ད་ལོའི་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་ནི་བོད་ཡིག་གི་ཆེད་རྩོམ་འགྲན་བསྡུར་དང་བོད་ཀྱི་དཔའ་བོའི་རྗེས་དྲན་ཉིན་མོའི་ལག་རྩེད་སྤོ་ལོའི་འགྲན་བསྡུར། རྒྱན་ཤོག་འཐེན་པ་སོགས་བྱ་དགའི་རྣམ་གྲངས་ཧ་ཅང་མང་བའི་འཁྲུངས་སྐར་ཉིན་མོ་ཞིག་ཡིན།
ཁ་སང་ནི་༧གོང་ས་མཆོག་དགུང་གྲངས་ ༧༥ ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་ལ། བོད་གཞིས་བྱེས་གཉིས་ཀྱི་བོད་འབངས་རྣམས་ཀྱིས་རང་རང་ས་ནས་ཁོང་གི་འཁྲུངས་སྐར་གྱི་ཉིན་མོ་དགའ་དད་སྤྲོ་གསུམ་གྱིས་བསུ་བའི་གལ་ཆེའི་ཉིན་མོའང་ཡིན། ཉིན་མོ་འདི་དང་སྟབས་བསྟུན་ངྷ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཟླ་སྔོན་མ་ནས་མགོ་འཛུགས་བྱས་པའི་བོད་ཀྱི་དཔའ་བོའི་རྗེས་དྲན་ཉིན་མོའི་ལག་རྩེད་སྤོ་ལོའི་རྩེད་འགྲན་དེ། འདས་པའི་ཟླ་གཅིག་རིང་ངྷ་ས་ཉེ་འཁོར་གྱི་རྩེད་འགྲན་རུ་ཁག་དགུས་ཁྱོན་འགྲན་ཐེངས་ ༣༩ འགྲན་བསྡུར་བྱས་ཏེ་ཁ་སང་ཕྱི་དྲོར། བོད་གཞུང་ཟློས་གར་ཁང་གི་ཐང་དཀྱིལ་དུ་ཤེས་རབ་དགའ་ཚལ་སློབ་གླིང་དང་དུས་འགྱུར་རུ་ཁག་གཉིས་ཀྱིས་མཐའ་མའི་སྟེང་རྩོད་འགྲན་བསྡུར་བྱས་པ་དང་། མཇུག་མཐའི་སྟེང་རྩོད་འགྲན་བསྡུར་གྱི་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་ཆེད་ཕེབས་གནང་ཡོད།
མཇུག་མཐའི་སྟེང་རྩོད་འགྲན་བསྡུར་སྐབས་དུས་འགྱུར་རུ་ཁག་གིས་སྐར་གྲངས་ ༣༤ དང་ཤེས་རབ་དགའ་ཚལ་སློབ་གླིང་རུ་ཁག་གིས་སྐར་གྲངས་ ༤༨ བསགས་ཏེ། ཤེས་རབ་དགའ་ཚལ་སློབ་གླིང་ཨང་དང་པོ་དང་། དུས་འགྱུར་རུ་ཁག་གིས་ཨང་གཉིས་པ་བླངས་ཡོད་ལ། ལག་རྩེད་སྤོ་ལོའི་ཨང་དང་པོའི་བྱ་དགར་ཧིན་སྒོར་ཆིག་ཁྲི་དང་རྩེད་འགྲན་པ་ཡོངས་ལ་གསེར་གྱི་རྟགས་མ་རེ་དང་། དམིགས་བསལ་རྟགས་མའི་བྱ་དགའ་ཐོབ་ཡོད་ལ། ཨང་གཉིས་པར་ཧིན་སྒོར་དྲུག་སྟོང་དང་རྩེད་འགྲན་པ་རྣམས་ལ་དངུལ་གྱི་རྟགས་མ་རེ་རེའི་བྱ་དགའ་ཐོབ་ཡོད།
དེ་བཞིན་བུད་མེད་ཀྱི་རུ་ཁག་གསུམ་ལས་ཁ་སང་གྷོ་པལ་པུར་བོད་ཁྱིམ་དང་ངྷ་ས་བོད་གཞུང་ཟློས་གར་ཚོགས་པ་གཉིས་ཀྱིས་མཇུག་མཐའི་སྟེང་རྩོད་འགྲན་བསྡུར་བྱས་ཏེ། གྷོ་པལ་པུར་བོད་ཁྱིམ་གྱིས་ ༼ ༡༨ ༽ ཨང་དང་པོ་བླངས་ཏེ་ཧིན་སྒོར་ ༢༥༠༠ བྱ་དགའ་ཐོབ་པ་དང་། བོད་གཞུང་ཟློས་གར་གྱིས་ ༼ ༡༠ ༽ཨང་གཉིས་པ་བླངས་ཏེ་ཧིན་སྒོར་ ༡༥༠༠ བྱ་དགའ་ཐོབ། གངས་སྐྱིད་ལག་རྩེད་སྤོ་ལོའི་རུ་ཁག་ལ་གཏིང་སྐུལ་བྱ་དགར་ཧིན་སྒོར་ ༥༠༠ བྱ་དགའ་གནང་ཡོད།
ངྷ་ས་བོད་ཀྱི་ས་གནས་གཞོན་ནུའི་དྲུང་ཆེ་བཟོད་པ་ལགས་ཀྱིས་འདི་གའི་གསར་འགོད་པར་རྩེད་འགྲན་འདིའི་སྐོར་འགྲེལ་དོན། ང་ཚོས་རྩེད་འགྲན་འདིའི་མིང་ལ་བོད་ཀྱི་དཔའ་བོའི་རྗེས་དྲན་ཉིན་མོའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་ཞེས་བཏགས་ཏེ། ད་ལོ་ནས་བཟུང་དངོས་སུ་ལོ་ལྟར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོར་སྟབས་བསྟུན་སྲུང་གཙི་བྱ་གཏན་འཁེལ་ཡོད་ལ། དེ་ལྟར་བོད་ཀྱི་དཔའ་བོའི་ཉིན་མོའི་རྗེས་དྲན་དུ་སྲུང་གཙི་བྱེད་དོན། ཕྱི་ལོ་ ༡༩༥༩ ནས་ད་བར་བྱུང་བའི་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་དང་། ལྷག་པར་དུ་ ༢༠༠༨ ལོ་ནས་ད་ལྟའི་བར་བྱུང་བའི་བོད་གཞིས་ཀྱི་དཔའ་བོ་དཔའ་མོ་རྣམས། དེ་བཞིན་བཙན་བྱོལ་དུ་འདས་པའི་ལོ་ལྔ་བཅུ་ལྷག་རིང་བོད་དོན་འཐབ་རྩོད་ཆེད་ཟས་བཅད་ངོ་རྒོལ་སོགས་བྱེད་ཐབས་འདྲ་མིན་ནང་བོད་དོན་འཐབ་རྩོད་གནང་མཁན་གྱི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་བྱེད་ཆེད་དུ་ཡིན་ལ། རྗེས་དྲན་དེ་ཡང་བོད་ཕྱི་རབས་པ་རྣམས་ཀྱི་སེམས་ཀྱི་གཏིང་ཟབ་སར་ཡུན་རིང་གནས་ཆེད་རྩེད་མོའི་ལམ་ནས་རྗེས་དྲན་བྱ་གཏན་འཁེལ་བ་ཡིན། ཞེས་དང་། ད་ལོ་ངྷ་སའི་ཉེ་འཁོར་གྱི་རྩེད་འགྲན་པ་ལས་ས་གནས་གཞན་གྱི་རྩེད་འགྲན་པ་འགྲན་ཞུགས་བྱ་ཐུབ་པ་བྱུང་མེད་ཀྱང་། རིམ་བཞིན་བཙན་བྱོལ་གྱི་ས་གནས་ཁག་ཚང་མའི་རྩེད་འགྲན་རུ་ཁག་རྣམས་མཉམ་ཞུགས་བྱ་ཐུབ་པ་བྱས་ཏེ། རྩེད་འགྲན་འདིའི་ཁྱབ་རྒྱ་ཆེ་རུ་བཏང་སྟེ་བོད་ཀྱི་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ལྟར། རྒྱ་ཁྱབ་རང་བཞིན་དུ་རྩེད་འགྲན་བྱ་རྒྱུའི་རེ་འདུན་བཅངས་ཡོད་ཅེས་ཟེར།
ཉིན་དེར་ངྷ་ས་ས་གནས་གཞོན་ནུས་ཉིན་འགའི་སྔོན་ནས་བཟུང་བཀྲམས་མགོ་བརྩམས་པའི་རྒྱན་ཤོག་ཅིག་འཐེན་ཏེ་བྱ་དགའ་ཡང་གནང་ཡོད་ལ། རྒྱ་ཤོག་གི་བྱ་དགའ་ཐོབ་མཁན་ནི། ཨང་དང་པོ། བོད་གཞུང་དཔེ་མཛོད་ཁང་གི་དགེ་འདུན་བསྟན་འཛིན། ཧིན་སྒོར་ཆིག་ཁྲི། ཨང་གཉིས་པ། ས་རཱ་པདྨ་རྣམ་རྒྱལ། ཧིན་སྒོར་ལྔ་སྟོང་། ཨང་གསུམ་པ། ངྷ་ས། སྐལ་བཟང་། ཧིན་སྒོར་སུམ་སྟོང་། ཨང་བཞི་པ་ལྔ་ལ་ཧིན་སྒོར་ ༥༠༠ རེའི་བྱ་དགའ་བཅས་གནང་ཡོད་འདུག
དེ་བཞིན་ཉེ་ཆར་ངྷ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གོ་སྒྲིག་འོག ཡོངས་ཁྱབ་རང་བཞིན་གྱི་རྩོམ་ཡིག་འགྲན་བསྡུར་ཞིག་དང་། རྒྱ་གར་རྒྱལ་ཡོངས་བོད་པའི་སློབ་གྲྭ་ཁག་ནང་ཁུལ་དུ་བོད་ཡིག་གི་རྩོམ་ཡིག་འགྲན་བསྡུར་ཞིག་བྱས་པའི་བྱ་དགའ་གནང་ཡོད་ལ། ཡོངས་ཁྱབ་རང་བཞིན་གྱི་རྩོམ་འགྲན་པའི་ཁོངས་སུ་མི་ ༥༠ ཙམ་མཉམ་ཞུགས་བྱས་ཏེ། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཀུན་དགའ་རྒྱལ་མཚན་ལགས་ཀྱིས་ཨང་དང་པོ་བླངས་འདུག ཁོང་གི་འགྲན་རྩོད་ཀྱི་ཐོབ་སྐར་ནི་བརྒྱ་ཆའི་ ༣༠༠ ནས་ ༢༣༧ ཡིན། ཨང་གཉིས་པ་མཚན་ཉིད་སློབ་གྲྭའི་འཇིགས་མེད་བློ་གྲོས་ལགས་ཡིན་ལ། ཐོབ་སྐར་ ༢༢༠ ཡིན། ཨང་གསུམ་པ་མཐོ་རིམ་སློབ་མ་སྦྲ་རིགས་ཐོག་མེད་ཡིན་ལ། ཐོབ་སྐར་ ༢༡༡ ཡིན། ཨང་དང་པོར་ཧིན་སྒོར་སུམ་ཁྲིའི་བྱ་དགའ་དང་ཕྱག་ཁྱེར། གཉིས་པར་ཧིན་སྒོར་ཉིས་ཁྲི་དང་ཕྱག་ཁྱེར། ཨང་གསུམ་པར་ཧིན་སྒོར་ཆིག་ཁྲི་དང་ཕྱག་ཁྱེར་བཅས་ཀྱི་བྱ་དགའ་ཐོབ་ཡོད།
དེ་བཞིན་རྒྱ་གར་རྒྱལ་ཡོངས་བོད་པའི་སློབ་གྲྭ་ཁག་ ༢༨ ནས་སློབ་ཕྲུག་རྩོམ་འགྲན་པ་ ༢༧༩ ཙམ་གྱིས་སློབ་གྲྭ་ནང་ཁུལ་གྱི་རྩོམ་ཡིག་འགྲན་བསྡུར་ནང་ཆ་ཤས་བླངས་པ་དང་། དེ་དག་ལས་འཛིན་རིམ་གསུམ་པ་ནས་དྲུག་པ་བར་གྱི་འགྲན་བསྡུར་ནང་ཨང་དང་པོ་གྷོ་པལ་པུར་འཛིན་གྲྭ་ ༦ སངས་རྒྱས་དོན་གྲུབ་ཡིན་ལ། ཁོའི་ཐོབ་སྐར་བརྒྱ་ཆ་བརྒྱ་ནས་ ༧༥ ཡིན། ཨང་གཉིས་པ་སུ་ཇཱ་བོད་ཁྱིམ་གྱི་འཛིན་གྲྭ་ ༥ པའི་སློབ་མ་ཆོས་རྒྱལ་ཡོན་ཏན་ཡིན་ལ། ཐོབ་སྐར་ ༧༣ ཡིན། ཨང་གསུམ་པ་གྷོ་པལ་པུར་འཛིན་གྲྭ་ ༦ ཤ་བོ་རྡོ་རྗེ། ཐོབ་སྐར་ ༧༡ ཡིན། འཛིན་རིམ་བདུན་པ་ནས་དགུ་པ་བར་གྱི་འགྲན་རྩོད་ཁྲོད་ཨང་དང་པོ་གྷོ་པལ་པུར་གྱི་འཛིན་གྲྭ་ ༩ སློབ་མ་ཀུན་དགའ་ཚེ་རིང་། ཐོབ་སྐར་བརྒྱ་ཆ་བརྒྱ་ནས་ ༩༠ ཡིན། ཨང་གཉིས་པ་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་འཛིན་གྲྭ ༩ སློབ་མ་གུར་མགོན་སྐྱབས། ཐོབ་སྐར་ ༨༥ ཡིན། ཨང་གསུམ་པ་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་འཛིན་གྲྭ་ ༩ སློབ་མ་སེང་རྡོར་སྐྱབས། ཐོབ་སྐར་ ༨༠ ཡིན། འཛིན་རིམ་བཅུ་པ་ནས་བཅུ་གཉིས་བར་གྱི་འགྲན་བསྡུར་ཁྲོད་ཨང་དང་པོ་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭའི་འཛིན་གྲྭ་ ༡༢ སློབ་མ་ཆོས་རྒྱལ་སྐྱབས། ཐོབ་སྐར་བརྒྱ་ཆ་བརྒྱ་ནས་ ༨༥ ཡིན། ཨང་གཉིས་པ་སུ་ཇཱ་བོད་ཁྱིམ་གྱི་འཛིན་གྲྭ་ ༡༠ སློབ་མ་སངས་རྒྱས་མཁར། ཐོབ་སྐར་ ༧༥ ཡིན། ཨང་གསུམ་པ་གྷོ་པལ་པུར་གྱི་འཛིན་གྲྭ་ ༡༠ སློབ་མ་པདྨ་རྒྱ་མཚོ། ཐོབ་སྐར་ ༧༠ ཡིན།
སློབ་གྲྭ་ཁག་ནང་ཁུལ་གྱི་ཨང་དང་པོ་རྣམས་ལ་ཧིན་སྒོར་ཆིག་ཁྲི་རེའི་བྱ་དགའ་དང་ཨང་གཉིས་པར་ཧིན་སྒོར་བདུན་སྟོང་། ཨང་གསུམ་པར་ཧིན་སྒོར་ ༥༠༠༠ རེ་བྱ་དགའ་གནང་ཡོད།
ངྷ་ས་དབུས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ལྷག་པ་ལགས་ཀྱིས། ད་ལོའི་སློབ་གྲྭ་ཁག་ནང་ཁུལ་གྱི་འགྲན་བསྡུར་ནང་ཁྱོན་སློབ་གྲྭ་ཁག་ ༢༨ ནས་སློབ་ཕྲུག་རྩོམ་འགྲན་པ་ ༢༧༩ ཙམ་གྱིས་འགྲན་ཞུགས་བྱས་ཡོད་ཀྱང་། མཇུག་མཐར་ཨང་ཐོབ་བྱ་དགའ་རེག་མཁན་ཚང་མ་གྷོ་པལ་པུར་བོད་ཁྱིམ་དང་སུ་ཇཱ་བོད་ཁྱིམ་གཉིས་ཀྱི་སློབ་གྲྭ་ཡིན་སྟབས། ལོ་རྗེས་མ་ནས་སློབ་གྲྭ་ཁག་གཞན་ནས་ཀྱང་ཆེད་རྩོམ་འགྲན་བསྡུར་འདིའི་ཁྲོད་ཨང་ཐོབ་བྱ་དགའ་ལེན་ཐུབ་པའི་རེ་བ་ཡོད་ཅེས་གསུངས།
གསར་འགོད་པ། ཨ་རིག་འགྱུར་མེད།
ཆོས་སྲིད་གཉིས་ཀྱི་དབུ་ཁྲིད། འདི་དང་ཕྱི་མའི་ལམ་སྟོན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པའི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་དང༌། སྐུ་ཚེ་འཆི་མེད་མགོན་པོའི་ངོ་བོར་བཞུགས་པའི་སྨོན་འདུན་གྲངས་མེད་ཡོད།
རྒྱ་གར་རྒྱལ་ཡོངས་བོད་པའི་སློབ་གྲྭ་ཟེར། འོན་ཀྱང་ངའི་སློབ་གྲྭར་རྩོམ་འགྲན་གྱི་སྐལ་བ་མ་བྱུང་། །
ནོར་བ་ བཅོས་པ།
གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག
རྒྱ་ཤོག་གི་བྱ་དགའ་ཐོབ་མཁན་ནི། རྒྱན་ཤོག་གི་བྱ་དགའ་ཐོབ་མཁན།
རེད་ལགས། སྟེང་རྩོད་རེད་མི་འདུག་རྟིང་རྩོད་རེད། དྲ་ཐོག་ཏུ་ཤོར་ཟིན་པ་རེད་མོད། གཞུག་ཕྱོགས་ཚགས་ཤོག་ཐོག་འཆོར་དུ་མི་འཇུག ལྷག་པར་དུ་སྐབས་རྗེས་མར་རྟིང་རྩོད་འབྲི་དུས་ཆོར་ས་ཡོད་མེད་ལྟོས།
འདི་ལྟ་བུའི་ལམ་སྟོན་ནི་དུས་ནས་དུས་སུ་ཆད་མེད་དུ་སྩོལ་རོགས།
དེ་རིང་ཡང་བཀུར་འོས་གསར་འགོད་པ་མཆོག་ལ་ཞུ་རྒྱུར།
གོང་གི་གསར་འགྱུར་རྩོམ་ཡིག་འདི་ཧ་ཅང་འཐུས་ཚང་དང་ཞིབ་ཚགས་ཀྱི་གསར་འགྱུར་ཞིག་ཆགས་འདུག་པར་བསྔགས་བརྗོད་དང་བཅས། འདིའི་ནང་དུ་སྟེང་རྩོད་འགྲན་བསྡུར་ཞེས་འབྱུང་བའི་སྟེང་དེ་ལ་དོགས་གཞི་ཞིག་ཡོད། ངའི་བསམ་པར་སྟེང་མ་ཡིན་པར་རྟིང་ཡིན་པ་འདྲ། དེ་ཡིན་དོན་ནི་སྟེང་ནི་སྟེང་འོག་གི་སྟེང་ལ་འགྲོ་བས་གསར་འགོད་པ་མཆོག་གིས་སྟབས་བདེ་བོའི་བསམ་བློ་བཏང་བ་ཞིག་ལོས་ཡིན་འདོད། མ་གཞི་རྟིང་ཞེས་པ་ནི་རྟིང་མ་སྟེ་མཐའ་མའི་དོན་ལ་འཇུག་པ་ཞིག་བདག་གི་སེམས་ལ་དྲན་གྱི་འདུག་ལ། རྟིང་རྩོད་འགྲན་བསྡུར་ཞེས་པ་ནི་མཐའ་མའི་འགྲན་བསྡུར་ལྟ་བུ་ལ་གོ་དགོས་པ་འདྲ། ནོར་ཡོད་ན་དགོངས་དག ལྷག་བསམ་རྣམ་དག་གིས་བརྗོད་པ་ཡིན།
ལག་རྩེད་དང་རྐང་རྩེད་སྤོ་ལོ་འདི་བོད་ཀྱི་གཞོན་སྐྱེས་ཚོར་སྦྱོང་བརྡར་ཡག་སྤྲོད་ཐབས་ལ་འབད་ན་ཡག་པོ་འདུག་་་་དེ་མིན་གཞན་ཡག་པོ་རྩེ་བཞིན་འདུག་ཅེས་སྨོན་པ་འཆོར་བ་དེ་རྗེས་ལུས་ཀྱི་རྣམ་པ་ཞིག་རེད།