མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་རབས་གསར་བའི་སྙིང་སྟོབས་ཀྱི་བསྒྲགས་གཏམ། བོན་རྒྱ་བསྟན་འཛིན་རབ་རྒྱས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༢༢
Share on FacebookShare on TwitterShare on EmailShare on Whatsapp

    དེ་རིང་བདག་གིས་མི་རབས་གསར་བ་ངེས་པར་དུ་ཡར་ལངས་དགོས་པའི་འབོད་སྒྲ་སྒྲོག་རྒྱུ་ཡིན།  དེ་ནི་མི་རབས་རྒན་པ་ཕམ་པར་རྒྱག་པའི་དོན་མིན་ལ་ངོ་རྒོལ་བྱེད་པའི་ཚུགས་ཀའང་མིན།  དེ་ནི་ཁྱེད་མི་རབས་རྒན་པ་རྣམས་ཐུགས་ཁྲལ་མེད་པར་གཟིམ་ཐུབ་པ་ཞིག་དང་ཕྱི་མིག་མེད་པར་ཕེབས་ཐུབ་པ་ཞིག་གི་སླད་དུ་ཡིན།  ཁྱེད་ཅག་ཕེབས་ཤུལ་དུ་ང་ཚོའང་རང་ལ་དབང་བའི་འཇིག་རྟེན་ཞིག་གི་སྟེང་ནས་གཞན་ལ་བརྟེན་མི་དགོས་པར་འཚོ་ཐུབ་པའི་ཆེད་ཡིན།  ང་ཚོ་ནི་བཙན་བྱོལ་བའི་མི་རབས་གསར་བ་ཡིན། ང་ཚོ་ལ་ང་ཚོའི་འགན་འཁྲི་ཞིག་ཡོད།  འགན་འཁྲི་འདི་ང་ཚོས་སྤོབས་པས་ཁུར་ན་འདོད་ཡོད།  ང་ཚོས་ཀྱང་རང་གི་འཇོན་ཐང་དང་སྙིང་སྟོབས་བཏེགས་ནས་འཛམ་གླིང་ལ་གོམ་པ་སྤོ་འདོད་ཡོད།  མི་རིགས་ལ་རླབས་ཆེན་གྱི་ལག་རྗེས་འཇོག་འདོད་ཡོད། འདི་ལྟར་རྒྱུ་མཚན་སྟོང་ཕྲག་དང་གནས་ལུགས་ཁྲི་ཕྲག་གི་ལམ་ནས་བལྟས་ན། ད་ནི་ང་ཚོ་ཡར་ལངས་པ་འཕྱི་མེད་ནའང་སྔ་གཏན་ནས་མི་འདུག ད་ནི་ཁྱེད་མི་རབས་རྒན་པ་དག་གིས་ཀྱང་ང་ཚོ་ལ་རྩིས་སྤྲད་རན་པ་འཕྱི་མེད་ནའང་སྔ་གཏན་ནས་མི་འདུག  ཁྱེད་ཅག་གིས་ཐུགས་བསམ་ཞིག་བཞེས་དང་།   ཁྱེད་ཅག་ཆས་པ་དུས་གཅིག་དང་ཡུན་གཅིག་ཆགས་ལ་ཉེ་བས་ད་ནི་”ཉམས་མྱོང་ཉམས་མྱོང་”ཞེས་དུས་ཚོད་སྐྱེལ་ཚོད་མ་རེད། ༸གོང་ས་མཆོག་དགུང་གྲངས་བདུན་ཅུ་དོན་ལྔར་ཕེབས་ཡོད་ལ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ།  ཁྲི་ཟུར་རྒྱལ་ལོ་དོན་འགྲུབ། ཁྲི་ཟུར་འཇུ་ཆེན་ཐུབ་བསྟན། ཁྲི་ཟུར་བསོད་ནམས་སྟོབས་རྒྱལ།   ཁྲི་ཟུར་སྐལ་བཟང་ཡེ་ཤེས་བཅས་བཀའ་བློན་ཁྲི་གདན་ཟུར་ཡོད་ཚད།  ལ་མགོའི་ཉི་མ་དང་ལ་རྟིང་གི་གྲིབ་མ་རུ་གྱུར་ཡོད་པས། ད་ནི་མན་ངག་དང་གདམས་པ་ཡོད་ཚད་མི་རབས་གསར་བར་འབུལ་ཚོད་རེད།  ང་ཚོར་འཇོན་ཐང་ཆུང་སོང་བའི་བཀའ་བཀྱོན་མ་ཕེབས་དང་། ང་ཚོས་ཀྱང་ཁྱེད་རྒན་རབས་པས་གནང་བའི་ལམ་སྟོན་དང་རང་འཁྲིའི་ལས་འགན་ཡོད་ཚད་རང་གི་དཔུང་བར་ཁུར་ནས། མི་རིགས་ཀྱི་རྩ་དོན་ཐད་ནས་ཕྱི་རོལ་ཡུལ་ལ་བསྟུན་པ་དང་།  མ་འོངས་ཕུགས་ལ་ལྟོས་པ།  བློ་རིག་གསལ་བ་སོགས་ཁྱོན་ཡོངས་དང་ཕྱོགས་ཀུན་ལ་ཞིབ་འཇུག་དང་།  དཔྱད་ཞིབ་མཐའ་ཆོད་པ་བྱས་ནས་ངོས་འཛིན་ཡང་དག་པ་དང་སྡོམ་དོན་འགྲུབ་ཐུབ་པའི་བྱ་བ་སྒྲུབ་རྒྱུ་ལས། གཞོན་ནུའི་སྙིང་ཁམས་ཀྱི་ང་རྒྱལ་དང་། འདས་པ་འདས་པ་ཞིག་གི་ལོ་རྒྱུས་རེ་གླེང་ནས་སྟོང་སྣང་གི་མཁའ་ལ་འཕུར་སྤྱོད་བྱེད་པ་སོགས་གཏན་ནས་བྱེད་མི་སྲིད། ད་ནི་དུས་རབས་ཀྱི་ཉི་རྩེ་ང་ཚོའི་མིག་ཀོང་ལ་འཕྲོས་ཤིང་།  ང་ཚོ་ལང་ཚོའི་སྐྱེ་སྟོབས་དང་གསོན་ཤུགས་དར་ཡོད་པས། ང་ཚོས་རང་ཉིད་ལ་བརྙས་དགོས་པ་དང་ཡིད་ཆད་དགོས་པའི་གནས་ལུགས་ཤིག་གཏན་ནས་རྙེད་ཀྱི་མི་འདུག ཀྱེ་བདག་གི་མི་རབས་གསར་བ།  ད་ནི་ང་ཚོས་ངེས་པར་དུ་མི་རབས་གསར་བའི་སྙིང་སྟོབས་ཀྱི་ང་རྒྱལ་དང་རྣམ་དཔྱོད་ཀྱི་རྣོ་དབལ་དེ་ངོམས་དགོས་པ་ཡིན་པས། མ་འོངས་པའི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཡོད་ཚད་ང་ཚོ་མི་རབས་གསར་བས་འཛིན་པ་ལ་གྲ་སྒྲིག་དང་། འཆར་གཞི  གདེངས་ཚོད་བཅས་དགོས་པ་ཡིན།

༢༽ ཉམས་མྱོང་ལས་ཀྱང་མི་རབས་གསར་བ་བདམས་དགོས་པ།

   ཨ་རི་ལ་དཔེ་བཞག་ནས་བཤད་ན།  ཁི་ལིན་ཊོན་དང་། བྷུ་ཤི། ཨོ་བྷ་མ་སོགས་ཆ་ཚང་ལ་ཝ་ཤིན་ཊོན་དཀྱིལ་འཁོར་ལ་ཉམས་མྱོང་མེད་མཁན་དང་། འགྲན་ཡ་ཚང་མ་ཝ་ཤིན་ཊོན་གྱི་དཀྱིལ་འཁོར་ནས་ལོ་བཅོ་ལྔ་ཉི་ཤུ་ལ་འཁོར་ཚར་བའི་ཉམས་མྱོང་ཅན་ཤ་སྟག་རེད།  དེ་དག་གིས་ཀྱང་ཨོ་བྷ་མ་སོགས་ལ་ཉམས་མྱོང་མེད་པའི་ཟུར་མདའ་འཕངས་པ་རེད།  ཡིན་ནའང་།  རྣམ་དཔྱོད་ཅན་གྱི་ཨ་རིའི་མི་མང་གིས་ཉམས་མྱོང་མ་འདམ་པར་མདུན་བསྐྱོད་ཀྱི་རྣམ་དཔྱོད་ལྡན་པའི་མི་རབས་གསར་བ་བདམས་པ་རེད། བདམས་པ་དེའང་ནོར་མེད་པ་མིག་གིས་མཐོང་བ་འདི་ལྟར་རེད།  དེ་བཞིན་ལྡོག་ཕྱོགས་ནས་བལྟས་ན་སྐད་གྲགས་ཅན་གྱི་རྒྱ་དམར་གུང་ཁྲན་ཏང་ཟེར་བའང་སྤྱི་ལོ་ ༡༩༢༡ ལོར་ཁྲིན་ཏོའི་ཤུག་དང་ལི་ཏ་ཀྲོ་སོགས་གཞོན་སྐྱེས་བཅུ་གྲངས་ཤིག་ནས་མགོ་བཙུགས་ཏེ་དེ་དག་གི་སྙིང་སྟོབས་དང་ང་རྒྱལ་ལས་ཡར་ལངས་པ་རེད།  དེས་ན་མི་རབས་རྒན་པ་ཁྱེད་ཅག་གིས་ཀྱང་ཉམས་མྱོང་ཁོ་ན་གཙོ་བོའོ་ཞེས་བསླབ་བྱ་མ་གནང་རོགས།  རྣམ་དཔྱོད་དང་སྙིང་སྟོབས་གལ་ཆེ་བའི་མཛུབ་སྟོན་གནང་རོགས།  མི་རབས་གསར་བ་ཡར་ལངས་དགོས་པའི་བཀའ་ལུང་ཕེབས་རོགས།  དེ་བཞིན་ཕྱོགས་མཐའ་ཁག་ན་གཉུག་མར་གནས་པའི་མི་མང་གི་ངོས་ནས་ཀྱང་རྒྱལ་སྤྱིའི་སྟེང་ལ་དཔེ་ལོངས་ལ།  མི་རབས་གསར་བར་འགན་སྤྲོད་ལ།  ངེས་པར་ཏུ་འོས་འདེམས་སྐབས་སུ་མི་རབས་གསར་བ་འདེམས་རོགས། 

༣༽མི་རབས་གསར་བར་ལྷག་བསམ་མེད་པའི་དོགས་པ་མ་གནང།

    ང་ཚོའི་སེམས་ན་ལྷོག་ལྷོག་ཁོལ་བའི་ཁྲག་གི་རྩ་འཁོར་འདི་མི་རིགས་ཀྱི་ཆེད་དུ་གདུ་བཞིན་ཡོད།  ང་ཚོའི་ཁོག་ན་སིག་སིག་འཕགས་པའི་སྙིང་ཆུང་འདི་མི་རིགས་ཀྱི་ཆེད་དུ་ལྡིང་བཞིན་ཡོད།  ཁྱེད་ཚོས་ང་ཚོར་ལྷག་བསམ་མེད་པའི་དོགས་པ་མ་གནང་རོགས།  ང་ཚོའང་ཁྱེད་ཅག་རྒན་རབས་པ་ཚོ་ཇི་བཞིན་མི་རིགས་ལ་བརྩེ་བ་ཡོད།  རིག་གཞུང་ལ་དུངས་ཀ་ཡོད།  ཆོས་ལུགས་ལ་དད་པ་ཡོད།  ཁྱོད་ཚོས་ང་ཚོ་ལ་དམར་པོ་རྒྱ་མིའི་ཤན་ཤུགས་དང་སྔོན་པོ་ཕྱི་རྒྱལ་གྱི་ལྟ་བ་ཞུགས་པའི་དོགས་པ་མ་གནང་རོགས།  ཁྱེད་ཚོས་ཉེ་བའི་ཆར་ལ་དཔེ་འཇོག་རེ་གནོངས་དང་། ང་ཚོས་སྐུ་ཞབས་ཞོགས་དུང་ལ་རྒྱ་མིའི་སློབ་གསོའི་ཤན་ཤུགས་དང་དམར་པོའི་ལྟ་བ་འགོས་པའི་དོགས་པ་བྱས་པ་རེད། དེའང་ལོ་ལྔ་ནས་བཅུ་བར་དུ་དོགས་པ་ཟོས་པ་རེད།  ཡིན་ནའང་། ཁོང་གིས་ངའི་ཁོག་ན་གདུ་སྐོར་རྒྱག་གིན་པའི་ཟུངས་ཁྲག་འདི་བོད་མི་རིགས་ཀྱི་ཟུངས་ཁྲག་ཡིན།  ང་བོད་པའི་བུ་ཡིན་ཞེས་《གནམ་ས་གོ་འབྱེད་》ཀྱིས་ལན་བརྒྱབས་ཏེ་མི་ཡུལ་གྱི་དམྱལ་ཁམས་ལ་ཆས་པ་རེད། ཞོགས་དུང་དང་ཞོགས་དུང་ལྟ་བུ་ང་ཚོ་མི་རབས་གསར་བ་ཡོངས་ལ་མི་རིགས་ཀྱི་འདུ་ཤེས་ཡོད།  ཆོས་ལུགས་ཀྱི་བསླབ་བྱ་ཡོད།  སྐུ་ཞབས་ཞོགས་དུང་གིས་མཐའ་མཇུག་གི་གདམ་ཀ་འཚེ་མེད་ཞི་བར་བཅོལ་ཡོད་པ་བཞིན་ང་ཚོས་ཀྱང་མཐའ་མཇུག་གི་གདམས་ཀ་འཚེ་མེད་ཞི་བར་བཅོལ་བ་ལས།  རླབས་ཆེ་བའི་ཆོས་ལུགས་ཀྱི་ལམ་སྟོན་རྡོག་བརྫིས་དང་།  ཁྱེད་རྒན་རབས་པའི་གནང་བའི་འོད་ཟེར་གྱི་ལམ་ཆེན་ལ་ཁྲག་གི་རི་མོ་འབྲི་མི་སྲིད་དོ། ། སྐུ་ཞབས་བློ་བཟང་སེང་གེ་ལྟ་བུ་ཡིན་ནའང་།  བོད་པའི་སློབ་གསོ་དཀར་པོ་ལས་ཕྱི་རྒྱལ་གྱི་སློབ་གསོ་སྔོན་པོའི་འོག་ནས་སྐྱེ་སྟོབས་འཕེལ་ཞིང་འདབ་ལག་རྒྱས་པ་རེད་དེ།  ད་ལྟ་ནི་ཨ་སྒོར་འབུམ་ཕྲག་གི་ཟླ་ཕོགས་བློས་བཏང་ནས་རང་གི་སྙིང་དཀྱིལ་ན་གདུ་བའི་ཁྲག་དང་།  རུས་གསེང་ན་འགུལ་བའི་རྐང་དེ་སླར་ཡང་བོད་མི་རིགས་ལ་འབུལ་འདོད་ཀྱི་སྙིང་སྟོབས་ཀྱིས་ཡར་ལངས་ནས།  ཡོད་ཚད་བློས་བཏང་ནས་ཡོང་གིན་པ་འདི་ང་ཚོའི་ཤ་དང་ཁྲག་གི་རང་ཚུགས་ཤིག་དང་།  ཆོས་དང་རིག་གཞུང་གི་དུངས་ཀ་ཞིག་ཡིན་པས།  ད་ནི་ཁྱེད་ཅག་གིས་ཀྱང་ང་ཚོ་ལ་བསྟན་བཤིག་ཚ་བའི་དོགས་པ་མ་ཟ་རོགས།  ཡིད་ཆེས་ངོས་གཙང་གནང་ནས་འགན་འཁྲི་ཡོད་ཚད་སྤྲོད་རོགས།    སྤྱིར་ན་ཁྱེད་ཅག་རྟག་བརྟན་དུ་བཞུགས་ན་ང་ཚོ་ཧ་ཅང་ལོས་དགའ་སྟེ།  རེ་བའང་དེར་ཆེ་མོད། ཡིན་ནའང་། དངོས་པོའི་ཆོས་ཉིད་དང་འདུས་བྱས་མི་རྟག་པའི་གཏན་ཚིགས་ཀྱིས་ང་ཚོ་ལ་བསོད་བདེ་དེ་གཏན་ནས་གནང་མི་སྲིད་དོ། །
༤༽ མི་རབས་གསར་བ་ཡར་ལངས་དུས་ལམ་ཁ་སྤྲོད་རོགས།
   མི་རབས་གསར་བ་ཡར་ལངས་དུས་ལམ་ཁ་སྤྲོད་རོགས་ཞེས་པ་ད་ལྟའི་བར་ཏུ་ཁྱེད་ཅག་གིས་ང་ཚོ་བཀག་བཞག་པ་དང་མནན་བཞག་པ་རེད་ཟེར་གྱིན་མེད་ནའང་།  བསམ་གཞིགས་ངེས་པར་བྱེད་དགོས་པ་ཞིག་རེད།  བཀའ་བློན་གདན་ཟུར་ནང་ལ་ཞིབ་ལྟ་ཞིག་བྱོས་དང་།  བཀའ་ཟུར་བློ་བཟང་སྙན་གྲགས་ལས་གཞན་ཚང་མ་༡༩༥༨ ཡར་སྔོན་གྱི་མི་རྙིང་ཤ་སྟག་མ་རེད་དམ།  མི་རབས་གསར་བས་འཇོན་མི་འཇོན་ཚོད་ལྟ་ཙམ་ཡང་མ་བྱས་པར་མི་འཇོན་པའི་སྡོམ་ཚིག་ག་ལ་རྒྱག་ཐུབ།  བློ་བཟང་སེང་གེ་ལྟ་བུ་ལ་དཔེ་བླངས་ནས་བཤད་ནའང་། རྒྱལ་སྤྱིའི་སྟེང་ན་མིང་ཡོད་པའི་མི་སྣ་ཞིག་རེད། རྒྱལ་ཁབ་ཐ་ཐོར་དག་ལྟ་ཅི་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཡང་སློབ་གྲྭ་དེ་ནས་ཐོན་ཙམ་ལས།  ཁོ་ཇི་བཞིན་སྐད་གྲགས་བཞག་ནས་ཡོང་བ་ཞིག་མ་རེད། དེའི་ཕྱིར་སློབ་སྦྱོང་གི་གནས་བབ་དང་དེ་འབྲེལ་རྒྱལ་སྤྱིའི་ངོས་འཛིན་གྱི་གནས་བབ་ནས་བལྟས་ན།  སྟོབས་ཆེན་ཨ་རིའི་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་བསྡད་ནའང་ཧ་ཅང་གི་ཚད་ལྡན་ཆགས་ཀྱིན་ཡོད་པ་རེད།  མ་འོངས་པའི་མི་ལོ་ལྔ་བཅུའི་ནང་དུ་ང་ཚོ་རྒྱལ་སྤྱིའི་ནང་གོམ་པ་སྤོ་དགོས་ཤིང་རྒྱལ་སྤྱིའི་ནུས་ཤུགས་བརྒྱུད་རྩ་དོན་སྟེང་སྐད་ཆ་བཤད་དགོས་པས་རྒྱལ་སྤྱིའི་ངོས་འཛིན་ནང་ཚད་ལྡན་ཆགས་རྒྱུ་དེ་ཨང་ཀི་དང་པོ་ཡིན་པས་ན། རྒྱལ་སྤྱིའི་ཆབ་སྲིད་གླེང་སྟེགས་སུ་སྤོབས་པས་ངོམས་ཆོག་པའི་སྐུ་ཞབས་ཁོང་ལྟ་བུ་ང་ཚོའི་སྤོབས་པ་དང་ང་རྒྱལ་མིན་ཞེས་སུ་ཞིག་སྨྲ་བར་བྱེད། ཡང་ཕྱོགས་གཅིག་ནས་ད་ལྟ་ནི་འཛམ་གླིང་བརྡ་འཕྲིན་དང་།  གློག་གཟུགས་ཤེས་ཡོན་གྱི་འགྲན་རྩོད་ར་བ་ཞིག་ལ་འགྱུར་གྱིན་ཡོད་པས་འདི་འདྲའི་དེང་རབས་ཀྱི་ཤེས་ཡོན་པ་ངེས་པར་དུ་བདམས་དགོས་པ་རེད།   ང་ཚོས་ཁོང་དང་ཁོང་ལྟ་བུ་དག་ཡར་ལངས་ཡོང་དུས་དགའ་བསུ་ཆེན་པོས་ལམ་ཁ་མ་སྤྲད་ན་མི་རབས་གསར་བ་ཡར་ལངས་པའི་སྙིང་སྟོབས་བཅོམ་རྒྱུ་རེད་ལ།  གོ་སྐབས་ཀྱང་འགག་རྒྱུ་རེད།  དེའི་ཕྱིར་ད་ལོ་ནི་ང་ཚོས་ཀྱང་བློ་རྒྱ་ཆེན་པོ་ཞིག་བསྐྱེད་དེ། བློས་གཏོང་ཆེན་པོ་ཞིག་བྱས་ནས་ངེས་པར་དུ་ནུས་ཤུགས་ཡོད་ཚད་རྣམ་དཔྱོད་ཅན་གྱི་མི་རབས་གསར་བ་ཞིག་གི་ཕྱོགས་སུ་སྤུངས་དགོས་ཀྱི་འདུག སྐུ་ཞབས་ཁོང་གིས་ཀྱང་རྒྱལ་སྤྱིའི་ལྡིངས་ཆ་ནས་ཡར་ལངས་ཤིང་ཚུར་ཐོན་པའི་རང་ཚུགས་བཟུང་ནས།  འོས་གཞིར་ལངས་དེ་ལས་འཆར་སྔོན་བསྒྲགས་སོགས་མང་གཙོ་ཚད་ལྡན་གྱི་གཞུང་གི་བརྒྱུད་རིམ་དང་འགྲོ་ལུགས་བྱེད་རྒྱུ་གལ་ཆེན་པོ་རེད་ལ། དེ་ལྟར་བྱེད་དགོས་པའི་རེ་བའང་ང་ཚོས་འབོད་སྒྲ་གཅིག་གི་སྒོ་ནས་ཁོང་ལ་ཞུ། ཁོང་དང་ལྷན་དུ་གཞོན་སྐྱེས་རྣམ་དཔྱོད་ཅན་རེ་ཟུང་བཙལ་ཐུབ་པ་དང་ཡར་ལངས་ཐུབ་པའི་རེ་བ་དང་ཐབས་ཤེས་ཀྱང་ངེས་པར་བྱ་དགོས་པ་མ་ཡིན་ནམ།  ད་ལོ་ནི་ང་ཚོས་བཀའ་བློན་ཁྲི་བ་ཙམ་མིན་པར་སྤྱི་འཐུས་ལའང་གཞོན་སྐྱེས་དང་ཤེས་ཡོན་ཅན་གང་མང་ཕེབས་ཐུབ་པའི་རེ་བ་དང་ཤུགས་རྒྱག་དགོས་ཀྱི་འདུག  ད་ལོ་ནི་ང་ཚོས་ཆོལ་ཁ་རེ་ནས་ད་ཡོད་ཀྱི་སྤྱི་འཐུས་གསུམ་ནས་བཞི་ལས་མང་པ་བསྐྱར་འདེམས་མི་བྱེད་རྒྱུ་བྱེད།  ༸གོང་ས་མཆོག་གི་གསེར་ཞལ་དངོས་སུ་བཞུགས་དུས་དང་།  ངས་གོང་དུ་བགྲངས་པའི་རྒན་རབས་མི་དབང་དག་མ་ཕེབས་པའི་སྔོན་ལ་ཁོང་དག་གིས་ཀྱང་མི་རབས་གསར་བའི་འཇོན་ཐང་མཐོང་ཐུབ་རྒྱུ་གལ་ཆེན་པོ་རེད།  དེ་ལྟར་བྱས་ན་ང་ཚོས་ཁོང་དག་ཞལ་བཞུགས་པའི་གནས་སྐབས་ལ་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱས་པ་ཞིག་ཀྱང་རེད།  དེ་མིན་སླར་ཡང་མི་རྒན་རྙིང་བ་ཞིག་བཀའ་ཁྲིར་བཞག   སྤྱི་འཐུས་རྙིང་པ་ཚོ་བསྐྱར་འདེམས་བྱེད་རྒྱུ་ཡིན་ན་སླར་ཡང་ལུང་མ་བསྟན་གྱི་མི་ལོ་ལྔའི་སྒོ་ཆེན་ཁྲོག་སེ་ཕྱེས་པ་རེད་ལ།  སླར་ཡང་སྤྱི་འཐུས་ནང་འཁྲུག་གི་ཟློས་གར་དང་། ཉན་ཞིབ་བསྐྱར་ཞིབ་ཀྱི་སྒྲུང་གཏམ་མང་པོ་འབྲི་དགོས་རྒྱུ་རེད། ད་ནི་ངེས་པར་དུ་ང་ཚོས་རྣམ་རིག་གྲིམ་པོ་དང་གཟབ་ནན་བྱེད་དགོས་པའི་དུས་ཚོད་ཅིག་ན་ཡོད། བདག་གིས་མི་རིང་བར་མི་རབས་གསར་བ་དང་བསམ་བློ་གསར་བའི་སྤྱི་འཐུས་ཀྱི་འོས་ཆོས་ཀྱང་ཁྱབ་བསྒྲགས་ཞུ་རྒྱུ་ཡིན་པས།  ང་ཚོས་ད་ལོ་ནས་མི་རབས་གསར་བ་ཡར་ལངས་བའི་གྲ་སྒྲིག་དང་འཆར་གཞི་བཏངས་ནས།  སྤྱི་ལོ་༢༠༡༡ ལོར་ནི་ངེས་པར་དུ་བོད་བཙན་བྱོལ་བའི་མི་རབས་གསར་བའི་ལོ་རབས་དང་པོ་དེ་བྱེད་དགོས་པ་ཡིན།  

༥༽ ཡར་ལོངས་ཤོགས། བདག་གི་མི་རབས་གསར་བ།

    བདག་གི་མི་རབས་གསར་བ།  ང་ཚོ་མཉམ་དུ་ཡར་ལངས།  ང་ཚོས་ཆོལ་ཁ་དང་ཆོས་ལུགས་ཀྱི་ཐ་སྙད་རྫོབ་རོ་དག་རྡོག་པས་བརྫི་བཞིན་ཡར་ལངས།  ང་ཚོས་ཕྱོགས་རིས་དང་འཐེན་འཁྱེར་གྱི་འདུ་ཤེས་རྙིང་བ་དག་ལ་ངན་མཚང་འབྲུ་བཞིན་ཡར་ལངས།  དོན་གྱི་བདག་པོ་གཞིས་ལུས་རྒྱ་ཆེ་མི་མང་གིས་ བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་འབོད་སྒྲ་གྱེར་བཞིན་ཇི་འདྲའི་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་ཁུར་བྱེད་ཀྱིན་འདུག ང་ཚོས་ཀྱང་བསམ་བྱ་གཅིག་གི་ཆེད་དུ་རྡོག་རྩ་གཅིག་སྒྲིལ་དང་དཔུང་བ་མཉམ་གཤིབ་ཀྱིས་ཡར་ལངས།  ང་ཚོ་རང་རིགས་ལ་གཅེས་ཤིང་རང་རིགས་ཀྱི་ཆེད་དུ་ཅི་ཡང་ཕོད་པའི་འབྲོང་རུ་དམར་གྱི་དཔུང་ཁག་དང་པོ་དེ་ཡིན། ང་ཚོ་འཕྲུལ་ཆས་དང་།  གློག་གཟུགས།  རླུངཤུགས་བཅས་ཀྱི་དཀྱིལ་འཁོར་ནས་བོད་ཁ་བ་ཅན་འཚོལ་བའི་མི་རབས་དང་པོ་དེ་ཡིན་པས།  ང་ཚོ་ལ་མི་ལོ་ལྔ་བཅུའི་སྐྱ་ཆད་སྔོ་རྡིབ་ཀྱི་བརྒྱུད་རིམ་དེ་དགོས་དོན་མེད།   ང་ཚོར་དུས་རབས་ཀྱི་མིག་ཡོད་ན་འགྲིག  དུས་རབས་ཀྱི་ཤེས་བྱ་ཡོད་ན་འགྲིག  ང་ཚོ་ཆེས་ཡར་ཐོན་གྱི་དུས་རབས་ཤིག་ལ་གསར་དུ་བགྲོད་དགོས་པ་ལས།  ཆེས་རྙོག་འཛིང་གིི་མི་ལོ་ལྔ་བཅུར་བསྐྱར་བགྲོད་བྱེད་མི་དགོས་པས། ང་ཚོར་ནང་ཁུལ་འཐབ་འཛིང་དང་རང་རྒྱལ་གཞན་ཕམ་གྱི་ཉམས་མྱོང་དགོས་དོན་མེད།  ང་ཚོས་སླར་ཡང་མི་ལོ་ལྔ་བཅུའི་འགྲོ་འདུག་ཉལ་འཆག་ལ་མཁྲེགས་བཟུང་བྱ་དགོས་དོན་ཅི་ཡང་མེད།  ང་ཚོ་མི་རབས་གསར་བ་ཡིན། ང་ཚོར་ལམ་ཁ་གསར་བ་ཡོད། ང་ཚོར་ཐབས་ལམ་གསར་བ་ཡོད།  ང་ཚོས་རང་གི་སྙིང་སྟོབས་དང་མི་སྤུས་དང་པོར་བཞག་ ཁྲི་ཟུར་ནས།  ཤེས་རབ་དང་རྣམ་དཔྱོད་གྲོགས་སུ་སྦྲན་ན་ཅིའི་ཕྱིར་ཡར་ལངས་མི་ཐུབ།  ང་ཚོའི་སྙིང་ཁོང་ན་གདུ་བའི་ཁྲག  རུས་གསེང་ན་འགུལ་བའི་རྐང་། ཉིན་མཚན་ཡུག་གཅིག་ཏུ་ལྡིང་བའི་དཔའ་སྙིང་རྡོོག་རྡོག་པོ་འདི་དང་བཅས་པ་བོད་མི་རིགས་ཀྱི་ཆེད་དུ་ལྡིང་གིན་ཡོད་པ་འདི་ང་ཚོའི་ཡོད་ཚད་ཡིན། ང་ཚོ་བསམ་བྱ་གཅིག་དང་དམིགས་ཡུལ་གཅིག་གི་ཆེད་དུ་ཡར་ལངས།  ང་ཚོ་ངེས་པར་ཏུ་འགྱེལ་ས་ནས་དཔའ་ངར་གྱིས་ཡར་ལངས། ང་ཚོ་སྙིང་སྟོབས་དགུ་འགྱུར་སྲོག་གི་འཕར་སྒྲ་དང་བསྟུན་ནས་ཡར་ལངས།  ང་ཚོ་རྣམ་རིག་དགུ་འགྱུར་ཐབས་ཀྱི་ཤེས་རབ་ལ་བརྟེན་ཏེ་ཡར་ལངས།

བདག་གི་མི་རབས་གསར་བ།  ཡར་ལོངས་ཤོགས།   ཨ་མས་གནང་བའི་མགོ་བོ་ཁྱོགས་ལ་ཡར་ལངས་ཤོགས།
བདག་གི་མི་རབས་གསར་བ།  ཡར་ལོངས་ཤོགས།  བླ་ཚེ་སྲོག་གསུམ་གྱི་ང་རྒྱལ་ཁྱེར་ནས་ཡར་ལོངས་ཤོགས།

 (ང་ཚོ་ནི་གོ་བ་བཟང་ཕྱོགས་ནས་ལེན་པའི་དབང་བོ་ཤིན་ཏུ་རྟུལ་ནའང་།  ལྡོག་ཕྱོགས་སུ་འཁྲིད་པར་འགྲན་ཟླ་མེད་པས་ན། བདག་གིས་ཐལ་མོ་སྦྱར་ཏེ་ཞུ་འདོད་པ་ནི།  རྩོམ་ཡིག་འདི་ལ་ངོ་གདོང་རང་གི་གོ་བ་རང་ལས་ཤུགས་བསྟན་དེ་རེད་དང་དམིགས་ཡུལ་འདི་རེད་ཀྱི་གླེང་ཕྱོགས་མ་བཟོ་རོགས་ཞེས་སྙིང་ནས་ཞུ། ལྷག་པར་རྩོམ་ཡིག་འདི་ནི་མི་རབས་གསར་བའི་སྙིང་སྟོབས་སྐུལ་བའི་འབོད་སྒྲ་ཞིག་གི་ཕྱོགས་སུ་གཞོལ་དྲགས་པའི་ཆ་ནས།  རྒན་རབས་པའི་བཀའ་དྲིན་དང་འཇོན་ཐང་གི་ངོས་དེ་འདི་རུ་གླེང་སློང་ཐུབ་མ་སོང་མོད།  འདི་རུ་མ་གླེང་བ་ཙམ་རྒྱུ་མཚན་དུ་བྱས་ནས་རྒན་རབས་པ་བཀའ་དྲིན་ལ་བསམ་ཤེས་དང་འཇོན་ཐང་ལ་རྒྱུས་ལོན་མ་ཐེབས་པ་ནི་གང་ནས་ཡིན་ཏེ་གཏན་ནས་མིན་ནོ་ཞེས་ཞུའོ། །)

སྤྱི་ལོ༢༠༡༠།ཟླ༠༦ཚེས༡༧ཉིན།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

གཏམ་གླེང་དམར་རྗེན་མ།

ཆུ་ཚོད་ ༡༨ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

༢༠༢༥/༠༥/༢༡
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

༢༠༢༥/༠༥/༢༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

༢༠༢༥/༠༥/༢༡

མཆན། 36

  1. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    དྲ་གྲོགས་བཟོད་པ་ལྷ་རྩེ་ལགས། ཁྱོད་ཀྱིས་བཤད་པ་ལ་གནས་ལུགས་ཡོད་པ་མ་ཟད། འབབ་ས་གཅིག་རེད། ཡིན་ནའང་། བཤད་སྟངས་མ་འདྲ་བ་ཙམ་རེད། འུ་ཅག་ཚང་མའི་རེ་བ་ནི་བཀའ་སྤྱི་གཉིས་ཡག་པོ་ཞིག་ཡོང་རྒྱུ་དེ་རེད། ཡིན་ནའང་། ལག་པ་མང་ཉུང་གི་ཐག་གཅོད་དེ་མང་གཙོའི་ཆོ་ག་ཞིག་རེད་དེ། དེ་ཙམ་གྱིས་མང་གཙོ་ཚད་ལྡན་ཞིག་ལ་འགྱུར་ཐུབ་ཀི་ཡོད་པ་མ་རེད། བཀའ་ཤག་གིས་མ་བྱས་ན་སྤྱི་འཐུས་ལ་བྱེད་ཡ་ཡོད་པ་མ་རེད་ཅེས་པ་བཀའ་ཤག་ནི་གང་ལའང་མ་ལྟོས་པའི་རང་དབང་བ་ཞིག་ཡིན་པ་དང་། བཀའ་ཤག་གིས་སྤྱི་འཐུས་ལ་ཁྱོད་ཚོ་དེ་ངས་བསྒྲུབ་མི་ཐུབ་ཅེས་གཡུགས་ཆོག་གི་རེད་ཟེར་གྱིན་མེད། ཡིན་ནའང་། ཁག་ཡར་དཀྲི་མར་དཀྲི་བྱས་ནས་མ་སྒྲུབས་ན་བྱེད་ཡ་ཡོད་པ་མ་རེད། ཟེར་བ་ཡིན། དེ་མིན་ང་ཚོས་མིག་གིས་མི་མཐོང་བའི་འོས་ཆོས་དག་ལ་ཚོད་དཔགས་བྱེད་པ་ལས་དངོས་ཡོད་ཀྱི་འཇོན་ཐང་དང་གནས་ཚུལ་ལ་རྒྱུས་ལོན་བྱེད་རྒྱུ་གལ་ཆེན་རེད།

    མདོར་ན་སྤྱི་ཚོགས་དང་ཐད་ཀར་ལས་ཀ་བྱས་ནས་འབྲེལ་འདྲིས་བྱེད་ས་དང་འཛིན་སྐྱོང་དངོས་ཀྱི་ནང་ལག་པ་འཆང་མཁན་བཀའ་ཤག་ཡིན་པ་མ་བརྗེད་པ་གནང་རོགས། དེའི་ཕྱིར། བཀའ་ཁྲི་ལས་གལ་ཆེ་བའི་ཆབ་སྲིད་མི་སྣ་ཞིག་བཙན་བྱོལ་ནང་ཡོད་པ་བདག་གིས་མི་རྙེད་ཀི། སེམས་ཀྱི་སྐད་ཆ་ཡིན།

    དྲ་གྲོགས་གཞན་དག་ལའང་རྟེན་འབྲེལ་ཞུ་གྱིན་ཡོད། ཁ་ཤས་ཤིག་གིས་ནད་རོ་ལྟ་བུའི་གྲུ་ཟུར་རེ་བཏོན་པ་ལས་སྤྱི་ཡོངས་ནས་གླེང་སློང་ཡག་པོ་བྱས་སོང་། ཐཱུགས་རྗེ་ཆེ།

    Reply
  2. སྦྲ་ནག་པ་རོལ་དབྱངས། says:
    ལོ་ 15 སྔོན།

    གྲོགས་བསྟན་རབ་ལགས།
    འདས་བའི་ལོ་རྒྱུས་དང་ད་ལྟའི་གནས་བབ་ཡོངས་རྫོགས་ཀྱི་རྒྱབ་ལྗོངས་ལ་བལྟས་ནས་བཤད་ན་བསྒྲགས་གཏམ་འདི་འདྲ་བ་ཞིག་སླེབས་དགོས་བའི་ཚོད་དུ་འདུག་བསམ་གྱིན་ཡོད།
    མ་ཟད་མི་རབས་རྒན་པ་ཚོས་ཀྱང་འདི་ལྟ་བའི་བསམ་ཚུལ་ལ་ངེས་བར་དུ་དོ་སྣང་བྱ་དགོས་བ་དང་། ད་ལྟའི་མི་རབས་གསར་བ་དག་གིས་ཀྱང་རང་ཉིད་ལ་ཡོད་པའི་འགན་འཁྲི་ཆེན་པོ་འདི་ངོས་ཟིན་དགོས།

    Reply
  3. ཨ་ཟླ་བ་ཚེ་རིང་། says:
    ལོ་ 15 སྔོན།

    བསམ་ཚུལ་ཡག་མོ་འདུག ང་ཚོས་ཀྱང་འདི་ལྟར་བཟོ་ནི་ཡིན

    Reply
  4. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    བོན་རྒྱ་བསྟན་རབ་ནས་ཕྲན་གྱི་མཆན་བུ་དེར་བཀའ་ལན་གནང་བ་ཐུགས་རྗེ་ཞུ་རྒྱུ་དང་འབྲེལ་ང་གཉིས་ཀྱི་བསམ་ཚུལ་མ་མཐུན་ཀྱང་ཀུན་སློང་གཅིག་མཐུན་ཡིན་པའི་ཡིད་ཆེས་ཡོད།

    འོན་ཀྱང་ཉིད་ཀྱིས་མཆན་བུ་ནང་དུ་བྲིས་པ་ཁ་ཤས་ལ་ལན་འདེབས་བྱ་རྒྱུ། དེ་ཡང་མི་མང་ལ་གསལ་འདེབས་དང་ཉིད་ལ་བགྲོ་གླིང་ཙམ་ལས་དགག་ལན་མིན་པས་ཐུགས་རྒྱལ་མ་བཞེས་རོགས།
    ཉིད་ནས། 《བཀའ་བློན་ཁྲི་བ་ཧ་ཅང་གལ་ཆེན་ཡིན། སྤྱི་འཐུས་ལས་ཀྱང་གལ་ཆེན་ཡིན། རྒྱུ་མཚན་སྤྱི་འཐུས་ནང་གི་ཐག་གཅོད་ནི་ལག་པ་མང་ཉུང་གི་ཐག་གཅོད་ཡིན། བླུན་པོ་ལག་པ་མང་ས་ནས་སྤྱི་འཐུས་ནང་གི་ཐག་གཅོད་ནི་བླུན་པོའི་ཐག་གཅོད་ཡིན།》
    ༡ ལན། སྤྱི་འཐུས་ཀྱིས་མང་མོས་ཐོག་ནས་ཐག་གཅོད་བྱས་པ་དེ་ནི་མང་གཙོའི་ལམ་ལུགས་ཞིག་ཡིན་དེ་ནི་ཡང་དག་པ་ཡིན་པར་ངོས་འཛིན་བྱ་བཞིན་ཡོད། དེ་ནི་ཉིད་ནས་མང་གཙོའི་གོ་རྟོགས་མ་བསད་པའི་སྐྱོན་དུ་མཐོང་།
    འོན་ཀྱང་《བླུན་པོ་ལག་པ་མང་ཞེས་སོགས་བླུན་པོས་ཐག་གཅོད་ཡིན་》ཞེས་པ་ཕྲན་ནས་ཀྱང་གནད་འགག་ཞིག་ལ་རྩིས་ནས་སྤྱི་འཐུས་ནི་ལྷག་བསམ་དང་ཤེས་ཡོན་ཡོད་པ། ཕྱོགས་ཞེན་གྱི་རུལ་དྲི་མེད་པ་སྤུས་དག་ཞིག་མ་སླེབ་ན་ཉེན་ཁ་མཐོང་ནས་བཀའ་ཁྲི་ལས་སྤྱི་འཐུས་གལ་ཆེ་བ་རེད་ཟེར་བ་དེ་ཡིན།
    ཡང་ཉིད་ནས། 《ཡང་གྲོས་ཚོགས་ནས་དོན་ཆེན་ཐག་གཅོད་བྱས་ནའང་འཛིན་སྐྱོང་བཀའ་ཤག་གིས་ལག་བསྟར་མ་བྱས་ན། སྤྱི་འཐུས་བྱེད་ཡ་ཅི་ཡང་མེད།》
    ༢ བཀའ་ཤག་ཀྱང་ཁྲིམས་དང་སྒྲིགས་གཞི་ཞིག་གིས་སྟེང་འཚོ་དགོས་པ་ལས་གང་ལའང་བལྟོས་མེད་རྟག་ཅིག་རང་དབང་ཅན་ཞིག་ག་ལ་ཡིན། གྲོས་ཚོགས་ཀྱིས་གཏན་འབེབ་བྱས་པའི་སྒྲིགས་གཞི་ཞིག་ཡིན་ཕྱིན་དེ་བཀའ་ཤག་ནས་རྩིས་མེད་གཏོང་རྒྱུའི་དབང་ཚད་མེད་ལའང་ལག་ལེན་བལྟར་དགོས་པ་ནི་བཀའ་ཤག་གི་འགན་འཁྲི་ཡིན། ཉིད་ཀྱི་གསུང་བར་བྱས་ན་བཀའ་ཤག་དེ་གང་ལ་ལྟོས་མི་དགོས་པ་ལྟ་བུ་དང་གྲོས་ཚོགས་གྱི་གཏན་འབེབ་བྱས་པ་དག་ཀྱང་བརྩིས་མེད་བྱས་ཏེ་བཀའ་ཤག་རང་གི་གང་དྲན་བྱས་མཆོག་མཉམ་བཞིན་པ་ནི་རྒྱ་དམར་གྱི་ཆབ་སྲིད་འཛིན་སྐྱོང་བྱ་ཕྱོགས་ཀྱི་ཤན་ཞུགས་ཞིག་ཐེབས་འདུག་པས་ཉིད་ཀྱང་དར་དམར་འོག་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པ་གསལ་སྟོན་གནང་འདུག།
    ཉིད་ཀྱི་གསུང་པ་ལྟར་གྱི་བཀའ་ཁྲི་ན་གཞོན་ལྷག་བསམ་དང་ཤེས་ཡོན་ཉམས་མྱོང་ཡོད་པ་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་དང་ཕྱོགས་ཀྱི་རུལ་དྲི་མེད་མཁན་ཞིག་བྱུང་ན་གཡང་ཊིའི་རྒང་གི་ཡར་མགྲོན་ཡིན་ཀྱང་། དེ་བས་ཀྱང་གྲོས་ཚོགས་ཀྱི་རྭ་བ་དེ་འཐེན་འཁྱེར་དང་ཕྱོགས་ཞེན་གྱིས་བཤད་སྒྲ་ཚོགས་ས་ལྟ་བུ་མ་ཡིན་པར་ཚད་ལྡན་གྲོས་ཚོགས་ཞིག་ཏུ་བསྐྲུན་ཐུབ་པ་བྱ་རྒྱུ་ནི་ཁ་ཚ་དགོས་བསྟུག་ལྟ་བུ་མཐོང་།

    གཞན་ཡང་གནས་ཚུལ་གཞན་ཞིག་དང་འབྲེལ་ནས་བཞུས་ན། དེ་རིང་དྲ་ཐོག་གནས་ཚུལ་ 《བཀའ་སྤྱི་གཉིས་ཀྱིས་བྱིས་པ་ཚོར་བཟུང་བའི་རྣམ་འགྱུར》ཞེས་པ་འདིའི་ཀྱང་ཉིད་ལ་ལན་འདེབས་ཆུང་ཆུང་ཞིག་གནང་འདུག དེའི་ནང་གཟིགས་དང་གྲོས་ཚོགས་དང་བཀའ་ཤག་གང་གལ་ཆེ།།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    འཇིགས་བྲལ་བ་སྐུ་ཁམས་བཟང།
    བཀའ་ཟུར་བསྟན་འཛིན་རྣམ་རྒྱལ་ལགས་ཡང་བསྐྱར་བཀའ་ཁྲི་ཕེབས་པ་ཡིན་ན་ད་ལྟའི་བཙན་བྱོལ་གཞུང་གི་ཕྱག་ལས་གནང་ཕྱོགས་ལ་འདོད་པ་མ་གང་བ་ཚོའི་འདོད་པ་གང་བའི་ཕྱག་ལས་ག་འདྲ་བྱེད་ནས་གནང་ཐུབ་ཀྱི་རེད་དམ།

    1.བོད་མི་ཉམ་ཐག་རྣམས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚད་ལྡན་རྣམས་ཀྱི་ནང་དུ་ལས་ཀ་བྱེད་མཁན་གཏོང་གི་རེད་པས།

    2.བོད་རྒྱལ་ཁབ་འདི་རྒྱ་ནག་གི་ཆ་ཤས་མིན་པའི་ལྟ་བ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་སྡོད་ཀྱི་མིན་གསུང་གི་རེད་པས།

    3.བོད་རང་བཙན་གཙང་མ་རྩོད་ནས་མི་རབས་ནས་མི་རབས་བགྲོད་ཐུབ་པའི་ཆབ་སྲིད་ལམ་ཕྱོགས་གཅིག་འཛིན་གྱི་རེད་པ༷ས།

    ང་ཚོང་བོད་མི་ཉམ་ཆུང་ཚོའི་འདོད་པ་མ་གང་བ་རྣམས་ག་འདྲ་བྱེད་ནས་གང་བ་ཡོང་གི་རེད་དམ།

    Reply
  6. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ངའི་ཕྱི་ལོ་ ༢༠༡༡ ལོའི་བཀའ་ཁྲིའི་འོས་མི་ནི་བསྟན་འཛིན་རྣམ་རྒྱལ་ལགས་ཡིན། དེ་ལ་རྒྱུ་མཚན་འགའ་ཡོད།

    ༡ ཁོང་ཁྲི་ཟུར་ཡིན་པ་མ་ཟད། ད་ལྟ་ཁྲི་ཟུར་འཇུ་ཆེན་དང་། བཀའ་ཟུར་ཨ་ལགས་འཇིགས་མེད་སོགས་བཀའ་ཟུར་ཁག་ཅིག་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་གནས་ཚུལ་གོ་རྒྱུ་ཡོད་པ་དེ་རེད། འདིའི་ཆབ་སྲིད་ཀྱི་རྒྱབ་ལྗོངས་ལ་འགྲེལ་བཤད་འདྲ་མིན་རྒྱག་གི་ཡོད་པ་རེད། གང་ལྟར་ཁོང་ལ་ཆོལ་ཁ་གཞན་གཉིས་ཀྱི་གནད་ཡོད་མི་སྣ་གོང་གསལ་དག་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་ཁྲི་པ་ཆགས་ན་ཕྱག་ལས་གནང་བདེ་པོ་ཡོང་གི་རེད།

    ༢ ཁྲི་ཟུར་ཁོང་དགུང་ན་མཐོ་པོ་ཡིན་པ་དང་། སྔར་ཁྲི་པ་གནང་སྐབས་འཇོན་ཐང་བཏོན་རབས་ཚང་མའི་ངག་ལ་འབྱར་བསྡད་ཡོད་པ་དེ་རེད། དེར་བརྟེན་ཁོང་ལ་དཀའ་ངལ་མང་པོ་འཕྲད་པའི་གནས་ཚུལ་བྱུང་བ་རེད།

    ༣ ཁྲི་ཟུར་ཁོང་བོད་ཀྱི་སྐུ་དྲག་གི་མི་བརྒྱུད་ཡིན་པས་གནའ་དེང་གི་ལམ་དང་ལུགས་སྲོལ་ཆ་ཚང་ཤེས་ཀྱི་རེད།

    ༤ བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་བརྗེས་པའི་རྗེས་སུ་ཡང་བསྐྱར་བཀའ་ཟུར་ཚོས་དབང་ཆ་བསྐྱར་ལེན་གྱི་འབད་བརྩོན་འདི་ལེགས་གྲུབ་བྱུང་ན་ད་ལྟའི་བཙན་བྱོལ་གཞུང་གི་ཕྱག་ལས་གནང་ཕྱོགས་ལ་མི་འཐད་མཁན་མང་པོ་ཞིག་ཡོད་པ་དེ་ཚོར་གོ་སྐབས་གསར་པ་ཞིག་ཐོབ་ཀྱི་རེད།

    Reply
  7. འབའ་ཐང་གི་བུ། says:
    ལོ་ 15 སྔོན།

    དེ་ལྟར་ཡིན་ན་བསྐྱར་སྐོར་ཡང་སྐོར་བྱས་ནས་ཟློས་བརྗོད་མི་དགོས་པར་ཤེས་ཡོན་དང་ཉམས་མྱོང་གཉིས་ལྡན་གྱི་གཞོན་སྐྱེས་ཤིག་བཀའ་ཁྲིར་གདམས་ན་ཆོག་ཀི་ཡཱ།

    ཤེས་མྱོང་ཡོད་ཀྱང་མི་རབས་རྒན་པ་ཞིག་ཡིན་ན་བཀའ་ཁྲིར་གདམས་བྱ་མི་འོས་ཟེར།
    གཞོན་སྐྱེས་ཤེས་ཡོན་ཅན་ཡིན་ཀྱང་ཉམས་མྱོང་མེད་ན་དེ་མཚུངས་བཀའ་ཁྲིར་མི་འོས་པ་གཅིག་མཚུངས་ཡིན།

    འོ་ན་བཀའ་ཁྲི་ནི་གནའ་དེང་གི་ཤེས་ཡོན་གཉིས་ལྡན་ཐོག་ཉམས་མྱོང་ཕུན་སུམ་ཚོགས་ཤིང༌། སྟག་ཤར་གཞོན་པ་ཞིག་ཡིན་དགོས་ན་གཤམ་ཏུ་ཐོ་འགོད་བྱེད་པའི་མི་སྣ་དེ་དག་ཡིན་ཆོག ཁྱེད་ཅག་གིས་ཁོང་རྣམ་པ་སྐབས་གསུམ་པའི་བཀའ་ཁྲིར་འོས་འགབ་མཆིས་མིན་བསམ་གཞིགས་ཤིག་གནང་སྟེ་དགོངས་ཚུལ་འདྲ་ཡོད་ན་ནན་རྗོད་བྱེད་ན་འགྲིག་གི་ཡཱ།

    ༡ བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།
    ༢ སྐུ་ཚབ་སྐལ་བཟང་རྒྱལ་མཚན།
    ༣ ཚོགས་གཅོ་སྤེན་པ་ཚེ་རིང༌།

    Reply
  8. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    ༡༽བཟོད་པ་ལྷ་རྩེ་ལགས་ཀྱི་བསམ་ཚུལ་ལའང་གཅིག་མཚུངས་ཀྱི་སྐྱོན་ཞིག་ཡོད་པ་ནི་མི་རབས་གསར་བ་ཡར་ལངས་པ་ནི་རྒན་རབས་པ་ཆ་ཚང་རྐུབ་སྟེགས་ལས་འདེད་དགོས་ཟེར་བ་དང་སྐྱོན་འབྲུ་བྱས་པ་ཅི་ཡང་མ་རེད། དེ་ཤེས་དགོས།
    ལྷག་པར་སྤྱི་འཐུས་ལས་བཀའ་བློན་ཁྲི་བ་གལ་ཆེན་མིན་པའི་གླེང་ཕྱོགས་དེ་ནོར་འཁྲུལ་རེད། གླེང་ཕྱོགས་འདི་བོད་ཀྱི་མཐོ་རིམ་མི་སྣ་ཚོས་ཐེངས་ཁ་ཤས་ལ་བཤད་སོང་། བཀའ་བློན་ཁྲི་བར་དམིགས་བསལ་གྱིས་བྱེད་རྒྱུ་ཅི་ཡང་ཡོད་ནི་མ་རེད། གྲོས་ཚོགས་ནས་གཏན་འབེབ་བྱས་པ་དེ་ལས་འདའ་ཆོག་གི་མ་རེད་ཅེས་བཀའ་ཁྲི་ནི་སྤྱི་འཐུས་ཚོའི་བཀའ་བཀོད་ཁོ་ན་ཙམ་དུ་སྨྲ་བ་དང་། ཕྱོགས་གཅིག་ནས་མང་ཚོགས་ཀྱིས་མང་གཙོའི་ཐོབ་ཐང་དང་ལེན་མི་བྱེད་ཀི། བཀའ་ཁྲི་སྐབས་གཉིས་པའི་སྐབས་སུ་འོས་རྡུགས་མཁན་གྱི་བརྒྱ་ཆ་སུམ་ཅུ་ཟིན་མེད་པའི་སྐད་རྒྱག་བཞིན་པ་བཅས་ནི་ཁ་གཅིག་གི་ནང་གི་ཚིག་གཉིས་ཟེར་བ་དེ་རེད། འགྲེལ་བཤད་འདི་འདྲ་བཤད་ན་མང་ཚོགས་ཀྱིས་མགོ་རྨོངས་ཀི་ཡོད།

    བཀའ་བློན་ཁྲི་བ་ཧ་ཅང་གལ་ཆེན་ཡིན། སྤྱི་འཐུས་ལས་ཀྱང་གལ་ཆེན་ཡིན། རྒྱུ་མཚན་སྤྱི་འཐུས་ནང་གི་ཐག་གཅོད་ནི་ལག་པ་མང་ཉུང་གི་ཐག་གཅོད་ཡིན། བླུན་པོ་ལག་པ་མང་ས་ནས་སྤྱི་འཐུས་ནང་གི་ཐག་གཅོད་ནི་བླུན་པོའི་ཐག་གཅོད་ཡིན། རྨོངས་པའི་ཐག་གཅོད་ཡིན། མཚམས་རེར་ཕྱོགས་ཞེན་གྱི་ཐག་གཅོད་ཀྱང་ཡོང་སྲིད། དེའི་ཕྱིར་གྲོས་ཚོགས་ནང་གི་ཐག་གཅོད་ལ་རིན་ཐང་ཆེ་བའི་ཁྱབ་བ་མེད། བཀའ་ཁྲི་རྣམ་དཔྱོད་ཅན་ཐབས་མཁས་པོ་ཅན་ཞིག་ཡིན་ན་ནུས་པ་ཆེན་པོ་འདོན་ཐུབ། དེ་རྒྱུ་མཚན་གཅིག་ཡིན།

    ཡང་གྲོས་ཚོགས་ནས་དོན་ཆེན་ཐག་གཅོད་བྱས་ནའང་འཛིན་སྐྱོང་བཀའ་ཤག་གིས་ལག་བསྟར་མ་བྱས་ན། སྤྱི་འཐུས་བྱེད་ཡ་ཅི་ཡང་མེད། དེའི་ཕྱིར་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ལས་ཀ་ཚགས་ཚུད་བྱེད་པ་སོགས་ཡོད་ཚད་བཀའ་ཤག་དང་དེ་ལས་ཀྱང་བཀའ་ཁྲིར་ཐུག་ཡོད། ལྷག་པར་༸གོང་ས་མཆོག་གིས་ཕྱེད་བགྲེས་ཡོལ་གནང་བ་རེད། མ་འོངས་པར་ཡོངས་སུ་བགྲེལ་ཡོལ་གནང་མི་སྲིད་པ་མིན་པས་འགན་ཡོད་ཚད་བཀའ་ཁྲིས་ལེན་དགོས་པ་རེད། དེའི་པྱིར། ཧ་ཅང་ཧ་ཅང་གི་གལ་ཆེ་བ་ནི་བཀའ་ཁྲི་ཡིན།

    ལྷག་པར་ང་ཚོ་ལྟ་བུའི་ཤེས་རྨོངས་མཁྲེགས་བཟུང་གི་སྤྱི ཚོགས་ཤིག་གི་ནང་མི་སུམ་ཅུ་བཞི་བཅུ་འཇོན་ཐང་ཅན་དང་། མི་སྤུས་ཅན། ཤེས་རབ་ཅན་བཅས་རྙེད་རྒྱུ་ཧ་ཅང་ཁེགས་པོ་རེད་ལ། སྔར་ཡང་རྙེད་མེད་པ་མིང་གིས་མཐོང་བ་དེ་ལྟར་རེད། དེའི་ཕྱིར། ང་ཚོ་ལ་བཀའ་ཁྲི་ཚད་ལྡན་མི་སྤུས་ཅན་ཞིག སྙིང་སྟོབས་ཅན་ཞིག རྣམ་དཔྱོད་ཅན་ཞིག རྒྱ་གུང་ཁྲན་གྱིས་བལྟས་ན་ཉམས་དམའ་མི་དགོས་པ། རྒྱལ་སྤྱིས་སྤྱི་ཚོགས་ཀྱིས་བལྟས་ན་ཚད་ལྡན་དུ་མཐོང་བ་ཞིག་འདེམས་དགོས་པ་ནི་དངོས་ཡོད་དང་། གལ་ཆེན་དེ་རེད་ལ། བོད་ཀྱི་རྩ་དོན་ཐད་ནས་བལྟས་ནའང་གདམ་ག་དེ་ལས་ཅི་ཡང་མི་འདུག་གོ །
    ༢༽ དྲ་གྲོགས་སྤོབས་པ་ལགས། མི་རབས་གསར་བའི་ཚད་གཞི་སྐབས་འདིར་གལ་ཆེན་མ་རེད། དེའི་ཕྱིར་དེ་ལ་ལན་རྒྱག་དགོས་དོན་མི་འདུག འདི་ནི་ང་བོན་རྒྱ་མི་གཅིག་གི་ལྟ་ཚུལ་ཡིན།

    Reply
  9. ཕུན་ཚོགས ། says:
    ལོ་ 15 སྔོན།

    འདས་པའི་མི་ལོ་འདི་དག་གི་རིང་ལ་བཙན་བྱོལ་སྤྱི་ཚོགས་ནི་ན་གཞོན་གྱི་གླུ་སྐད་ཡོངས་སུ་ཆད་པའི་སྤྱི་ཚོགས་ཤིག་ཏུ་གོ་བ་ལེན་པ་ནི་སྤྱི་ཚོགས་འདི་ལ་རྒྱུས་ལོན་རྩད་ནས་ལེན་མཁན་ཚོའི་མཐུན་སྣང་གི་ལྟ་ཚུལ་རེད་ལ།ཅིས་ཀྱང་ན་གཞོན་གསར་པའི་དཔུང་ཁག་ཅིག་ཧར་གྱིས་ལོང་དགོས་པའང་དུས་རབས་དང་ལོ་རྒྱུས་ཀྱི་འབོད་པ་རེད།
    འུ་ཚོའི་སྤྱི་ཚོགས་ལ་མཚོན་ན་གནད་དོན་འདི་དག་གླེང་ཐུབ་པ་ནས་སྒྲུབ་ཐུབ་པའི་བར་གྱི་རྒྱང་ཤེད་ཤིན་ཏུ་རིང་བས་མི་ལ་ལ་ཤིག་ཐང་ཆད་ཅིང་འཆི་ལ་ཁད་བྱེད་ཀྱིན་པའི་སྐབས་འདིར།ཀི་སྒྲ་ལྟ་བུའི་རྩོམ་ཡིག་འདི་ལྟ་བུ་ཞིག་བྱུང་བ་ནི་ང་ཚོར་དབུགས་དབྱུང་ཐེངས་གཅིག་སྦྱིན་པའི་སྟ་གོན་བྱེད་པ་དང་ཀུན་ནས་མཚུངས།
    ཡིན་ཡང་ཅིས་ཀྱང་ལང་དགོས་པའི་ན་གཞོན་གསར་བའི་དཔུང་ཁག་འདི་ཇི་ལྟར་ལང་དགོས་པའི་ཐད་ལ་རྩད་ནས་སྔོག་ཅིང་ཞིབ་ཏུ་ཉན་དགོས་པའི་དོན་གནད་འགའ་ཞིག་ཡོད་པ་ནི།གསར་གཏོད་དང་དཀྱེལ་ཡངས་ཀྱི་ཀི་རིང་འདེབས་སའི་གཞིས་ཁྱིམ་གསར་བ་ཞིག་དང་།ཐེར་འདོན་དང་དགག་སྒྲུབ་ཀྱི་བསྲན་ཁ་ཚུགས་པའི་བློ་ཁོག་ཆེན་པོ་ཞིག་ནི་ཅིས་ཀྱང་སྔོན་དུ་འགྲོ་དགོས་པའི་དམ་ཚིག་གསལ་བོ་དེ་ཡིན་པས།འུ་ཚོ་མི་རབས་གསར་བ་རྣམས་ཡར་ལ་ལང་བའི་ལམ་བར་ཏུ་ཤ་འཐག་རུས་གཅོག་གི་ཉེས་པ་སུ་ལའང་ཡོང་སྲིད་ཅིང་།དེ་ལྟར་ཡོང་བར་བསྲན་ཚུགས་ཀྱི་འདུ་ཤེས་དང་བློས་གཏོང་གི་སྤོབས་འདང་བར་བྱེད་དགོས་པ་ནི་རང་ཉིད་ནས་མགོ་སློང་བར་བྱེད་དགོས་པའི་གཙོ་གནད་དམ་པ་དེ་ཡིན་པ་མ་ཟད།འདི་ནི་མི་རབས་གསར་བའི་ས་མཚམས་སླུ་བ་མེད་པ་དེའང་ཡིན།
    • འདི་ནི་བསམ་ཚུལ་ཙམ་ཡིན།དུས་ཚོད་ཀྱིས་ལྕོགས་ན་རྩོམ་ཡིག་འདི་ལ་བསམ་ཚུལ་བཤད་ཆོག

    Reply
  10. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    ༡༽ཨ་ཁུ་སེར་ལྷོ་བས་བཤད་པ་བཞིན། ང་ཚོས་ད་ལྟ་ནས་སེམས་རྒྱ་ཆེར་བསྐྱེད་ཀྱིས་མིག་གིས་རྒྱང་རིང་ལ་ལྟ་དགོས་ཀྱི་འདུག
    ༢༽གྲོགས་མཆོག་འབྲོང་ཐུ་ལགས། ང་ཚོ་ལ་གྲལ་བསྒྲིགས་པའི་རུ་དཔུང་གསར་བ་ཞིག་མེད་རུང་། ལང་ཚོའི་གསོན་ཤུགས་ཀྱིས་ཕྱུག་པའི་མི་བུ་རང་ཚུགས་ཅན་རེ་ཡར་ལངས་ཀྱིན་པ་འདི་ང་ཚོའི་འོད་ཟེར་སྟོང་གི་ལམ་སྣེ་དེ་ཡིན་པར་འདོད་དེ་འབོད་སྒྲ་འདི་ཁོག་ལ་མ་ནོར་པས་ཁ་ནས་ཤོར་ཐལ་ཡ།
    ༣༽རི་བོང་བློ་ལྡན་གྱི་དྲི་བ་དག་ནི་སྐུ་ཞབས་ཁང་གསར་བས་ལན་རྒྱག་དགོས་པའི་གལ་གནད་ཅན་འགའ་ཤས་རེད། ཡིན་ནའང་། བདག་གིས་སྐུ་ཉིད་ཀྱི་ལྷག་བསམ་གྱིས་མ་འདང་བ་དང་དུངས་ཞེན་གྱི་དབང་ལ་སོང་བར་དོགས་པ་ཙམ་ཡང་ཟ་གི་མེད་པ་མ་ཟད། ཁྱེད་ཀྱིས་བདག་ལ་བཤད་པའི་དོགས་གནས་དེ་དག་ནི་ངེས་པར་ངས་གསལ་བཤད་བྱེད་དགོས་པ་ཁ་ཤས་ལ་ངོས་བཟུང་ནས་སེམས་བསམ་པའི་སྟེང་ནས་དགའ་གི་ཡོད། ད་ལྟའི་བར་གྱི་སྐུ་ཉིད་ཀྱི་རྩོམ་ཡིག་ལས་རྙེད་པའི་ཁྱེད་ཀྱི་་མི་སྤུས་དང་རྣམ་འབྱེད་ཤེས་རབ་ཀྱི་རྣོ་དབལ་ལ་བསམ་བློ་ཞིག་བཏང་ན། ཁྱེད་ནི་ཆོལ ཞེན་དང་དུངས་ཞེན་གྱི་དབང་དུ་རང་ཕྱོགས་ལ་བཤད་ན་དགའ་ཅོག་ཅོག་དང་། སྨད་ན་ནག་རོག་རོག་བྱེད་མཁན་གྱི་རྩོམ་པ་པོ་ཞིག་མིན་པར་ཡིད་ཆེས་གཙང་མ་ཡོད་པས། མིག་གིས་མི་མཐོང་བའི་ནག་ཉེས་དེ་འདྲ་དང་ཞྭ་མོ་དེ་འདྲ་མ་སྐོན་རོགས་ཞེས་ཞུ་བ་ཞིག་དྲ་གྲོགས་ཀུན་ལ་ཞུས་པ་ཡིན།

    Reply
  11. བདེན་པ་བདེན་རྐྱང་། says:
    ལོ་ 15 སྔོན།

    མི་རབས་གསར་པ་ལོངས་ཤོག་ཅེས་པ་ལས་བོད་མི་ཚོས་འདུ་ཤེས་གསར་པ་ཞིག་བཟུང་ནས་འོས་ཤོག་འཕེན་དུ་ཤོག་ཅེས་བརྗོད་ན་ལན་པོ་འདུག དེ་མིན་ཁྱེད་ཀྱི་སྐད་ཆ་དེར་གྲལ་རིམ་དབྱེ་འབྱེད་ཀྱི་ཆ་ཞིག་འདུག བཤད་ཕྱོགས་འདིས་ཤུགས་རྐྱེན་ངན་པ་སྤྲོད་སྲིད།

    བློ་བཟང་སང་གེ་བཀའ་ཁྲིར་འོས་ཐོབ་མིན་ནི་བོད་ཀྱི་མི་རབས་གསར་པ་ལ་ཐུག་མེད་པར་བཙན་བྱོལ་བོད་མི་ཚོས་འདུ་ཤེས་གསར་པ་ཞིག་འཛིན་ཐུབ་མིན་ལ་རག་ལས་ཡོད། གནད་འགག་ནི་འདི་ཡིན།

    ཁང་གསར་གྱིས་ཁྱེད་ཀྱི་སྐད་ཆ་དེ་བློ་བཟང་སེང་གེ་ལ་འོས་ཐོབ་པར་གནོད་ས་རེད་ཅེས་པ་དེ་ཡང་བདེན་གཏམ་ཞིག་རེད། གང་ཡིན་ཟེར་ན་བློ་བཟང་སེང་གེ་ལ་འོས་འཕེན་པའི་སྐབས་སུ་ཁ་གཏད་ལྷག་མ་ཞིག་ཏེ་མི་རབས་གསར་རྙིང་ངམ་རྒན་གཞོན་གྱི་ཁ་གཏད་ཅིག་ཀྱང་ཡོང་གི་རེད།

    བློ་བཟང་སེང་གེ་བང་ཆེན་གསར་ཁང་གིས་སློབ་སྟོན་པ་བྱས་པ་དེས་ཀྱང་ཁོང་ལ་ལྟ་སྟངས་མི་ལེགས་པ་བྱུང་ཡོད་པ་རེད། དེ་ནི་གསར་ཁང་དེ་འཛུགས་མཁན་གྱི་རྒྱབ་ལྗོངས་མི་གཙང་བས་རེད། འདི་ནི་མང་ཚོགས་ཀྱི་འདུ་ཤེས་འཛིན་ཚུལ་ཙམ་རེད། འོས་ཤོག་ལ་ཕན་གནོད་འབྱུང་མིན་མི་ཤེས།

    སྤྱིར་ན་ཁྱེད་ཀྱིས་མི་རབས་གསར་རྙིང་ཞེས་པ་དེ་ལོ་ན་ལྔ་བཅུ་ཟིན་མ་ཟིན་ཙམ་གྱི་རྒན་གཞོན་ཙམ་གྱིས་མཚམས་ཚིགས་ཕྱེས་པ་དེ་ཧ་ཅང་བཞད་གད་ཀྱི་གནས་རེད་ལ་ལྟ་བ་བརྟན་པོ་མེད་པའི་རྟགས་ཀྱང་རེད།
    ལོ་ན་ལྔ་བཅུ་ཙམ་འཚམས་ཚིགས་བྱས་ན་ང་ཚོའི་སྤྱི་འཐུས་བརྒྱ་ཆ་བརྒྱད་ཅུ་མི་རབས་གསར་པ་རེད། འོན་ཀྱང་ཕྱོགས་རེས་འཐེན་འཁྱེར་ཆེ་ཞིང་། ཀླད་རྙིང་མཁྲེག་འཛིན་ཆེ་བ། ཤེས་ཡོན་འཇོན་ཐང་མེད་ཅིང། གོ་རྟོགས་མཐོང་རྒྱ་མེད་ན་ལོ་ན་གཞོན་མ་གཞོན་ཙམ་ལ་ཁྱད་པར་ཡེ་ནས་མི་འདུག

    ངས་དཔེ་མཚོན་ཞིག་འཇོག་གསེར་རྟ་ཚུལ་ཁྲིམས་འོད་ཟེར་དང་། གསེར་རྟ་ཚུལ་ཁྲིམས་གཉིས་ལྗོངས་ཀྱི་ཐོག་ནས་འཐེན་འཁྱེར་ཆེན་པོ་ཞིག་གི་ཐོག་ནས་ཡོང་བ་རེད་ལ་སྡིངས་ཆའི་སྟེང་ནས་ཀྱང་འཐེན་འཁྱེར་བྱེད་མཁན་གཙོ་བོའི་གྲས་རེད། ལྷག་པར་དུ་མི་འདི་གཉིས་སྤྱི་འཐུས་ལ་འདེམས་པ་དེས་མདོ་སྟོད་སྨད་གཉིས་ཀྱིས་ཞབས་འདྲེན་བླ་ན་མེད་པ་ཞུས་ཡོད།

    དེ་བཞིན་དུ་འཇུ་ཆེན་དཀོན་མཆོག་དང་། ཨ་མདོ་བློ་བཟང་བསྟན་འཛིན་གྱི་བུ་མོ་ལྟ་བུ་ཤེས་འཇོན་མེད་ཀྱས་ཁྱིམ་ཚང་གི་རྒྱབ་ལྗོངས་སྟེང་ནས་སྤྱི་འཐུས་སུ་བསླེབས་པ་རེད།

    བསོད་ནམས་སྟོབས་རྒྱལ་དང་བསྟན་འཛིན་མགོན་པོ་ཀརྨ་ཆོས་འཕེལ་ལྟ་བུ་ནི་རྙོག་དྲ་སློང་ལ་དགའ་བས་སྤྱི་འཐུས་སུ་བསླེབས་པ་རེད།

    དེ་དང་དེ་བཞིན་དུ་ཆོས་རྒྱུད་ནང་ཁུལ་གྱི་འཐེན་འཁྱེར་དབང་གིས་བསླེབས་་དང། ཚོང་བ་ཡིན་པས་བསླེབས་པ། སྐུ་དྲག་གི་ཁྱིམ་རྒྱུད་ཡིན་པས་བསླེབས་པ་སོགས་མཐར་གཏུགས་ན་སྤྱི་འཐུས་བརྒྱ་ཆ་བརྒྱད་ཅུ་ཡོང་སྟངས་ཀྱི་རྒྱབ་ལྗོངས་གཙང་མ་གང་ཡང་མེད།

    འདི་ང་ཚོའི་སྤྱི་ཚོགས་ཀྱི་འདུ་ཤེས་རྙིང་བ་དང་། ལམ་ལུགས་རྙིང་བ། ལྟ་ཚུལ་རྙིང་བ་དག་ལ་ཤུགས་ཆེན་པོར་འབྲེལ་ཡོད་པ་ལས་ལོ་ན་རྒན་གཞོན་ཙམ་ལ་གཏན་ནས་འབྲེལ་མེད།

    སྐུ་ཞབས་ཁང་གསར་གྱིས་དེ་སྔོན་བཀའ་བློན་ཁྲི་བ་དང་མཉམ་དུ་འཕག་འདོད་པའི་ཚོགས་པ་ཚོ་ཞེས་པ་བྲིས་འདུག བདེན་པ་འདྲ་བོ་འདུག ད་ནི་བཀའ་བློན་ཁྲི་བ་དང་མཉམ་དུ་འཕག་འདོད་པའི་མི་སྒེར་ཁ་ཤས་ཀྱང་ཡོང་གི་འདུག བླ་རྒན་བོན་རྒྱ་ནི་དེའི་གྲས་ཤིག་རེད། དེ་ནི་མི་འོས་པའི་ལས་མིན་མོད། སྐབས་རེ་རང་གི་ཀུན་སློང་ལ་ཡང་ཞུས་དག་རེ་གནང་ན་ཡག་གི་རེད།

    Reply
  12. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    སྤྱིར་ན་མི་རབས་གསར་རྙིང་ཟེར་བའི་ས་མཚམས་དེ་གང་ཞིག་ལ་འཇོག་གིན་ཡོད།

    Reply
  13. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    མི་རབས་གསར་པའི་སྙིང་སྟོབས་དང་བསྒྲགས་གཏམ་ཞེས་པའི་རྩོམ་ཡིག་དེའི་སྤྱིའི་ཆ་ནས་རྒྱབ་བསྐྱོར་ཞུ་རྒྱུ་ཡིན་ལགས་སྤྱི་ཚོགས་སྟེང་ཉམས་ཞིབ་མ་གདེངས་བའི་ཆ་མང་པོ་ཞིག་མངོན་བཞིན་བརྟེན་དེ་ཚོ་ལ་རྩོམ་པ་པོ་ནས་སྣང་ཆུང་ཆེ་བ་བའི་སྐྱོན་ཞིག་ཀྱང་མཐོང་།

    ངས་བལྟ་ཚུལ་ལ་བཀའ་ཁྲི་ལས་སྤྱི་མཐུས་ཚོ་གལ་ཆེ་བ་མཐོང་། སྤྱི་མཐུས་ནི་ཁྲིམས་བཟོ་ལྷན་ཁང་རེད། བཀའ་ཁྲི་ནི་འཛིན་སྐྱོང་ལྷན་ཁང་རེད། སྤྱི་མཐུས་ཀྱིས་ཁྲིམས་དང་སྒྲིགས་གཞི་གཏན་འབེབས་བྱས་པ་དེར་བཀའ་ཁྲིའི་འཛིན་སྐྱོང་བྱ་དགོས་པ་ཡིན། དེ་དག་ལ་ཡིན་གཅིག་མི་རབ་གསར་དགོས་ཡས་ཡོད་མ་རེད་དོན་དངོས་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་མཁན་ཞིག་ངེས་པར་དགོས་ཀྱི་འདུག

    དེ་སྔོན་གྱི་སྤྱི་མཐུས་གྲོས་ཚོགས་ར་བའི་ནང་འཐེན་འཁྱེར་དང་འུར་གཏམ་བཤད་མཁན་གྱིས་གྲྭ་གཞོན་དེ་དག་ཀྱང་མི་རབ་གསར་པ་ཡིན་པས་མི་རབ་གསར་པ་ཡིན་ན་འཐེན་འཁྱེར་མེད་ཞིག་མ་ཡིན་པ་དེ་དག་ནས་ཤེས་ཚོད་རེད།

    ད་ལྟ་མི་རབ་རྒན་པ་ཚང་མ་ན་རྒས་ནུབ་ཁའི་གྲིབ་ནག་རེད་ཟེར་བ་དེ་ཡང་ཏག་ཏག་གཅིག་སྡད་ཨ་ཡོད་བསམ།

    རྒྱལ་ཁབ་སྤྱི་འདྲ་ཞིག་ཡིན་ཀྱང་གཞུང་འཛིན་མི་སྣ་ཕལ་ཆེར་དགུང་ལོ་ལྔ་བཅུ་ཡན་ཀྱང་རེད་མི་རབ་གསར་པ་ཟེར་བ་དེ་བསམ་བློ་གསར་པ་ལ་བཞག་ན་རྒན་རབ་ཀྱི་ནང་དུ་བློ་རྒྱ་ཆེ་ལ་གུ་ཡངས་ཀྱི་བསམ་པ་ཡོད་མཁན་མང་པོ་ཡོད་སྲིད།

    དེ་དག་བསམ་ཚུལ་ཙམ་ཡིན་དཔྱད་ཞིབ་དང་བགྲོ་གླེང་མང་ཙམ་གནང་ན་སྤྱི་སྒེར་ཚང་མར་ཕན་དོགས་ངེས་ཅན་ཡོད་པ་སྨྲོས་མེད་རེད།

    Reply
  14. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོས་བསམ་ཚུལ་བཤད་པ་ཆ་ཚང་གོ་སོང་། ཧ་ཅང་གི་གལ་གནད་ཆེ་བ་གནང་འདུག ལྷག་པར་སྐུ་ཞབས་ཁང་གསར་རྡོ་རྗེ་ཡིས་ཤར་ཀློག་གཅིག་བྱས་ཏེ་ཧ་ཅང་གི་རིགས་པ་ཞིབ་མོས་དཔྱད་པ་གནང་འདུག སྙིང་ནས་དགའ་བསུ་ཞུ།
    རྩོམ་འདིའི་དམིགས་ཡུལ་ནི་མི་རབས་གསར་བའི་འགན་ཞིག་ཁུར་རྒྱུ་དང་། མི་རབས་རྒན་པ་ཚོ་སེམས་ཁྲལ་མེད་པར་འཆི་ཐུབ་རྒྱུ་དེ་ལས་ཙ་ཙོར་གཞན་པ་ཅི་ཡང་མེད། དེ་ལྟར་གྱི་ཞུ་འབོད་ཅིག་ཀྱང་སྔོན་དུ་སོང་ཡོད།

    སྐུ་ཉིད་ཀྱིས་ཁྲི་ཟུར་བཀྲས་མཐོང་ཚང་ཤ་དར་ཁྲག་དར་རེད་ཟེར་བ་དེ་ཡང་ཅུང་བདེ་བོ་མ་བྱུང་མོད། ང་རང་ཉིད་ཀྱི་ངོས་འཛིན་ལ་ཁོང་ནི་དགུང་ནའི་བབ་དང་ཕྱོགས་མང་པོ་ཞིག་ནས་འཁེལ་ནའང་མི་ཆོག་རྒྱུ་མི་འདུག་སྙམ་ནས་དགུང་ན་མཐོན་པོ་ཅན་གྱི་ཁྲི་གདན་ཟུར་གྲས་སུ་མ་བགྲངས་པ་ལས། ཁྲི་ཟུར་ཡིན་པ་མ་ཤེས་པ་མིན།
    བཀའ་བློན་ཚེ་རིང་དོན་འགྲུབ་ལགས་ཀྱི་ལོ་རྒྱུས་ལ་དེ་ཙམ་རྒྱུས་མངའ་མེད། ང་རང་ཉིད་ཀྱང་འབྲོང་ཆུང་དང་ཁོང་གཉིས་ལ་དོགས་པ་ཞིག་ཟོས་ནས་(མ་རེད་དམ་)ཞེས་དྲི་བ་ཞིག་བཏང་བ་ལས། ལོ་ལྔ་བཅུ་བརྒལ་འདུག་ཅེས་གཏན་འབེབ་བྱས་མེད། ཡིན་ནའང་། ལོ་ལྔ་བཅུ་ནང་ལ་མང་གཙོའི་སྲིད་གཞུང་ཞིག་གི་ནང་ནས་མི་གསར་བ་གཉིས་ལས་བསྐྱེད་བསྲིང་བྱེད་མ་ཐུབ་པ་དེ་ཧ་ཅང་གི་ཐབས་སྐྱོ་བོ་ཞིག་རེད་ལ། དེས་ང་ཚོར་གྲ་སྒྲིག་དང་རེ་བ་མེད་པ་དེ་མཚོན་ཐུབ་ཀྱི་འདུག་ག། རྒྱ་ནག་གིས་བཙན་བྱོལ་གཞུང་གི་ཚེ་ཐག་མི་གཅིག་གི་ཚེ་ཐག་ལ་ངོས་འཛིན་གྱིན་པ་དེའང་འཇུ་ས་ཡོད་པ་ཞིག་ལ་གྱུར་བ་མ་རེད་དམ།

    ཨོ་བྷ་མས་ལས་ཀ་དེ་འདྲ་ཐར་ཐོར་མང་པོ་ཞིག་བྱས་ཡོད་ཚོད་རེད། ལྷག་པར་གྲོས་ཚོགས་ནང་ལ་སླེབས་ཙམ་བྱས་པ་བདེན་པ་རེད། ཡིན་ནའང་། ཁོང་གི་ཁ་གཏད་ཀྱིས་ལོ་ག་ཚོད་ལ་གཞུང་གི་ཕྱག་ལས་གནང་འདུག དེ་གཉིས་བསྡུར་ན་ཨ་རིའི་མི་མང་གིས་རྣམ་དཔྱོད་ཅན་གྱི་མི་རབས་གསར་བ་འདེམས་པ་ལས། ཉམས་མྱོང་ཅན་གྱི་མི་རྒན་དེ་འདེམས་མེད་པ་གསལ་བོ་རེད་ལ། སློབ་སྦྱོང་གི་བརྒྱུད་རིམ་ནས་བཤད་ནའང་ཨོ་བྷ་མ་བློ་བཟང་སེང་གེ་བཞིན་ཡོང་ཐུབ་མེད་པ་སྣོག་མ་རྒྱག་དང་དེ་གསལ་བོ་རེད་ལ། ལ་ཤས་ཀྱིས་བཤད་ན་ཨོ་བྷ་མ་ནི་སློབ་གླིང་དེར་དམིགས་བསལ་གྱི་འཛུལ་རབས་ཤིག་་ཀྱང་གོ་སོང་། དེ་ལ་གསལ་བོ་མེད།
    བློ་བཟང་སེང་གེ་ལ་མཚོན་ནའང་། སློབ་གླིང་དེར་འཇོན་ཐང་ཐད་སྐད་གྲགས་ཡོད་པ་དང་། ལྷག་པར་འགྲན་བསྡུར་གྱི་བསམ་བློ་ནི་དམིགས་བསལ་ཅན་ཞིག་དང་། གནད་འགག་ལ་ཐུག་དུས་རྣམ་དཔྱོད་ཀྱི་རྩལ་མ་འདྲ་བ་ཞིག་དང་སྙིང་སྟོབས་དམིགས་བསལ་ཅན་ཞིག་ལ་ངོས་འཛིན་གཅིག་གྱུར་བྱས་ཡོད་ཀ། མི་འདི་འདྲ་བཙན་བྱོལ་གྱི་བཀའ་ཁྲིར་འདམ་ན་བདམས་ཀ་མ་ནོར་བ་རེད་བསམས་ཀྱི་འདུག
    རེ་བ་ཞིག་ལ་ངེད་གཉིས་སུ་ཡིན་ནའང་སྤྱི་ཚོགས་ལ་གླེང་ཕྱོགས་ལྡོག་ཕྱོགས་སུ་མི་སྤེལ་རྒྱུ་དང་། རྩ་དོན་རང་དང་མི་རིགས་ཀྱི་འདམ་ཀ་རང་གི་སྟེང་ནས་གནས་ལུགས་ཤིག་བཤད་པར་འབད་པ་བྱེད། མི་རབས་གསར་བར་ལམ་ཁ་སྤྲད་ན་རྐུབ་སྟེགས་ཡོད་ཚད་སྤྲོད་དགོས་པ་དེ་འདྲ་ཞིག་མ་རེད། དེ་འདྲ་ཞིག་བཤད་ཀྱང་མེད། དགོས་པ་དང་དགག་བྱ་ལ་ལྟ་དགོས་པ་ཤིན་ཏུ་བདེན་ཚོད་རེད། ཡིན་ནའང་། རྒྱལ་སྤྱི་སྟེང་ནས་ཡར་ལངས་ཐུབ་པ་དང་ལམ་ཁ་སྤྲད་ཡོད་པའི་སྐུ་ཞབས་ཁོང་ལྟ་བུ་ལ་ལམ་ཁ་མ་སྤྲད་ན་དྲང་བདེན་རེེད་ཅེས་སུ་གང་གིས་བཤད་སྤོབས་ནི་མ་རེད། ་དེ་བཞིན་་ཁོང་གཅིག་པུ་ཙམ་མིན་པར་རྣམ་དཔྱོད་དང་འཇོན་ཐང་ཅན་གྱི་མི་རབས་གསར་བ་སུ་ཡིན་ནའང་ལམ་ཁ་སྤྲོད་རྒྱུ་བདག་གི་རེ་བ་དང་ཞུ་བ་ཡིན་ལ། རྩོམ་འདིའི་དམིགས་ཡུལ་དང་རེ་བའང་ཡིན་ནོ། ། དེ་མིན་གཞོན་སྐྱེས་གཞན་གྱི་ལག་ཆར་གྱུར་བ་ཚོ་དང་ཆོལ་ཞེན་ཅན་ཚོ། ཅལ་འདྲོགས་ཅན་ཚོ། ཁོ་ཚོ་ཕྱོགས་ཁག་ཅིག་བཟང་རབས་བཤད་ན་དགའ་ནས་འཕུར་ལ་བྱེད་མཁན་དང་། སྐྱོན་ཞིག་བཤད་ནས་ཁྲོ་ནས་གད་ལ་བྱེད་མཁན་ཚོ་ཡར་ལངས་ཤོག་ཅེས་འབོད་སྒྲ་བཏང་བ་གཏན་ནས་མིན་ནོ། །

    Reply
  15. རི་བོང། says:
    ལོ་ 15 སྔོན།

    ཁང་རྡོར་ལགས།
    རྩོམ་ཡིག་འདིས་བློ་བཟང་སེང་གེ་ལགས་ལ་ཇི་ལྟར་གནོད་ཆེ་བར་འགྱུར་ཚུལ་གསལ་བཤད་ཅིག་གནང་རོགས།

    བཀྲས་མཐོང་ག་ཚད་ཤ་དར་ཁྲག་དར་ཡིན་ཀྱང་བློ་བཟང་སེང་གེ་ལ་བལྟས་ན་ལ་མགོ་ཉི་མ་དང་ལ་སྟེང་གི་གྲིབ་མར་གྱུར་འདུག་ལབ་ཀྱང་མ་འགྲིག་པ་ཅི་ཡང་མཐོང་མ་སོང་། འདིའི་རིགས་ནི་ལྟོས་ས་ལྟོས་འཇོག་གི་སྒོ་ནས་འཇོག་དགོས་པས་སོ། །

    འོག་གི་ཁྱེད་རང་གི་མཆན་གྱི་ཡོང་སྟངས་ལ་བལྟས་ན། བློ་བཟང་སེང་གེ་ལ་བསྟོད་བསྔགས་བཏང་དུས་སེམས་ཀྱི་ཟུར་ལ་མ་བདེ་བ་ཞིག་སླེབས་ཀྱིན་ཡོད་པའི་ཚོར་སྣང་བྱུང་སོང་བས། དེ་ལྟར་ཡིན་ན་རང་སེམས་ལ་ཞུ་དག་གཏོང་རོགས།

    སྐུ་ཉིད་དུས་བབ་ཟིན་བྲིས་ནང་མཐོང་ཇི་ལྟར་ཆེ་ཡང་མཁས་དབང་བློ་བཟང་སེང་གེ་བསྡུར་ན་གང་ཡང་མིན་པས། ང་ཚོའི་མི་རབས་གསར་བའི་ནང་ཁོང་འདྲ་བ་ཞིག་ཡོད་པར་དགའ་བསུ་ཞུ་འོས་སོ། །

    Reply
  16. གཉའ་འབྲོང་ཐུ་བུ། says:
    ལོ་ 15 སྔོན།

    སྐད་ཆ་རིན་ཐང་ཅན་ཞིག་བཤད་འདུག་མོད། བྲིན་མིན་དེ་སྤྱི་ཚོགས་ལ་རག་ལས་ཕྱིར། དོན་གྲུབ་རྒྱལ་གྱི༼་ལང་ཚོའི་རྦབ་ཆུ།༽བཞིན་ལང་ཚོའི་རིན་ཐང་ནི་ནམ་ཡང་ཡལ་བ་མེད་ཀྱང་གྲལ་བསྒྲིགས་པའི་རུ་དཔུང་གསར་བ་ཞིག་ད་དུང་བྱུང་མེད་པས་དཀའ་སེ་ཞིག་མིན་ནམ་སྙམ་ལ། སྒྱུ་རྩལ་གྱིས་ཕྱུག་ཆེ་ན་སྒྱུ་རྩལ་གྱི་སྐད་ཆར་དུངས་པའི་ངག་རིག་གི་བུ་མོ་ཚོ་མགྲོན་དུ་བསུ་ཡང་ཀླད་པའི་མ་ལག་ཡོད་ཚད་ན་ཆབ་སྲིད་ཀྱི་བྲོ་གར་འཁྲབ་པའི་སྲིད་དོན་པ་ཚོས་ཅི་ཞིག་གོ་ཡོང་ངམ་སྙམ།

    Reply
  17. སེར་ལྷོ་བློ་བཟང་རྒྱ་མཚོ། says:
    ལོ་ 15 སྔོན།

    གྲོགས་པོ་ལགས། མི་སྐད་ཅིག་བརྒྱབས་སོང་ལ། ཅོང་བརྡ་ཞིག་ཀྱང་གྲག་སོང་།
    གཉིད་མ་སད་ཀྱི་ང་ཚོས་ཅིས་ཀྱང་སྐད་ཆ་འདིའི་རིན་ཐང་ལ་གཞིགས་ཏེ་སོ་སོའི་གོ་རྟོགས་མཐོ་རུ་དང་། སེམས་རྒྱ་ཆེར་བསྐྱེད་ཀྱིས་སྤྱི་འཐུས་དང་བཀའ་ཁྲི་མི་རབས་གསར་པ་ཞིག་ལ་རེ་བ་བྱེད་དགོས་། དེ་ལྟར་དགོས་པའི་རྒྱུ་མཚན་གསལ་པོ་རེད། ལྷག་བསམ་སྟོང་གིས་སྒུལ་ཤུགས་ལས་གྲུབ་ཅིང་། གནས་ལུགས་འབུམ་ཕྲག་གིས་རྒྱན་པའི་རྩོམ་་ཡིག་འདིར་བསྔགས་བརྗོད་ཀྱི་མེ་ཏོག་མི་འཐོར་བའི་སྐྱེ་བོ་སུ་ཞིག་ཡོད་དེ་ཡོད་པའང་དཔེ་མི་སྲིད།
    འདི་ལྟ་བུའི་ལྷག་བསམ་ཟོལ་མེད་ཀྱི་འབེལ་གཏམ་གཏན་ཚིགས་ཀྱི་ལམ་ནས་འཆད་པ་ནི་དགའ་འོས་པའི་གནས་སུ་འཁུམས། འབྱུང་འགྱུར་འདི་དང་འདི་འདྲ་བའི་རྩོམ་ཡིག་མང་ཙམ་སྤེལ་ཐུབ་ན་སྤྱི་ཚོགས་ཀྱི་གྲུ་ཟུར་དུ་ལུས་པའི་སྐྱེ་བོ་མང་པོའི་རྨོངས་གཉིད་དཀྲོག་ཐུབ་པར་སྙམ་མོ།་

    Reply
  18. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    རྩོམ་འདི་འབྲི་སྟངས་ཀྱི་ཆ་ནས་དམིགས་ཡུལ་ལྟར་གྱི་བློ་བཟང་སེང་གེ་ལ་ཕན་ལས་གནོད་ཆེ་བ་ཡོང་ས་རེད།
    གང་ཡིན་ཟེར་ན། གསར་བརྗེའི་འབོད་ཚིག་འདྲ་བོ་མང་པོ་ཞིག་སྤྱད་དེ། འགན་པས་གཞོན་པ་ལ་ལས་འགན་རྩིས་སྤྲོད་དགོས་བཤད་ཅིང་། ཡང་གཞོན་པས་ལས་འགན་ཐེག་ཆོག་ཆོག་ཀྱང་མེད་སྟབས། མི་རབས་གསར་པ་ལོངས་ཤོག་ཅེས་སྐད་འབོད་བྱས་འདུག སྐུ་ཉིད་ཀྱིས་ཕལ་ཆེར་སྙན་རྩོམ་དང་ངར་ཤུགས་སློང་བའི་རྩོམ་ལ་འབྲི་གོམས་ཆེ་བ་མིན་ནམ་སྙམ། ཤར་ཀློག་བྱས་པའི་བསམ་ཚུལ་ཁ་ཤས་ཞུས་ན།

    ཉིད་ཀྱིས་《བཀའ་བློན་ཁྲི་གདན་ཟུར་ཡོད་ཚད། ལ་མགོའི་ཉི་མ་དང་ལ་རྟིང་གི་གྲིབ་མ་རུ་གྱུར་ཡོད》ཅེས་གསུངས་འདུག བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམས་རྒྱལ་ད་ལྟ་ཤ་དར་ཁྲག་དར་རེད། ཇི་ལྟར་ལ་མགོའི་ཉི་མ་ཆགས་པ་རེད།

    ༢༽ ཉིད་ཀྱིས་ཨ་རིའི་ཨོ་བྷ་མ་ལ་ཉམས་མྱོང་མེད་ཚུལ་དང་བློ་བཟང་སེང་གེ་ཨོ་བྷ་མ་ལས་མཁས་གྲགས་ཆེ་ཟེར་བའི་གཞི་འཛིན་ས་ཅི་ཡིན། ཨོ་བྷ་མ་ནི་ཁོང་གི་ལོ་ཚོད་ལ་གཞིགས་པའི་ཁྲིམས་དང་ཁྲིམས་བཟོ། རྩོམ་སྒྲིག དང་བླངས་ལས་འགུལ་སོགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་ཤོས་ཀྱི་མི་ཞིག་རེད། ཁོང་གྲོས་ཚོགས་གོང་མའི་ཁོངས་མི་རེད། ཧ་ཝར་ཊི་གཙུག་ལག་སློབ་ཁང་དུ་བཞུགས་དུས། དེའི་ཁྲིམས་ལུགས་བསྐྱར་ཞིབ་ཆེད་དེབ་ཀྱི་རྩོམ་སྒྲིག་པ་ཡང་གནང་མྱོང་བ་རེད། དེར་བརྟེན། བློ་བཟང་སེངྒེ་ཁོང་ལས་མཁས་གྲགས་ཆེ་སྟངས་ཤིག་གསུངས་རོགས།

    ༣༽ ཡང་ཁྱེད་ཀྱིས་《བཀའ་བློན་གདན་ཟུར་ནང་ལ་ཞིབ་ལྟ་ཞིག་བྱོས་དང་། བཀའ་ཟུར་བློ་བཟང་སྙན་གྲགས་ལས་གཞན་ཚང་མ་༡༩༥༨ ཡར་སྔོན་གྱི་མི་རྙིང་ཤ་སྟག་མ་རེད་དམ། 》 ཞེས་གསུངས་འདུག མི་རབས་གསར་པའི་འགོ་ཁྲིད་མཁན་གྱིས་ཞིབ་འཇུག་ཅི་ཡང་མེད་པར། འདི་འདྲ་ཐག་བཅད་ཡོང་དུས། དངོས་གནས་མི་རབས་རྒན་པ་ཚོར་སེམས་ཁྲལ་མི་སྐྱེ་ཀ་མེད་རེད། ངས་གཞན་མི་བཤད། ད་ལྟའི་བཀའ་བློན་ལས་ཐོག་ཚེ་རིང་དོན་གྲུབ་ ༡༩༦༠ ལོར་འཁྲུངས་པ་མ་རེད་དམ།

    ༤༽ ངས་ནི་བཙན་བྱོལ་ནང་ལེགས་བཅོས་བྱེད་དགོས་ན། མཐའ་གཅིག་ཏུ་མི་རབས་གསར་པ་ཡིན་མིན་ལ་བལྟ་མི་རུང་སྙམ། མི་རབས་གསར་པ་ཡིན་ཡང་བསམ་བློ་རྗེས་ལུས་ཅན་དང་རྙིང་ཞེན་ཅན། ཆོལ་ཁ་དང་ཆོས་ལུགས་ཀྱིས་ཕྱོགས་རིས་ཅན་མང་པོ་རེད། མི་རབས་རྒན་པ་ཡིན་ཡང་བསམ་བློ་གུ་ཡངས་ཅན་མང་པོ་རེད།

    ངས་རྟག་པར་ཁྱེད་རང་ལ་དགག་ཕྱོགས་ནས་བཤད་པ་འདྲ་ཞིག་ཆགས་སོང་། འོན་ཀྱང་བསྟོད་པ་ཤ་སྟག་འཐེན་པ་ལས་དོན་དག་སྒང་ལ་བགྲོ་གླེང་བྱས་ན་ཡག་གི་རེད་དྲན་ནས་འདི་འཕྲལ་མར་བྲིས་པ་ཡིན།

    Reply
  19. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ཁོང་གིས་གསུངས་པ་བདེན་དུ་ཡ།
    ན་གཞོན་ཚོ་ད་ཡིན་ན་ང་ཚོས་ལག་པ་གཅིག་ཏུ་སྦྲེལ།
    མགོ་བོ་ཡར་ལ་འདེགས།
    རིག་པ་གྲུང་པོ་བྱོས།
    མཉམ་དུ་འགྲོ།
    བཀའ་ཁྲི་སྤྱི་འཐུས་བཙལ་དུ་འགྲོ།
    འཛམ་གླིང་ལ་གྲགས་པའི་ན་གཞོན་གྱི་གཞུང་ཞིག་འཛུགས།

    Reply
  20. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ངའི་བློ་ངོར་ཡོད་པའི་བཀའ་ཁྲིའི་འོས་མི་ནི་གཟབ་གདོང་རིན་པོ་མཆོག་དང་རྒྱ་རི་རིན་པོ་ཆེ་རྣམ་གཉིས་ཡིན་ཡང་། དེ་ལྟར་མ་བྱུང་ཚེ་། ༸གོང་ས་མཆོག་སྐུ་བཞུགས་སྐབས་ཉིད་ནས་གཞོན་སྐྱེས་ཚོར་བཀའ་ཁྲིའི་ལས་འགན་སྤྲད་ཐུབ་པ་ཡིན་ན་དགེ་མཚན་ཆེན་པོ་ཡོད་པ་མ་རེད་དམ།

    Reply
  21. ནགས་མེ། says:
    ལོ་ 15 སྔོན།

    བོད་མི་རིགས་སྤྱིའི་འདུན་མ་གཞི་ལ་བཞག་ནས་ཡོ་འཁྱོག་སྤངས་པའི་ལྟ་ཚུལ་སྤེལ་
    བར་སེམས་ཐག་པ་ནས་རྒྱབ་སྐྱོར་ཞུ་རྒྱུ་དང་། དྲང་ཚུགས་ལ་བཞེངས་ནས་
    དངོས་དོན་གླེང་ཐུབ་པ་འདི། དོན་དམ་གྱིས་བོད་གདོང་དམར་ལ་ལར་ཞེན་ཡོད་
    རྟགས་རེད།

    Reply
  22. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཧ་ཧ་ཧ་བོན་རྒྱལ་གྱིས་འདྲ་པོ་འདྲ་པོ་གཅིག་བྲིས་འདུག
    ཁྱེད་དངོས་གནས་ཡར་ལང་རྩིས་ཡིན་ནམ། དེ་འདྲ་ཡིན་ན་ཡག་པོ་རེད་སྙམ། ངས་བསམ་ཚུལ་བྱས་ན་ཁྱེད་རང་ཆོས་རྒྱུད་ཀྱི་སྤྱི་འཐུས་ཀྱི་རྐུབ་སྟེགས་སྟེང་ནས་ཡར་ལང་ཐུབ་ན་ཡག་པོ་རེད་སྙམ།

    ང་ཅོ་རི་ལ་གྲྭ་ས་ཁག་ཏུ་ཆོས་གྲོགས་དམ་པ་མང་བས་ངས་ཁོང་རྣམ་པ་ལ་བོན་རྒྱལ་ཆོས་རྒྱུད་ཀྱི་སྤྱི་འཐུས་བསྐུ་རོགས་ཞེས་འབྲེལ་བ་བྱེད་ཆོག
    དེ་ལྟར་བྱུང་ན་ཁྱེད་ལ་འོས་ཤོག་ཐོབ་ངེས་ཡིན་པས་ཁྱེད་ལ་འདོད་པ་ཡོད་ན་ལན་ཞིག་གནང་རོགས།

    དངོས་གནས་ཁྱེད་ཀྱི་བསམ་ཚུལ་ཧ་ཅང་ཡག་པོ་འདུག་ལགས། བཀྲ་ཤིས་བདེ་ལེགས་ཡོད། རེ་བ་ཆེན་པོ་ཡོད། ཡར་ལོངས་དང་། དེ་ནས་ཧ་གོ་ཡོང།

    Reply
  23. ཕུན་ཚོགས ། says:
    ལོ་ 15 སྔོན།

    རྩོམ་ཡིག་འདི་ཉོག་འདུག་ཟེར་མཁན་གྱི་གྲས་ནི་ཚིག་སྦྱོར་ཙམ་ལ་མོས་ཁ་ཤིན་ཏུ་ཕྱོགས་པའི་སྙན་ངག་པ་དག་རེད།ཁོ་ཚོས་ཚིག་ཤོམ་ཇི་ལྟར་ཆེ་ན་བཟི་ཁ་དེ་ལྟར་བཙན་པའི་འདི་ཤེས་ཀྱི་འོག་ཏུ་སྙན་ངག་འབྲི་གི་ཡོད་པ་རེད།རྩོམ་ཡིག་ཚང་མར་སྙན་ངག་གི་ངོ་གདོང་རྐྱང་བའི་ཐད་ནས་ལྟ་མཁན་ཚོས་བལྟས་ན་དེ་ལྟར་ཡིན་ཤེད་ཆེ་མོད།གནས་ལུགས་ཀྱི་ཟབ་ས་ནས་གོ་བ་ལེན་ཐུབ་མི་འདུག་ཟེར་རྒྱུ་ཡིན།

    Reply
  24. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    དྲ་གྲོགས་གྲགས་པ་རྒྱ་མཚོ་ལགས། ཁྱེད་ཀྱིས་མི་རབས་གསར་བ་དང་བསམ་བློ་གསར་བའི་འོས་ཆོས་ཀྱི་ཐད་ནས་བསམ་ཚུལ་གནང་འདོད་བྱུང་བ་ལ་སྙིང་ནས་དགའ་བསུ་ཞུ། བདག་གིས་བསམ་བློ་བཏང་ནས་དོན་ཚན་ཁ་ཤས་བདམས་ཡོད་མོད། ད་དུང་ཕྱོགས་ཀུན་ལ་ཞིབ་འཇུག་བྱེད་ཀྱིན་པའི་སྐབས་ཡིན་པས་དྲ་གྲོགས་གཞན་དག་གིས་ཀྱང་དེ་ལྟར་བདག་ལ་དགོངས་ཚུལ་གནང་བའི་རེ་འབོད་ཀྱང་འདི་དང་ལྷན་ཅིག་ཞུ། བདག་གི་གློག་འཕྲིན་ཁ་བྱང་ནི། tenrap2006@yahoo.comཡིན།

    མཁྱེན་ཡངས་དྲ་གྲོགས་ཞྭ་ནག་པ་ལགས། ཁྱོད་ཀྱི་བསམ་ཚུ་རེ་རེ་བཞིན་དོན་སྙིང་གིས་ཕྱུག་ཅིང་གནད་ལ་འཁེལ་བ་ཤ་སྟག་རེད། ད་ལྟ་ནི་ང་ཚོ་རྒན་གཞོན་གཉིས་ཀས་རིག་པ་བསྒྲིམས་ཚོད་ཅིག་རེད། ད་དུང་བཀའ་ཁྲི་མི་རྒན་ཞིག་བཞག་ནས་དེས་ལོ་ལྔ་ལ་ཉར་བསྡད་ན་གོང་ས་མཆོག་དགུང་ལོ་༨༠ཕེབས་ཤིང་། ཁྲི་ཟུར་ཆ་ཚང་དགུང་ལོ་བརྒྱད་ཅུ་དང་བཀའ་ཟུར་མང་ཆེ་བ་བདུན་ཅུར་བསྐྱོད་འགྲོ་བས། དངོས་གནས་ཉེན་ཁ་འཇིགས་པོ་དེ་དུས་མངོན་རྒྱུ་རེེད། དེ་ལྟར་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་དག་དུས་གཅིག་ཡུན་གཅིག་ལ་ཆས་ན་ང་ཚོ་ཅི་བྱ་བརྟོལ་བྲལ་ཆགས་རྒྱུ་རེད། ད་ནི་ང་ཚོ་ཚང་མས་གནས་ལུགས་འདི་དང་བརྒྱུད་རིམ་འདིར་ངེས་པར་ངེས་པར་དུ་བསམ་བློ་གཏོང་དགོས་ཀི་འདུག

    Reply
  25. ཆུ་ཤུར་མིག་དམར་ says:
    ལོ་ 15 སྔོན།

    སྐུ་ཞབས་བོན་རྒྱས་ལྷག་བསམ་རྣམ་དག་དང་བློ་གཟུ་བོར་གནས་པའི་ཐོག་ནས་བཀའ་མོལ་གསུང་འདུག་ཐུགས་རྗེ་ཆེ།
    ངས་ཀྱང་བཀའ་སྤྱི་གཉིས་ལ་མི་རབས་གསར་པ་ཞིག་སླེབས་ཐུབ་པའི་རེ་ཆེན་པོ་ཡོད

    Reply
  26. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    སྙིང་ཉེ་བའི་དྲ་གྲོགས་དག་གིས་བདག་གི་རྩོམ་ཡིག་འདིར་སེམས་བས་པའི་ལྟ་ཚུལ་བཏོན་པ་ལ་སྙིང་ནས་དགའ་ཡོད།
    སྤྲོ་ཚུགས་པ་དགེ་འདུན་གྱིས་བཤད་པ་བཞིན་ང་ཚོས་དེ་ལྟར་གྲ་སྒྲིག་བྱེད་དགོས་ཀྱི་འདུག
    དྲ་གྲོགས་འཇམ་མགོན་གྱིས་བཤད་པ་བཞིན་ང་ཚོ་དེ་ལྟར་ཡར་ལངས་ན་དོན་སྙིང་ཆེན་པོ་རེད། དེའི་ཕྱིར། མི་རབས་གསར་བའི་ངོས་ནས་དེ་ལྟར་གྲ་སྒྲིག་བྱེད་རྒྱུ་གལ་ཆེན་པོ་རེད།
    དྲ་གྲོགས་གནམ་ལྕགས་ལགས། ང་ལའང་ཅུང་མང་དྲགས་པའི་ཚོར་སྣང་བྱུང་མོད། བསམ་ཚུལ་ཡོངས་རྫོགས་རིལ་གྱིས་སྟོན་མ་ཐུབ་པ་དང་། འབོད་ཚིག་རང་བཞིན་གྱིས་ཚོར་ཤུགས་སྤེལ་བ་གལ་ཆེན་དུ་བསམས་ནས་འདི་ཙམ་ཞིག་ལས་བསྡུ་མ་ཐུབ་ཐལ། དགོངས་དག།
    དོན་བཀྲ་ལགས་ཀྱིས་གསུངས་པ་བཞིན་བདག་གི་ངོས་ནས་རྩོམ་ཡིག་འདི་ནི། དུངས་ཞེན་དོར་ནས་འགན་འཁྲི་ཞིག་ཕྲག་པར་བླངས་བའི་ཁུལ་ཡིན་ན། དྲ་གྲོགས་ཀུན་གྱིས་དེ་ལྟར་རྟོན་བཞིའི་འཇུག་ལྡོག་མི་ནོར་བར་བདག་གིས་ཀྱང་འབོད་སྐུལ་ཞུ།
    ར་ལོ་ལགས་ཀྱིས་བཤད་པ་དེ་ལ་ཕྱོགས་མཐུན་གྱི་གནས་ལུགས་ཡོད་ཀི། བདག་གི་བསམ་བློ་དང་རེ་བའང་དེ་འདྲ་ཞིག་ཡིན།
    དྲ་གྲོགས་ཕུན་ཚོགས་ལགས་ཀྱི་བསམ་ཚུལ་ལ་སྒུག་ནས་འདུག་རྒྱུ་ཡིན།

    Reply
  27. མི་རྐྱང་སྨྱོན་པ། says:
    ལོ་ 15 སྔོན།

    ལོངས་ཤོག མི་རབས་གསར་བའི་རུ་དཔུང་ཞིག་སྤོབས་པའི་སྒོ་ནས་ལོངས་ཤོག ཕྱོགས་ཞེན་གྱི་དྲི་མས་མ་གོས་པར་ལོངས་ཤོག བཙན་པོའི་བླ་སྲོག་ཁུར་ནས་ལོངས་ཤོག འབོད་སྒྲ་གཅིག་གི་ཐུ་འོག་ནས་ལོངས་ཤོག མདུན་བསྐྱོད་ཀྱི་གོམ་སྒྲ་མཉམ་གཅིག་ཏུ་སྤོ་བཞིན་ལོངས་ཤོག བདག་གི་མི་རབས་གསར་བ་ཚོ།

    Reply
  28. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    ཡག་པོ་འདུག ཚང་མས་ཀློག་ཐུབ་པའི་ཆེད་དུ་དོན་འདུས་ལ་ཚིག་ཉུང་བ་ཞིག་བྲིས་ན་ལེགས། ཆེས་གལ་གནད་ཅན་གྱི་བཀའ་བློན་ཁྲི་པའི་འོས་གཞི་ལ་གཞོན་སྐྱེས་ཤིག་ཡོང་དགོས་པའི་བསམ་ཚུལ་འདི་དོན་གནད་ཅན་ཞིག་རེད། འོན་ཀྱང་མང་པོ་ཞིག་གིས་ཟམ་གདོང་རིན་པོ་ཆེ་སླར་ཡང་བཀའ་བློན་ཁྲི་བར་འཁོད་རྒྱུའི་ཆེད་དུ་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་དགོས་པའི་བསམ་ཚུལ་ཡང་འདོན་བཞིན་འདུག དེ་བས་བློ་བཟང་སེང་གེ་བཀའ་བློན་ཁྲི་བར་བདམས་ན་ཤེས་ཡོན་ཡོད་པའི་ཐོག་ལ་ཉམས་མྱོང་ཡང་གསོག་ཐུབ་པ་ཡིན་པས་མ་འོངས་པར་འཐབ་རྩོད་མུ་མཐུད་ཐུབ་པ་དང་། ཁྲི་ཟུར་རྣམས་ལ་ཡོད་པའི་ཉམས་མྱོང་རྣམས་ཀྱང་བརྒྱུད་སྤྲོད་བྱེད་ཐུབ་པ་རེད། དེར་བརྟེན་ང་ཚོ་ལྟག་ཆུ་ཡོད་ན་སྐོམ་ལ་ཞེད་དགོས་དོན་མི་འདུག་གོ

    Reply
  29. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    སྐུ་ཞབས་བོན་རྒྱ་ལགས་ཀྱིས་ལྟ་ཚུལ་དུས་འཚམ་ཞིག་གནང་འདུག དགའ་བསུ་ཞུ་བ་དང་སྦྲགས། བསམ་ཚུལ་གྱི་ཟུར་ཙམ་ཞིག་འབུལ་རྒྱུ་ཡིན། རིམ་པས་དུས་ཚོད་བྱུང་ན་རྩོམ་ཡིག་འདིར་བཀླགས་ཚོར་ཞིག་སྤེལ་འདོད་ཡོད།

    ཉམས་མྱོང་ཟེར་བ་ནི། གལ་ཆེན་པོ་ལོས་ཡིན་ཏེ། ད་ལྟ་ཉམས་མྱོང་ཅན་དུ་སྒྲོག་པའི་རྒན་རབས་པ་འདི་ཀྱང་ཐོག་མ་ནས་ཉམས་མྱོང་གིས་ཕྱུག་པ་ཞིག་ནས་ཡར་ལངས་ནས་འོང་པ་གང་ཡང་མ་རེད། དེ་ཚོས་ཀྱང་ནོར་འཁྲུལ་ཤོར་གྱིན་ཤོར་གྱིན། ཉམས་མྱོང་གསོག་གིན་གསོག་གིན་ད་ལྟའི་ཚད་འདིར་བསྐྱལ་བ་ལས། བཀའ་ཁྲི་དང་བཀའ་བློན་གྱི་ཁྲི་ལ་མ་འགྱིངས་སྔོན་ནས་ཉམས་མྱོང་གིས་ཚོས་བསྡད་ཡོད་པ་དང། དེའི་ནང་ཀྱང་འཛིན་སྐྱོང་གི་ཉམས་མྱོང་ལ་གོམས་བྱང་རྫོགས་ཡོད་པ་ཞིག་ཁོང་ཚོའི་ལོ་རྒྱུས་ན་གསལ་མེད། ཁོང་ཚོའི་རྐང་རྗེས་ན་མངོན་མེད། མང་ཆེ་བ་ལས་ཁུངས་བྱེ་བྲག་པའི་འཛིན་སྐྱོང་གི་ཉམས་མྱོང་ཙམ་གྱི་སྟེང་ནས་སླེབས་ཡོད། ཉམས་མྱོང་ནི་གལ་ཆེན་པོ་ལོས་ཡིན་ཏེ། དེ་ནས་སྤོབས་པ་དང་འཇོན་ཐང་། ཤེས་ཡོན་དེ་ཚོ་དེ་བས་གལ་ཆེ་བའི་གྲས་རེད། དཔེར་ན། ང་དགུ་ལོར་བོད་ས་ཡོངས་རྫོགས་ལིངས་ཀྱིས་ཤོར་བ་རེད། དེ་དུས་ཀྱི་རྒན་རབས་པ་ཚོ་ནི་བོད་པ་རང་གི་ཚོད་ཀྱིས་ཉམས་མྱོང་ཅན་རེད། ཉམས་མྱོང་དེས་གནད་འགག་གི་དུས་ཚོད་དེར་རྒྱལ་ཁབ་སྐྱོབ་པ་ལ་ཕན་ཐོགས་བྱུང་མེད། རྒྱལ་ཁབ་ཤོར་ཚར་བའི་རྗེས་ལ་རྒྱལ་ཁབ་འཛིན་སྐྱོང་གི་བསམ་བློ་དེ་གཞི་ནས་གསལ་པོ་ཆགས་ཡོད། བསམ་བློ་དེའི་རྒྱུུན་ནི། ད་ལྟའི་དུས་ཀྱི་གནས་སྟངས་འདི་རེད། སྔོན་དང་བསྡུར་ན། འགན་ལེན་སྟངས་དེ་གོམ་པ་ཁ་ཤས་ཀྱིས་ཡག་ག་ཡོད་པ་འདི་རེད། ཡིན་ནའང་། རྒན་རབས་པ་ཚོས་ཉམས་མྱོང་གསོག་གོན་གསོག་གིན་བྱས་པའི་ཞར་ལ། འཐུས་ཤོར་ཁ་བསུམ་ཐབས་མེད་པ་བཏང་ཡོད། ལོ་སུམ་ཅུའི་རིང་གི་ཤེས་ཡོན་འཐུས་ཤོར་ལ་གཞིགས་ན།་ད་ནི་རྒན་པ་ཚོས་མུ་མཐུད་ནས་འཛིན་སྐྱོང་བྱེད་པ་འདི་མཚམས་འཇོག་རན་རེད།

    གཞོན་སྐྱེས་ཚོར་རྒྱལ་ཁབ་སྐྱོབ་པའི་གོ་སྐབས་སྤྲོད་དགོས། འཛིན་སྐྱོང་བྱེད་པའི་རྐུབ་སྟེགས་སྤྲོད་དགོས། མགོ་བཀའ་ཟུར་ནས་ད་ལྟའི་སྤྱི་འཐུས་རྒན་པ་ཚུན་གྱིས་རང་ཉིད་ལ་སྡོམ་རྩིས་རེ་རྒྱག་རན་ནས་ཡོད། མི་ལོ་བཅུ་ཕྲག་གཅིག་ནས་གཉིས་ལ་རྐུབ་སྟེགས་སྲུང་ནས་བསྡད་པ་དེས། ཕན་ཐོགས་ཡོད་ན་ཡོད་རབས་དེ་རང་གིས་ཤེས་དགོས་པའི་ཚོད་རེད། ཕན་ཐོགས་བྱུང་མེད་ན་བྱུང་མེད་པའི་གནས་སྟངས་དེཡང་རང་གིས་ཤེས་དགོས་པའི་ཚོད་རེད། འཇོན་ཡོད་ན་འཇོན་རྟགས་མངོན་ཚར་བ་རེད། མང་ཚོགས་ཀྱིས་མཐོང་ཚར་ཡོད་རེད། ད་ནི། རྒན་པ་ཚོས་ཉམས་མྱོང་ཉམས་མྱོང་ཟེར་ནས་འདུག་ཚོད་མ་རེད། ཉམས་མྱོང་གི་མན་ངག་གནང་རྒྱུ་ཡོད་ན། གནང་ནས་ཟུར་བཞུགས་གནང་ན་རེད། ཕན་ཐོགས་ཡོད་པའི་ཉམས་མྱོང་གནང་རྒྱུ་ཡོད་ན། གཞོན་སྐྱེས་ཚོར་གནང་རན་རེད། གནང་རྒྱུ་མེད་ན་ཟུར་བཞུགས་གནང་ནས་བལྟས་བསྡད་པ་རེད།

    མི་རབས་གསར་པ་ཚོར་མཚོན་ན། ད་ནི་རྒན་པ་ཚོར་རེ་སྐུལ་ཞུ་བའི་དུས་ཚོད་རེད། རེ་སྐུལ་གང་ཞུ་དགོས་ལབ་ན། རྐུབ་སྟེགས་སྤྲོད་རོགས། གོ་སྐབས་སྤྲོད་རོགས། ཞེས་རེ་སྐུལ་ཞུ་དགོས་ཀྱིའདུག ལར་ནས་རྒན་པ་ཚོས་རེ་སྐུལ་མ་ཞུས་གོང་ནས་ཤེས་དགོས་པའི་གནད་དོན་ཡིན་ནའང་། རྒན་པ་ཚོ་བློ་མ་བདེ་ནས་རྐུབ་སྟེགས་ཉར་སྡོད་ཀྱི་ཡོད་པ་ཡིན་ན། ད་ནི་གཞོན་སྐྱེས་ཚོས་འཇོན་གྱི་ཡོད། ཐུབ་ཀྱི་ཡོད། རྒྱལ་ཁབ་ཀྱི་འགན་ལེན་གྱི་ཡིན། འཛིན་སྐྱོང་གི་འགན་ལེན་གྱི་ཡིན།་ང་ཚོས་བྱས་ཉེས་ཤོར་བའི་གནས་སྐབས་སུ་ཁྱེད་རང་ཚོས་ལམ་སྟོན་རེ་གནང་ཐུབ་ན་དགའ་བསུ་ཡོད་ཅེས་ཞུ་ཐུབ་དགོས་ཀྱི་འདུག རྒན་པ་ཚོས་སྔ་རྗེས་གཉིས་ལ་གཞིགས་ནས་དགོངས་པ་རེ་བཞེས་དགོས་ཀྱི་རེད། འདི་དུས་ཚོད་དང་གནས་ཚུལ་གྱིས་ང་ཚོར་དྲན་སྐུལ་གཏོང་གི་ཡོད་པ་ཞིག་ཀྱང་རེད།

    Reply
  30. གྲགས་པ་རྒྱ་མཚོ། says:
    ལོ་ 15 སྔོན།

    བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཁྱོད་ཀྱི་བསམ་བློ་ལ་བརྒྱབ་སྐྱོར་མཚོན་ཕྱིར་དུ་”མི་རབས་གསར་བ་དང་བསམ་བློ་གསར་བའི་སྤྱི་འཐུས་ཀྱི་འོས་ཆོས་”ཞིག་མཁོ་སྤྲོད་བྱེད། ཁྱོད་ཀྱི་གློག་ཕྲིན་ཁ་བྱང་སྤྲོད་དང་།

    Reply
  31. རྭ་ལོ། says:
    ལོ་ 15 སྔོན།

    སླར་ཡང་ལང་ཚོའི་རྦབ་ཆུ་ཀློག་གི་ཡོད་པ་ལྟ་བུའི་ཚོར་སྣང་ཞིག་སྤྲད་བྱུང་།

    གང་ལྟར། རྩོམ་ཡིག་གི་སྤྱི་ཁོག་ནས་བསྟན་པའི་འབོད་སྒྲ་དེ་ལ་རྒྱབ་སྐྱོར་ཡོད།

    Reply
  32. ཕུན་ཚོགས ། says:
    ལོ་ 15 སྔོན།

    ད་རུང་བཀླགས་མེད།ཞིབ་མོ་ཞིག་བཀླགས་ཚར་ན་བསམ་ཚུལ་བཤད་ཆོག་
    ཁ་བྱང་ཙམ་ཀྱིས་ང་ལ་སྤྲོ་བ་ཆེན་པོ་ཞིག་སྤྲད་སོང།ཐུགས་རྗེ་ཆེ།

    Reply
  33. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    གོང་གི་རྩོམ་ཡིག་འདི་ནི་སེམས་འཁུར་དང་། ཉེན་ཁའི་འདུ་ཤེས་ཤིག་གི་འོག་ནས་བྲིས་ཤིང་། དངོས་ཡོད་ལ་ཕྱོགས་པ་དང་། གནད་ཐོག་ལ་འཁེལ་བའི་འགན་འཁྲི་ཅན་ཅན་གྱི་རྩོམ་ཡིག་ཅིག་གི་བཟོ་ལྟ་འདུག་སྟབས། ཀློག་པ་པོ་ཚོས་ཀྱང་ཚིག་རིས་ཙམ་ལ་བལྟས་ཏེ། ཀུ་རེ་རྩེད་མོའི་ཚུལ་གྱིས་སྣང་མེད་བྱེད་པ་དང་། དགའ་སྐྱོ་ཆགས་སྡང་སྔོན་དུ་བཏང་སྟེ་རྟོན་བཞིའི་མཇུག་ལྡོག་མི་བྱེད་པར་གཟབ་ནན་དང་། བསམ་བློའི་ཁྱབ་པའི་དཔྱད་གླེང་རེ་བྱ་རྒྱུ་དགེ་མཚན་དུས་སུ་བབ་པར་མཐོང་སོང་།

    Reply
  34. གནམ་ལྕགས། says:
    ལོ་ 15 སྔོན།

    ཨ་ཁུ་བོན་རྒྱས་མི་རབས་གསར་བ་ལངས་དགོས་པའི་འབོད་སྐུལ་གནང་བ་ནི་ཤིན་ཏུ་ལེགས་ཀྱང་། བཤད་སྟངས་ཀྱི་ཐད་ནས་ཅུང་ཉོག་སོང་འདུག ངས་བལྟས་ན། འདི་འདྲའི་སྐུལ་སློང་གི་རྩོམ་ཡིག་འབྲི་སྐབས་བསྐོར་ནས་མི་བཤད་པར་ཁ་ཐུག་གིས་བཤད་ཐུབ་ན་ཡག བསྐོར་འདུག་ཟེར་བའི་རྒྱུ་མཚན་ནི་ཉོག་ཡོད་པའི་རྒྱུ་མཚན་ཡིན།

    Reply
  35. འཇམ་མགོན། says:
    ལོ་ 15 སྔོན།

    རེད་༌༌༌༌༌༌༌༌༌༌༌༌༌༌རེད། མི་རབས་གསར་བ་ཚོ་ལངས་ཚོད་རེད་ལ། མི་རབས་གསར་བ་ཚོ་ཐོག་མར་ལངས་བའི་མགོ་འདི་ལྟར་འཛུགས་དགོས། མི་རབས་གསར་བ་ཚོའི་ཕྱོགས་ཞེན་དང་ཆོལ་ཁ་ཆོས་ལུགས་ཀྱི་རྫབ་དོང་རུལ་དྲི་ཁ་བ་འདི་དག རྩ་བ་ནས་གཡུག་དགོས་པ་ནི་ལངས་ཕྱོགས་འདིའི་འགོ་འཛུགས་བྱེད་ས་ཡིན་ལ། རྒན་རབས་ལ་ལའི་ཆབ་སྲིད་ཀྱིས་གཡེན་སྦྱོར་ན་ཡང་ལྷོད་གཡེང་དང་སྣང་བ་མ་འཁྲུལ་བ་ཞིག་བྱེད་རྒྱུ་ཡང་གལ་ཆེ། འདི་འདྲའི་ལས་སླ་བ་ཞིག་རྩ་རྫོགས་ཐུབ་ན་ད་གཟོད་ང་ཚོ་གཅིག་སྡུད་ཡིན་ལ། ད་གཟོད་ང་ཚོའི་རང་བཙན་ཡང་ཁ་སྒོ་ན་བསྡད་ཡོད་ངེས། ད་གཟོད་མི་རབས་གསར་བ་ལངས་བའི་ལངས་གོ་ཡང་ཆོད་པ་ཡིན།

    Reply
  36. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ངོ་མ་གནས་ལུགས་དང་རྒྱུ་མཚན་འདུག མི་རབ་གསར་བ་ཚོ་ལོངས་ཤོག
    ད་ཐང་གློ་སྙིང་བྲང་གསུམ་གཏད་དེ་བཀའ་སྤྱི་གཉིས་མ་ནོར་མ་འཁྲུལ་བ་ཞིག་འདེམས་དགོས་
    ཁྱོད་དང་ང་རང་དང་གཞན་ཆོལ་ཁ་དང་ཆོས་ལུགས་སོགས་རྒྱང་རང་སར་སྤང་དེ་སྤྱི་སེམས་ཞེས་པ་འདི་གཞིར་བཞག་ཐོག་གང་ས་ཅི་ཐད་ནས་རེམ་དགོས་ཡ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese