བོད་རིགས་ཁོར་ཡུག་སྲུང་སྐྱོབ་པ་དང་ཚོང་པ་གྲགས་ཅན་ཀརྨ་བསམ་འགྲུབ་ལགས་ལ་མི་ལོ་ ༡༥ བཙོན་འཇུག་ཁྲིམས་ཐག་བཅད་པ་དང་ལོ་ ༥ རིང་གི་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་ཅིང་། རྒྱ་སྒོར་ཆིག་ཁྲི་ཡི་དངུལ་ཆད་བཅད་འདུག
རྒྱ་ནག་གིས་ཕྱི་ཚེས་ ༢༢ ཉིན་ཀརྨ་བསམ་འགྲུབ་ལགས་ལ་ཁྲིམས་བཤེར་བྱས་ཡོད་པ་དང་། སྐབས་དེར་ཁོང་གིས་རྒྱ་ནག་གི་ཉེན་རྟོག་པ་ཚོས་ཁོང་ལ་ཉེས་རྡུང་བཏང་བ་དང་། གཉིད་འཕྲོག་པ། དེ་བཞིན་སྡུག་སྦྱོང་མནར་གཅོད་གཞན་གང་བྱས་ཀྱི་ཐད་སྐྱོན་བརྗོད་བྱས་ཡོད་མོད། ཁ་སང་ཕྱི་ཚེས་ ༢༤ ཉིན་བོད་རིགས་ཁོར་ཡུག་སྲུང་སྐྱོབ་པ་དང་ཚོང་པ་གྲགས་ཅན་ཀརྨ་བསམ་འགྲུབ་ལགས་སུ། ཤིན་ཅང་ཡན་ཆི་རྫོང་དུ་མི་ལོ་ ༡༥ རིང་གི་བཙོན་འཇུག་ཁྲིམས་ཆད་དང་། མི་ལོ་ ༥ ཆབ་སྲིད་ཀྱི་ཁེ་དབང་འཕྲོག་རྒྱུ། རྒྱ་སྒོར་ཆིག་ཁྲིའི་ཉེས་ཆད་བཅས་བཅད་ཡོད།
ཁོང་ནི་ད་ལྟ་རང་ལོ་ ༤༢ ཡིན་པ་དང་གོང་འཇོ་རྫོང་བསམ་འཕེལ་ཞང་སྡོམ་པ་གྲོང་ནས་ཡིན། སྤྱིར་ཁོང་གིས་རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་རང་གི་བུ་སྤུན་གཉིས་སྐྱོབ་ཆེད་རྒྱ་ནག་གཞུང་ལ་ཞུ་གཏུགས་བྱས་པའི་དབང་གིས་རྒྱ་ནག་གཞུང་གིས་ཁོང་ལ། དུར་སྔོག་དང་རིག་གཞུང་གི་ཤུལ་དངོས་བརྐུ་འཁྱེར་བྱས་པའི་ཉེས་པ་བཀལ་ཡོད།
དོན་དངོས་སུ་ཉེས་འཛུགས་འདི་ནི་ལོ་ ༡༢ ཀྱི་ཡར་སྔོན་ལ་ཞིན་ཅང་ནས་ཁོང་ལ་བཙུགས་པ་དང་། སྐབས་དེར་ཉེན་རྟོག་པས་ཁོང་ལ་ཉེས་མེད་ཀྱི་དཀར་འདོན་བྱས་ཡོད་ནའང་། ཁ་སང་ཕྱི་ཚེས་ ༢༤ ཉིན་ཁོང་ལ་བསྐྱར་དུ་ནག་ཉེས་དེ་དག་བཙུགས་ཏེ། ཁྲིམས་ཐག་བཅད་ཡོད།
ཁོང་གི་ཆུང་མ་སྒྲོལ་དཀར་ཚེ་རིང་ལགས་ཀྱིས་ཐེངས་འདིར་རྒྱ་ནག་གིས་ཀརྨ་བསམ་འགྲུབ་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བློ་ཕམ་བྱུང་སྐོར་བརྗོད་འདུག ཁོང་མོས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཁ་པར་བཏང་སྟེ་བཤད་དོན། ངས་རང་གི་ཁྱོ་གར་སྐར་མ་འགའི་རིང་ཐུག་འཕྲད་བྱེད་པ་དང་སྐད་ཆ་ཚིག་འགའ་བཤད་རྒྱུའི་རེ་བ་བཏོན་ཡོད་ནའང་། སྐད་ཆ་བཤད་པའི་གོ་སྐབས་སྤྲད་མ་སོང་། གལ་སྲིད་ང་ལ་སྐད་ཆ་བཤད་པའི་གོ་སྐབས་བྱུང་ཚེ་ངས་རང་གི་ཁྱོ་གར་ང་ཚོ་ནང་མི་ཉེ་འབྲེལ་ཚང་མ་ཁྱེད་ལ་སྤོབས་པ་སྐྱེ་བཞིན་ཡོད་ལ། མི་མང་བོས་ཁྱེད་རང་མི་བཟང་ཞིག་ཡིན་པའི་དོ་སྣང་བྱེད་ཀྱིན་འདུག ང་ཚོ་ནང་མི་ཚོའི་ཆེད་དུ་སེམས་ཁྲལ་མ་བྱེད། ཁྱོད་རང་ཉིད་ཀྱི་ལུས་པོར་བདག་གཅེས་བྱེད་རོགས་ཞེས་བཤད་འདོད་ཡོད་ཟེར།
ཡང་ཀརྨ་བསམ་འགྲུབ་ཀྱི་བཟའ་ཟླ་སྒྲོལ་དཀར་མཚོ་མོས་ཕྱི་ཚེས་ ༢༢ ཉིན་ཨེ་པེ་གསར་ཁང་ལ་བརྗོད་དོན། ཀརྨ་བསམ་འགྲུབ་ལ་གོང་ཚེས་ཉིན་ཞིན་ཅང་གི་ཡང་ཆི་རྫོང་ཞེས་པར་ཁྲིམས་བཤེར་བྱས་ཡོད་པ་དང་། ཉིན་དེར་ཁོང་གིས་ཁྲིམས་ཁང་ནང་དུ་གསལ་བསྒྲགས་ཤིག་སྤེལ་ཏེ། ལོ་འདིའི་ཕྱི་ཟླ་ ༡ པོའི་ཚེས་ ༣ ཉིན་ཁོང་ཉིད་འཛིན་བཟུང་བྱས་པ་ནས་བཟུང་འདྲི་བརྩད་བྱེད་མཁན་ཉེན་རྟོག་པ་དག་གིས་ཁོང་ལ་ཉེས་རྡུང་བཏང་བ་དང་ཚད་ལས་བརྒལ་བའི་མནར་གཅོད་བཏང་བའི་སྐོར་ཞིབ་ཕྲའི་ངང་བཤད་པ་མ་ཟད། ཐ་ན་ཁོང་གི་རྣ་ནང་ནས་ཁྲག་ཐོན་པའི་རྫས་སྦྱོར་བྱེད་སྤྱོད་བྱས་ཚུལ་བཤད་ཡོད་འདུག
ཀརྨ་བསམ་འགྲུབ་ལགས་ཀྱི་སྤུན་རིན་ཆེན་བསམ་གྲུབ་དང་འཇིགས་མེད་རྣམ་རྒྱལ་གཉིས་ལོ་སྔོན་མའི་ཕྱི་ཟླ་ ༨ པའི་ནང་འཇུས་ཡོད་ལ། ཉེས་འགེལ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་པ་གནོད་པའི་བྱ་བ་སྤེལ་བར་བཤད་ཡོད་པ་རེད། ཁོང་གཉིས་ཀྱིས་ཁམས་ཨ་ཆུང་སེང་གེ་གནམ་རྫོང་དང་བླངས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞེས་པ་བཙུགས་ཤིང་། རྒྱ་ནག་གི་ལས་བྱེད་དག་གིས་ཡུལ་དེའི་རི་སྐྱེས་སྲོག་ཆགས་རྣམས་བདའ་བཞིན་པའི་སྐོར་ཞུ་གཏུགས་བྱས་པར་བརྟེན་འཇུས་ཡོད་པ་རེད། ཡིན་ཡང་། རྒྱ་ནག་གཞུང་གིས་ཁོང་གཉིས་ཀྱིས་ཁྲིམས་འགལ་གྱི་ཐོག་ནས་ཁོར་ཡུག་དང་འབྲེལབའི་གནས་ཚུལ་བསྡུ་རུབ་བྱས་ཤིང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ལས་ཀ་བྱས་ཚུལ་གྱི་ཉེས་འཛུགས་བྱས་ཡོད་པ་རེད།
ཀརྨ་བསམ་འགྲུབ་ལགས་ཀྱིས་ཕྱི་ཚེས་ ༢༢ ཉིན་རང་ལ་ཉེན་རྟོག་པས་ཉེས་རྡུང་བཏང་བ་དང་ཚད་ལས་བརྒལ་བའི་མནར་གཅོད་བཏང་སྐོར་འགྲེལ་སྐབས། འདས་པའི་ལོ་ཕྱེད་ལྷག་གི་རིང་ཁོང་ཤིན་ཅང་པཱ་ཀྲིག་ཟེར་བའི་ས་དེར་བཀག་ཉར་བྱས་པ་དང་། ཁོང་ལ་ཉིན་ལྟར་ཆུ་ཚོད་བཅུ་གྲངས་འགའ་ཤས་འདྲི་རྩད་བྱས་པ་དང་ཁྱོན་སྡོམ་འདྲི་རྩད་ཐངས་ ༩༠ ལྷག་བྱས། འདྲི་རྩད་བྱས་ཐེངས་རེ་རེར་རྐུབ་སྟེགས་ཐོག་ཏུ་ཐེངས་གསུམ་རང་བསྡད་བཅུག་པ་ཕུད། དེ་མིན་ཚང་མ་ཉེན་རྟོག་པས་ཁོང་གནམ་ཐག་རྒྱག་པ་དང་ལག་པ་རྒྱབ་ཏུ་གཅུས་པ་སོགས་ཀྱི་མནར་གཅོད་བཏང་བས། སྐབས་དེ་དག་ཏུ་ཁོང་དྲན་པའང་ཐེངས་འགར་འཐོར་ཚུལ་སོགས་གསུངས།
ཡང་ཁོང་གིས། ཐ་ན་ཁོང་གི་སྣ་རུ་སྨན་རྫས་ཤིག་བཙན་གྱིས་བླུགས་པས་ཀླད་པར་ཟིལ་ཁ་སྟེར་བ་མ་ཟད། མགོ་ལས་ཁྲོག་ཁྲོག་གི་སྒྲ་སྒྲོག་པ་དང་། མིག་དང་རྣ་བ་དག་ལས་ཀྱང་ཁྲག་དམར་འཛགས་ཡོང་མོད། སྐབས་དེར་ཉེན་རྟོག་པ་དེ་ཚོས་ད་དུང་། “འདི་སྤྱོད་ཆོག་པ་སྤྱི་བདེ་ལས་ཁུངས་ནས་ཆོག་མཆན་ཡོད་པས་ཁྲིམས་དང་མཐུན་པ་ཞིག་རེད། ཁྱོད་འཆི་གི་མ་རེད”ཅེས་བརྗོད་སྐོར་སོགས་ཁོང་ལ་བཙོན་ཁང་དུ་མི་ཆོས་ལས་འདས་པའི་མནར་གཅོད་སྣ་ཚོགས་བཏང་བའི་སྐོར་རེ་རེ་བཞིན་ཞིབ་འགྲེལ་གནང་ཡོད།
ཁོང་གི་ཁྲིམས་རྩོད་པ་ Pu Zhiqiang ལགས་ཀྱིས། ང་ཚོར་ཀརྨ་མ་བསམ་འགྲུབ་ཁྲིམས་བཤེས་སྐབས་ཁྲིམས་ཁང་གི་ཡིག་ཆ་སྔོག་པ་དང་ཁོང་དཀར་འདོན་བྱེད་རྒྱུའི་ཁུངས་སྐྱེལ་ཡིག་ཆ་འཚོལ་རྒྱུར་དུས་ཚོད་ལྡང་ངེས་བྱུང་མ་སོང་། ལྷག་པར་དུ་ཁོང་དང་ཐུག་འཕྲད་སྐབས་སུན་བཙུར་མང་བོ་བྱས་སོང་། ཞེས་དང་། ཁོང་གིས་ད་དུང་ཀརྨ་བསམ་འགྲུབ་ལགས་སུ་ཐེངས་འདིར་ཚད་མཐོ་ཤོས་ཀྱི་ཁྲིམས་ཆད་ཕོག་སོང་ཞེས་བརྗོད་ཡོད།
གསར་འགོད་པ། ཨ་རིག་འགྱུར་མེད།
ཐེངས་འདིར་རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབས་པ་དང། ཚོང་པ་གྲགས་ཅན་ཀརྨ་བསམ་གྲུབ་མཆོག་ལ་ལོ་༡༢ཡར་སྔོན་ནས་ཁོང་གཙང་དག་ཚར་བའི་གྱོད་དོན་ཞིག་ཆེད་དུ་བསྐྱར་གླེང་གིས་བཙན་འགེལ་བྱེད་དགོས་བྱུང་བ་རེད།
རྒྱ་གཞུང་གིས་བྱེད་སྟངས་འདིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབས་པ་གྲགས་ཅན་ཀརྨ་བསམ་གྲུབ་མཆོག་ནི་རྒྱ་ནག་གཞུང་ཞེད་སྣང་དགོས་སའི་རླབས་ཆེན་གྱི་མི་སྣ་གལ་ཆེན་ཞིག་ཡིན་པར་གསལ་སྟོན་བྱས་ཡོད་ཅིང། དེ་བཞིན་ཁོང་ནི་སྐྱོན་བཙལ་ཀྱང་མི་རྙེད་སའི་མི་དཀར་གཙང་ཞིག་ཡིན་པར་ཡང་བསྟན་ཡོད།
དངོས་གནས་བྱས་ན་རྒྱ་གཞུང་གིས་བྱེད་སྟངས་འདི་ནི་ཀྲུང་ཧ་མི་དམངས་སྤྱི་འཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་ཡོད། ཀྲུང་གོའི་རྩ་ཁྲིམས་ཀྱི་དོན་ཚན་༣༨་པར།
ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་འབངས་ཀྱི་ངོ་སོ་དང་ལ་རྒྱལ་བཙན་གནོད་བྱས་མི་ཆོག བྱེད་ཐབས་གང་དང་གང་གི་ཐོག་ནས་སྤྱི་འབངས་ལ་བརྙས་བཅོས་དམའ་འབེབས་དང། སྙོན་འཛུགས་སྙན་འབུལ་དང། མ་ཉེས་ཁག་གཡོག་བྱེད་རིགས་བཀག་བསྡོམས་བྱ་རྒྱུ།
ཅེས་དང། གཞན་ཡང། དོན་ཚན་༤༡པར། རྒྱལ་ཁབ་གཞུང་གི་ལས་ཁུངས་དང། རྒྱལ་ཁབ་གཞུང་གི་ལས་བྱེད་པས་སྤྱི་འབངས་ཀྱི་ཁེ་དབང་ལ་བཙན་གནོད་བྱས་རྐྱེན་གྱིས་གྱོང་གུན་ཕོགས་ཚེ་དེར་བཅའ་ཁྲིམས་ཀྱིས་གཏན་འབེབས་ལྟར་གུན་གསབ་ཐོབ་ལེན་གྱི་ཁེ་དབང་ཡོད།
ཅེས་བཤད་ཡོད་པ་ལྟ་བུ་རེད།
གོང་གསལ་ཀྲུང་གོའི་རྩ་ཁྲིམས་ཀྱི་དོན་ཚན་འདི་དག་ཚང་མ་ད་ལྟ་རྒྱ་གཞུང་རང་ཉིད་ཀྱིས་གཏོར་བཤིགས་རྡོག་རོལ་གཏང་བཞིན་པ་འདི་རེད།
གལ་སྲིད་ལོ་༡༢ཡར་སྔོན་ཁོང་ལ་ཉེས་འཛུགས་དེ་འདྲ་ཞིག་བྱུང་མྱོང་མེད་ན་ཐེངས་འདིར་རྒྱ་གཞུང་གིས་ཇི་ལྟར་ཁོང་ལ་ཉེས་འཛུགས་བྱེད་རྒྱུ་རེད་དམ། དེར་ང་ཚོ་ཚང་མས་བསམ་བློ་ཞིག་ཐོངས་དང།
ངས་བལྟས་ན་ཉེན་རྟོག་པས་ཐོག་མར་ཁོང་འཛིན་བཟུང་བྱས་རྗེས་ཁོང་གི་ཁྱིམ་བསྔོགས་བཤེར་བྱེད་རྒྱུ་རེད། དེ་ནས་རྒྱ་གཞུང་གིས་ཁོང་གི་ཁྱིམ་ནས་མེ་མདའ་སོགས་ནག་ཚོང་རིགས་ཐོན་སོང། ཞེས་ཁོང་ལ་ཉེས་འཛུགས་བྱེད་ངེས་རེད།
དེ་ནི་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་ཉེས་འཛུགས་བྱེད་སྟངས་དེ་མ་རེད་དམ།
དངོས་གནས་བྱས་ན་འདི་ཚོ་ཚང་མ་རྒྱ་དམར་གཞུང་ཨུ་ཐུག་ཐབས་ཟད་ཀྱི་བྱེད་སྟངས་ཤ་སྟག་རེད།
དེ་བཞིན་ཉེ་སྔོན་རྒྱ་གཞུང་གིས་བོད་ཀྱི་བསམ་བློ་བ་གྲགས་ཆེན་ཞོགས་དུང་མཆོག་བཙོན་འཇུག་བྱས་པ་རེད།
དངོས་གནས་བྱས་ན་སྐབས་དེར་ཞོགས་དུང་ལ་སྐྱོན་ཆ་གང་ཞིག་ཡོད་དམ། ཁོང་གིས་ཀྲུང་གོའི་རྩ་ཁྲིམས་ཀྱི་ཆ་རྐྱེན་གཞིར་བཟུང་དེབ་ཅིག་བརྩམས་པ་རེད།
ཀྲུང་གོའི་རྩ་ཁྲིམས་དོན་ཚན་༣༥བར།
ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་འབངས་ལ་གཏམ་བརྗོད།་དཔེ་སྐྲུན། འདུ་ཚོགས། ཚོགས་འཛུགས། ཁྲོམ་སྐོར། རྔམས་སྟོན་བཅས་བྱེད་པའི་རང་དབང་ཡོད།
ཅེས་པའི་ཆ་རྐྱེན་དེ་རེད། ཆ་རྐྱེན་དེ་གཞིར་བཟུང་ཁོང་གིས་གནམ་ས་སྒོ་འབྱེད་ཅེས་པའི་དེབ་དེ་བརྩམས་པ་རེད།
དངོས་གནས་བྱས་ན་ཞོགས་དུང་ནི་མི་ཧ་ཅང་གི་དྲང་བདེན་ཞིག་རེད། ཁོང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཟུང་སྨྲ་བརྗོད་རང་དབང་བེད་སྤྱོད་ཀྱིས་རང་སེམས་ན་གང་ཡོད་གནད་དོན་ཁག་སྦེད་གསང་མེད་པར་ཡིག་ཐོག་ཏུ་ཕབ་ནས་ཕྱི་གསལ་ནང་གསལ་བྱས་པར་བརྟེན་རྒྱ་གཞུང་གིས་འཕྲལ་དུ་ཁོང་བཙོན་འཇུག་བྱས་པ་རེད།
ད་ནི་རྒྱ་གཞུང་རང་ཉིད་ཀྱིས་གཏན་འབེབ་བྱས་པའི་རྩ་ཁྲིམས་རང་ཉིད་ཀྱིས་གུས་བརྩི་མེད་པར་སྡིག་པ་མིག་བཙུམ་གྱིས་རྩིས་མེད་གཏང་དགོས་པའི་དུས་སུ་སླེབས་པ་རེད། དེང་སྐབས་རྒྱ་གཞུང་གིས་མདོང་རྩེ་གཏད་ས་གཙོ་བོ་ནི་རང་གི་མི་རིགས་ལ་ཕུགས་བསམ་དཀར་བའི་རླབས་ཆེན་འཇོན་ཐང་ཅན་གྱི་མི་སྣ་དང། སྐད་གྲགས་ཅན་གྱི་བསམ་བློ་བ་དང། རྩོམ་པ་པོ། གཞས་པ་སོགས་ཤེས་ལྡན་མི་སྣ་སོགས་ཆགས་ཡོད། འཕྲོས་རྒྱལ་སྤྱི་དང། རྒྱལ་ནང་སོགས་དཔལ་འབྱོར་བསླུ་བྲིད་ཀྱིས་མགོ་སྐོར་བཏོང་བཞིན་པ་དེ་རེད།
ད་དུང་མུ་མཐུད་རྒྱ་གཞུང་གི་དྲང་བདེན་མེད་པའི་ལས་འགུལ་མང་རུ་འགྲོ་ངེས་ཡིན་ཞིང། རིམ་བཞིན་དམ་དྲག་ཤུགས་ཆེ་རུ་གཏང་ངེས་རེད། དངོས་གནས་བྱས་ན་དེ་ནི་ཁོང་ཚོས་ཉེན་ཁའི་འགག་མཚམས་ཞིག་མཐོང་བའི་རྟགས་བསྟན་པ་རེད།
འོན་ཀྱང་རྒྱ་གཞུང་གིས་ཆེས་མ་རུང་བའི་བྱེད་སྟངས་དེ་ལ་བརྟེན་ཉིན་གཅིག་རྒྱལ་སྤྱིའི་ཞི་བདེའི་སྲུང་སྐྱོབས་དམག་དཔུང་བོད་སར་འབྱོར་མི་སྲིད་པ་གང་ལ་ཡིན། དེ་འབྱོར་ཐུབ་པའི་ལས་འགུལ་སྤེལ་རྒྱུ་དེ་ང་ཚོ་ཕྱི་ལ་ཡོད་པ་ཚོའི་ལས་འགན་ཡང་རེད། གང་ལྟར་རྒྱ་གཞུང་གིས་ཇི་ལྟར་བྱས་མིན་ལ་མ་ལྟོས་པར་བོད་དོན་བདེན་མཐའ་གསལ་རྒྱུ་དེ་བོད་མི་རིགས་རང་གི་ལག་ཏུ་ཡོད་པ་ང་ཚོས་རྟག་ཏུ་ངོས་ཟིན་དགོས་ལ་དེ་བཞིན་ང་ཚོས་ལས་འགུལ་གང་ཞིག་སྤེལ་ཡང་སྐབས་དང་འཚམས་པ་དུས་ཐོག་སྤེལ་ཐུབ་རྒྱུ་དེ་ནི་སྐད་ཅིག་ཀྱང་བཟུར་ཐབས་མེད་པ་ཞིག་ཡིན།
ཀརྨ་བསམ་འགྲུབ་ལགས་ལ་དྲང་བདེན་མ་ཡིན་པའི་ཁྲིམས་ཆད་གཅད་པ་འདིར་ངོ་རྒོལ་དང་འབྲེལ་ཁོང་ལ་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད། ད་དུང་ཉིན་བཅུའི་དུས་ཡུན་ནང་ཡང་བསྐྱར་ཁྲིམས་གཏུགས་བྱེད་ཆོག་གི་ཡོད་པས། ང་ཚོ་བྱེས་འབྱོར་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་མི་སྒེར་སོ་སོའི་ངོ་རྒོལ་གྱི་ལས་འགུལ་མང་ཙམ་སྤེལ་ཐུབ་ན་ཕན་ཐོག་ཡོང་ངེས། སྤྱིར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་གྲགས་ཅན་མང་པོའི་ནང་ཁོང་གི་གནད་དོན་སྐོར་གང་མང་ཐོན་ཡོད་རེད། གང་ཡིན་ཟེར་ན་ཁོང་ནི་རྒྱལ་སྤྱི་དང་རྒྱལ་ནག་ནང་གཟིངས་རྟགས་རག་མྱོང་ཡོད་པས་བྱས་རྗེས་ཅན་གྲགས་ཅན་མི་སྣ་ཞིག་ཡིན་དུས། རྒྱལ་སྤྱིའི་ནང་གཞུང་དང་གཞུང་འབྲེལ་མ་ཡིན་པས་འབྲེལ་ཡོད་ཚོགས་སྡེ་མང་པོས་དོ་སྣང་དང་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་འདུག་ལ་དེ་ནི་དགའ་འོས་པའི་གནས་ཚུལ་ཞིག་དང༌། ཁོང་གི་མི་ཚེའི་མདུན་ལམ་ལ་གང་མྱུར་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བའི་རེ་སྨོན་བྱེད་ཀྱི་ཡོད། བདེན་པའི་རྒྱལ་ཁ་དེ་ཁྱེད་ལ་ཐོབ་ངེས་ཡིན།
དུས་བབ་ཚང་ལ་གུས་ཞུ།
ཁྱེད་རྣམ་པས་མཆན་ལ་ཞིབ་བཤེར་བྱས་རྗེས་བརྗོད་གཞི་དང་འཚམ་པའི་རིགས་དྲ་ངོས་ལ་འདོན་འཇུག་རྒྱུ་ཡིན་ཞེས་ཁྲིམས་གསར་བ་འདི་བྱས་པ་དང་། མཆན་འབྲི་མཁན་ཚོས་མཆན་བཞག་ཡོད་ཀྱང་། མཆན་ལ་ཞིབ་བཤེར་མཁན་ཚོའི་ཕྱག་ལས་མང་དྲག་པའམ། ཡང་ན་མཆན་འབྲི་མཁན་དང་མཆན་ལ་ཞིབ་བཤེར་མཁན་གཉིས་ཀྱི་ཡུལ་དུས་མི་འདྲ་བའི་དབང་གིས་སམ། གང་ལྟར་ང་ཚོའི་མཆན་མང་པོ་ཞིག་དུས་ཐོག་ཏུ་བཀོད་ཐུབ་མི་འདུག
དཔེར་ན། ཆུ་ཚོད་༡༨་གྱི་སྔོན་ལ་བཀོད་པའི་༼ཀརྨ་བསམ་འགྲུབ་ལ་ལོ་ ༡༥ བཙོན་ཐག་བཅད་པ༽་ཞེས་པའི་གསར་གནས་འདི་ལ། ཀློག་མཁན་གཉིས་བརྒྱ་ལྷག་བྱུང་འདུག་ཀྱང་མཆན་གཅིག་ཀྱང་བཞག་ཐུབ་མི་འདུག་པས། ཀློག་མཁན་མང་པོ་ཞིག་གིས་ང་ཚོའི་མཆན་མཐོང་མི་ཐུབ་པར་གྱུར་ཡོད། ཀློག་མཁན་ཚོས་ཟུར་མཆན་གང་མང་མཐོང་ཐུབ་ན་བོད་འབངས་ཚོའི་གོ་རྟོགས་སད་པ་ལ་ཕན་ནུས་ཆེན་པོ་ལྡན་ཡོད་པས། མཆན་རྣམས་དུས་ཐོག་ཏུ་བཀོད་མི་ཐུབ་པའི་གནས་སྟངས་འདི་འདྲ་མི་འབྱུང་བའི་ཕྱིར། བདག་གི་ཐབས་ཚུལ་ཞིག་ཞུས་ན།
ཁྱེད་རྣམ་མི་ཁོམ་པའི་སྐབས་སུ་མཆན་ལ་ཞིབ་བཤེར་མེད་པ་ཐད་ཀར་འགོད་བཅུག་ནས། རྗེས་སུ་ཁྱེད་རྣམ་པ་ནམ་ཁོམ་དུས་སུ། མཆན་རེ་རེ་བཞིན་ཞིབ་བཤེར་བྱས་ནས་སྟངས་འཛིན་བྱས་ན། མཆན་མང་པོ་ཞིག་དུས་ཐོག་ཏུ་བཀོད་ཐུབ་ལ་ཁྱེད་རྣམ་པས་ང་ཚོའི་མཆན་ལ་སྟངས་འཛིན་ཡང་བྱེད་བདེ་བར་མ་ཟད མཆན་འགོད་མཁན་བཟང་ལ་མང་བ་ཡོང་ཐུབ་སྙམ།
ཞིབ་འཇུག་གནང་རོགས་ཞུ།
བདག་གིས་དྲྭ་གྲོགས་གསུམ་ཀྱི་ཚབ་ཞུས་ནས་ཕུལ།
རྒྱ་དམར་གྱིས་བོད་རིགས་རྣམས་འབུར་འཇོམས་བྱེད་པའི་ཕྱིར་འཆར་གཞི་ཡོད་པའི་སྒོ་ནས་
བོད་རིགས་བྱས་རྗེས་ཅན་དང་།
བོད་རིགས་ཤེས་ཡོན་ཅན།
་བོད་རིགས་བོད་ལ་དགའ་མཁན།
བཅས་རྩ་མེད་བཏང་དང་གཏོང་བཞིན་འདུག་པས།
ཀྱེ་བོད་རིགས་སྤུན་གྲོགས་ཚོ།
ང་ཚོས་སྔར་ལས་ལྷག་པའི་མཐུན་སྒྲིལ་དང་སྙིང་སྟོབས་དགུ་འགྱུར་བསྐྱེད་པའི་དུས་ལ་བབ་ཡོད།
ནམ་ཡང་སེམས་ཤུགས་ཉམས་མི་རུང་ཞིང་། མཐའ་གཅིག་ཏུ་རྒྱ་དམར་གྱི་གཡོ་འཕྲུལ་ལ་ང་ཚོས་ཐབས་མཁས་ཀྱིས་བརྡུང་བརྡེག་ཚ་ནན་བྱེད་དགོས།
བོད་འབྲེལ་གཞུང་སྒེར་གྱི་ཚོགས་པ་སྐྱིད་སྡུག་ཁག་གིས་ངེས་པར་དུ་བསམ་ཞིབ་བྱས་ཏེ་སྐབས་བསྟུན་ལས་འགུལ་སྣ་ཚོགས་སྤེལ་དགོས་པར་འདོད། རྒྱ་གཞུང་གི་གཏིང་ནག་བཙན་ཁྲིམས་དེ་དག་མཐོང་དུས་ཡིད་སེམས་སྐྱོ་གདུང་གིས་གཟིར་ཡོང་། རྒྱ་གཞུང་གིས་འདི་ལྟར་ཉེས་མེད་བོད་མི་མང་པོར་གང་འདོད་བཙན་ཤེད་ཀྱི་ཁྲིམས་ངན་ཡ་ང་བར་སྦྱོར་བ་ནི་ཆེས་ཐལ་དྲགས་པའི་བརྙས་བཅོས་རང་རེད།
ངོ་མ་སྙིང་རྗེ་ཟེར་བ་ཞིག་མི་འདུག་
ཀརྨ་བསམ་གྲུབ་ལགས་ལ་ཉེས་ཆད་མི་ལོ་༡༥བཙོན་འཇུག་བྱས་པར་གདུང་སེམས་མཉམ་བསྐྱེད་ཡོད།
རྣམ་རྟོག་སླང་ངེས་དེ་ཚོས་དེ་འདྲ་ཞིག་བྱེད་ཀྱི་རེད་བསམ་བྱུང་ཡཱ། དངོས་གནས་མ་དྲང་པ་བྱས་འདུག ༸གོང་ས་མཆོག་གིས་གསུངས་པ་ལྟར་དབང་ཆེན་དབང་མེད་ཀྱི་ལས་ཀ་རང་རེད། རྐརྨ་བསམ་འགྲུབ་ལགས། ཕ་བཟང་བུ། བདེན་མཐའ་གསལ་ཡོང་གི་རེད་བསམ་གྱི་འདུག་སྡུག་རུས་བྱོས། ཁྱོད་ཚེ་རིང་།
ཀརྨ་བསམ་གྲུབ་ལགས་སུ་མི་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ད་དུང་ཁོང་དང་འབྲེལ་འདྲིས་ཡོད་སྐད་ཀྱི་མི་དུ་མ་འཇུ་བཟུང་གྱིས་བཀག་ཉར་བྱས་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ།