མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་སྒེར་ཁག་གི་བཀའ་སྤྱིའི་འོས་གཞི་གླེང་བ། ༼ དམིགས་བསལ་ལེ་ཚན ༽

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

དབུས་འོས་བསྡུ་ལྷན་ཁང་གིས་འོས་བསྡུའི་ལས་རིམ་མགོ་འཛུགས་མ་བྱུས་སྔོན་ལ། གཞུང་འབྲེལ་མིན་པའི་ཚོགས་པ་སྒྲིག་འཛུགས་ཁག་གིས་ཅུང་ཐོད་བརྒལ་རང་བཞིན་གྱིས་སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པ་དང་། སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱི་ས་བོན་མང་པོ་ཞིག་འདོན་བཞིན་ཡོད་པའི་ཐད། སྤྱི་ཚོགས་ནང་གླེང་སློང་སྣ་ཚོགས་ཤིག་ཡོང་གི་ཡོད་པ་དང་། སྐོར་ཞིག་གིས་ལས་འགུལ་དེའི་དགེ་སྐྱོན་དང་། དམངས་གཙོའི་ལམ་སྲོལ། འོས་བསྡུའི་སྒྲིག་གཞི་སོགས་དང་མཐུན་མིན་བཤད་ཚོད་མ་ཐུག་པར་དོགས་གནས་སུ་ཚུད་ཡོད་སྟབས། འདི་གའི་གསར་འགོད་པས་སྤྱི་འཐུས་རྒན་རབས་པ་ཁག་ཅིག་ལ་དགོངས་ཚུལ་དྲིས།

 

བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ། ཕྱི་ལོ་ ༢༠༡༡ ལོའི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བའི་སྐབས་འདིར་ཚོགས་པ་སྒྲིག་འཛིགས་ཁག་གིས་བཀའ་སྤྱིའི་འོས་གཞི་སྣ་ཚོགས་འདོན་བཞིན་ཡོད་པ་འདི་ཚུལ་དང་མཐུན་པ་ཞིག་ཡོང་གིན་ཡོད་མེད་བཅར་འདྲི་ཞུས་པར་ཁོང་གིས་ལན་བསྐྱོན་དོན། འོས་བསྡུའི་སྒྲིག་གཞིའི་ནང་གཞུང་འབྲེལ་མིན་པའི་ཚོགས་པ་དང་། གང་ཟག་སྒེར་བ་ཚོས་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་གཞི་འདོན་ཆོག་གི་མེད་ཟེར་ནས་བསྟན་མེད་སྟབས། ད་ལྟའི་ཆར་ཚོགས་པ་སྒྲིག་འཛུགས་ཁག་གིས་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་གཞི་འདོན་གྱི་འདུག འོས་གཞི་འདོན་སྟངས་ཚུལ་མཐུན་ཡོང་གི་ཡོད་མེད་སྣ་ཚོགས་རེད། དཔེར་ན། མདོ་སྨད་ལྟ་བུར་མཚོན་ན། ས་གནས་རྒྱུན་ལས་རེ་རེ་ནས་བཀའ་སྤྱིའི་འོས་གཞི་བདམས་ཏེ་དབུས་རྒྱུན་ནང་འབྱོར་གྱི་ཡོད། གཞིས་ཆགས་ཁག་ལས་མདོ་སྨད་མང་ཤོས་ལྷོ་ཕྱོགས་མོན་གྷོ་ཊི་རེད། འོན་ཀྱང་ས་གནས་རྒྱུན་ལས་གཅིག་རང་རེད། ས་གནས་དེར་མདོ་སྨད་མང་པོ་འདུག་ཟེར་ནས་དམིགས་བསལ་ཡོད་པ་མ་རེད། ཡང་ས་གནས་རེ་ཟུང་ནང་མདོ་སྨད་གྱི་མི་ཚང་བཅུ་གྲངས་ལས་མེད་ཀྱང་དེ་ཡང་ས་གནས་གཅིག་ལ་བརྩི་གི་རེད། ཆོལ་ཁ་གཞན་དག་ཀྱང་འདི་དང་གཅིག་པ་རེད། གནས་སྟངས་འདི་ལ་གཞིགས་ན། ཚོགས་པ་སྒྲིག་འཛུགས་ཁག་གི་འོས་གཞི་དེ་དག་གིས་མི་མང་པོ་ཞིག་གི་བསམ་ཚུལ་མཚོན་ཐུབ་མིན་བཤད་ཁག་པོ་རེད། ཅེས་གསུངས་བྱུང་།

ཡང་ཁོང་ལ་ཚོགས་པ་སྒྲིག་འཛུགས་ཁག་གི་བྱེད་སྟངས་འདིས་འོས་བསྡུ་ཆེན་མོར་ཕན་གནོད་གང་འདྲ་འབྱུང་མིན་སྐོར་དྲིས་པར། བཀའ་བློན་ཁྲི་པའི་འོས་གཞི་ལྟ་བུར་མཚོན་ན། ད་ལྟའི་ཆར་བློ་བཟང་སེང་གེ་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གཉིས་སླེབས་ཀྱི་འདུག དེ་གཉིས་སླེབས་སྟངས་ཀྱང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་མིང་འདོན་བྱས་རྗེས་ཁོང་གཉིས་ཀྱིས་ཀྱང་བཞུགས་འདོད་ཡོད་པའི་རྣམ་འགྱུར་བསྟན་པ་རེད། རྒྱ་བལ་འབྲུག་གསུམ་ནང་གི་བོད་པ་ཚོས་ཉམས་ཆུང་བྱས་ཏེ། ངས་འདི་བྱ་རྒྱུ་ཡིན། དེ་བྱ་རྒྱུ་ཡིན་ཟེར་བའི་གཤིས་ཀ་ཡོད་པ་མ་རེད། ཡིན་ནའང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་འདོད་ཡོད་མཁན་ཏན་ཏན་ཡོད་པ་རེད། མང་ཚོགས་ཀྱིས་གཞུང་འབྲེལ་མིན་པའི་ཚོགས་པ་ཚོས་མིང་འདོན་བྱས་པ་དེ་གཉིས་ཁོ་ནར་མགོ་འཁོར་བསྡད་ན་ནོར་བ་རེད། བཀའ་བློན་ཁྲི་པའི་འོས་གཞིར་ལངས་འདོད་ཡོད་པ་དང་། ལས་འགན་དེ་འཁུར་རྒྱུའི་ནུས་པ་ཡོད་མཁན་མང་པོ་ཡོང་གི་རེད། མང་ཚོགས་ལ་གོ་བརྡ་མ་འཕྲོད་པར་མི་དེ་གཉིས་གཅིག་པུ་ཡིན་ས་རེད་དྲན་ཏེ། གཞན་ལ་བསམ་བློ་གཏོང་བའི་སྒོ་འགག་བསྡད་ན། རང་བཞིན་གྱིས་སྔོན་འགྲོའི་འོས་གཞི་ལ་ཤུགས་རྐྱེན་ཐེབས་གི་རེད། སྔོན་འགྲོ་དེ་གལ་ཆེན་པོ་ཆགས་ཡོད། སྔོན་འགྲོ་ཐག་གཅོད་མ་བྱས་གོང་ལ་འོས་གཞི་གཞན་པ་ཡོང་སྲིད་པ་རེད། མང་ཚོགས་ཚོས་གསལ་བོར་མཁྱེན་དགོས་པ་ཞིག་ལ། ད་ཆར་ཚོགས་པ་ཁག་གིས་འདོན་བཞིན་པ་དེ་དག་གཞུང་འབྲེལ་མ་རེད་ལ། གཞུང་འབྲེལ་གྱི་ཐོག་ནས་འོས་གཞི་འདོན་ཡང་ཆོག་གི་ཡོད་པ་མ་རེད། ཞེས་གསུངས་སོང་།

 

སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་ལ། ཚོགས་པ་སྒྲིག་འཛུགས་ཁག་གི་བཀའ་སྤྱིའི་འོས་གཞི་སླེབས་སྟངས་ཐད་དགོངས་ཚུལ་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། ཚོགས་པ་སྒྲིག་འཛུགས་ཁག་གིས་བཀའ་སྤྱིའི་འོས་གཞིའི་མིང་འདོན་བྱེད་སྟབས་ཐད། བཙན་བྱོལ་བོད་མིའི་དམངས་གཙོའི་ལམ་སྲོལ་དང་། འོས་བསྡུའི་སྒྲིག་གཞི་སོགས་ལ་བལྟས་ཡོང་ན། མཚམས་རེར་བློ་འཚབ་སྐྱེ་དགོས་པ་ཡོང་གི་འདུག གང་ཡིན་ཟེར་ན། ཚོགས་པ་སྒྲིག་འཛུགས་ཁག་གིས། རྒྱ་བལ་འབྲུག་གསུམ་གྱི་ས་ཁུལ་འདི་འདྲ་ཞིག་ན། མི་ཤེས་འཇོན་ལྷག་བསམ་ཅན་འདི་འདྲ་ཞིག་འདུག ཁོང་ཆོལ་ཁ་ལུང་ཚན་འདིའི་རེད་ཟེར་ནས་ལོ་རྒྱུས་རྒྱབ་ལྗོངས་དང་བཅས་ངོ་སྤྲོད་གནང་བ་ཡིན་ན་ཏག་ཏག་བསྡད་ཡོད། འོན་ཀྱང་། ད་ལྟའི་གནང་སྟངས་ལ་བལྟས་ན། ཚོགས་པ་ཁག་གིས་སྔོན་འགྲོའི་འོས་དམིགས་ཙམ་མ་ཡིན་པར། སྤྱི་འཐུས་རང་ལ་དམིགས་འཛུགས་བྱས་ཏེ། ཁོ་ལ་འོས་ལྡུག་དགོས་པ་རེད་ཟེར་ནས་འགྲོ་བཞིན་འདུག བཀའ་བློན་ཁྲི་པ་ཡང་དེ་བཞིན་གནང་གི་འདུག དེ་དག་བློ་འཚབ་ཀྱི་རང་བཞིན་རེད། ཚོགས་པ་སྒྲིག་འཛུགས་ཁག་དང་ཐད་ཀར་འབྲེལ་བ་མེད་མཁན་མི་ཤེས་འཇོན་ཅན་དེ་འདྲ་ལྷག་རྒྱུའི་ཉེན་ཁ་ཡོད། ཆོལ་ཁ་སོ་སོའི་དབུས་རྒྱུན་ལྟ་བུར་མཚོན་ན། འོས་བསྡུ་ཆེན་མོའི་མཇུག་འབྲས་ཐོན་སྐབས། དབུས་རྒྱུན་གྱིས་བཏོན་པའི་འོས་གཞི་མིན་པ་ཞིག་སླེབས་ཡོང་ན། ཁོས་རྗེས་ཕྱོགས་མི་དམངས་ལ་འགན་འཁུར་སྟངས་ལ་ཁྱད་པར་འགྲོ་མི་སྲིད་པ་མ་རེད། ཅེས་གསུངས་བྱུང་།

ཚོགས་གཞོན་མཆོག་གིས་འོས་བསྡུ་ལྷན་ཁང་གི་སྒྲིག་གཞིའི་སྐོར་གསུངས་དོན། འོས་བསྡུའི་སྒྲིག་གཞིའི་ནང་། དངོས་གཞིའི་འོས་བསྡུའི་ཉིན་གཉིས་ཀྱི་གོང་ལ་སྦྱར་ཡིག་དང་གསལ་བསྒྲགས་རིགས་འགོག་དགོས་ཟེར་བ་ཞིག་ཡོད་ཀྱང་། མགོ་ག་དུས་ནས་འཛུགས་ཆོག་མིན་གསལ་ཁ་མེད། ཁ་ཤས་ཀྱིས་འོས་བསྡུའི་ལས་རིམ་མགོ་འཛུགས་མ་བྱས་སྔོན་ནས་གསལ་བསྒྲགས་བྱེད་ཀྱི་འདུག བུད་མེད་ལྷན་ཚོགས་ཀྱིས་ཚོད་ལྟའི་འོས་ཤོག་བླུགས་པ་དེ་སྤྱིར་བཏང་ཡག་པོ་རེད་དེ། འོན་ཀྱང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་འདོད་ཡོད་མཁན་རེ་ཟུང་གི་མིང་སྡིངས་ཆའི་སྟེང་མ་སླེབས་སྔོན་ལ། ལས་འགུལ་འདི་འདྲ་སྤེལ་ན་སྔོན་འགྲོའི་འོས་བསྡུ་ལ་ཤུགས་རྐྱེན་ཐེབས་གི་རེད་དམ་མ་རེད། དམངས་གཙོའི་རྒྱལ་ཁབ་ཕལ་ཆེ་བའི་ནང་། འོས་བསྡུའི་ལས་རིམ་གསལ་བསྒྲགས་བྱས་པའི་རྗེས་ལ། འོས་གཞིའི་ནང་ལངས་མཁན་ཚོར་རྒྱབ་སྐྱོར་འཚོལ་བའི་དུས་ཚོད་རྒྱས་བཅད་ཡོད། དེ་བཞིན། ལས་ཐོགས་ཤིག་ཡིན་ན་ཁོ་ལ་འགྲོ་སྟངས་ལོགས་སུ་ཡོད། ང་ཚོའི་བཀའ་བློན་ཁྲི་པ་ལྟ་བུར་མཚོན་ན། དུས་ཡུན་སྔ་ཕྱི་འོས་བསྡུའི་བར་ཁྲིམས་སྒྲིག་གང་འདྲ་ཞིག་སྲུང་དགོས་པ་དང་། ལས་འཆར་གསར་པ་མགོ་འཛུགས་བྱ་ཆོག་མིན་གསལ་ཁ་མེད། སྤྱི་འཐུས་ཡང་དེ་བཞིན་རེད། འོས་བསྡུའི་ལས་རིམ་མགོ་འཛུགས་བྱས་ཟིན་རྗེས་ཁྲིམས་ཡིག་ཁྲིམས་འཆར་ཐོག་ལས་ཀ་བྱས་ན་འགྲིག་གི་ཡོད་མེད་ཁ་གསལ་མེད། འབྱུང་འགྱུར་སྒྲིག་གཞི་བསྐྱར་བཅོས་དང་གསར་བཟོའི་ཐད་དགོངས་པ་བཞེས་དགོས་ཀྱི་འདུག་དྲན་ཡོད། ཅེས་གསུངས་བྱུང་།

 

སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་སུ། བཙན་བྱོལ་བོད་མིའི་ཚོགས་པ་སྒྲིག་འཛུགས་ཁག་གིས་བཀའ་སྤྱིའི་འོས་བསྡུའི་ཐད། ལས་འགུལ་སྤེལ་ལུགས་སྤེལ་སྟངས་མངས་གཙོའི་ལམ་སྲོལ་ནང་ཏག་ཏག་འགྲོ་ཐུབ་ཀྱི་ཡོད་མེད་དྲིས་པར་ཁོང་གིས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་འོས་བསྡུ་ཆེན་མོ་སླེབས་ཡོང་སྐབས། བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་གཞི་འདོན་པའི་ལུགས་སྲོལ་ཞིག་སྔོན་མ་ནས་ཡོད། འོན་ཀྱང་དམངས་གཙོའི་ལམ་སྲོལ་ཐོག་ནས་བཤད་ན། གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གིས་འོས་གཞི་འདོན་པའི་ལུགས་སྲོལ་ཡོད་པ་མ་རེད། འོན་ཀྱང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མཚོན་ན། ད་དུང་ཆབ་སྲིད་ཀྱི་གོ་རྟོགས་ཅུང་སྐྱོ་བོ་ཡིན་སྟབས། རེ་ཟུང་ལ་ཕན་ཐོགས་ཡོད་རྒྱུ་རེད། སྤྱིར་གཞུང་འབྲེལ་མིན་པའི་ཚོགས་པ་ཟེར་བ་དེ་དབྱིན་ཡིག་ནང་ Non- Government Organization ཟེར་བ་འདི་རེད། ཚོགས་པ་འདི་ཆོས་དང་རིག་གཞུང་སོགས་དམིགས་ཡུལ་ངེས་ཅན་ཞིག་གི་ཐོག་བཙུགས་པ་ཞིག་ཡིན་སྟབས། སྲིད་དོན་ལ་ཐེ་ཇུས་བྱེད་པའི་ལུགས་སྲོལ་ཡོད་པ་མ་རེད། འོས་གཞི་འདོན་པའི་ལུགས་སྲོལ་དེ་སྲིད་དོན་ཚོགས་པའི་ལས་ཀ་རེད། ང་ཚོར་མཚོན་ན་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ་གཅིག་པུ་དེ་ཆབ་སྲིད་ཚོགས་པ་རེད། དམངས་གཙོའི་ལམ་སྲོལ་ཐོག་ནས་བཤད་ན། བཙན་བྱོལ་སྤྱི་ཚོགས་ཁྲོད་འོས་གཞི་འདོན་ཆོག་མཁན་ཚོགས་པ་འདི་གཅིག་པུ་རེད། འདོན་སྟངས་ཀྱི་ཐད་ནས་ཚོགས་མིའི་ཁོངས་ནས་འདོན་དགོས་པ་རེད། ཚོགས་མི་མ་ཡིན་པ་ཞིག་འདེམ་རྒྱུའི་འོས་བབ་ཡོད་པ་མ་རེད་ལ། གལ་སྲིད་བདམས་པ་ཡིན་ན་ཧམ་པ་ཆེ་དྲགས་པ་རེད། ཅེས་གསུངས་བྱུང་།

ཡང་ཀརྨ་ཆོས་འཕེལ་ལགས་སུ་ཚོགས་སྒེར་རེ་ཟུང་གིས་འོས་གཞི་ལ་ཆ་རྐྱེན་འཇོག་གིན་འདུག་མོད། འོས་མི་སྔོན་ལ་དམིགས་འཛུགས་བྱས་པའི་རྗེས་ལ་ཆ་རྐྱེན་བཞག་པ་དེ་གང་འདྲ་ཡིན་སྐོར་དྲིས་པར། ཁ་ཤས་ཀྱིས་ཆ་རྐྱེན་འཇོག་གིན་འདུག དཔེར་ན། དབུས་གཙང་ཆོལ་ཁའི་ཆ་རྐྱེན་ནང་། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན། དབུས་གཙང་ལ་ཞེན་ཁོག་ཡོད་མཁན་ཞེས་ཆ་རྐྱེན་བཞག་འདུག འོན་ཀྱང་། བཀའ་བློན་ཁྲི་པའི་འོས་གཞི་བཏོན་ཡོད་པའི་ནང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་བཞག་འདུག དེ་ཅུང་ཡ་མཚན་ཞིག་ཆགས་ཡོད། བསྟན་འཛིན་རྣམ་རྒྱལ་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་མ་རེད། རང་ཐག་རང་གཅོད་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་རེད། དེ་མཁྱེན་ཡོད་ས་མ་རེད། བསྟན་འཛིན་རྣམ་རྒྱལ་གྱིས་སྔོན་མ་ནས་རང་ཐག་རང་གཅོད་ཐོག་འབད་བརྩོན་གནང་གི་ཡོད་པ་ཡོངས་གྲགས་རེད། སོ་སོས་ཆ་རྐྱེན་བཞག ཡང་ཆ་རྐྱེན་མི་ཚང་བའི་འོས་གཞི་བཏོན་པ་ཡིན་ན། ཆོ་མེད་པའི་ལས་ཀ་རེད། ཅེས་དང་། ཆོས་བརྒྱུད་ཀྱི་སྤྱི་འཐུས་སྐོར་གསུངས་དོན། ཆོས་བརྒྱུད་ཀྱི་སྤྱི་འཐུས་འདེམ་སྲོལ་ཡོད་པ་དེ་ང་ཚོའི་དམིགས་བསལ་གྱི་ལམ་སྲོལ་ཞིག་རེད། རྒྱལ་ཁབ་གཞན་རེ་ཟུང་གིས་ཀྱང་ཆོས་ལུགས་ལ་མཐོང་བཞག་སྟེ། ཆོས་ལུགས་ཀྱི་འཐུས་མི་གྲོས་ཚོགས་ནང་འཇོག་སྲོལ་ཡོད་མོད། དེ་འོས་བསྡུའི་ལམ་ནས་ཡོང་བ་མ་རེད། རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱིས་ཐད་བསྐོས་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོའི་ལམ་སྲོལ་འདི་བཙན་བྱོལ་དུ་གནས་པའི་རིང་ལ་འགལ་བ་ཆེན་པོ་ཡོད་རྒྱུ་མ་རེད་དྲན་ཡོད།

 

སྤྱི་འཐུས་པད་མ་འབྱུང་གནས་ལགས་སུ་སྐབས་བཅོ་ལྔ་བའི་སྤྱི་འཐུས་འོས་འདེམ་ཐད། དབུས་འོས་བསྡུ་ལྷན་ཁང་གིས་ལས་རིམ་སྒྲིག་སྟངས་དང་། ཚོགས་པ་སྒྲིག་འཛུགས་ཁག་གིས་ལས་འགུལ་སྤེལ་ཕྱོགས་ཐད་དགོངས་འཆར་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། བོད་གཞུང་འོས་བསྡུ་ལྷན་ཁང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཕྱག་ལས་གནང་སྟངས་ཀྱི་ངོ་བོ་རྦད་དེ་ཁ་ཁ་རེད། འོས་བསྡུ་ལྷན་ཁང་གིས་འོས་བསྡུའི་སྒྲིག་གཞི་གཞིར་བཟུང་ལག་ལེན་བསྟར་དགོས་པ་རེད། ལས་རིམ་སྒྲིག་སྟངས་ཐད་ལ་ཡང་གདམ་ག་ཞེ་དྲག་ཡོད་པ་མ་རེད། སྔོན་འགྲོའི་འོས་བསྡུ་ཕྱི་ཟླ་ ༡༠ ནང་ཡིན་སྟབས་བལ་གོས་བཙོང་བའི་དུས་ཚོད་ལ་འཁེལ་ཡོད་ཀྱང་། བོད་མི་འདུས་སྡོད་ཀྱི་ས་གནས་ཡོངས་རྫོགས་ལ་འཕྲལ་སེལ་གྱི་ས་གནས་འོས་བསྡུ་ལས་ཁང་རེ་འཛུགས་རྒྱུ་ཡིན་པ་འདྲ། དེ་མིན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་འོས་གཞི་འདོན་གྱིན་ཡོད་པའི་ཐད་ངས་སྔོན་མ་ནས་བཤད་མྱོང་ཡོད། ཚོགས་པ་སྒྲིག་འཛུགས་ཀྱི་ངོས་ནས་བཏོན་ན་འདྲ་ལ། མི་སྒེར་གྱིས་བཏོན་ནའང་འདྲ། ག་ཚོད་མང་མང་འདོན་ཐུབ་ན། དེ་ཙམ་གྱིས་མི་དམངས་ལ་ཕན་གི་རེད། གང་ཡིན་ཟེར་ན་བཀའ་ཁྲི་དང་སྤྱི་འཐུས་གཉིས་ཡག་པོ་ཞིག་དགོས་པ་བཤད་མ་དགོས་པ་རེད། ཡག་པོ་ཞིག་འདེམ་དགོས་ན། དང་པོ་གདམ་གསེས་བྱ་ཡུལ་གྱི་གཞི་མང་པོ་ཞིག་མེད་ན། ཡག་པོ་ཞིག་བདམས་ཐོན་ཡོང་སྲོལ་ཡོད་པ་མ་རེད། འདམ་ཀ་ཅི་ཙམ་མང་ན་མི་དམངས་ལ་བསམ་བློ་གཏོང་སའི་ས་བོན་ལ་དེ་ཙམ་ཕན་གི་རེད། འོན་ཀྱང་། ས་མཚམས་ལས་བརྒལ་ཆོག་གི་མ་རེད། འོས་བསྡུའི་སྒྲིག་གཞིའི་ནང་ས་མཚམས་གསལ་བོར་བསྟན་ཡོད། དེ་ལ་ཚང་མས་བརྩི་སྲུང་བྱ་དགོས་པ་རེད། ཅེས་གསུངས་སོང་།

ཡང་ཚོགས་པ་སྒྲིག་འཛུགས་ཁག་གིས་འོས་གཞི་འདོན་སྟངས་ཐད་ཐབས་ལམ་གསར་པ་འདྲ་གཟིགས་ཀྱི་ཡོད་མེད་དྲིས་པར། ང་རང་གི་བསམ་པར་འོས་གཞི་ཞིག་བཏོན་ཏེ་མིང་སྨྲོས་པ་དང་། པར་བཀྲམས་པ་གཅིག་པུས་འགྲིག་གི་ཡོད་པ་མ་རེད་དྲན་ཡོད། མི་དེ་བདམས་དགོས་པའི་རྒྱུ་མཚན་དང་རྒྱབ་ལྗོངས། མི་དེས་ཕྱག་ལས་ག་རེ་གནང་ཡོད་པ་དང་། ཤེས་འཇོན་གང་འདྲ་ཡོད་པ་གསལ་བོ་འགོད་དགོས་པ་རེད། འདི་ལྟར་བྱས་པ་ཡིན་ན། མང་ཚོགས་ཀྱི་བསམ་བློ་གཏོང་ཕྱོགས་ལ་ཕན་གི་རེད་ལ། འོས་གཞི་འདོན་མཁན་ཚོགས་སྒེར་དེའི་ལྟ་བ་ལངས་ཕྱོགས་ཀྱང་གསལ་བོ་ཡོང་གི་རེད། སྒྲིག་འཛུགས་ཁ་ཤས་ཀྱིས་འོས་གཞིར་ཆ་རྐྱེན་འཇོག་གིན་འདུག དེ་དགོས་པ་མེད་པ་ཞིག་རེད་དྲན་ཡོད། དེང་སྐབས་ང་ཚོར་སྲིད་དོན་ཚོགས་པ་ཡོད་པ་མ་རེད། སྲིད་དོན་ཚོགས་པ་ཡོད་ན་དེ་ལ་ལངས་ཕྱོགས་ཤིག་ཡོད། ལངས་ཕྱོགས་དེ་དང་ཆ་རྐྱེན་དེ་འགྲུབ་ཐུབ་མིན་གནས་ཚུལ་ཁ་ཁ་རེད། ང་ལ་མཚོན་ན། བཙན་བྱོལ་བོད་མིའི་དམངས་གཙོ་དབུ་བརྙེས་པ་ནས་བཟུང་སྤྱི་འཐུས་རྒྱུན་རིང་ཤོས་ཤིག་ཡིན། ང་ལ་ལངས་ཕྱོགས་དང་འཆར་གཞི། དམིགས་ཡུལ་མང་པོ་ཞིག་ཡོད་ཀྱང་། ང་མི་གཅིག་གིས་སྒྲུབ་ཐབས་མེད་པ་གསལ་བོ་ཤེས་ཀྱི་འདུག ཚོགས་སྒེར་སུ་འདྲ་ཞིག་ཡིན་རུང་ཆ་རྐྱེན་གཅིག་ཀྱང་མ་བཞག་ན་ཡག་པོ་འདུག་དྲན་ཡོད། ཅེས་གསུངས་སོང་།

 

སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་སུ། ཚོགས་པ་སྒྲིག་འཛུགས་ཁག་གིས་ཚ་ཚ་འུར་འུར་གྱིས་བཀའ་སྤྱིའི་འོས་གཞི་འདོན་བཞིན་ཡོད་ཀྱང་། ཆོས་བརྒྱུད་ཁག་ལ་གྲགས་འགུལ་མེད་དོན་གང་ཡིན་པ་དང་། ཆོས་བརྒྱུད་ནང་ཁུལ་ནས་སྤྱི་འཐུས་ཚད་ལྡན་རེ་རག་ཐབས་སུ་ཐབས་ལམ་གང་འདྲར་བརྟེན་གྱི་ཡོད་མེད་དྲིས་པར་ཁོང་གིས། ད་ལྟའི་ཆར་ཚོགས་པ་སྐྱིད་སྡུག་ཁག་གིས་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་གཞི་མང་པོ་ཞིག་འདོན་བཞིན་འདུག སྤྱིར་བཏང་ཡག་པོ་འདུག མི་ཚང་མའི་གོ་རྟོགས་ཡག་ཏུ་ཕྱིན་པ་དང་། རྩ་དོན་ལ་དོ་སྣང་སླེབས་པའི་རྟགས་ཡིན་རྒྱུ་རེད། འོན་ཀྱང་མང་དྲགས་ན་གང་འདྲ་ཞིག་ལ་འགྲོ་བཞིན་ཡོད་ན་སྙམ་གྱི་འདུག དེང་སྐབས་བརྒྱུད་ལམ་མང་བ་དང་། ལྷག་པར་དུ་དྲ་རྒྱ་ཁག་སྟབས་བདེ་ཡིན་སྟབས། རིམ་གྱིས་མི་གཅིག་གཉིས་རེ་ཡིས་ཀྱང་། འོས་གཞི་འདོན་མི་སྲིད་པའི་ངེས་པ་མི་འདུག འོས་གཞི་མང་དྲགས་ན། མ་འོངས་པའི་ལས་དོན་དངོས་ཀྱི་སྐབས་སྟོབས་ཤུགས་ཕྱོགས་གཅིག་ཏུ་བསྡུ་ཐུབ་ན་སྙམ་པའི་དོགས་པ་ཞིག་ཡོང་གི་འདུག ཆོས་བརྒྱུད་ཁག་གི་སྤྱི་འཐུས་སླེབས་སྟངས་ཐད་རྒྱུས་མངའ་མེད། ང་ཚོ་བོན་པོ་ལྟ་བུར་ཆ་བཞག་ན། སྐབས་བཅུ་གཉིས་དང་བཅུ་གསུམ། བཅུ་བཞི་བཅས་སུ་སྨན་རི་དགོན་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་དང་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེ་བཅས་ནས་འོས་གཞི་རེ་འདོན་བཞིན་འདུག་མོད། དེ་ཕྱི་ལོགས་སུ་ཁྱབ་བསྒྲགས་བྱེད་སྲོལ་མི་འདུག ནང་ཚགས་ཀྱིས་དགོན་པ་ཕན་ཚུན་དང་། འབྲེལ་ཡོད་མི་སྣ་ཚོར་ཕར་གཏོང་ཚུར་གཏོང་བྱས་མཐར་འོས་མི་བཞི་ལྔ་ཞིག་གཏན་འབེབས་བྱེད་པའི་ལུགས་སྲོལ་འདུག ཐེངས་འདིར་གྲ་སྒྲིག་ཡོད་མེད་ཤེས་མ་སོང་། ཞེས་དང་།

ཆོས་བརྒྱུད་གཞན་དག་ལ་ཡང་ཐེངས་འདིའི་འོས་བསྡུ་ཆེན་མོར་གྲགས་འགུལ་མི་འདུག ཚོགས་པ་སྒྲིག་འཛུགས་ཁག་གིས་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་གཞི་འདོན་བཞིན་ཡོད་པ་ཚོ་གདན་ས་གྲྭ་ཚང་ཁག་ལ་དམིགས་བསྡད་ཡོད་པ་ཞིག་ལ་མཐོང་སོང་། འོན་ཀྱང་། གདན་ས་གྲྭ་ཚང་ཁག་གིས་སོ་སོའི་ཐོབ་ཐང་གི་སྤྱི་འཐུས་ག་འདྲ་ཞིག་དགོས་ཀྱི་ཡོད་མེད་ཐད་དོ་སྣང་བྱེད་ཀྱི་མི་འདུག རྒྱུ་མཚན་གསལ་བོ་ཞུས་ན། ཆོས་བརྒྱུད་ཁག་ལས་ཤུགས་ཆེ་ཤོས་དགེ་ལུགས་རེད། ཐེངས་སྔོན་མའི་འོས་བསྡུ་ཆེན་མོའི་དངོས་གཞིའི་སྐབས། དགེ་ལུགས་པའི་སྤྱི་འཐུས་ཐད་དཀའ་ལས་ཁག་པོ་འདྲ་ཞིག་བྱུང་བ་རེད། དེ་བཞིན། ཐེངས་འདིར་ཡང་སོ་སོའི་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཐད་ཐུགས་སྣང་ག་འདྲ་ཞིག་གནང་གི་ཡོད་ན་སྙམ་སོང་། ཚོགས་པ་སྐྱིད་སྡུག་ཁག་གིས་འུར་རྒྱག་གིན་ཡོད་པ་དང་། མི་འདྲ་མི་འདྲ་སྤྱི་ཚོགས་ནང་ཡར་རྒྱུག་མར་རྒྱུག་བྱེད་ཀྱི་ཡོད་པ་ཚོར་མགོ་འཁོར་བསྡད་ཡོད་པ་ཞིག་ལ་མཐོང་སོང་། ཆོས་བརྒྱུད་ཀྱི་སྤྱི་འཐུས་ཐད། སྤྱི་ཚོགས་ནང་བཤད་ཚུལ་སྣ་ཚོགས་ཡོང་གི་ཡོད་པ་རེད། སྤྱི་འཐུས་བྱེ་བྲག་པ་རེ་ཟུང་གི་བྱེད་སྟངས་འགྲིག་མིན་གྱི་དབང་གིས་ཆོས་བརྒྱུད་སྤྱི་འཐུས་དགོས་ཀྱི་མི་འདུག་ཟེར་མཁན་མང་པོ་ཡོད། གནད་དོན་དེ་དག་ལ་བསམ་ཞིབ་བྱས་ཏེ། ཆོས་བརྒྱུད་ཁག་གིས་ཀྱང་ཐུགས་འདང་གནང་དགོས་པའི་དུས་ལ་བབས་ཡོད་པ་རེད་དྲན་ཡོད། ཅེས་གསུངས་སོང་།

 

སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་སུ། ཚོགས་པ་སྒྲིག་འཛུགས་ཁག་གི་བཀའ་སྤྱིའི་འོས་གཞི་འདོན་སྟངས་ཐད་གཟིགས་ཚུལ་གང་འདྲ་ཡོད་སྐོར་དྲིས་པར་ཁོང་གིས། ད་ལྟའི་ཆར་མི་དམངས་ཀྱིས་ཐད་ཀར་འོས་འདེམ་བྱས་པའི་བཀའ་བློན་ཁྲི་པ་སྐབས་གསུམ་པ་དང་། སྤྱི་འཐུས་སྐབས་བཅོ་ལྔ་བའི་འོས་བསྡུའི་སྐོར་ལ་སྤྱི་ཚོགས་ནང་། དེ་སྔ་དང་མི་འདྲ་བའི་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱི་འདུག ཉིན་འདི་འགར་དྲ་རྒྱ་སོགས་བརྒྱུད་ལམ་ཁག་ཏུ་ཚོགས་པ་སྐྱིད་སྡུག་ཁག་གི་འོས་གཞི་སྣ་ཚོགས་ཤིག་ཐོན་ཡོང་གི་འདུག དེ་དག་ས་གནས་ཡན་ལག་བརྒྱུད་དེ་འོས་གཞི་མང་པོ་ཞིག་བསྡུས་ཤིང་། དེའི་ནང་ལོགས་ནས་རྩེ་བཏོག་བྱས་ཏེ་གསལ་བསྒྲགས་བྱེད་ཀྱིན་ཡོད་པ་ཁག་ཅིག་འདུག ཡང་ས་གནས་སུ་ལས་ཀ་བྱེད་མཁན་མེད་པ་དག་གིས་སྒྲིག་འཛུགས་ནང་ཁུལ་ནས་གོ་བསྡུར་བྱས་ཏེ་འོས་གཞི་འདོན་བཞིན་འདུག ཆོལ་ཁ་སོ་སོའི་དབུས་རྒྱུན་ལ་མཚོན་ན། ས་གནས་རྒྱུན་ལས་ཁག་ལ་བཀོལ་ཁྱབ་བཏང་བ་བརྒྱུད་ས་གནས་མང་ཚོགས་ཚོས་ཚོགས་འདུ་བསྐངས་ཏེ། འོས་བླུགས་པ་ཡིན་ན་གཙང་ཤོས་དེ་ཆགས་ཀྱི་ཡོད་པ་རེད། འགྲོ་སྟངས་དེ་ལག་བསྟར་བྱེད་ཀྱི་མི་འདུག་ཟེར་ནས་ཞུ་རྒྱུ་མེད། གལ་སྲིད་རེ་ཟུང་གིས་དེ་ལྟར་མ་བྱས་པར་གང་ཟག་རེ་གཉིས་ཀྱིས་གང་དྲན་བཏོན་ན། ས་གནས་མང་ཚོགས་ཀྱི་བསམ་ཚུལ་མཚོན་གྱི་ཡོད་པ་མ་རེད། ཅེས་གསུངས་བྱུང་།

ཁོང་ལ་ཚོགས་པ་སྒྲིག་འཛུགས་ཁག་གི་ལས་འགུལ་འདིས་རྗེས་མ་འོས་བསྡུ་དངོས་ཀྱི་ཐོག་ལ་ཤུགས་རྐྱེན་ཐེབས་ཐུབ་མིན་སྐོར་དྲིས་པར། ད་ཆར་ཚོགས་པ་སྒྲིག་འཛུགས་ཁག་གིས་འོས་གཞི་འདོན་བཞིན་ཡོད་པ་འདིས་རྗེས་མ་འོས་བསྡུ་ལྷན་ཁང་གི་སྔོན་འགྲོའི་འོས་གཞི་ལ་ཤུགས་རྐྱེན་ཐེབས་མིན་དེ་བཤད་ཁག་པོ་འདྲ་ཞིག་རེད། ཤུགས་རྐྱེན་ཐེབས་གི་རེད་ཟེར་ན་མང་ཚོགས་ཀྱི་ཆུ་ཚད་ལ་དམའ་འབེབས་བྱས་པ་རེད། ཐེབས་གི་མ་རེད་ཟེར་ན་ཏན་ཏན་ཁྱད་པར་ཞིག་འགྲོ་གི་རེད། གང་ལྟར། འགྲོ་སྟངས་འདི་དམངས་གཙོའི་ལམ་སྲོལ་རང་སྟེང་ནས་བལྟས་ན་དགེ་སྐྱོན་གཉིས་ཀ་ཡོད་པ་རེད། “གྲོས་མི་ལ་བྱོས་ཐག་རང་གིས་ཆོད”ཟེར་བ་བཞིན་མཐའ་མའི་ཐག་གཅོད་དེ་སོ་སོས་བྱས་པ་ཡིན་ན་ཡག་པོ་ཡོང་གི་རེད་བསམ་ཡོད། དཀའ་ངལ་གཞན་ཞིག་ལ། ཚོགས་པ་སྒྲིག་འཛུགས་འདི་དག་ཆབ་སྲིད་ཚོགས་པ་མིན་སྟབས། སོ་སོས་འོས་གཞི་བཏོན་བཞག་པ་དེ་ལ་རྗེས་མ་འོས་ཐོབ་པ་ཡིན་ན་ཡང་། ཚོགས་པའི་ངོས་ནས་ཁོ་ལ་སྟངས་འཛིན་བྱ་ཐུབ་གི་མ་རེད། གནས་སྟངས་འདི་ང་ཚོའི་དམངས་གཙོ་ལ་འཕྲད་བཞིན་པའི་དཀའ་ངལ་ཞིག་རེད། ཅེས་དང་། མཐར་ཁོང་གིས་འོས་གཞི་དང་ལྷན་དུ་ཆ་རྐྱེན་འཇོག་གི་ཡོད་པའི་སྐོར་ལ་གསུངས་དོན། སྒྲིག་འཛུགས་སོ་སོའི་ངོས་ནས་ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས་བསྐངས་ཏེ། གྲོས་ཆོད་ཀྱི་ལམ་ནས་ཆ་རྐྱེན་འདོན་བཞིན་ཡོད་ན་དེ་འགྲིག་གི་ཡོད་པ་རེད། འོན་ཀྱང་། འོས་གཞི་སྔོན་ལ་བཏོན་ཏེ་ཆ་རྐྱེན་རྗེས་ནས་འཇོག་གི་ཡོད་པ་དེ་ག་འདྲ་ཞིག་ཡིན་ནམ་དྲན་གྱི་ཡོད། སྤྱིར་བཏང་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་ཆོས་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་བོར་བཀོད་ཡོད། དེ་ལས་ལྷག་པའི་ཆ་རྐྱེན་ཞིག་འཇོག་དགོས་དོན་ཡོད་པ་མ་རེད། ཅེས་གསུངས་བྱུང་།

གསར་འགོདཔ། དོན་འགྲུབ་བཀྲ་ཤིས།

 

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༥ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༧ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 5

  1. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    བོད་མི་སྤྱི་ཡོངས་ཀྱི་འཐུས་མི་ཞིག་ཡིན་ན་སྤྱི་དོན་ལ་བསམ་ནས་སྐད་ཆ་བཤད་ན་ཧ་ཅང་བཟང་། འོན་ཀྱང་མདོ་སྨད་དང་དབུས་གཙང་ཞེས་བརྗོད་བྱ་མ་བཤད་གོང་ནས་ཞེན་ཁོག་དོན་ཡོང་གི་འདུག ད་དུང་རྐུབ་བཀྱགས་དེའི་སྟེང་བསྡད་ནུས་པའི་གང་མིན་ཚད་རེད། དམིགས་བཀར་ནས་ཞུ་རྒྱུར་ར་བཟི་ཀརྨ་ཆོས་འཕེལ་ལགས། ཁྱེད་རང་གི་ལས་ཀའི་ངོ་བོ་དེ་གང་ཡིན་པ་ཤེས་པར་བྱས་ནས་སྐད་ཆ་རེ་བཤད་ན། སོ་སོའི་ནོར་བ་ཤེས་བཞིན་དུ་ད་དུང་འཁང་ར་དང་དམའ་འབེབ་བྱེད་པ་ནི་ཐ་ཤལ་ནང་ནས་ཐ་ཤལ་དང་། མཇུག་འབྲས་ངན་པ་སྨིན་རྒྱུ་གདོན་མི་ཟ།

    Reply
  2. མཆོ་བྷེ། says:
    ལོ་ 15 སྔོན།

    མི་ཚང་མས་རང་སྣང་གང་དྲན་གྱིས་བཀའ་སྤྱིའི་འོས་གཞི་བཏོན་ན་ཧམ་པ་ཆེ་བའི་ལས་ཀ་རེད། དེ་ལས་ཉེ་ཆར་མདོ་སྨད་དབུས་རྒྱུན་གྱིས་སྤྱི་འཐུས་ཀྱི་ས་བོན་བསྡུས་པ་དང་འདྲ་བའི་ལས་འགུལ་སྤེལ་ཐུབ་ན་མི་དམངས་ཀྱི་གོ་རྟོགས་སེལ་བ་ལའང་ཅུང་ཕན་པར་འདོད།

    Reply
  3. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བློ་སེང་དང་བཀྲས་མཐོང་གཉིས་ཤུགས་ཆེན་པོ་སླེབས་ཀྱི་ཡོད་པའི་འཁང་ར་གནང་འདུག ངས་བལྟས་ན་དེ་མང་གཙོ་ཚོགས་པས་བཏོན་པའི་རྐྱེན་གྱིས་ཁོང་གཉིས་སྐད་གྲགས་ཆགས་པ་ཞིག་རྒྱུ་མ་རེད། གང་ཡིན་ཟེར་ན། ང་ཚོའི་མི་མང་ཚོ་དེང་སང་ཏོག་ཙམ་མགོ་ཚོས་མཁན་འདྲ་ཞིག་ཆགས་འདུག དེར་བརྟེན་མང་གཙོ་ཚོགས་པས་བཏོན་པ་གཅིག་པུའི་རྐྱེན་གྱིས་ཡིན་མིན་མི་ཤེས། གང་ལྟར་ཚོགས་གཙོ་དང་ཚོགས་གཞོན་གཉིས་རེ་ཞིག་བཀའ་ཁྲིའི་བཞུགས་ཁྲི་ལ་འཛེགས་རྒྱུ་མི་མང་གིས་དེ་ཙམ་འདོད་པ་བྱེད་ཀྱི་མེད་པ་ནི་མངོན་གསལ་རེད་འདུག

    Reply
  4. གུར་གུམ། says:
    ལོ་ 15 སྔོན།

    ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱི་ས་གསུང་བ་དངོས་ནས་བདེན་པ་འདུག

    Reply
  5. གནམ་ལྕགས། says:
    ལོ་ 15 སྔོན།

    འདི་ནི་ཅི་འདྲའི་གསར་རྩོམ་ཡིག་ཚད་ལྡན་ཞིག་རེད་ཨང།

    དོན་བཀྲ་ལགས་ཐུགས་རྗེ་ཆེ་ཞུའོ།།

    བསམ་ཚུལ་ཡང་ཅུང་ཟད་འདུག་མོད་དུས་ཚོད་ཀྱི་དབང་གིས་རྗེས་སུ་བཤད་ཆོག་པ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese