར་ཁ་གདང་སྟེ་བ་ཞེས་ལྷོད་ཀྱིས་ཀློག་དགོས། དེ་ཡང་ཞིབ་པར་དཔྱད་ན། ཟླ་བ་དང། བ་གླང་། ཞེས་པའི་སྐབས་ཀྱི་བ་སྒྲ་དེ། པ་ཕ་བ་མ་བཞི་པོ་སྐྱེ་གནས་གཅིག་འདྲ་བྱས་པའི་སྐབས་ཀྱི་བ་སྒྲ་དང་གཅིག་མིན་པར། གོང་དུ་བཤད་པའི་བ་རྐྱང་གི་སྒྲ་ཁོ་ན་ཡིན། གལ་ཏེ་དེ་སྔའི་ཡི་གེའི་སྐྱེ་གནས་ཀྱི་བཤད་པ་དང་། དེ་བཞིན་མཁྱེན་ཡངས་སྒོམ་སྡེ་ལྷ་རམས་པའི་དགོངས་ཚུལ་ལྟར་ན། བ་ཡིག་ཀློག་སྐབས། གསལ་བྱེད་པ་སོགས་ཀློག་པ་ཇི་བཞིན་ཀློག་དགོས་ན། ཟླ་འབའ། འབའ་གླང་། ཞེས་འབོད་དགོས་པ་ལྟ་བུ་ཡིན། ཡིན་ཡང་། དོན་ལ་དེ་སྔའི་ཡི་གེའི་ཀློག་ཚུལ་གྱི་བཤད་པ་དེ་དག་ནོར་བ་མེད་པའི་ཤ་གཟུགས་ཟ་རྐྱང་བྱེད་ཆོག་པ་ཞིག་མིན་པ་ཤེས་དགོས།
    དེ་ནས་མཁྱེན་ཡངས་སྒོམ་སྡེ་ལྷ་རམས་པས་ཐུགས་ཉམས་མ་བཞག་པར་མཁས་པས་ནོར་ན་འདོམས་གང་ཟེར་བའི་དཔེ་ལྟར་མཁས་ཉམས་ཤོར་བ་ཞིག་ནི།
    ཨ་མདོ་བས་ནི་“༼བ༽”ལ་རྣམ་པ་ཐམས་ཅད་དུ་“༼ཝར༽”འབོད་དགོས་པར་འདོད་པ་ནི་ཤིན་ཏུ་ནོར་ཞེས་པ་དེ་ཡིན། ཨ་མདོའི་ཡུལ་གྱི་མཁས་དབང་དང། རྩོམ་པ་པོ་སུས་ཀྱང་བ་དང་ཝའི་སྒྲ་གཅིག་ཏུ་མི་འདོད་ལ། དེ་གཉིས་གང་རུང་ཞིག་མེད་ན་གཅིག་ཚབ་གཅིག་གིས་ནུས་ཚུལ་ཡང་མི་གསུངས། དཔེར་ན། ཝ། ཝ་མོ། ཝ་ལྤགས། ཝ་ཞ། ཝ་ཚར། ཝ་ཆུ། སོགས་སུ་བ་ཡིག་སྦྱོར་རུང་བ་གཅིག་ཀྱང་མེད། བ་དང་ཝའི་སྒྲ་རང་སྟེང་ནས་ཀྱང་བ་སྒྲ་ལྷོད་པ་དང། ཝ་སྒྲ་ཤུགས་ཆེ་བ་ཡོད་པ་ཀློག་པ་ཙམ་གྱིས་ཤེས་པ་ཞིག་ཡིན། དེར་བརྟེན་དཔེ་ཆ་ཙམ་དང་། རྒྱང་གཟིགས་མཛད་པ་ཙམ་གྱིས་སྒྲ་རིག་པར་ཞིབ་འཇུག་གི་གསུང་རྩོམ་སྤེལ་མི་ཐུབ་པ་མཁྱེན་དགོས། སྔར་རྡ་རམ་ས་ལའི་དཔེ་མཛོད་ཚོགས་ཁང་ཞིག་ཏུ། བོད་ཀྱི་ཡིག་གཟུགས་མཉེན་ཆས་བཟོ་སྐྲུན་པ་དགེ་སློང་སྨོན་ལམ་ལགས་ཀྱིས་སྨོན་ལམ་ཐུན་མོང་སྐད་གདངས་ཞེས་པའི་མཉེན་ཆས་བཟོ་སྐྲུན་ཆེད་ཚོགས་འདུ་ཞིག་འཚོགས་པར་བོད་ཁྱིམ་སློབ་གྲྭའི་དགེ་རྒན་བསྟན་དར་ཞུ་བ་ཞིག་གིས་ཨ་མདོ་པས་ཨ་ཁུ་ལ། ཨར་ཁུ་ཞེས་ཀློག་གི་ཡོད་ཚུལ་བཤད། དེ་སྐབས་ང་ཚོས་ཨ་མདོ་པས་དེ་འདྲའི་ར་སྒྲ་ཞིག་སྦྱོར་སྲོལ་མེད་ཚུལ་བཤད་པར། ཁོང་གིས་ཨུ་ཚུགས་ཀྱིས་ང་རང་གིས་དེ་འདྲ་ཞིག་གོ་ཡི་འདུག་ཟེར། མཐར་གཏུགས་ན། ཁོང་གིས་གསན་ཕྱོགས་ཙམ་ལས་ཁུངས་སྣེ་གང་ཡང་མི་འདུག
    དེས་ན་འདིར་ཡང། སྒོམ་སྡེ་ལྷ་རམས་པས་གསན་ཕྱོགས་ནོར་བ་ཡིན་ལས་ཆེ། ཡིན་ཡང་༼བ༽”ལ་རྣམ་པ་ཐམས་ཅད་དུ་“༼ཝར༽”འབོད་དགོས་པར་འདོད་པ་ནི་ཤིན་ཏུ་ནོར་ཞེས་ནན་ཏན་གྱིས་གསུངས་ཚུལ་ལ་བརྟག་ན། མི་རེ་གཉིས་ཀྱིས་དེ་ལྟར་གསུངས་པའམ། ཡང་ན་ཁྱེད་ཀྱི་འཁྲིས་སུ་ཁྱེད་རང་ལ་སྐུ་རླུང་གི་ལྷ་འབེབས་མཁན་ཞིག་ཡོད་ན་ལས། ཨ་མདོའི་ཤེས་ཡོན་པའི་དཀྱིལ་འཁོར་ན། བ་ལ་ཝ་ཞེས་ཀློག་མཁན་ཞིག་གཏན་ནས་ཡོད་མི་སྲིད། དེ་ལྟར་ཀློག་གིན་ཡོད་མེད་མཁས་པ་ཞིག་ལ་འདྲི་མི་དགོས་ལ། དཔེ་ཀློག་མང་པོ་ཞིག་ཀྱང་གནང་མི་དགོས་པར། ཨ་མདོ་པ་འགའི་གླེང་མོལ་བྱེད་ས་ནས་ཞིབ་ཉན་བྱས་པའི་འཐུས། ཝ། ཝ་མོ། ཝ་ལྤགས། ཝ་ཞ། ཝ་ཚར། ཝ་ཆུ། ཞེས་པ་འདི་དག་ཀློག་སྐབས་དང་། དེ་མཚུངས། བ་སོ། བ་གླང་། བ་ཕྲུག བང་གདན། བང་ཁེབས། ཟླ་བ་ཞེས་པ་སོགས་ཀློག་སྐབས་སྒྲ་གཅིག་ཡོང་གི་འདུག་གམ། ཡང་ན་སོ་སོ་ཡོང་གི་འདུག དེར་བརྟག་དགོས་པ་ལས། ཨ་མདོ་པས་ཀློག་ཚུལ་དེ་མི་རེ་གཉིས་ཀྱིས་འགྲེལ་བཤད་ཅི་རྒྱག་གི་ལག་ཏུ་མེད་པ་ཤེས་དགོས། ལྷག་པར་སྒྲ་ལ་ཞིབ་འཇུག་བྱས་ན། སྒྲ་དེ་ངག་ནས་འདོན་མཁན་གྱི་ཚོགས་པ་དེ་དང་དེར་ཞིབ་འཇུག་བྱེད་དགོས་པ་ལས། མི་རེ་གཉིས་ཤིག་གིས་འགྲེལ་བཤད་ལ་ཉན་ནས་བཀའ་བགྱོན་པ་ནི། མཁས་པའི་ནང་དུ་མི་ཚུད་པ་མ་ཟད། གྲོང་པོའི་ནང་དུ་མི་ཚུད་པར་འདུག་གོ།
    དེས་ན་སྒོམ་སྡེ་ལྷ་རམས་པས་སླར་ཡང་ཨ་མདོའི་སྒྲའི་སྦྱོར་ཀློག་ལ་བསྐྱར་ཞིབ་ཅིག་བྱས་ནས་ཕེབས་པར་འཚལ་ཞུའོ།།

    Reply
  9. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ད་དུང་ཞུ་རྒྱུ་ཞིག་ལ་སྒོམ་སྡེ་ལྷ་རམས་པ་ལགས།ཁྱོད་ཀྱི་ཨ་མདོ་བ་དང་འབྲེལ་བ་བྱེད་མ་མྱོང་བ་རེད་དམ་དོ་སྣང་མ་བྱས་པ་རེད་༼བ་༽་དང་༼ཝ༽གཉིས་ཀྱི་སྒྲ་གདངས་དེ་ཡང་དབྱེར་བ་ཕྱེ་ཤེས་མི་འདུག།ཁྱོད་རང་གི་ཨ་མདོ་བ་ཞིག་ལ་ཡི་གེ་དེ་གཉིས་ཀློག་ཆུགས་ནས་སྒྲ་གདངས་གསལ་པོ་ཉན་རོགས་ཞུ་རྒྱུ་ཡིན།

    Reply
  10. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    སྒོམ་སྡེ་ལྷ་རམས་པ་ལགས་ཞུ་རྒྱུ།དེ་ལྟར་ཡིན་ན་ཨ་མདོ་དང་ཁམས་གཉིས་ཀྱི་ཐུན་མོ་བར་༼བྱ༽ལ་ཤ་སྒྲ་དང་༼མི༽ལ༼མྱི༽ཞེས་འབོད་པ་དེ་དང་ཡང་ཁམས་ལུང་པའི་ཁ་ཤས་ནང་༼བྱ༽ལ༼ཙ༽དང་༼ས༽ཞེས་འབོད་མཁན་འདུག་པའི་དེ་ལ་ཅི་ལྟར་འབྲེལ་ལམ།
    ཁ་དཔེ་ལ་ལུང་པ་གང་ཡིན་སྐད་ཀྱི་ཤེས་ཟེར་བ་མ་རེད་པས།དེ་ལ་ཕན་པ་མེད་ཀྱང་གནོད་པ་ཨེ་ཡོད་དྲན་གྱི་འདུག།

    Reply
  11. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 15 སྔོན།

    ཨ་མདོ་བས་ཁོང་ཅག་གི་སྐད་དེ་ཁུངས་དག་ཡིན་ཚུལ་བཤད་པ་ལ་རྒྱུ་མཚན་མེད་པ་མ་རེད། ང་ཚོ་བོད་ཀྱི་ལོ་རྒྱུས་དག་ཏུ་ཨ་མདོ་བ་རྣམས་བོད་ཀྱི་མཐའ་མཚམས་བསྲུང་བའི་ཕྱིར་བཏང་བའི་དམག་མི་རྣམས་དེར་གཞི་ཆགས་པ་ལས་མི་རིགས་མཆེད་ཚུལ་གསུང་བ་ལ་གཞིགས་ན། ཁོང་ཚོའི་སྐད་དེ་ཁུངས་དག་པ་ཡོད་ཅེས་བཤད་པ་དེ་ལ་རྒྱུ་མཚན་ཆེན་པོ་ཡོད། དཔེར་ན་Denmarkཌེན་མག་རང་དུ་ཡོད་པའི་ཁོང་ཅག་གི་མི་རིགས་དང་། Canadaཁེ་ན་ཌ་སོགས་ཡུལ་ལུང་གཞན་དུ་གནས་སྤོ་བྱས་པའི་ཁོང་ཅག་གི་མི་རིགས་གཉིས་ཀྱི་དབར་སྐད་ལ་ཞིབ་འཇུག་བྱས་ཚེ། ཡུལ་ལུང་གཞན་དུ་སྤོས་པ་དག་གི་སྐད་དེ་བསྲེ་ལྷད་མེད་པར་གནས་ཐུབ་འདུག་ཅེས་བརྗོད་ཀྱི་འདུག དེ་ལ་གཞིགས་ན་ཨ་མདོ་བས་ཁོང་ཅག་གི་སྐད་དེ་ཁུངས་དག་ཡིན་ཞེས་བཤད་པ་ལ་རྒྱུ་མཚན་འདུག དེ་བཞིན་དུ་ཁམས་པ། སྟོད་པ། ལ་དྭགས་པ་ལའང་རྒྱུ་མཚན་མཚུངས་པར་སྙམ་མོ། །

    Reply
  12. རྭ་རྒྱ་བློ་དབང་། says:
    ལོ་ 15 སྔོན།

    ཝ་མ་ཝོལ་ལ་ཐོས་པའི་བ་དང་ཝ། །བོད་ཡིག་ཤེས་དང་ཐོས་ལོས་དགར་དཀའ་ན། །ཝ་མོ་གཟན་ལ་འདུར་འདྲའི་བརྩོན་བསྲིང་གིས། །བོད་ཀྱི་ཝ་ཡིག་གདངས་ལ་ལེགས་པར་སློབས། །པ་དང་བ་ལ་དབྱེ་བ་མ་ཁོར་ཕྱིན། །ཝ་དང་བ་ཡང་གུད་དུ་མི་རྙེད་པས། །གསལ་བྱེད་སུམ་ཅུའི་རང་རྐང་གདངས་ཀྱི་ཚུལ། །མ་ནོར་མེས་པོའི་ལུགས་བཟང་གཅེས་པར་སྐྱོངས། །གདོད་ནས་རང་གི་རང་མདངས་མ་འགྱུར་ཞིང་། །ད་ཡང་རིགས་ཀྱི་ང་རོ་དོར་མེད་པའི། །ཨ་ཆེན་གངས་ལའི་འདབས་ཀྱི་བོད་མི་ཚོས། །ཝ་དང་བ་ཡི་གོ་བབ་གནམ་དང་ས། ། ལེགས་པར་ཉོན་ཅིག་རྣ་ཅོག་ཀྲོང་ཀྲོང་དང་། །མིག་གཉིས་གདོང་པ་དང་བཅས་མ་ཡོ་བར། །མདུན་གྱི་དྲང་ཐད་རྡོག་པས་མནན་གྱུར་ན། །ཕན་ཚུན་གོ་ས་འགལ་བའི་ཝ་དང་བ། །རྙེད་པར་ངེས་སོ་བརྩོན་ལྡན་སྙིང་མ་ཞུམ།

    Reply
  13. ཀུན་དགའ། says:
    ལོ་ 15 སྔོན།

    སྒོམ་སྡེ་ལྷ་རམས་པ་ལགས། ༼ཨ་མདོ་བས་བ་ལ་ཝར་འབོད་པ་ལ་གནོད་བྱེད་ཆེན་པོ་གཉིས་ ༽ཟེར་བའི་རྩོམ་ཐུང་དེའི་སྐོར་ལ་བསམ་ཚུལ་ཞིག་ཞུ་འདུན་བྱུང་། སྤྱིར་ཉིད་ཀྱིས་གངས་ཅན་པའི་རིག་གཞུང་ལ་དུངས་སེམས་ཞིག་གམ་ཆགས་ཞེན་ཞིག་གི་སྒོས་ཐུགས་འགན་བླངས་སྟེ་དཔྱད་ཞིབ་གནང་བ་ཡིན་ན་ནི་ལེགས་པར་མཐོང་། འོན་ཀྱང་དེ་ཙམ་ལས་གལ་ཆེ་བ་ནི། ཀུན་གྱིས་མཁྱེན་གསལ་ལྟར་སྤྱི་ལོ་ ༡༩༥༨་ ནས་དེང་གི་བར་རྒྱ་དམར་སྲིད་གཞུང་གིས་གཡོ་སྒྱུ་བྱུས་ངན་སྣ་ཚོགས་ཀྱིས་བོད་ས་སྟོད་སྨད་བར་གསུམ་ཀུན་ཁག་བགོས་བཅད་གཏུབ་བྱས་ཏེ། བོད་ཀྱི་ལུང་པ་དང་རི་ཆུ། གྲོང་སྡེ། རུས་རྒྱུད། ཚོ་བ། ཐ་ན་མི་སྒེར་ཡན་གྱི་མིང་བརྗེ་བསྒྱུར་འཁྱོག་བརྗོད་ཀྱིས་ཆེས་རིན་ཐང་ལྡན་པའི་ང་ཚོ་བོད་པ་ཚང་གི་དངོས་ཡོད་ཀྱི་ལོ་རྒྱུས་དག་ནག་གསུབ་དང་། ཡབ་མེས་ནས་བརྒྱུད་པའི་འུ་ཅག་གི་རྩ་ཆེའི་རིག་གཞུང་ཅི་ཡོད་གཏོར་བཅོམ་ཏུ་བཏང་དང་གཏོང་མུར་བ་འདིའི་ཐད་ལ་སྐུ་ཉིད་ཀྱིས་རྣམ་དཔྱོད་ཀྱི་རྩལ་བཏོན་ཏེ་སྙུག་རྩེ་རེ་གཏད་ཐུབ་ན་ཅི་མ་རུང་། སྐབས་བབ་ནི། ཨམ་སྐད་གཙང་མ་བཤད་པའི་ཨ་མདོ་བ་སུ་དང་གང་ཡིན་གྱིས་བ་ལ་ཝར་འབོད་པའམ། བ་ལ་ཝའི་སྒྲར་བརྗོད་མྱོང་མེད་ལ་རྗོད་ཀྱང་མི་སྲིད། རབ་བྱུང་ན་ཉེ་རབས་ཀྱི་ཨ་མདོའི་མཁས་དབང་གྲགས་ཅན་ཚེ་ཏན་ཞབས་དྲུང་དང་། དམུ་དགེ་བསམ་གཏན། མཁས་དབང་དོར་ཞི་སོགས་ཀྱིས་སུམ་རྟགས་སློབ་ཁྲིད་གནང་པའི་སྒྲ་ཐག་གམ་བརྙན་ལྡེ་རེར་ཚར་གཅིག་གསན་ན་གསལ་བོར་གོ་སྲིད། མིན་ན། སྨྲར་བརྗོད་དག་པའི་ཨ་མདོ་བ་ཞིག་ལ་གཤམ་གྱི་དཔེར་བརྗོད་ཚིག་ཟུར་གྱི་བ་དང་ཝ་འདི་དག་གསལ་ཀློག་གནང་བཅུག་ནས་རང་གིས་ག་ལེར་ཉོན་དང་སྒྲ་གདངས་ཀྱི་ཁྱད་གསལ་བོར་གོ་ཐུབ། དཔེར་བརྗོད། ཝ་ཡེ། སྒོམ་སྡེ་བ། གྲྭ་བ་ལོག་པ། སྦྱོར་བ་ནག་པོ། ཝ་སྐྱེས་བཞིན། བ་དང་ཝའི་སྒྲ་གདགས་ཀྱི་ཁྱད་པར། ཟེར་བ་ལྟ་བུའོ།། དེ་མ་གཏོགས་ཡིག་ཐོག་ནས་ཁྱེད་ཀྱིས་གོ་བ་ལོན་ཁག་ཚོད་རེད། གཞན་ཡང་། ཁྱེད་ཀྱི་རྩོམ་ཐུང་དེར་དགོས་དམིགས་དང་རྒྱུ་མཚན་གཞན་ཡོད་པའམ་ཡང་ན། རང་ལ་ཤེས་བྱའི་རྣམ་གྲངས་ཟད་དེ་འབྲི་རྒྱུའི་ཕོངས་བ་ཡིན་ན་ནི་གནས་ཚུལ་ཐ་དད་རེད། དགོངས་འགལ་མེད་པར་མཛོད།།

    Reply
  14. གཉའ་འབྲོང་ཐུ་བུ། says:
    ལོ་ 15 སྔོན།

    །། བོད་ཀྱི་རིག་གཞུང་ལ་དགའ་ཞེན་ཆེ་བའི་དྲ་གྲོགས་ཡོངས་ལ་གུས་འདུད་དང་བཅས་སྒོམ་སྡེ་བའི་ད་ཐེངས་ཀྱི་བརྗོད་གཞི་བ་དང་ཝ་གཉིས་ཀྱི་ཁྱད་པར་ལ་ལྟ་ཚུལ་བརྗོད་འདོད་བྱུང་། སྤྱིར་ཨ་མདོ་བས་ཡི་གེ་འདི་གཉིས་ཀློག་སྐབས་སྒྲ་གདངས་གཏན་ནས་མི་འདྲ་བ་མིན་ཀྱང་སྒྲ་གདངས་མཚུངས་པར་ཀློག་པར་འདོད་པ་ནི་གཏན་མིན་ནོ། །བ་ཡིག་ཀློག་སྐབས་མཆུ་ཅུང་ཟད་བཙུམ་ནས་ལྕེ་ཡངས་པོར་ཀློག་ལ། ཝ་ཡིག་ཀློག་སྐབས་མཆུ་ཅུང་ཟད་སྦྱོར་ལ་ཁད་དུ་ཉེ་བའི་མགྲིན་པ་དང་ལྕེ་གྲིམ་པོར་ཀློག སྐབས་འདིར་དྲ་གྲོགས་མང་པོ་ཞིག་གིས་ཞེན་ཁོག་གིས་གཏམ་འཆལ་མང་དག་ཅིག་ལབ་འདུག་ན་དེ་དག་ལ་ལན་འདེབས་བྱེད་པའི་ངལ་བ་མ་བསྟེན་ལ་སེར་ལྷོ་བློ་རྒྱམ་པ་ཡང་ནམ་རྒྱུན་དང་མི་འདྲ་བར་དེ་རིང་ཁ་དྲང་མོ་ཞིག་གྲག་མེད་པས་ལན་ཞིག་འབུལ་འདོད་བྱུང་། ༡ ཨ་མདོའི་མཁས་པས་བསྟན་བཅོས་གང་ཞིག་ཏུ་བ་ཡིག་དང་ཝ་ཡིག་གཉིས་ཀློག་སྟངས་གཅིག་པ་ཡིན་པའི་ཁུངས་སྟོན་དང་དགའ་བསུ་ཡོད། ༢ ༼དཔེར་ན། ཨརྱ་དེ་བ། ཨརྱ་དེ་ཝ། མཧཱ་དེ་ཝ། མཧཱ་དེ་བ།༽ ལྟ་བུ་ནི་སྔགས་ཡིག་གི་ཀློག་སྟངས་ཡིན་པས་སྔགས་ཡིག་ཀློག་སྐབས་བ་ཡིག་ཝ་རུ་ཀློག་དགོས་པ་མང་མོད་དེ་ནི་འདིར་དེ་ཙམ་འབྲེལ་བ་མི་འདུག བྲག་ལ་བ་བཙུགས་ནས་ཆུ་དྲངས་ལྟ་བུ་ཁྱེད་ཀྱིས་བཤད་པ་བདེན་པ་རང་རེད་མེད་མོད་དེ་ནི་བ་ཡིག་ཝ་རུ་ཀློག་པ་མ་ཡིན་པར་ཝ་ཡིག་བ་རུ་ཀློག་པ་ཡིན་ལ་འདི་ནི་སྒོམ་སྡེ་བས༼ ཨ་མདོ་བས་བ་ཡིག་ཡོད་ཚད་ལ་ཝར་འབོད་པའི་ཁུངས་གང་ཡིན་དང་། འབོད་དགོས་པའི་རིགས་པའི་སྒྲུབ་བྱེད་རྣོ་ཞིང་ངར་བ་ཞིག་ཅིས་ཀྱང་གནང་སྐྱོང་ཡོང་བར་ཞུ་ཞེས་རེ་སྐུལ་ཞུའོ།།༽ཞེས་པའི་སྒྲུབ་བྱེད་དུ་མི་འགྲོ་སྟེ། འདི་ལས་བ་ཡིག་ཡོད་ཚད་ཝ་ཡིག་ཏུ་ཀློག་པར་བཤད་པའི་ཕྱིར། དེ་ཡང་ཨ་མདོ་བའི་ཡུལ་སྐད་ལ་ལ་ཞིག་ཡིན་གྱི་སྤྱིར་བཏང་ལ་མི་འགྲོ། ༣ ཨ་མདོ་བས་བ་ཡིག་ཡོད་ཚད་ཝར་འབོད་དགོས་ན། རྒྱལ་བ་རིན་པོ་ཆེ་ལ། རྒྱལ་ཝ་དང་། བ་མོ་ལ། ཝ་མོ། བཟང་བ། བཟང་ཝ། ཁང་བ། ཁང་ཝ། གང་བ་ལ། གང་ཝ། མཐོང་བ་ལ། མཐོང་ཝ། གསུང་བ་ལ། གསུང་ཝ། འབྱུང་བ་ལ། འབྱུང་ཝ། གཏོང་བ་ལ། གཏོང་ཝ། བསྐང་བ་ལ། བསྐང་ཝ། དགའ་བ་ལ། དགའ་ཝ་སོགས་ཟེར་དགོས་ཀྱང་འདི་འདྲ་ནི་ཨ་མདོ་བ་སུ་གཅིག་སྐད་གདངས་ལ་མེད་པར་མ་ཟད། ཨ་མདོའི་རྡུང་ལེན་སོགས་སུ་གཟིགས་དང་དགའ་བ་ལ་སྐྱིད་པ་ལ་ཟེར་བ་ལས་དགའ་ཝ་ཟེར་མཁན་གཅིག་ཀྱང་མི་འདུག་ན་མངོན་སུམ་ལ་བསྙོན་ག་ལ་རུང་། འདི་དག་ནི་མཚན་གཞི་ཙམ་ཡིན་ལ་ད་དུང་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་གསར་འགྱུར་སོགས་ལ་རྣ་བ་བློགས་དང་རང་ཉིད་ཀྱིས་སྐད་ཆ་དེ་འདྲ་ཞིག་བཤད་པར་ངོ་གནོང་དགོས་སོ། ། ༤ ༼དེ་སྔོན་བདག་སྒྲའི་སྐོར་དང་བ་ཝའི་སྐོར་གྱི་རྩོད་གླེང་རབས་དང་རིམ་པས་བྱུང་ཡོད། སྐབས་དེ་དག་ཏུ་ཨ་མདོ་བས་བ་ཝ་གཉིས་སྒྲ་གདངས་གཅིག་པར་ཀློག་གི་ཡོད་མེད་མི་རྩོད་པར་ཀློག་སྟངས་དག་མ་དག་སྐོར་ལ་རྩོད་ཀྱིན་ཡོད། དེ་ནི་ཁོང་རྣམས་ཀྱིས་དེ་གཉིས་སྒྲ་གདངས་གཅིག་མཚུངས་སུ་འདོད་པའི་རྒྱུ་མཚན་གསལ་པོ་རེད།༽ སྔོན་ཆད་བ་དང་པ་གཉིས་ཐད་རྩོད་པ་བྱུང་བ་ལས་བ་དང་ཝ་གཉིས་ཐད་རྩོད་པ་ག་དུས་བྱུང་བ་རེད་གསལ་བོ་བཟོ་རོགས། ༥༼རྩ་བར། ཝ་ནི་བ་དང་སྦྱར་བར་བྱ། ཞེས་གསུངས་པའི་གནད་ནི་ཝ་ཡིག་འདི་བ་ཡིག་དང་བརྗོད་པའི་སྒྲ་གདངས་སམ། སྐད་གདངས་མཚུངས་པའི་ཆ་ནས་དེ་གཉིས་སྒྲ་རྩོལ་ཞན་པའི་མོ་ཡིག་ཏུ་བཞག་ཅེས་པ་ཡིན། ཞེས་སོགས་ཁུངས་མང་པོའི་སྒོ་ནས་དེ་གཉིས་སྒྲ་གདངས་གཅིག་པར་བསྒྲུབས་ཡོད། ༽ཝ་ནི་བ་དང་སྦྱར་བར་བྱ། །རྩ་ཚིག་འདི་ང་ཚོས་གཅིག་མཐུན་དུ་ཁས་ལེན་པར་མ་ཟད་ཝ་ནི་བ་དང་སྦྱར་བས་སྒྲ་གདངས་དྲག་ཞན་མཚུངས་པ་ཡིན་པར་ཁས་ལེན་རྒྱུ་རེད་འདོད། འོན་ཀྱང་། སྒྲ་གདངས་དྲག་ཞན་མཚུངས་ཀྱང་ཀློག་སྟངས་མི་གཅིག་པའི་ཁྱད་པར་འདི་ཤེས་ཚེ་གོང་གི་ཚིགས་བཅད་དེར་ཨ་མདོའི་མཁས་པས་འགྲེལ་བཤད་བྱེད་སྟངས་ལ་རྨོངས་མི་སྲིད། དངོས་པོའི་གནས་ཚུལ་ཁས་བླངས་ནས་སྐད་ཆ་བཤད་ཡོད་པས་བློ་གཟུ་བོར་གནས་རོགས། སྤྱིར་སྒོམ་སྡེ་བས་བསྒྲུབ་བྱ་ངོ་མ་ཨ་མདོ་བས་བ་ཡིག་ཝར་འབོད་ཀྱིན་ཡོད་པས་དེ་མི་འཐད་པར་བཤད་ནས་གང་བསྒྲུབ་འདོད་པ་རེད་ཅེ་ན། འོ་ན་བ་ཡིག་ཅི་ལྟར་ཀློག་དགོས་པ་རེད་ཟེར་ན་པ་ཡིག་ཏུ་ཀློག་དགོས་པ་རེད་ཅེས་བསྒྲུབ་འདོད་པ་ཧ་ཅང་གསལ་མོད་དེའི་སྐོར་རིམ་གྱིས་བགྲོ་གླེང་གནང་ཐུབ་ན་བཟང་མོད་བདག་ལ་ནི་དེང་སང་ཆུ་ཚོད་ཧ་ཅང་དཀོན་ནོ།།

    Reply
  15. གཉའ་འབྲོང་ཐུ་བུ། says:
    ལོ་ 15 སྔོན།

    བོད་ཀྱི་རིག་གཞུང་ལ་དགའ་ཞེན་ཆེ་བའི་དྲ་གྲོགས་ཡོངས་ལ་གུས་འདུད་དང་བཅས་སྒོམ་སྡེ་བའི་ད་ཐེངས་ཀྱི་བརྗོད་གཞི་བ་དང་ཝ་གཉིས་ཀྱི་ཁྱད་པར་ལ་ལྟ་ཚུལ་བརྗོད་འདོད་བྱུང་། སྤྱིར་ཨ་མདོ་བས་ཡི་གེ་འདི་གཉིས་ཀློག་སྐབས་སྒྲ་གདངས་གཏན་ནས་མི་འདྲ་བ་མིན་ཀྱང་སྒྲ་གདངས་མཚུངས་པར་ཀློག་པར་འདོད་པ་ནི་གཏན་མིན་ནོ། །བ་ཡིག་ཀློག་སྐབས་མཆུ་ཅུང་ཟད་བཙུམ་ནས་ལྕེ་ཡངས་པོར་ཀློག་ལ། ཝ་ཡིག་ཀློག་སྐབས་མཆུ་ཅུང་ཟད་སྦྱོར་ལ་ཁད་དུ་ཉེ་བའི་མགྲིན་པ་དང་ལྕེ་གྲིམ་པོར་ཀློག སྐབས་འདིར་དྲ་གྲོགས་མང་པོ་ཞིག་གིས་ཞེན་ཁོག་གིས་གཏམ་འཆལ་མང་དག་ཅིག་ལབ་འདུག་ན་དེ་དག་ལ་ལན་འདེབས་བྱེད་པའི་ངལ་བ་མ་བསྟེན་ལ་སེར་ལྷོ་བློ་རྒྱམ་པ་ཡང་ནམ་རྒྱུན་དང་མི་འདྲ་བར་དེ་རིང་ཁ་དྲང་མོ་ཞིག་གྲག་མེད་པས་ལན་ཞིག་འབུལ་འདོད་བྱུང་། ༡ ཨ་མདོའི་མཁས་པས་བསྟན་བཅོས་གང་ཞིག་ཏུ་བ་ཡིག་དང་ཝ་ཡིག་གཉིས་ཀློག་སྟངས་གཅིག་པ་ཡིན་པའི་ཁུངས་སྟོན་དང་དགའ་བསུ་ཡོད། ༢ ༼དཔེར་ན། ཨརྱ་དེ་བ། ཨརྱ་དེ་ཝ། མཧཱ་དེ་ཝ། མཧཱ་དེ་བ།༽ ལྟ་བུ་ནི་སྔགས་ཡིག་གི་ཀློག་སྟངས་ཡིན་པས་སྔགས་ཡིག་ཀློག་སྐབས་བ་ཡིག་ཝ་རུ་ཀློག་དགོས་པ་མང་མོད་དེ་ནི་འདིར་དེ་ཙམ་འབྲེལ་བ་མི་འདུག བྲག་ལ་བ་བཙུགས་ནས་ཆུ་དྲངས་ལྟ་བུ་ཁྱེད་ཀྱིས་བཤད་པ་བདེན་པ་རང་རེད་མེད་མོད་དེ་ནི་བ་ཡིག་ཝ་རུ་ཀློག་པ་མ་ཡིན་པར་ཝ་ཡིག་བ་རུ་ཀློག་པ་ཡིན་ལ་འདི་ནི་སྒོམ་སྡེ་བས༼ ཨ་མདོ་བས་བ་ཡིག་ཡོད་ཚད་ལ་ཝར་འབོད་པའི་ཁུངས་གང་ཡིན་དང་། འབོད་དགོས་པའི་རིགས་པའི་སྒྲུབ་བྱེད་རྣོ་ཞིང་ངར་བ་ཞིག་ཅིས་ཀྱང་གནང་སྐྱོང་ཡོང་བར་ཞུ་ཞེས་རེ་སྐུལ་ཞུའོ།།༽ཞེས་པའི་སྒྲུབ་བྱེད་དུ་མི་འགྲོ་སྟེ། འདི་ལས་བ་ཡིག་ཡོད་ཚད་ཝ་ཡིག་ཏུ་ཀློག་པར་བཤད་པའི་ཕྱིར། དེ་ཡང་ཨ་མདོ་བའི་ཡུལ་སྐད་ལ་ལ་ཞིག་ཡིན་གྱི་སྤྱིར་བཏང་ལ་མི་འགྲོ། ༣ ཨ་མདོ་བས་བ་ཡིག་ཡོད་ཚད་ཝར་འབོད་དགོས་ན། རྒྱལ་བ་རིན་པོ་ཆེ་ལ། རྒྱལ་ཝ་དང་། བ་མོ་ལ། ཝ་མོ། བཟང་བ། བཟང་ཝ། ཁང་བ། ཁང་ཝ། གང་བ་ལ། གང་ཝ། མཐོང་བ་ལ། མཐོང་ཝ། གསུང་བ་ལ། གསུང་ཝ། འབྱུང་བ་ལ། འབྱུང་ཝ། གཏོང་བ་ལ། གཏོང་ཝ། བསྐང་བ་ལ། བསྐང་ཝ། དགའ་བ་ལ། དགའ་ཝ་སོགས་ཟེར་དགོས་ཀྱང་འདི་འདྲ་ནི་ཨ་མདོ་བ་སུ་གཅིག་སྐད་གདངས་ལ་མེད་པར་མ་ཟད། ཨ་མདོའི་རྡུང་ལེན་སོགས་སུ་གཟིགས་དང་དགའ་བ་ལ་སྐྱིད་པ་ལ་ཟེར་བ་ལས་དགའ་ཝ་ཟེར་མཁན་གཅིག་ཀྱང་མི་འདུག་ན་མངོན་སུམ་ལ་བསྙོན་ག་ལ་རུང་། འདི་དག་ནི་མཚན་གཞི་ཙམ་ཡིན་ལ་ད་དུང་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་གསར་འགྱུར་སོགས་ལ་རྣ་བ་བློགས་དང་རང་ཉིད་ཀྱིས་སྐད་ཆ་དེ་འདྲ་ཞིག་བཤད་པར་ངོ་གནོང་དགོས་སོ། ། ༤ ༼དེ་སྔོན་བདག་སྒྲའི་སྐོར་དང་བ་ཝའི་སྐོར་གྱི་རྩོད་གླེང་རབས་དང་རིམ་པས་བྱུང་ཡོད། སྐབས་དེ་དག་ཏུ་ཨ་མདོ་བས་བ་ཝ་གཉིས་སྒྲ་གདངས་གཅིག་པར་ཀློག་གི་ཡོད་མེད་མི་རྩོད་པར་ཀློག་སྟངས་དག་མ་དག་སྐོར་ལ་རྩོད་ཀྱིན་ཡོད། དེ་ནི་ཁོང་རྣམས་ཀྱིས་དེ་གཉིས་སྒྲ་གདངས་གཅིག་མཚུངས་སུ་འདོད་པའི་རྒྱུ་མཚན་གསལ་པོ་རེད།༽ སྔོན་ཆད་བ་དང་པ་གཉིས་ཐད་རྩོད་པ་བྱུང་བ་ལས་བ་དང་ཝ་གཉིས་ཐད་རྩོད་པ་ག་དུས་བྱུང་བ་རེད་གསལ་བོ་བཟོ་རོགས། ༥༼རྩ་བར། ཝ་ནི་བ་དང་སྦྱར་བར་བྱ། ཞེས་གསུངས་པའི་གནད་ནི་ཝ་ཡིག་འདི་བ་ཡིག་དང་བརྗོད་པའི་སྒྲ་གདངས་སམ། སྐད་གདངས་མཚུངས་པའི་ཆ་ནས་དེ་གཉིས་སྒྲ་རྩོལ་ཞན་པའི་མོ་ཡིག་ཏུ་བཞག་ཅེས་པ་ཡིན། ཞེས་སོགས་ཁུངས་མང་པོའི་སྒོ་ནས་དེ་གཉིས་སྒྲ་གདངས་གཅིག་པར་བསྒྲུབས་ཡོད། ༽ཝ་ནི་བ་དང་སྦྱར་བར་བྱ། །རྩ་ཚིག་འདི་ང་ཚོས་གཅིག་མཐུན་དུ་ཁས་ལེན་པར་མ་ཟད་ཝ་ནི་བ་དང་སྦྱར་བས་སྒྲ་གདངས་དྲག་ཞན་མཚུངས་པ་ཡིན་པར་ཁས་ལེན་རྒྱུ་རེད་འདོད། འོན་ཀྱང་། སྒྲ་གདངས་དྲག་ཞན་མཚུངས་ཀྱང་ཀློག་སྟངས་མི་གཅིག་པའི་ཁྱད་པར་འདི་ཤེས་ཚེ་གོང་གི་ཚིགས་བཅད་དེར་ཨ་མདོའི་མཁས་པས་འགྲེལ་བཤད་བྱེད་སྟངས་ལ་རྨོངས་མི་སྲིད། དངོས་པོའི་གནས་ཚུལ་ཁས་བླངས་ནས་སྐད་ཆ་བཤད་ཡོད་པས་བློ་གཟུ་བོར་གནས་རོགས། སྤྱིར་སྒོམ་སྡེ་བས་བསྒྲུབ་བྱ་ངོ་མ་ཨ་མདོ་བས་བ་ཡིག་ཝར་འབོད་ཀྱིན་ཡོད་པས་དེ་མི་འཐད་པར་བཤད་ནས་གང་བསྒྲུབ་འདོད་པ་རེད་ཅེ་ན། འོ་ན་བ་ཡིག་ཅི་ལྟར་ཀློག་དགོས་པ་རེད་ཟེར་ན་པ་ཡིག་ཏུ་ཀློག་དགོས་པ་རེད་ཅེས་བསྒྲུབ་འདོད་པ་ཧ་ཅང་གསལ་མོད་དེའི་སྐོར་རིམ་གྱིས་བགྲོ་གླེང་གནང་ཐུབ་ན་བཟང་མོད་བདག་ལ་ནི་དེང་སང་ཆུ་ཚོད་ཧ་ཅང་དཀོན་ནོ།།

    Reply
  16. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    ལོ་རྒྱ་ལེགས་སོ་སོའི་བསམ་ཚུལ་བཤད་པ་ཡག་པོ་རེད་དེ་ཨམ་སྐད་མ་གོ་ན་ཧ་ཅང་གི་སྐྱོ་ཨང་།དཔེར་ན་ཏ་དང་ད་འདི་གཉིས་ཁྱེད་ཀྱི་སྙན་ན་ཨམ་སྐད་ཐོག་ཏུ་ཁྱད་པར་ག་འདྲ་ཞིག་འདུག།དེ་ནང་བཞིན་བོད་དང་ཝོད་འདི་གཉིས་ཨམ་སྐད་སྟེང་དུ་ཁྱད་པར་མེད་ཁུ་ཟེར་ན་ཁམས་སྐད་དུ་པོད་དང་བོད་དེ་ལས་སྒྲ་གདེངས་གཅིག་མ་གཏོགས་མེད་པ་གསལ་པོར་ཁས་ལེན་གྱི་ཡིན་ནམ།གོང་དུ་ལྷ་རམ་པའི་ཐུགས་མཉམ་པར་མ་བཞག་པར་དོགས་སློང་ཅོལ་ཆུང་འདི་མཐར་ཐུག་ན་འབབས་ས་དེ་གྲ་ཕྲུག་ཁ་ཞིག་གི་མཆུ་ཏོ་འམ་སེ་ར་ནས་ཁོང་གི་དགེ་ཕྲུག་ཨམ་མདོ་ཁ་ཤེས་ཞིག་གི་སྟེང་བབས་འདུག་མ་གཏོགས་མཁས་བའི་གཞུང་དང་མཁས་བའི་གསུང་སྟེང་སོགས་ལ་སྒྲ་གདེངས་ནོར་ནས་སྐྱོན་འདི་འདྲ་འདུག་ཟེར་ནས་བཤད་རྒྱུ་རྩ་བ་ཉིད་ནས་མི་འདུག།དགེ་བཤེས་ལ་ལྷོད་ལྷོད་བཞུགས།དག་ག་ཞིག་རེད།

    Reply
  17. མཚོ་ཚང་བཀྲིས། says:
    ལོ་ 15 སྔོན།

    འཆམ་ར་དྲི་མེད་ རྒྱལ་མཚན་།

    ཕྱི་ཟླ་༦ ཚེས་ ༦་གི་དགོང་མོར་རྡ་ས་བོད་གཞུང་ཟློས་གར་ཐང་ཆེན་དུ་མཛེས་མའི་འགྲན་སྡུར་མཐའ་མ་ དེ་གནང་སོང་། སྐབས་དེའི་མཐོང་སྣང་དང་། ལོ་ཤས་ཀྱི་བྱུང་བ་ཁག་ལ་དཔྱད་དེ་སྐད་ཆ་འགའ་བཤད་འདོད་བྱུང་།
    དེ་ཡང་བོད་ཀྱི་མཛེས་མའམ་ མཛངས་མ་གོ་སྒྲིག་པའི་ངོས་ནས་དཀའ་ངལ་གང་མང་ཞིག་གདོང་ལ་ཟེད་དེ། བོད་ཀྱི་ལོ་རྒྱུས་ནང་བྱུང་རིམ་གྱི་གསར་གཏོད་ཅིག་གནང་ཡོད་པ་ནི་བསྔགས་འོས་ ཀྱི་གནས་ཤིག་འདོད་ལ། དེ་ལས་ཀྱང་བུད་མེད་གཅིག་གི་ངོས་ནས་བསམས་ན། བཀའ་དྲིན་དྲན་དགོས་པ་ཞིག་རེད་སྙམ། དེ་བཞིན་རང་ངོས་ནས་ཀྱང་དང་པོ་འདིར་རྒྱབ་སྐྱོར་དང་། ཡིད་རངས་བྱ་མཁན་ཞིག་ཡིན་ཟེར་ན་ཆོག་པ་ཞིག་ཡིན། རེད་དེ་ལོ་ཤས་ནས་བཟུང་། གོ་སྒྲིག་ཞུ་སྟངས་དང་། སྡིངས་ཆའི་སྟེང་གི་རྣམ་པ་ལ་བལྟས་ན། ང་རང་ཟམ་གདོང་བླ་མར་ཡ་མཚན་ཞིག་སྐྱེས་བྱུང། དེ་ཡང་སྔོན་ཞིག་ཟམ་གདོང་བླ་མས་བྱ་འགུལ་འདིར་མི་འདོད་པའི་རྣམ་འགྱུར་བསྟན་ ཡོད། འཛིན་སྟངས་འདིར་དཔྱད་དུས། ཁོང་གིས་གནས་ཚུལ་འདི་འདྲ་ཞིག་འབྱུང་ཡོང་བ་ཤེས་པས་ནས་བཤད་པ་ལོས་ཡིན་སྙམ་ བྱུང་།

    རང་ངོས་ནས་ལོ་ཤས་ཀྱི་ མཛངས་མའམ་མཛེས་མ་དང་། ད་ལོའི་གོ་སྒྲིག་ཞུ་སྟངས། དེ་ལས་ཀྱང་སྡིངས་ཆའི་འགྱུར་བག་སོགས་ལ་བཞིགས་ན། ལས་འགུལ་འདི་ཡོད་པ་དང་མེད་པ་གཉིས་ལས་མེད་པས་ལོས་དགའ་བསམ་པ་ཞིག་བྱུང། གང་ཡིན་ཟེར་ན།

    ༡ ༽ འདིས་བོད་མི་རིགས་ཀྱི་བཟང་སྤྱོད་ལ་རྡོག་རོལ་བཏང་ནས་ཕྱི་ལུགས་ཀྱི་ངན་སྤྱོད་ དག་ནང་འདྲེན་བྱེད་ཀྱིན་འདུག

    ༢༽འདིས་བོད་མི་རིགས་ ཀྱི་སྐད་ཡིག་ལ་གོ་ཐོབ་མི་སྤྲད་པ། དེ་ཉིད་གཏོར་བཤིག་གཏོང་གིན་འདུག

    ༣ ༽ འདིས་རང་མི་རིགས་གཞུང་དང་མི་སྣ་ལ་ཆེ་མཐོང་དང་གོ་སྐབས་མི་སྤྲོད་པ། ཕྱི་མའི་དབང་ཤུགས་རང་མི་རིགས་ཀྱི་གཉའ་བར་འཇོག་བཞིན་འདུག

    ་་་་་་་་དེ་བཞིན་དོན་ ཚན་གསུམ་པོ་དེ་ཞིབ་འགྲེལ་བྱས་ན།

    ༡ ༽ ལས་འགུལ་འདིས་བོད་མི་རིགས་ཀྱི་བཟང་སྤྱོད་ལ་འགན་ཁུར་ཀྱིན་མི་འདུག གང་ཡིན་ཟེར་ན། དེའི་ནང་འཛུལ་ཞུགས་བྱེད་པར་ནམ་རྒྱུན་གྱི་འཁྲེབ་ཏོ་དང་། ཆང་རག་སྤྱོད་མཁན། ད་དུང་ཚད་བརྒལ་གྱི་བག་མེད་བྱ་བར་ཞུགས་མཁན་སོགས་ལའང་གོ་སྐབས་ཐོབ་བཞིན་འདུག བྱ་འགུལ་འདི་ཚོས་མི་རིགས་ཀྱི་བཟང་སྤྱོད་དང་། རིག་གཞུང་གི་སྙིང་པོ་དག་ལ་གུས་བཀུར་མེད་པ། དཔལ་འབྱོར་མཁོ་སྒྲུབ་དང་། མིང་གྲགས་ཀྱི་དགོས་པ་ཁོ་ནར་བཀོལ་བ་ནི། ཕྱི་ལུགས་ཀྱི་སྲོལ་ངན་ནང་འདྲེན་བྱས་པ་ཁོ་ན་ཟད་པས། དེ་ནི་ཡོད་པ་ལས་ཀྱང་མེད་པས་དགའ་འོ།
    ༢ ༽ སྡིངས་ཆ་འདིར་ཞུགས་པར་བོད་ཀྱི་སྐད་ཡིག་གི་ཆུ་ཚད་གཏན་ནས་མེད་ཀྱང་འགྲིག་པ། དཔེར་ན། ཚོགས་པ་འདི་བརྒྱུད་ནས་བོད་སྐད་མི་ཤེས་པའི་བོད་ཀྱི་མཛེས་མའི་མིང་ཁྱེར་མཁན་ བྱུང་བ་ལྟར་རེད་ལ། ད་ལོའི་མཛེས་མའི་གོ་སྒྲིག་གི་སྡིངས་ཆའི་སྟེང་ནས་བོད་ཡིག་འབྲུ་གཅིག་མཐོང་ རྒྱུ་མི་འདུག་ལ། བོད་ཀྱི་གླུ་གཞས་སྣ་གཅིག་ཀྱང་གཏོང་མཁན་མི་འདུག གཞན་ཡང་བོད་ཀྱི་ཞབས་བྲོ་སྣ་གཅིག་ཀྱང་འཁྲབ་མཁན་སྐད་གཏོང་མི་འདུག། དེ་ལས་བརྒལ་ཏེ། རྒྱ་གར་གྱི་གླུ་གཞས་ཁག་བཞི་གཏོང་སོང་ལ། ཟློས་གར་འཁྲབ་མཁན་ཆ་ཚང་ཞིག་ཀྱང་གྲལ་སྒྲིག་བྱས་འདུག

    ཅི་སྟེ་བོད་མི་དག་གཞས་ དང་འཁྲབ་སྟོན་གྱི་གོ་སྐབས་འགའ་སྤྲད་ན་ཁོང་ཚོ་ལའང་རང་རང་གི་ལས་དཀའ་དེ་ལས་ འཚོ་སྣོན་རག་པ་དང་། བོད་མི་རིགས་ཀྱི་རིག་གཞུང་ལའང་སྲུང་སྐྱོབ། ད་དུང་བོད་མི་ཞིག་གིས་ཅི་ཞིག་བྱེད་ཀྱིན་པའང་མཚོན་ཐུབ། ཡང་ཁག་ཅིག་གིས་ད་ལོ་ས་ཡོམ་བརྒྱབ་རྐྱེན་རེད་ཟེར་སྲིད་མོད། འོ་ན་བོད་མིས་གོ་སྒྲིག་བྱས་པའི་སྡིངས་ཆ་ནས་གླུ་གཞས་ཀྱི་སྤྲོ་ཚོགས་བྱེད་པ་ འདི་གང་ལ་འཇོག

    གོ་སྒྲིག་པ་བློ་བཟང་ དབང་རྒྱལ་ལགས་ཀྱིས་ལབ་སོང། གོ་སྒྲིག་འདི་ལ་མིས་ཁ་གཏོང་གིན་འདུག་ཀྱང་། ང་ཚོ་དེང་རབས་ཅན་རེད་བ། ང་ཚོས་ལོས་བྱེད། ཟེར་བ་སོགས་དབྱིན་སྐད་ནང་བཤད་ཞོར། རྡོག་སྣེ་མང་ཚོགས་ལ་གཡུག་ཀྱིན་འདུག་མོད། བོད་མི་རིགས་ཀྱི་རིག་གཞུང་དང་བཟང་སྤྱོད་དོར་ནས་དེང་རབས་ལ་སྤྱོད་ཁུལ་བྱས་ན། དེ་ནི་བོད་ཀྱི་ཆོས་རིག་ལ་གོ་རྟོགས་དང་ལ་ཞེན་མེད་པའི་མགོ་སྟོང་གི་ལས་ཞིག་ལས་ ཅི་ཡང་མིན། རྒྱུ་མཚན་ནི། དཀའ་སྡུག་འདི་འདྲའི་འོག་ནས་བོད་མི་རིགས་འདི་ད་དུང་གསོན་གནས་ཐུབ་ཡོད་པ་ནི་ བོད་ཀྱི་བཟང་སྤྱོད་དང་སྙིང་སྟོབས་རིག་གཞུང་དག་གིས་ཡིན་པས་སོ།

    ༣ ༽ གཟུ་དཔང་བ་སོགས་ཐམས་ཅད། ཕྱི་མི་རེད་འདུག་ལ། བོད་མི་རིགས་ཤིག་ཡིན་པའི་ཆ་ནས། བོད་ཀྱི་མཛེས་མའམ་མཛངས་མ་ཟེར་བའི་གོ་སྒྲིག་ཞིག་ཡིན་པའི་ཆ་ནས། བོད་གཞུང་གི་མཛད་གཙོ་ཞིག་གདན་དྲངས་མི་འདུག་ལ། ཨང་ཐོབ་སྤྲོད་མཁན་དང་། རྟགས་མ་ཕུལ་མཁན། དྲི་བ་འདྲི་མཁན་གྱི་གཟུ་དཔང་པ་སོགས་ཀྱང་ཕྱི་མི་ཁོ་ན་རེད་འདུག དེར་བརྟེན། དབྱིན་སྐད་མི་ཤེས་པའི་བུ་མོ་ཞིག་འདུག་པ་དེས་སྐད་བསྒྱུར་བརྒྱུད་ནས་གླེང་མོལ་ བྱེད་དགོས་ཀྱིན་འདུག ཚུགས་ཐུབ་མེད་པའི་བྱེད་སྲོལ་འདི་ཚོ་ལ་བཞིག་དུས། བོད་ཀྱི་སྐད་ཡིག་ལས་མ་ཤེས་ན། བོད་ཀྱི་སྤྱི་ཚོགས་ནང་ལའང་གོ་སྐབས་མི་རག་པ་དང་། གོ་བརྡ་མི་འཕྲོད་པའི་དུས་ཚོད་སླེབས་ཟིན་འདུག

    བོད་ཀྱི་མཛངས་མ་ཞིག་ གདམ་པ་ལ། བོད་མི་ཞིག་གིས་གདམ་དགོས་པ་ནི་གནད་འགག་ཞིག་རེད། གང་ཡིན་ཟེར་ན། མཛངས་མའི་དོན་ནི་ཤེས་ཡོན་གྱི་ཆུ་ཚད་མཐོ་ཞིང་། ཡར་རབས་ཀྱི་གཤིས་རྒྱུད་ལྡན་པ་ཞིག་ལ་གོ་དགོས་སྙམ། བོད་ཀྱི་མཛངས་མ་དེ་ཉིད་རྒྱུས་ལོན་བྱེད་པར་བོད་མི་ཤེས་ཡོན་པ་ཞིག་གམ། ཆ་རྒྱུས་མཐོ་བ་ཞིག་མིན་ན། བོད་ཀྱི་ཡར་རབས་བཟང་སྤྱོད་དང་། ཤེས་ཡོན་ཀྱང་ཇི་བཞིན་དཔོག་ཐབས་མེད་པས་སོང།

    ད་དུང་བློ་བཟང་དབང་ རྒྱལ་གྱིས་འཁྲབ་སྟོན་འདིའི་ཐོག་མཐའ་བར་གསུམ་དུ་བོད་གོས་ཤིག་ཀྱང་གྱོན་མ་སོང་ ལ། མཚམས་རེ་བོད་སྐད་རེ་ཉིས་ཤིག་བཤད་སོང་བ་དེས་བོད་མི་ཞིག་ཡིན་ནམ་སྙམ་པ་ལས་མི་ འདུག

    ཁོང་གིས། ལུས་ཀྱི་སྟངས་སྟབས་ཡོད་ཚད་ངོམ་ཞིང། ངག་གི་སྐད་སྒྲ་ཡོད་ཚད་ཕྱུང་ནས་ ༼kingfisher༽ ཀིང་ཕི་ཤར་ཟེར་བཞིན་དགའ་འབོད་དང་སྨོན་ཚིག་མང་པོ་ཞིག་སྐྱོར་སོང་ལ། དེ་ལས་ཀྱང་མཛད་སྒོ་འཇུག་གྲོལ་བ་དང་། ཁོང་གིས་ཚོར་ཤུགས་ཡོད་ཚད་ཀྱི་ཡང་ཡང་བོས་སོང་། སྐབས་དེའི་གནས་ཚུལ་དག་གིས་ངའི་སེམས་ལ་སྙིང་རྗེ་བསམ་པ་ཞིག་ཀྱང་ངང་གིས་དྲངས་ སོང། མཛད་རིམ་དེའི་ཁྲོད་ཁོང་གིས། བོད་རྒྱལ་ཁབ་དང་མི་རིགས། ད་དུང་རང་མི་རིགས་ཀྱི་དབུ་ཁྲིད ༧གོང་ས་མཆོག་གི་མིང་ཙམ་ཡང་སྨོས་མ་སོང། ངས་དེ་ནི་རྒྱ་གར་གྱི་ཚོགས་པ་དེར་བརྒྱུད་ཁོང་འཚོ་གནས་ཐུབ་པ་དང་། འཕག་འཚག་རྒྱག་ས་ཞིག་རག་ཀྱིན་པ་ལས་ཡིན་ནམ་སྙམ།

    མཛེས་མའི་འགྲན་བསྡུར་ ཞུགས་མཁན་ཚོར་ཆ་རྐྱེན་འདི་འདྲ་ཞིག་ཚང་ཡོད་ན་སྙམ།

    ༡ ༽ བོད་མི་རིགས་ཁམས་གཙང་ཡིན་པ།

    ༢ ༽ བོད་ཀྱི་སྐད་ཡིག་ཐོག་རང་བཅར་འཕེལ་ངེས་ཡོད་པ་དང་། རྒྱལ་རབས་ལོ་རྒྱུས་ལ་གོ་རྟོགས་ལྡན་པ།

    ༣ ༽ སོང་ཟིན་མི་ཚེའི་ནང་བོད་ཀྱི་ཡ་རབས་བཟང་སྤྱོད་ལས་བརྒལ་བ་དང་ངན་བཤད་རིགས་མེད་ པ།

    ༤ ༽ ལོ་ཚོད་དང་། གཟུགས་ཚད། རྣམ་པ་སོགས་ནས་ཀྱང་ཚད་དཀག་ངེས་ཅན་ཞིག་ཡོད་ན་དྲན།

    Reply
  18. གངས་མྱུག says:
    ལོ་ 15 སྔོན།

    བཀུར་འོས་རྒན་ལྷ་རམས་པ་ལགས། ཨ་མདོ་སྐད་ལ་རྒྱུས་མངའ་མེད་བཞིན་དུ་ཨུ་ཚུགས་རྒྱག་དོན་ཅི་ཡིན་ནམ། ཨ་མདོའི་ལུང་པ་གང་དུའང་ཝྦ་དང་བ་གཉིས་ཀྱི་སྒྲ་གདངས་ལ་གནམ་སའི་ཁྱད་པར་ཡོད། མཆོག་གི་རྩོམ་གྱི་ཁ་བྱང་མ་གཏོགས་ཀློག་འདོད་མ་བྱུང་ཞིང་དགོས་པའང་མ་མཐོང་བས་འགལ་མེད་མཁྱེན།

    Reply
  19. སྟོབས ། says:
    ལོ་ 15 སྔོན།

    ཟིན་བྲིས་འདིའི་ཐད་ལ་མཆན་ཞིག་འབྲི་འདོད་སྐྱེས་མ་སོང་ཡང་ ། ཡིན་ནའང་ ། གནས་ཚུལ་འགའ་ཞིག་གི་སྐོར་ལ་སྐད་ཆ་ཞིག་བཤད་འདོད་བྱུང་ །
    ཨམ་སྐད་ལ་སྐྱོན་དེ་ཡོད་ན ། ཁམས་སྐད་ལ་སྐྱོན་མེད་དག་གཙང་ངང་རྒྱུ་བཞིན་པའི་གངས་ཆུ་བསིལ་མ་ཞིག་ཨེ་རེད ། སྤྱིར་ན་ཡིན་ན་ཁམས་དང་ཨ་མདོ་གཉིས་ཀྱི་གང་ཡང་གི་ཁུངས་སུ་མ་ཚུད་པའི་རྫ་ཆུ་ཁ་བ་དང་ཨ་མདོ་མགོ་ལོག་མི་མང་དག་ཅིག་གི་ { སྲས་}{ སྤྲས་}བཀློག་གྱིན་ཡོད་པ་ཁྱེད་ཀྱིས་གནོད་བྱེད་ག་ཚོད་གཏོང་གི་ཡིན །

    Reply
  20. སེར་ལྷོ་བློ་བཟང་རྒྱ་མཚོ། says:
    ལོ་ 15 སྔོན།

    དེང་སང་སྒོམ་སྡེ་ལྷ་རམས་པས་ཨ་མདོ་བས་བ་དང་ཝ་གཉིས་སྒྲ་གདངས་གཅིག་མཚུངས་ཀློག་གི་ཡོད་པ་དེར་སྐྱོན་ཆེན་པོ་འདུག་ཅེས་པའི་བརྗོད་གཞིའི་འོག་དྲ་གྲོགས་རྣམས་ཀྱིས་བགྲོ་གླེང་ཤུགས་ཆེར་གནང་བ་དེར་སྙིང་ནས་མོས་གུས་ཡོད།
    ཁྱེད་ཅག་གིས་འདི་ལྟར་བརྒལ་ལན་གནང་བའི་དམིགས་ཡུལ་ནི་སློབ་དཔོན་ཐོན་མིའི་དཀའ་བ་བརྒྱ་ཕྲག་གིས་བསྐྲུན་ཅིང་། ཟུངས་ཁྲག་དང་རྔུལ་ཆུའི་བྲིས་པའི་མེས་པོའི་སྐད་ཡིག་གི་ཟུར་ཆ་ཙམ་ཡང་མི་ཉམས་རྒྱུན་འཛིན་ཡོངས་ཆེད་ཡིན་པའི་ཡིད་ཆེས་དང་རེ་བ་ཡོད། འདི་ལྟ་བུའི་ཆོད་སེམས་བརྟན་པོའི་ངང་ནས་མིང་ཚིག་རེ་རེའི་ཀློག་སྟངས་ཐད་དག་སེལ་བྱེད་པ་ནི་རྨད་དུ་བྱུང་བའི་བྱ་བཞག་ཅིག་རེད་ཅེས་བརྗོད་འདོད་བྱུང་། ཁྱེད་དྲ་གྲོགས་རྣམས་ཀྱིས་དེ་ལྟ་བུའི་ངལ་བ་དང་དུ་བླངས་ཏེ་དོགས་སློང་གནང་བ་ནི་ངེད་གངས་ཅན་པའི་ཁྱད་ནོར་འགྲན་ཟླ་བྲལ་བ་སྐད་དང་ཡི་གེའི་ཚེ་སྲོག་གི་ཀ་བ་བརྟན་ཆགས་སུ་འཛུགས་ཐུབ་པའི་སྔ་ལྟས་སུ་འཁུམས། ཁོ་བོས་གླེང་འདོད་པ་ནི་སྐབས་སུ་བབ་པ་ཁྱེད་རྣམས་འགའ་ཞིག་གིས་ཨ་མདོ་བས་བ་དང་ཝ་གཉིས་སྒྲ་གདངས་མཚུངས་པར་འདོད་པ་དང་། རེ་འགས་དེ་ལས་ལྡོག་སྟེ་དེ་གཉིས་ཀློག་སྟངས་ཐད་ཁྱད་པར་ཆེན་པོ་ཡོད་ཚུལ་གྱི་ལྟ་སྟངས་མི་འདྲ་བའི་ཐད་ཚིག་དུམ་འགའ་ཞིག་གླེང་རྒྱུ་ཡིན། བདག་སྒྲའི་པ་བ་སྦྱོར་ཚུལ་དང་། བ་དང་ཝ་གཉིས་སྒྲ་གདངས་འདོན་སྟངས་ཐད་ཁམས་དབུས་གཉིས་དང་ཨ་མདོའི་དབར་ཁྱད་པར་གནམ་ས་ལྟར་ཡོད་པ་རྩོད་མེད་རེད། འོན་ཀྱང་དེང་སྐབས་ཨ་མདོ་བ་མང་པོས་བ་དང་ཝ་གཉིས་སྒྲ་གདངས་གཅིག་པ་ཀློག་མྱོང་མེད་རབས་དང་། ཀློག་མཁན་ཡང་ཐོས་མྱོང་མེད་པའི་སྐོར་མང་པོ་ཞིག་གསུངས་སོང་། དེ་ནི་ཅི་འདྲའི་ཡ་མཚན་ཞིག་རེད། རྩོད་པ་འདི་དེ་རིང་ཐོག་མ་རེད་ལ་ཐ་མ་ཡང་དེ་བས་ཡིན་མི་སྲིད། དེ་སྔོན་བདག་སྒྲའི་སྐོར་དང་བ་ཝའི་སྐོར་གྱི་རྩོད་གླེང་རབས་དང་རིམ་པས་བྱུང་ཡོད། སྐབས་དེ་དག་ཏུ་ཨ་མདོ་བས་བ་ཝ་གཉིས་སྒྲ་གདངས་གཅིག་པར་ཀློག་གི་ཡོད་མེད་མི་རྩོད་པར་ཀློག་སྟངས་དག་མ་དག་སྐོར་ལ་རྩོད་ཀྱིན་ཡོད། དེ་ནི་ཁོང་རྣམས་ཀྱིས་དེ་གཉིས་སྒྲ་གདངས་གཅིག་མཚུངས་སུ་འདོད་པའི་རྒྱུ་མཚན་གསལ་པོ་རེད། དེ་དུས་ཨ་མདོའི་རྒན་རབས་པ་རྣམས་ཀྱིས་བ་དང་ཝ་གཉིས་སྒྲ་གདངས་གཅིག་པར་འདོད་ཀྱི་ཡོད་ལ། དེ་ལྟར་ཡིན་པའི་སྒྲུབ་བྱེད་བརྒྱུད་མར་བཀོད་ཡོད། གལ་ཏེ་དེང་སྐབས་དེ་ལྟར་ཀློག་གིན་མེད་ན་ཏན་ཏན་ཁྱེད་རྣམས་ཀྱིས་སྔ་མོའི་ཀློག་སྟངས་ཐད་སྐྱོན་ཆ་ཡོད་པ་དོན་གྱིས་ཁས་བླངས་སོང་། དེ་ལྟར་མིན་ན་ཀློག་སྟངས་སྔ་མ་སོར་བཞག་ཐོག་བགྲོ་གླེང་གནང་དང་ཏན་ཏན་གསལ་པོ་ཆགས་ཡོང་། དེ་སྔོན་ཨ་མདོ་བའི་ཡི་གེ་པ་དག་གིས་བ་དང་ཝ་སྒྲ་གདངས་གཅིག་པར་མ་ཐོན་པའི་ད་ལྟའི་ཀློག་སྟངས་འདི་མ་དག་རྒྱུན་འབྱམས་སུ་སོང་ཚུལ་དང་། དེ་གཉིས་སྒྲ་གདངས་གཅིག་པ་ཡིན་པའི་སྒྲུབ་བྱེད་མང་པོ་བཀོད་ནས་ད་ལྟ་དངོས་སུ་སྐྱོན་འདོན་མཁན་སླེབས་པ་དང་ཐད་ཀར་གཟུར་དགོས་པའི་གནད་འགག་དེ་གང་ཡིན་ནམ།
    དེ་སྔོན་ཨ་མདོའི་མཁས་དབང་དག་གིས་བ་དང་ཝ་གཉིས་སྒྲ་གདངས་མཚུངས་པར་བསྒྲུབ་པ་ལས། དེ་གཉིས་སྒྲ་གདངས་མི་གཅིག་པ་སྨྲ་མཁན་གཅིག་ཀྱང་མཐོང་མ་སོང་། ཁོང་རྣམས་ཀྱིས་བ་དང་ཝ་གཉིས་རེས་མོས་ཏེ་བདམས་ཁ་བྱས་ནས་འདོན་པ་མང་པོ་ཡོད་པས་དེ་གཉིས་སྒྲ་གདངས་གཅིག་པར་བསྒྲུབས་ཡོད། དཔེར་ན། ཨརྱ་དེ་བ། ཨརྱ་དེ་ཝ། མཧཱ་དེ་ཝ། མཧཱ་དེ་བ། ལྟ་བུ་དང་། ཡང་ན། བྲག་ལ་ཝ་བཙུགས་ནས་ཆུ་དྲངས། བྲག་ལ་བ་བཙུགས་ནས་ཆུ་དྲངས། ལྟ་བུའོ།
    འདི་ཙམ་དུ་མ་ཟད་བ་ཡིག་དང་ཝ་ཡིག་གཉིས་སྒྲ་གདངས་གཅིག་པར་ཐོན་མི་རང་གིས་དགོངས་པ་ཡིན་པར་ཡང་གསུངས་ཡོད། རྩ་བར། ཝ་ནི་བ་དང་སྦྱར་བར་བྱ། ཞེས་གསུངས་པའི་གནད་ནི་ཝ་ཡིག་འདི་བ་ཡིག་དང་བརྗོད་པའི་སྒྲ་གདངས་སམ། སྐད་གདངས་མཚུངས་པའི་ཆ་ནས་དེ་གཉིས་སྒྲ་རྩོལ་ཞན་པའི་མོ་ཡིག་ཏུ་བཞག་ཅེས་པ་ཡིན། ཞེས་སོགས་ཁུངས་མང་པོའི་སྒོ་ནས་དེ་གཉིས་སྒྲ་གདངས་གཅིག་པར་བསྒྲུབས་ཡོད། དེར་བརྟེན་ཁྱེད་ཅག་གིས་དེ་གཉིས་སྒྲ་མདངས་གཅིག་པར་འདོན་གྱི་མེད་ཟེར་ན་དྲང་བདེན་མིན་ལ། མངོན་སུམ་ལ་བསྙོན་འདེངས་པ་རང་ལས་དགོས་པ་གང་ཡང་མེད། དྲང་བདེན་མིན་པའི་རྒྱུ་མཚན་ནི་གོང་དུ་བཀོད་མ་ཐག་པའི་སྒྲུབ་བྱེད་ལས་གསལ། མངོན་སུམ་དང་འགལ་ཏེ། ཁྱེད་ཅག་གིས་ཚིག་གྲོགས་དབང་གིས་བ་ཡིག་རེ་ཟུང་མ་གཏོགས་ངག་ནས་འདོན་སྐབས་ཝ་སྒྲ་ཐོན་གྱི་ཡོད་པ་སུས་ཉན་ཡང་གསལ་པོ་ཡོད། ང་རང་ཨ་མདོ་བ་མིན་ཡང་ངའི་གྲོགས་པོ་ཕལ་ཆེར་ཨ་མདོ་བ་ཡིན་པས་མི་ལོ་བཅུ་ཕྲག་རིང་ཨ་མདོ་བ་དང་མཉམ་དུ་གཤིབ་པའི་ཉམས་མྱོང་ཚད་མས་ཀྱང་གྲུབ་ཡོད། མདོར་ན། ང་ཚོས་ཕན་ཚུན་ཚིག་མཚོན་འདེབས་རེས་མི་བྱེད་པར་ད་རེས་ཀྱི་བགྲོ་འདི་གླེང་བརྒྱུད་དེ་ཀློག་སྟངས་སུ་དག་པ་དང་མ་དག་པའི་ཁྱད་པར་འབྱེད་དགོས་པར་སེམས། དེ་ལས་ལྡོག་སྟེ་ཕྱོགས་ཞེན་གྱི་རྙོག་གླེང་བྱེད་པ་ནི་དུས་ཚོད་ཆུད་ཟོས་སུ་འགྲོ་བྱེད་ཙམ་ལས་དགོས་དམིགས་གང་ཡང་མེད་དོ། ངེད་ཅག་གིས་གནད་དོན་འདི་ཙམ་ཞིག་ཐག་གཅོད་བྱེད་པ་ལ་དཀའ་ཚེགས་དེ་ཙམ་ཡོད་ན་སྐད་གཅིག་གྱུར་དགོས་རབས་ཀྱི་སྐད་ཆ་ཇི་ཙམ་བཤད་ཀྱང་གྲུབ་འབྲས་ནམ་ཡང་ཐོན་མི་སྲིད་དེ་ཐམས་ཅད་སྟོང་སྐད་རང་གི་ངོ་བོར་སིམ་འགྲོ། སྐད་ཆ་འདི་དག་ལྷག་བསམ་རྣམ་དག་དང་། བློ་གཟུ་བོར་གནས་པའི་ཐོག་ནས་བཤད་པ་ལས་འཐེན་འཁྱེར་གྱི་ནད་རྟགས་སྤུ་ཙམ་མེད་ཅེས་ཚིག་ཐག་ཆོད་པོའི་ངང་ནས་བཤད་རྒྱུ་ཡིན། དགོས་གལ་མཆིས་ཚེ་གོང་གི་མཁས་པའི་གསུང་དེ་དག་འདྲེན་བཀོད་བྱེད་ངེས་ཡིན།

    Reply
  21. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཟི་ལྡི་རས་དཔུང་བསྒྲིགས། ནམ་མཁའ་འུར་སྒྲས་བརྒྱངས། ཞེས་པའི་དཔེ་ལྟར་ལས། ཁོ་བོས་གོང་དུ་བ་ཡིག་སྐྱེ་གནས་དང་། བྱེད་པ་དང་སྦྲགས་ཏེ་གནོད་བྱེད་བཏང་བ་དེ་ལ་ནི་མང་ཆེ་བས་ལན་འདེབས་བྱེད་པའི་རྩོལ་བ་གནང་མི་འདུག་གོ།

    གང་ལྟར་ང་ཚོའི་རྣ་མཆོག་ལ་ནི་བ་ལ་ཝ་ཞེས་བརྗོད་པ་རང་གོ་གི་འདུག འོན་ཏེ་དེ་འདྲ་རང་མིན་པའི་བཏང་ནའང་། བ་ལ་དབྱིན་སྐད་ཀྱི་vསྒྲ་འདྲ་བ་ཞིག་ལས། bསྒྲ་ནི་མི་ཐོན་ཁོ་ཐག་རེད། ཉམ་ཞིབ་ཡག་པོ་བྱས་ན། ཁྱེད་ཅག་གིས་“བོད”ལ་“ཝོད”ཅེས་པའམ་“འོད”ཅེས་པ་ལྟ་བུས་རྗེས་འཇུག་གི་ད་སྒྲ་གསལ་བར་ཐོན་པ་ཞིག་ཀློག་གི་རེད། དེ་འདྲ་མ་རེད་དམ།

    Reply
  22. ཁ་བ་སྐམ་པོ། says:
    ལོ་ 15 སྔོན།

    རྒད་པོ་ལྷ་རམས་པ་ལགས། ཨ་མདོ་ཚོས་བ་ཀློགས་སྐབས་ཝ་སྒྲ་ནམ་
    ཡང་མི་ཐོན་ཁྱེད་ནོར་ཚར་འདུག་ད་དུང་ཨ་མདོའི་མཁས་པ་ཚོར་བཀལ་ལོག་མ་
    བྱེད། སྤྱིར་ཁྱེད་རིག་གཞུང་ལ་ཤ་ཚ་ཡོད་ན་སྐྱོན་མེད་ས་ནས་སྐྱོན་མ་བཙལ།
    ཡང་གཅིག་བཤད་ན་ཁྱེད་དགོངས་ལོ་མཐོ་བོ་ཡིན་ཙང་ཉན་ལོག་ཡིན་མདོག་
    ཁ་བོ་རེད། ཤེས་བྱ་གསར་བ་ཞིག་རྙེད་དང་ཐལ་བསམ་ཡོད་ན་ཐང་དེ་ཨམ་
    སྐད་ལ་བྱང་ཆ་མེད་པའི་ཧམ་བཤད་རང་རེད། དགོངས་པ་མ་ཚོམས་ཨ།

    Reply
  23. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    བསམ་ཚུལ་ཤིན་ཏུ་ནས་བསྡུས་པ་ཞིག་ཞུ་འདོད་བྱུང་།
    སྒོམ་སྡེ་བས་གསུངས་པ་ལྟར་རེད། པ་སྡེ་ཡོངས་རྫོགས་སྐྱེ་གནས་“༼མཆུ༽”དང་། “༼བྱེད་པ༽”མཆུ་སྦྱར་ཞིང་བཙུམ་པ་ལས་འབྱུང་བར་བཤད་པ་དེ་ཏག་ཏག་ཅིག་ཐོན་ཐུབ་ཀྱི་ཡོད་མེད་ཀྱི་སྟེང་ནས་ཨ་མདོ་བས་༼བ༽ཡིག་གི་སྒྲ་འབྱིན་སྟངས་དེ་དག་དང་མི་དག་གི་གནད་འཚོལ་དགོས་ལ། གོང་གི་སྐྱེ་གནས་ཀྱི་གནད་འདི་ལ་འཇུས་ནས་དག་དང་མི་དག་གི་ཐག་གཅོད་དགོས་པའང་ཡིན། འདི་ལ་བསམ་སྟེ། ཁོང་གིས། ༼མཆུ་སྦྱར་ཞིང་བཙུམ་ནས་“༼ཝ༽”སྒྲ་ཐོན་ཐུབ་ན་ཕོ་ཁྱོ་ག་ཡིན།༽ ཞེས་གསུངས་ཏེ་འདུག་པར་ཞིབ་ཏུ་བསམས་པར་རིགས་པ་ལས། ལུང་པའི་ཞེན་ཙམ་ལ་འཇུས་ནས་ཁུངས་འཁྱོལ་དཀའ་བའང་ཡིན། དཔེར་ན། དེ་སྔར་༼པ༽དང་༼བ་༽ཡི་སྐོར་ལ་གླེང་རྩོད་སྐབས། ཨ་མདོ་བ་ཁག་ཅིག་ནས༼པ༽དང༼བ་༽གང་བྲིས་ནའང་ཁྱད་ཡོད་པ་མ་རེད་ཅེས་ཨུ་ཚུགས་བྱས་པ་དེ་ལོ་ཟླ་རིམ་སོང་གི་མཐའ་མར། དེ་གཉིས་ཀར་ཁྱད་ཡོད་པའི་གནད་འགག་རིམ་པས་ངོ་འཕྲོད་དེ། ཨུ་ཚུགས་ཀྱི་རི་བོ་དེ་ཚོ་རིམ་པས་ཉིལ་སོང་བ་ལྟར། ཞིབ་ཀྱིས་དཔྱད་ཅིང་། ལག་ལེན་ངོ་མའི་བབ་དང་རྣམ་གཞག་གི་གནད་ལ་ཁས་ལེན་སྟེར་དགོས་པ་ཞིག་རེད། འབབ་ས་ལྟེ་བ་ནི། ཡི་གེའི་ཀློག་གདངས་གླེང་སྐབས། སྐྱེ་གནས་ཀྱི་རིམ་པ་དེ་ཁས་ལེན་དགོས་པ་ཞིག་ཡིན། སྐྱེ་གནས་ཀྱི་རིམ་པ་དེ་ཁས་བླངས་པ་ཡིན་ན། དེས་ཁ་གྲག་གི་རེད། དེས་ན་ཚུལ་འདིར་གླེང་སློང་བར་འདོད་པ་དག་གིས། རྣམ་གཞག་དེ་ངེས་པར་གཙིགས་སུ་བྱས་ནས་གླེང་སློང་བ་ལ་འཇུག་པ་གནད་ཆེ་བར་མཐོང་།

    Reply
  24. གྲྭ་རྒོད says:
    ལོ་ 15 སྔོན།

    བྱམས་རྒྱལ་ལགས།ནུ་མོ་ཟེར་བའི་མིང་ཚིག་འདི་ཨ་མདོ་བ་མང་ཆེ་བའི་བེད་སྤྱོད་བྱེད་གི་རེད།ཨ་མདོ་བའི་སྲིང་མོ་ཆུང་བ་ལ་ནུ་མོ་དང་ཆེ་བ་ལ་ཨ་ཅེ་ཟེར་ཞིང་དེ་ལས་ཆེ་བའི་སྲིང་མོ་ཞིག་ཡོད་ན་དེ་ལ་ཨ་ཅེ་ཆེ་ཆེ་ཟེར་རྒྱུ་ཡོད།སྦུན་ཆེ་བ་ལ་ཨ་ཀ་དང་ཆུང་བ་ལ་ནུ་བོ་ཟེར་བ་དེ་ཨ་མདོ་བ་ཚང་མའི་བེད་སྤྱོད་བྱེད་གི་རེད་ཟེར་ཆོག

    Reply
  25. བྱམས་རྒྱལ། says:
    ལོ་ 15 སྔོན།

    སྟོད་སྐད་དང་་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་སྐད་འདི་ ཡིག་སྐད་དང་མཐུན་ཆེ། དཔེར་གཅིག་བཞག་ན་ ཧི་མ་ལ་ཡའི་མི་རིགས་ཚོས་རང་གི་སྤུན་མཆེད་འོག་མ་བུ་མོ་ལ་༼ནུ་མོ་༽ཞེས་འབོད་ཀྱི་ཡོད་ འོན་ཀྱང་ང་ཚོས་བོད་ཀྱི་མཁས་པ་ཡིན་ན་འདྲ་ བླུན་པོ་ཡིན་ན་འདྲ་ ཚིག་དེ་བད་སྤྱོད་གཏོང་མཁན་མི་འདུག་། མི་དགོས་པ་སྐད་ཆ་རིང་པོ་ ༼ངི་གི་སྤུན་འཇགས་འོག་མ་བུ་མོ༽ འདི་འདྲ་ཤོད་ཀྱི་འདུག་། ཁམས་སོགས་ལ་༼སྲིང་མོ་ཆུང་བ་༽ ཞེས་འབོད་ཀྱི་ཡོད་ཀྱང་ ནུ་མོ་ལྟ་བུ་མིང་ཚིག་འདིས་སེམས་ལ་བབ་ཆགས་དང་བརྩེ་མཐོང་ཆེ་བ་ཡོང་གི་འདུག་།

    Reply
  26. གྲྭ་རྒོད says:
    ལོ་ 15 སྔོན།

    རྒན་ལ་ཆེད་ཞུ།སྔོན་རྒན་སེར་བྱེས་གྲྭ་ཚང་དུ་ཕྱག་དཔེ་གཟིགས་སྐབས་འགྲེལ་བ་དོན་གསལ་ལ་འགྲེལ་པ་དོན་གསལ་ཟེར་ནས་གླེག་ཡོད་དམ།གཞན་ཡང་འདི་ལྟ་བུ་བུམ་པ་ལ་པུམ་པ་ཟེར་ཁལ་བྱས་ཀ་བ་ལ་ཀ་པ་མི་ཟེར་དོན་གང་ཡིན་ནམ།འདི་ལྟ་བུ་མང་བའི་དགོས་པ་གང་ཡང་མི་འདུག།བོད་ས་གནས་གང་དུ་ཡིན་ཡང་རང་སྐད་གོ་བ་གཞིར་བཟུང་བོད་རིགས་ཡོངས་གི་སྐད་གོ་བ་ཞིག་བྱུང་ན་རབ་རེད་བསམ་བྱུང་།སྐད་ཡིན་ན་ཁག་པོ་མ་ཡིན་པའི་ཁྱབ་ཟེར་ཆོག

    Reply
  27. འོད། says:
    ལོ་ 15 སྔོན།

    རྣམ་དཔྱོད་བུ་ག་མེད་པ་ན། ཨུ་ཚུགས་ལྕགས་ཀྱི་གོང་བུ་ལ། ལོ་གསུམ་བརླན་དང་སྦྱར་བྱས་ཀྱང་།  ཕན་པའི་རེ་བ་ཡོད་མ་ཡིན།

    སྒོམ་སྡེ་ལགས། ང་ཚོ་ཚང་མ་ཐང་ཆད་ཀྱིན་འདུག དེ་འདྲའི་ཨ་ཅོག་ཐུང་ཐུང་ཞིག་འཁྱེར་དགོས་དོན་ག་རེ་ཡིན་ནམ། དཀོན་མཆོག་མཁྱེན།

    Reply
  28. སེར་གཙང་འཇམ་དབྱངས། says:
    ལོ་ 15 སྔོན།

    ཐམས་ཅད་སྟོང་པ་ཉིད་དོན་མེད་པའི་སྟོང་ཉིད་ངལ་བ་དང་ཞེན་ཁོག་སྟོང་ཉིད།།

    Reply
  29. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 15 སྔོན།

    ཟི་ལྡི་རས་དཔུང་བསྒྲིགས། ནམ་མཁའ་འུར་སྒྲས་བརྒྱངས། ཞེས་པའི་དཔེ་ལྟར་ལས། ཁོ་བོས་གོང་དུ་བ་ཡིག་སྐྱེ་གནས་དང་། བྱེད་པ་དང་སྦྲགས་ཏེ་གནོད་བྱེད་བཏང་བ་དེ་ལ་ནི་མང་ཆེ་བས་ལན་འདེབས་བྱེད་པའི་རྩོལ་བ་གནང་མི་འདུག་གོ།

    གང་ལྟར་ང་ཚོའི་རྣ་མཆོག་ལ་ནི་བ་ལ་ཝ་ཞེས་བརྗོད་པ་རང་གོ་གི་འདུག འོན་ཏེ་དེ་འདྲ་རང་མིན་པའི་བཏང་ནའང་། བ་ལ་དབྱིན་སྐད་ཀྱི་vསྒྲ་འདྲ་བ་ཞིག་ལས། bསྒྲ་ནི་མི་ཐོན་ཁོ་ཐག་རེད། ཉམ་ཞིབ་ཡག་པོ་བྱས་ན། ཁྱེད་ཅག་གིས་“བོད”ལ་“ཝོད”ཅེས་པའམ་“འོད”ཅེས་པ་ལྟ་བུས་རྗེས་འཇུག་གི་ད་སྒྲ་གསལ་བར་ཐོན་པ་ཞིག་ཀློག་གི་རེད། དེ་འདྲ་མ་རེད་དམ།

    Reply
  30. རང་བཙན་གཙང་མ། says:
    ལོ་ 15 སྔོན།

    ༡། ཨ་མདོ་བས་བ་ལ་འ་འམ་ཝ་འདྲ་བའི་སྒྲ་ཞིག་འདོན་པ་དངོས་ཡོད་རེད། ཁོང་ཚོས་བ་དང་ཝ་གཉིས་ཀྱི་སྒྲ་ལ་ཁྱད་ཆེ་ཟེར་བ་རེད།

    ༢། དབུས་གཙང་བས། བ་ལ་སྒྲ་གཉིས་འདོན་པ་རེད། གཅིག་ནི་བ་ཕྱུགས་ལྟ་བུའི་སྐབས་སུ། ba ཡི་སྒྲ་འདྲ་བ་ཞིག་འདོན་པ་རེད། གཞན་ཞིག་ནི་ཀ་བ་ལྟ་བུ་མིང་མཐར་བྱུང་སྐབས་འདི་ལ་ཝ་ཡི་སྒྲ་འདྲ་བ་ཞིག་འདོན་པ་རེད།

    ༣། དབུས་གཙང་བའི་ལུགས་ལྟར་ན། ཡི་གེ་གཅིག་ལ་སྔོན་ལ་བྱུང་སྐབས་སྒྲ་གཅིག་དང་མཇུག་ཏུ་བྱུང་སྐབས་སྒྲ་གདངས་གཞན་ཞིག་འདོན་པ་འདི་འཐད་ལྡན་ཡིན་མིན་གསུངས་དགོས་འདུག

    ༤། ཨ་མདོ་བས་བ་དང་ཝ་འདོན་སྐབས་སྒྲ་མི་འདྲ་ཁྱད་ཆེ་ཟེར་བ་རེད། བ་ལ་དབྱིན་སྐད་ཀྱི་ V ཡི་སྒྲ་དང་ཉེ་བ་ཞིག་འདོན་ཟེར་བ་རེད། ཝ་ལ་དབྱིན་སྐད་ w ཡི་སྒྲ་དང་འདྲ་བ་ཞིག་འདོན་ཟེར་བ་རེད། དེ་ཡིན་པར་ཆ་བཞག

    ༥༽ བ་ལ་སྒྲ་གདངས་འདོན་ལུགས་ཐད། དབུས་པའི་ ཝ་སྒྲ་དེ་འཐད་པ་རེད། དབྱིན་སྐད་ཀྱི་Vདང་ཉེ་བའི་སྒྲ་འདོན་པ་འདི་འཐད་པ་རེད། གཞུང་ལུགས་རང་ནས་ཁུངས་དེད་དེ་བཤད་ཐུབ་ན་ཡག་པོ་འདུག

    ༦༽ ཨ་མདོ་བ་ཚོས་ བ་ཡིག་འདི་ལ་མཐའ་གཅིག་ཏུ་དབྱིན་སྐད་V ཡི་སྒྲ་འདོན་ཟེར་བ་དེ་ཡང་བདེན་པ་ཨ་ཡིན། དཔེར་ན། བ་ཡིག་མིང་གཞི་རུ་གྱུར་པའི་ཡི་གེ་དཔེར་ན། རྦ་དང་སྦ། སྦས། སྦོས་རྣམས་ཀྱི་མིང་གཞི་བ་ཡིག་གི་སྒྲ་ཇི་ལྟར་འདོན་པ་རེད། ཕལ་ཆེར་དབུས་གཙང་བའི་སྒྲ་དང་ཉེ་བ་ཞིག་འདོན་པ་མིན་ནམ།

    ༧༽ ངས་བལྟས་ན། ཨ་མདོ་བ་ཚོས་བ་ཡིག་འདི་འདོན་དུས་ཝ་ཡིག་གི་སྒྲ་དང་ཉེ་བ་ཞིག་འདོན་གྱི་ཡོད་མེད་དང་་། ཨ་མདོའི་སྐད་ནང་ཝ་དང་བ་གཉིས་འདོན་ཚུལ་ལ་ཁྱད་པར་ཡོད་མེད་དེ་རྩོད་གཞི་མ་རེད། རྩོད་གཞི་ནི། བ་ཡིག་ཀློག་ཚུལ་ལ་དབུས་གཙང་དང་ཨ་མདོའི་བར་ཁྱད་པར་ཡོད་པ་དང་། ཁྱད་པར་ཡོད་པ་དེ་གཉིས་ལས་གང་ཞིག་ཁུངས་དག་མིན་དེ་རེད། ཝ་དང་བ་འདོན་ཚུལ་ལ་ཨ་མདོ་བའི་རང་སྐད་ལ་ཁྱད་པར་ཡོད་པ་ཙམ་གྱིས། ཀློག་ཚུལ་དེ་ཡང་དག་ཡིན་པར་བཤད་ཐུབ་ནི་མ་རེད།

    Reply
  31. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    སྒོམ་སྡེ་ལྷ་རམ་པ་ཚང་་་་ དེང་སང་ལས་ཀ་ཤོར་ནས་ནང་ལ་ཉིམ་ཕུད་ཐབས་ཀྱིས་བསྡད་ཡོད་ས་རེད། ཧ ཧ ཧ ཀུ་རེ་ཡིན། གླེང་གཞི་ཧྲ་གི

    གང་ལྟར། བ་་་ལ་་ba རུ་འདོན་པ་ནི་རྣམ་པ་ཐམས་ཅད་ཟེར་དཀའ་མོད་། གང་ལྟར་་བོད་ཀྱི་བསྟན་བཅོས་རྣམས་སུ་གསལ་བ་དང་འགལ་འདུག་པས། བ་་ལ་་་va རུ་ཀློག་པ་ནི་རྣམ་པ་ཐམས་ཅད་དུ་ཡང་དག་པའོ། །

    ལག་ལེན་མེད་པའི་གཞུང་ལུགས་སྐམ་པོ་ཞིག་གིས་འུར་སྒྲོག་མི་དགོས་པར། ལག་ལེན་དངོས་ཀྱི་ཐོག་ནས་བཤད་ན། བོད་ཆོལ་ཁ་གསུམ་གྱི་་(རྒྱ་ནག་གིས་་་ཞིང་ལྗོངས་ལྔ་ཟེར་བ་དེར་) བོད་ཡིག་སློབ་དེབ་དང་། སློབ་གྲྭའི་དུས་ཡུན་སོགས་རྣམ་པ་ཐམས་ཅད་དུ་གཅིག་པ་ཡིན་ཡང་། བོད་ཡིག་དག་མོ་ཞིག་འབྲི་ཐུབ་མཁན་དང་། ཡང་ན་བོད་རང་གི་སྐད་ཡིག་རིག་གནས་ཐོག་རྩེར་སོན་པའི་མཁས་པ་མང་ཤོས་ཨ་མདོ་ནས་ཡིན་པ་དེས་ཀྱང་མང་པོ་ཞིག་གསལ་བཤད་བྱེད་ཐུབ་པ་རེད།

    དེའི་གནད་འགག་ཐུག་ས་ནི། ཨ་མདོ་བས་་་ གསལ་བཤད་སུམ་ཅུའི་སྒྲ་གདངས་ཏག་ཏག་འདོན་གྱིན་པ་དང་། བོད་སྐད་ཡིག་གི་རང་བཞིན་དངོས་ཉིད་་ངོས་ཟིན་ཐོབ་པས་རེད་དོ། །

    ཨོ་ད་དུང་ཁ་སྣོན་ཞིག་བྱེད་ན། ཨ་མདོའི་སྐད་གདངས་ལྟར་ན། ཝ་་་དང་་བ་་་་ནི་ སྐྱེ་གནས་དང་། བྱེད་པ། རྩོལ་བ་སོགས་རྣམ་པ་ཐམས་ཅད་དུ་གཅིག་མཚུངས་མིན། ཁྱེད་ཀྱིས་འདི་འདིར་ཧམ་པ་རི་འདྲ་ཞིག་བཤད་ནས་བདེན་པ་གཡག་འདྲ་ཞིག་ཐོབ་རེ་བྱས་འདུག་ཀྱང་། དེ་ནི་གྲུབ་ཐབས་མེད་པ་ཞིག་རེད། གལ་སྲིད་ཁྱེད་རང་གི་ངོས་ནས་ཧམ་པ་བཤད་མེད་ཟེར་ན། ཁྱེད་རང་གིས་བོད་སྐད་གོ་གི་མེད་པའི་རྟགས་བསྟན་པ་རེད།

    གོང་དུ་ཁྱེད་རང་གིས་བྱིས་རྟགས་རློན་པ་འདམ་རྙོག་འདྲ་བ་གཞན་ཞིག་བསྟན་འདུག་པ་ནི།
    boy ལ་“ཝོཡེ”དང་།
    ball ལ་“ ཝོལ”དང་།

    baby ལ་“ཝེབྷི”

    bollywood ལ་“ཝོ་ལི་འུཊི”སོགས་ཤིན་ཏུ་མཚར་བ་དག་སྨྲ་དགོས་པར་འགྱུར་རོ། །

    ཟེར་བ་འདི་རེད། དེས་ན་དབུས་གཙང་པས་་་ བ་ལ་བྷ་འབོད་པའི་རྒྱུ་མཚན་གྱིས་་་་་ ལྷ་ས་བྷ། རི་མོ་བྷ། སོགས་་་་ ཤ་ཟའི་སྐད་འདྲ་ཞིག་འདོན་མི་དགོས་པ་ཅི་ཡིན་ནམ། དེ་ཙམ་དུ་མ་ཟད། གལ་སྲིད་ཁྱེད་རང་གིས་་་་་་ བ་(va) ཡི་སྒྲ་གདངས་འདི་བཞིན་་Ba་་ རུ་འདོན་པ་ཡིན་ན། སྔོན་འདུག་གི་སྒྲའི་རྣམ་གཞག་ཐམས་ཅད་རྒད་པོའི་ཀླད་ལྟག་ཇི་བཞིན་ཤུད་འགྲོ་བ་རེད།

    ཨོ་་་་ ཁྱེད་རང་གིས་གོང་གི་རྩོམ་ཡིག་ནང་དུ་་་་ ཧིན་རྡི་རེ་ཟུང་དང་་། ད་དུང་དབྱིན་ཡིག་རེ་ཟུང་བསྣན་འདུག དེ་ཚོ་མཐོང་དུ་་་ ཁྱེད་རང་གི་བོད་ཡིག་གིས་་་སྐད་ཡིག་གཞན་ཞིག་གི་མཁར་རྒྱུག་མ་བཟུང་ནས་རང་ཚུགས་ཐུབ་ཀྱིན་མེད་པའི་རྟགས་ཀྱང་བསྟན་འདུག་ཅེས་ཞོར་ལ་ཀུ་རེའི་ཚུལ་དུ་ཞུ་འདོད་བྱུང་།

    གནས་སྐབས་བདེ་མོ་བྱོས།

    Reply
  32. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཨ་མདོ་བའི་བ་དང་ཝ་གཉིས་ལ་སྒྲ་གདངས་གནམ་སའི་ཁྱད་པར་ཡོད་ཟེར་སྒྲ་དེ་ཐོས་པ་པོར་ངེས་པར་ཨ་མདོའི་རྣ་ཅོག་ཡོད་པ་ཞིག་དགོས། དཔེར་ན་ལྷ་སའི་བར་སྐོར་ནང་དུ་བ་ཤ་ཚོང་བཞིན་འདུག་ཞེས་པ་དང་། ལྷ་སའི་བར་སྐོར་ནང་དུ་ཝ་ཤ་ཚོང་བཞིན་འདུག་ཞེས་པའི་སྒྲ་གདངས་ཨ་མདོ་བ་ཞིག་གི་བརྗོད་ཚེ་བརྗོད་པ་པོ་ཨ་མདོ་བས་སྒྲ་གདངས་གནམ་སའི་ཁྱད་པར་ཡོད་ཟེར་བ་མ་ཟད་ཉན་པ་པོ་ཨ་མདོ་བ་ཞིག་ཡིན་ན་ཁྱད་པར་ཡོད་པ་མཁས་ལེན་པ་དང་། ཨ་མདོ་མ་ཡིན་པའི་ཉན་པ་པོ་སུ་འདྲ་ཞིག་ཡིན་ཀྱང་དེ་གཉིས་ཀྱི་སྒྲ་གདངས་གཅིག་ཁོ་ན་ལས་ཁྱད་པར་ཡོད་པ་རྩ་བ་ཉིད་ནས་མི་གོ། དེ་ནི་ཉན་པ་པོ་དེར་ཨ་མདོའི་རྣ་ཅོག་མེད་པས་ལན་པ་ཡིན། འོན་ཀྱང་ངས་ཨ་མདོ་བ་རིགས་གནས་ཡོད་པ་རྣམས་ལ་རེ་སྐུལ་ཞུ་རྒྱུ་ཞིག་ལ་ཁྱེད་རྣམ་པས་རིག་གནས་དེ་བཙན་བྱོལ་གྱི་སློབ་གྲྭ་ཁག་དང་དགོན་སྡེ་དག་ལ་ཕན་དོགས་ངེས་ཅན་ཡོང་བར་ཁྱོད་རྣམས་ནས་དབུས་སྐད་ལ་ཐུགས་གནང་ཅུང་ཟད་གནང་བ་ཡིན་ན་ཕན་དོགས་རྒྱ་ཆེན་འགྱུར་ཐུབ་པ་དང་ལས་ཀ་མི་རག་པའི་སྐུ་ངལ་མང་པོ་ཞིག་སེལ་ཐུབ།

    Reply
  33. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    ལྷ་རམ་པ་ཕེབས་པར་དགའ་བསུ་ཞུ།ཨ་མདོའི་དུས་ནམ་ཡང་བོད་ཅེས་བརྗོད་པའི་ཚེ་ཝ་ཡི་སྒྲ་ཟུར་ཙམ་ཡང་ཡོང་གི་མ་རེད་།ཁྱེད་རང་མཐར་གཏུགས་ནས་སོང་ན་མཆུ་ཐོའི་སྒྲ་སྦྱར་སྟངས་ཅིག་མ་གཏོགས་དམིགས་གསལ་སྐྱོན་རྒྱགས་ཀྱི་མི་འདུག་གམ།སྐྱོན་རྒྱག་ས་ཆུང་དྲག་རེད་།དེ་འདྲ་སྐྱོན་འཛུགས་ན་ང་ཚོའི་བོད་འདི་སྐྱོན་གི་ཕུངས་དྲག་རེད།རྗེས་ཕྱོགས་ནས་རྒྱ་ཆེ་ས་ནས་སྐྱོན་བརྗོད་བྱས་ནས་ང་ཚོའི་མཉམ་རུབ་བྱས་ནས་སྐྱོན་ཡོད་ན་སེལ་བར་བྱེད་དགོས་བ་ང་ཚོའི་ལས་འགན་རེད།དེ་མིན་ལྷ་རམ་པའི་ཟུར་འདོན་བྱེད་ས་ཞེ་དྲ་ཆུང་དྲག་རེད།བདག་དྲང་བདེན་གྱི་ལམ་ཁ་བསྐྱོད་མཁན་ཞིག་མ་གཏོགས་འཐེན་ཆེར་དུས་ནམ་ཡང་དགའ་བོ་མེད་མཁན་ཞིག་ཡིན།བློ་གཟི་བར་གནས་བའི་སྒོ་ནས་ཡང་བསྐྱར་ཨ་མདོ་བ་ལ་བསྐྱོན་ཆེ་ས་ན་སྐྱོན་ཅི་ཡོད་ཐེར་འདོན་བྱེད་རྒྱུའི་རེ་བ་ཆེ།

    Reply
  34. འཆི་བདག་ནག་པོ says:
    ལོ་ 15 སྔོན།

    ཨ་མདོ་བ་ཡི་བ་དང་ལྦ་ཡི་ཁྱད།།
    དབུས་གཙང་བ་ཡི་ཉིས་བརྗོད་བདག་སྒྲའི་སྐྱོན།།
    གཅིག་མཚང་གཅིག་གིས་བརྗོད་པའི་སྲོལ་ངན་འདི།།
    ཆོལ་གསུམ་འཕུང་དཀྲུག་བྱེད་པའི་སྔ་ལྟས་རེད།།

    Reply
  35. རུ་གསར་ཚང་། says:
    ལོ་ 15 སྔོན།

    རྒན་ལྷ་རམས་མཆོག་ལ་འཚམས་འདྲི་ཞུ།

    གུས་པ་ཉིད་ཀྱི་རྩོམ་ཡིག་ཀློག་རྒྱུ་ཧ་ཅང་དགའ་བའི་ཀློག་པ་པོ་ཞིག་ཡིན་ལ། ཉིད་ཀྱིས་ཕྱོགས་ཡོངས་ནས་གོ་རྒྱུ་དང་བློ་བསྐྱེད་ཡོང་བའི་རྩོམ་ཡིག་མང་པོ་སྤེལ་གྱིན་འདུག་མོད། འོན་ཀྱང་། ད་རེ་རྒན་མཆོག་ནས་གཞི་མེད་སྒྲོ་འདོགས་སམ་རྒྱུས་མེད་རྒྱུས་གཏམ་ཞིག་གསུངས་འདུག ཨ་མདོ་བའི་བ་དང་དབུས་པའི་ཝ་གཉིས་ཀློག་སྟངས་ཀྱི་སྒྲ་གདངས་འདྲ་བོ་ཡོད་པ་ལས་ཨ་མདོ་བའི་བ་དང་ཝ་གཉིས་ཀློག་སྟངས་ཀྱི་སྒྲ་གདངས་ལ་གནམ་སའི་ཁྱད་ཡོད། ཨ་མདོ་བའི་ཝའི་སྒྲ་གདངས་དེ་དབུས་པའི་ངག་ལས་ཐོན་ཁག་པོ་ཡོད།
    དེ་ནས་ཨ་མདོ་བས་གི་གུ་དང་ཞབས་ཀྱུ་གཉིས་ནོར་ནས་འབྲི་བ་མཐའ་གཅིག་ཏུ་མི་བདེན་ཡང་། སྐབས་རེར་དེ་གཉིས་ནོར་ནས་འབྲི་མཁན་ཡོད་པ་བདེན་པ་རེད། དེ་བཞིན་དབུས་པས་ཀྱང་ཞབས་ཀྱུ་དང་ན་རོ་གཉིས་ནོར་ནས་འབྲི་མཁན་ཡོད་པ་ཡང་དངོས་ཡོད་ཡིན། གཞན་ཡང་དབུས་པས་འདོགས་གཡུག་པ་དང་། ཨ་མདོ་བས་མིང་གཞི་གཡུག་པ། ཁམས་པས་དབྱངས་འཐོལ་བ་རྒྱག་པ་སོགས་ཀྱི་ཞན་ཆའམ་ཡུལ་ལུང་སོ་སོའི་སྒྲ་གདངས་ལ་ཁྱད་པར་མང་པོ་ཡོད། དཔེར་ན་དབུས་པས། སྤྲིན་པ་སྤིན་པ་དང་། སྤྲེའུ་ལ་སྤེའུ། ཨ་མདོ་བས་བྱེད་ལ་ཡེད་དང་། ཁམས་པས་གངས་རི་ལ་གོངས་རི་སོགས་ཀྱི་སྒྲ་གདངས་ཀྱི་ཁྱད་པར་ཡོད་པ་རེད།
    འོན་ཀྱང་རྒན་མཆོག་གིས་གསུངས་པའི་ཨ་མདོ་བས་བ་ལ་ཝར་འབོད་པ་ཟེར་བ་འདི་ཨམ་སྐད་ཤེས་མཁན་ཞིག་ཡིན་ཚེ་གད་མོ་མི་ཤོར་མཁཉ་མེད་ཟེར་ནས་ཚིག་ཐག་གཅོད་ཐུབ།
    དེ་ནས་མི་ཉག་སྐལ་བཟང་ལགས་སྐུ་ཁམས་བཟང་ངམ། ཁྱེད་ལ་ཨ་མདོ་བས་བ་ལ་ཝར་མི་འབོད་བཞིན་དུ་འབོད་ཀྱི་འདུག་ཟེར་ན་བདེན་པ་དང་། དེ་མི་འབོད་པའི་སྒྲུབ་བྱེད་བཀོད་ན་ཞེན་ཁོག་ཡིན་པའི་རྒྱུ་མཚན་ཅི་ཡོད། ཁྱོད་ཀྱང་ཨམ་སྐད་ཁྱ་གེ་ཁྱོག་རྒྱག་ཤེས་མཁན་ཞིག་ཡིན་པ། དྲང་མོར་བཤད་ན་ཁྱོད་ཀྱིས་ཀྱང་སྐད་ཆ་དྲང་མོ་བཤད་ཀྱི་མི་འདུག འོ་ན་ཉིན་ཞིག་རྒན་སྒོམ་སྡེ་མཆོག་གིས་མི་ཉག་བས་ཁ་ལ་གར་འབོད་ཀྱི་འདུག་ཟེར་ན། ཁྱོད་ཀྱིས་ལེགས་སོ་ཟེར་རྒྱུ་ཡིན་ནམ། གལ་སྲིད་ཁྱེད་ཀྱིས་མི་ཉག་པས་ཁ་ལ་གར་མི་འབོད་པའི་རྒྱུ་མཚན་བཤད་སྐབས། ཁྱེད་ཀྱིས་ཞེན་ཁོག་བྱེད་པ་ལས་བདེན་པའི་ཆ་གཅིག་ཀྱང་མི་འདུག་ཟེར་ན་ཁྱོད་ཀྱིས་ཅི་བསམ་གྱི་འདུག

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese