མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ར་བསད་དེ་ལུག་འདར་དུ་འཇུག་འདོད་པ་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

 

བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས་སུ་བཅར་འདྲི།

དྲི་བ། ལོ་སྔ་ཕྱིར་བོད་ནང་གི་རྩོམ་པ་པོ་སྐོར་ཞིག་གིས་རྒྱ་གཞུང་གི་སྲིད་ཁྲིམས་ལ་ཐད་ཀར་གདོང་གཏད་པའི་དབང་གིས་བཙོན་དུ་ཚུད་པ་དང་ཉེས་རྡུང་རེག་པ། གོ་གནས་ཕབས་པ་སོགས་ཀྱི་ཛ་དྲག་གི་གནས་ཚུལ་ཞིག་འབྱུང་བཞིན་ཡོད་པ་འདིར་ཕུགས་ཀྱི་ཕན་གནོད་གང་འདྲར་མཐོང་གི་ཡོད་དམ།   

ལན། གནད་དོན་འདི་ལ་རིགས་གཉིས་ཡོད་པ་རེད་དྲན་ཡོད། རིགས་གཅིག་གིས་བློ་ཐག་རྦད་ཆོད་གནང་ཡོད་པ་རེད་ལ།རིགས་གཅིག་གིས་ཐབས་མཁས་པོའི་ཐོག་ནས་བསྒྲུབ་སྙམ་ཡོད་པ་རེད། མི་སྒེར་གྱི་འདུན་པར་མ་ལྟོས་པར་བདེན་དོན་འཐབ་རྩོད་ཀྱི་ལས་དོན་ཧྲིལ་བོའི་ཐོག་ནས་བལྟས་ན། འཛིན་བཟུང་བཙོན་འཇུག་དང་། ཉེས་རྡུང་ཁྲིམས་ཆད། ཚེ་སྲོག་ཤོར་བ་སོགས་ངེས་པར་དུ་ཡོང་དགོས་པ་ཞིག་རེད། ང་ཚོས་རྒྱ་དམར་ལ་མི་ཤུགས་དང་རྒྱུ་ཤུགས། དབང་ཤུགས་གང་ཐད་ནས་དོ་ཟླ་ཡོང་ཐབས་ཡོད་པ་མ་རེད། ང་ཚོར་སྟོབས་ཤུགས་གཅིག་རང་ཡོད་པ་ནི་བདེན་པའི་སྟོབས་རེད།བདེན་དོན་འཐབ་རྩོད་བྱ་རྒྱུར་ཐབས་ལམ་འཚེ་མེད་ཞི་བར་བརྟེན་དགོས་ཀྱང་། མི་མ་ཤི་ཁྲག་མ་བཞུར། དཀའ་ལས་མ་བརྒྱབ་པར་འགྲུབ་ཐུབ་པ་ཞིག་མ་རེད། ལྷག་པར་དུ་ང་ཚོའི་ཁ་གཏད་རྒྱ་གཞུང་གི་གཏུམ་སྤྱོད་དེས་ཀྱང་། ང་ཚོར་སྲོག་གི་འགྲོ་གྲོན་མི་གཏོང་རང་གཏོང་བཟོ་གི་རེད། འདི་ལྟར་མུ་མཐུད་དུ་སོང་ན། བོད་མི་ཡོངས་སྡོད་མ་ཚུགས་པ་ཞིག་དང་། བཟོད་སྲན་བྱ་མི་ཐུབ་པའི་གནས་སྟངས་ཤིག་ཡོང་གི་རེད། འདི་ང་ཚོར་ངེས་པར་དུ་དགོས་པ་ཞིག་ཀྱང་རེད། རྒྱ་ནག་གིས “ར་བསད་ན་ལུག་འདར” དུ་འཇུག་རྒྱུའི་དམིགས་ཡུལ་བཟུང་ཡོད་ཀྱང་། བོད་མི་རིགས་འདི་ར་བསད་ན་ལུག་འདར་བའི་མི་རིགས་ཤིག་མ་རེད་བསམ་ཡོད། ཡང་རེ་ཟུང་གིས་བོད་ནང་གི་རྩོམ་ཡིག་དེ་འདྲ་ཕྱི་ལོགས་ནས་ཤུགས་ཆེན་པོས་ཁྱབ་བསྒྲགས་བྱེད་པ་འདི། རྩོམ་པ་པོར་འགན་མ་འཁུར་བ་རེད་ཟེར་མཁན་འདུག་ཀྱང་། ངས་བལྟས་ན་དེ་འདྲ་མ་རེད།རྩོམ་པ་པོའི་བསམ་བློ་སྔོན་དུ་སོང་ཡོད་པ་ཞིག་ལ། ང་ཚོས་རྗེས་ནས་དེ་ལ་སློབ་སྦྱོང་དང་བགྲོ་གླེང་།གསེད་བཀྲོལ་དང་གདེང་འཇོག་བྱ་མ་ཐུབ་པ་ཡིན་ན། རྩོམ་པ་པོའི་དམིགས་ཡུལ་མ་འགྲུབ་པ་རེད།

དྲི་བ། བོད་ནང་གི་རྩོམ་པ་པོ་དག་གིས་བྲིས་པའི་བོད་དོན་སྐོར་གྱི་རྩོམ་ཡིག་དེ་དག་གིས་བདེན་དོན་འཐབ་རྩོད་ཐད། ནུས་པ་གང་འདྲ་ཞིག་འཐོན་གྱིན་ཡོད་པར་ངོས་འཛིན་གནང་གིན་ཡོད་དམ།

ལན། ང་རང་གི་ངོས་ནས་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་དག་ལས་རྩ་ཆེ་ཤོས་སུ་མཐོང་གི་ཡོད། སྐད་འབོད་རྒྱག་པ་དང་སྦྱར་ཡིག་བཀྲམས་པ་སོགས་གལ་ཆེན་རེད་དེ། ས་ཁུལ་ཆུང་ཆུང་ཞིག་དང་དུས་ཡུན་ཐུང་ཐུང་ཞིག་རེད། སྙན་ངག་དང་གཞས་ཚིག རྩོམ་ཡིག་སོགས་ཀྱི་ལམ་ནས་བོད་ནང་གི་གནས་སྟངས་ངོ་མ་དང་། ལྷག་པར་དུ་མི་དམངས་དཀྱུས་མའི་རེ་བ་དང་སེམས་འདུན་ཡིག་ཐོག་ཏུ་ཕབ་སྟེ་བདེན་དོན་རྩོད་ཀྱི་ཡོད་པ་རེད། ལས་དོན་འདིས་སྤྱི་ཚོགས་ཧྲིལ་བོའི་བསམ་བློར་གཡོ་འགུལ་ཐེབས་གི་རེད། ཁྱབ་ཚད་ཀྱི་ཐད་ནས་བོད་ཕྱི་ནང་གཉིས་དང་། དུས་ཚོད་ཀྱི་ཆ་ནས་རྙིང་འགྲོ་རྒྱུ་དང་ཡལ་འགྲོ་རྒྱུ་ཡོད་པ་མ་རེད། ལྷག་པར་དུ་བོད་ནང་གི་གཞོན་སྐྱེས་ཚོས་རྩོམ་ཡིག་གི་ལམ་ནས་མི་རིགས་ཀྱི་བདེན་དོན་གླེང་ན། ཕྱི་ལོགས་ཀྱི་བོད་མི་ཚོའི་སེམས་ཤུགས་ཀྱི་འབྱུང་ཁུངས་ཆགས་ཀྱི་ཡོད། དེ་བཞིན། བོད་ནང་ནས་ཀྱང་མི་རིགས་ཀྱི་ལ་རྒྱའི་ཐད་འགྲན་རྩོད་ལྟ་བུ་ཞིག་ཆགས་ཀྱི་ཡོད་པ་རེད། 

དྲི་བ། བཙན་བྱོལ་ནང་གི་དུས་དེབ་དང་ཚགས་པར། དྲ་རྒྱ་སོགས་ཀྱི་སྟེང་གི་རྩོམ་ཡིག་མང་ཆེ་བ་ཆབ་སྲིད་སྐོར་ཡིན་ཡང་། རྩོམ་རིག་གིས་སྤྱི་ཚོགས་ལ་ནུས་པ་དེ་ཙམ་ཐོན་གྱི་མེད་པ་དང་། སྤྱི་ཚོགས་ཀྱིས་རྩོམ་རིག་ལ་རིན་ཐང་དེ་ཙམ་འཇོག་གི་མེད་པའི་རྒྱུ་མཚན་གང་ལ་གཟིགས་ཀྱི་ཡོད་དམ། 

ལན། བརྡ་འཕྲིན་བརྒྱུད་ལམ་ཁག་ཏུ་བོད་ཡིག་དར་སྤེལ་དང་། ཕན་ཚུན་བསམ་ཚུལ་སྤེལ་རེས་བྱེད་ཀྱི་ཡོད་པ་དེ་ཁ་རོག་གེར་བསྡད་པ་ལས་ཡག་གི་རེད། འོན་ཀྱང་བཙན་བྱོལ་ནང་གི་ཆབ་སྲིད་རྩོམ་ཡིག་དེ་ཚོའི་སྤུས་ཚད་ཅུང་སྐྱོ་བོ་རེད་དྲན་ཡོད། གང་ཡིན་ཟེར་ན། བཙན་བྱོལ་ནང་གི་རྩོམ་འབྲི་བ་མང་ཆེ་བ་ན་གཞོན་རེད། རྩོམ་འབྲིའི་བྱང་ཚད་དང་། སྤྱི་ཚོགས་ཀྱི་ཉམས་མྱོང་། བརྗོད་བྱེད་ཚིག་གི་ནུས་པ་གང་ཐད་ནས་འདང་གི་ཡོད་པ་མ་རེད་ལ། ལྷག་པར་དུ་རྩོམ་འབྲི་མཁན་མང་པོ་ཞིག་གྲྭ་བ་དང་སློབ་མ། ཡང་ན་ཕྱི་རྒྱལ་ཁག་ཏུ་ལས་ཞོར་རྩོམ་པ་པོ་རེད། ཆེད་ལས་རྩོམ་པ་པོ་དང་སྤྱི་ཚོགས་དཔྱད་བརྗོད་པ་དཀོན་སྟབས། ལུང་དང་རིག་པ་སྤྱད་དེ་གཏིང་ཟབ་ས་ནས་གླེང་ཐུབ་ཀྱི་ཡོད་པ་མ་རེད། བོད་ནང་གི་རྩོམ་པ་པོ་ཚོའི་ཤེས་ཚད་ཧ་ཅང་མཐོ་ལ། རྒྱུ་ཆ་འཚོལ་སྒྲུབ་ཀྱི་མཐུན་རྐྱེན་དང་། སྤྱི་ཚོགས་ནང་ཟབ་ཞུགས་ཀྱི་གོ་སྐབས་མང་པོ་རེག་གིན་ཡོད། ཡང་བཙན་བྱོལ་ནང་གི་རྩོམ་པ་པོ་འགའ་ཞིག་གིས་རང་ཉིད་ཀྱི་མཐོང་ཐོས་ཙམ་དེ་བདེན་པ་མཐར་ཐུག་ཏུ་རློམ་སྟེ། རང་གཤིས་ཚ་དྲགས་པའི་ཞན་ཆ་ཞིག་ཀྱང་ཡོང་གི་འདུག དེ་བཞིན། བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་ནས་བོད་ཡིག་གི་གནས་ཚུལ་སྐྱོ་བ་དང་། བོད་ཡིག་ལ་རིན་ཐང་གི་ལྟ་ཚུལ་ཆུང་བ་སོགས་ཀྱི་དབང་གིས་རྩོམ་པ་པོ་སོ་སོ་དང་ཀློག་པ་པོ་ཡང་སོ་སོ་ཆགས་ཀྱི་ཡོད་པ་རེད།

དྲི་བ། སྐུ་ཉིད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིན་པ་དང་། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་རྩོམ་པ་པོ་རྒན་རབས་པ་ཞིག་ཡིན་པའི་ངོས་ནས། བོད་ནང་གི་གསར་སྐྱེས་རྩོམ་པ་པོ་ཚོར་རེ་བ་དང་ལམ་སྟོན་འདྲ་གནང་རྒྱུ་ཡོད་དམ།

ལན། བཙན་བྱོལ་ནང་གི་རྩོམ་པ་པོ་དག་གིས་བོད་ནང་གི་རྩོམ་པ་པོ་ཚོའི་འཐུས་ཚབ་མཚོན་པའི་ཆེད་དུ་རྩོམ་པ་པོའི་མཐུན་ཚོགས་འདི་བཙུགས་པ་རེད། ཚོགས་པ་འདི་རྒྱལ་སྤྱིའི་སྨྱུག་ཚོགས་ནང་ཞུགས་ཏེ། བོད་ནང་གི་རྩོམ་པ་པོ་དག་གི་སྨྲ་བརྗོད་རང་དབང་དང་བདེ་སྡུག་ལ་ལྟ་རྟོགས་བྱ་རྒྱུའི་དམིགས་ཡུལ་བཟུང་ཡོད། རྒྱལ་སྤྱིའི་སྨྱུག་ཚོགས་ནང་བཙོན་ནང་གི་རྩོམ་པ་པོ་ཟེར་བའི་སྡེ་ཚན་ཞིག་ཟུར་དུ་ཡོད་སྟབས། བོད་ནང་གི་རྩོམ་པ་པོ་དག་གི་གནས་ཚུལ་དུས་ནས་དུས་སུ་རྒྱལ་སྤྱིའི་ཐོག་བསྐྱལ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། གཞན། ང་རང་ལ་རེ་བ་ཞིག་ཡོད་པ་ནི། བོད་ནང་གི་རྩོམ་པ་པོ་དང་ཤེས་ལྡན་མི་སྣ། ལྷག་པར་དུ་གཞོན་སྐྱེས་ཤེས་ཡོན་པ་ཚོས་བོད་མི་རིགས་ཀྱི་བདེ་སྡུག་གླེང་རྒྱུ་ཡིན་ན། པཎ་ཆེན་རིན་པོ་ཆེ་དང་འབའ་པ་ཕུན་ཚོགས་དབང་རྒྱལ། ཝང་ལི་ཞོན་བཅས་ཀྱི་གླེང་སྟངས་དང་། རྩོམ་ཡིག་འབྲི་ཐབས་དེ་ལ་སློབ་སྦྱོང་བྱ་དགོས་པ་རེད་དྲན་ཡོད། ཁོང་ཅག་གིས་ཐད་ཀར་རྒྱ་གཞུང་དང་གུང་ཁྲིན་ཏང་ལ་མཛུབ་མོ་བཙུགས་ཏེ་སྐྱོན་བརྗོད་བྱས་ཡོད་པ་མ་རེད། རྩ་ཁྲིམས་དང་བཅའ་ཁྲིམས། ལམ་ལུགས་དང་སྲོལ་རྒྱུན་ཞིག་འདེད་ཀྱིན་ཡོད་པ་རེད། མི་རིགས་ཀྱི་ཐོབ་ཐང་དང་རིག་གནས་ཀྱི་འཛིན་སྐྱོང་ཞིག་གི་སྒང་ནས་གནད་དོན་གླེང་གི་ཡོད་པ་རེད། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཨང་དང་པོར་བཞག་སྟེ། དེ་ལ་གཞུང་གི་བྱེད་སྟངས་སྤྱོད་སྟངས་ཤིག་འགྲིག་གི་མེད་སྐོར་དང་། ཡང་ན་ས་གནས་རིམ་པའི་སྒྲིག་གཞི་དང་ལག་ལེན་བསྟར་ཕྱོགས་ལ་ནོར་འཁྲུལ་ཡོད་སྐོར་བཤད་དེ་རྩ་དོན་གླེང་གི་ཡོད། ཐབས་ལམ་འདི་སྤྱད་པ་ཡིན་ན། གལ་སྲིད་དོན་དག་ཅིག་བྱུང་ཡང་། ཁྲིམས་ཐོག་ནས་རང་ཉིད་སྲུང་སྐྱོབ་ཐུབ་ལ། མི་རིགས་ཀྱི་རྩ་དོན་ལ་ཡང་ཕན་ཐོགས་ཆེན་པོ་ཡོད་པ་རེད་དྲན་ཡོད།

དྲི་བ། རྒྱ་གཞུང་གིས་བོད་ནང་གི་ཤེས་ལྡན་མི་སྣ་དང་རྩོམ་པ་པོ་དག་ལ་དམ་དྲག་སྟངས་འཛིན་ཤུགས་ཆེ་རུ་གཏོང་གི་ཡོད་པ་དེ། རྩོམ་པ་པོ་དེ་དག་གི་བརྩམས་ཆོས་ཀྱི་ཁ་ཕྱོགས་ལ་འགྱུར་བ་ཐེབས་པ་རེད་དམ། ཡང་ན་རྒྱ་གཞུང་གིས་བོད་པའི་ཤེས་ལྡན་མི་སྣར་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཕྱིན་པ་རེད།

ལན། བོད་ནང་གི་གསར་སྐྱེས་རྩོམ་པ་པོ་མང་པོ་ཞིག་གིས་དུས་ཡུན་གང་འཚམ་རིང་། སྙན་ངག་དང་བསྡུས་བརྗོད་ཀྱི་ཐོག་ནས་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གླེང་བ་མ་གཏོགས་དཔྱད་བརྗོད། བགྲོ་གླེང་སོགས་ཀྱི་ལམ་ནས་བོད་པའི་གནད་དོན་ཐད་ཀར་གླེང་མཁན་ཉུང་ཉུང་རེད། རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོན་གྱིས་ཀྱང་བོད་ནང་དུ་ཤེས་ཡོན་པ་དང་རྩོམ་པ་པོའི་སྣེ་ཁྲིད་ཀྱི་ནུས་པ་ཞན་པའི་ལྟ་ཚུལ་བཏོན་པ་རེད། ཁོང་གི་དགོངས་ཚུལ་དེ་ཧ་ཅང་དོན་ལ་གནས་པ་ཞིག་རེད། ལོ་རབས་དགུ་བཅུ་ཙམ་ནས་བརྡ་འཕྲིན་བརྒྱུད་ལམ་སྟབས་ཇེ་བདེར་སོང་བ་དང་བསྟུན་ཏེ། བོད་ཕྱི་ནང་བར་བསམ་ཚུལ་བརྗེ་རེས་ཐུབ་པ་བྱུང་སྟེ། བོད་ནང་གི་ཤེས་ཡོན་ཅན་མང་པོ་ཞིག་གི་ཡུན་སེམས་ནད་དེ་འབར་ཆོག་ཆོག་གི་མེ་རི་ལྟ་བུ་ཞིག་ཆགས་པ་རེད། ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་སྐབས་མི་དམངས་དཀྱུས་མའི་སེམས་ཤུགས་དང་མངོན་འདོད་གསལ་བོ་ཆགས་ཡོང་སྐབས། རྩོམ་པ་པོ་སྐོར་ཞིག་མདུན་དུ་ཐོན་ཏེ་སྔར་གྱི་བསྡུས་བརྗོད་དང་སྒྱུ་རྩལ་མཚོན་ཐབས་ཀྱི་གླུ་ཚིགསྙན་ངག་སོགས་དངོས་ཡོད་འཚོ་བ་རིང་ལུགས་དང་ཇི་བཞིན་བརྗོད་པ། ཐེར་འདོན་རང་བཞིན་ཅན་དུ་ཁ་བསྒྱུར་ཏེ་རྩོམ་ཡིག་རྣོ་ངར་ཅན་མང་པོ་ཞིག་ཐོན་པ་རེད། རྒྱ་གཞུང་གིས་ཀྱང་སྨྱུ་གུའི་འཐབ་རྩོད་འདི་ཧ་ཅང་ཉེན་ཁ་ཆེན་པོ་ཞིག་ཏུ་མཐོང་སྟེ། ར་བསད་དེ་ལུག་འདར་དུ་འཇུག་འདོད་པ་རེད།

དྲི་བ། བོད་ཕྱི་ནང་གཉིས་ཀའི་ཤེས་ལྡན་མི་སྣ་དང་རྩོམ་པ་པོ་རྣམས་ཀྱིས་ཕན་ཚུན་ལ་རོགས་འདེགས་དང་། གཅིག་ལ་གཅིག་རྟེན།གཅིག་རྒྱབ་གཅིག་ལངས་ཀྱིས་རྩ་དོན་ལ་ནུས་པ་འདོན་ཐུབ་པའི་ཐབས་ལམ་འདྲ་མཐོང་གི་ཡོད་དམ།

ལན། ཁྱེད་ཀྱི་དྲི་བ་འདི་གལ་གནད་ཆེན་པོ་ཞིག་རེད། བོད་ནང་གི་རྩོམ་ཡིག་དང་རྩོམ་པ་པོ་དག་གི་བསམ་ཚུལ་འདི་ནས་སློབ་སྦྱོང་བྱ་རྒྱུ་དང་། བཙན་བྱོལ་གྱི་རྩོམ་ཡིག་གལ་ཆེན་ཁག་དང་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་རིགས་བོད་ནང་ལ་བཏང་སྟེ་བསམ་བློ་བརྗེ་རེས་བྱ་རྒྱུལ་གལ་ཆེན་རེད། དེ་བཞིན། བོད་ནང་གི་རྩོམ་པ་པོ་ཚོས་བྲིས་བཞག་པའི་རྩ་དོན་དང་འབྲེལ་ཡོད་ཁག་དང་། རྒྱ་ནག་གི་ཆབ་སྲིད་འོག་ནས་འགྲེམས་སྤེལ་མ་ཐུབ་པའི་རིགས་བཙན་བྱོལ་ནས་བསྐྱར་དཔར་འགྲེམས་སྤེལ་དང་། སྐད་ཡིག་གཞན་པའི་ནང་བསྒྱུར་རྒྱུ་སོགས་གལ་ཆེན་པོ་རེད། བོད་ནང་གི་རྩོམ་པ་པོ་དང་ཤེས་ཡོན་ཅན་མང་པོ་ཞིག་ལ་དཔལ་འབྱོར་གྱི་དཀའ་ངལ་ཡོད་པ་རེད།འགའ་རེ་ཡིས་རྩ་དོན་ལ་ཕན་པའི་དེབ་རིན་ཐང་ཅན་བྲིས་ཡོད་ཀྱང་དཔར་ས་མ་རེག་པ་དང་དཔལ་འབྱོར་གྱིས་མ་འདང་བ་སོགས་ཡོང་གི་ཡོད། དེ་བཞིན། རྒྱ་གཞུང་གིས་ཆབ་སྲིད་ཀྱི་ཉེས་མིང་གཡོགས་ཏེ།ལས་གནས་ནས་ཕྱིར་ཕུད་བཏང་ཡོད་པ་དང་། ལས་ཀ་རེག་གིན་མེད་པ་དག་གི་འཚོ་བའི་ཐད་རོགས་རམ་རེ་བྱ་ཐུབ་ན་ཡག་པོ་འདུགའདིའི་ཐད་ངས་སྔོན་མ་རྩོམ་ཡིག་ཅིག་ཀྱང་བྲིས་ཡོད། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། ཕྱི་རྒྱལ་གྱི་རོགས་ཚོགས།དེ་བཞིན་ཚོང་པ་སྒེར་བ་སོགས་མཉམ་འབྲེལ་བྱས་ཏེ། ཆེད་དུ་རྩོམ་པ་པོ་རྣམས་གཙོ་བོ་བྱས་ཏེ་བོད་དོན་ཐད་ལས་ཀ་བྱེད་མཁན་དག་གི་འཚོ་བར་དཀའ་ངལ་འཕྲད་ཀྱིན་ཡོད་རིགས་ལ་རོགས་རམ་ཕྲན་བུ་རེ་བྱ་ཐུབ་ན་ཧ་ཅང་ཡག་པོ་རེད་སྙམ། ལས་དོན་འདི་འཚོ་བའི་མཐུན་རྐྱེན་ཁོ་ན་ཙམ་མ་རེད། ཁོང་ཅག་གི་བསམ་བློར་རྒྱབ་སྐྱོར་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད།

དྲི་བ། ད་ལྟ་བཙོན་འོག་ཏུ་ཡོད་པའི་རྩོམ་པ་པོ་ཞོགས་དུང་དང་། ཁོང་གིས་བོད་དོན་ཐོག་བྲིས་པའི་དཔེ་དེབ་ ༼གནམ་ས་གོ་འབྱེད༽ ཀྱི་ཐད་སྐུ་ཉིད་ལྟ་སྟངས་གང་འདྲ་ཡོད་དམ།

ལན། ཞོགས་དུང་གིས་སོ་སོའི་ནོར་འཁྲུལ་དང་ཞན་ཆ་ངོས་ལེན་བྱས་ཤིང་། སྤོབས་པ་དང་ཆོད་སེམས་བརྟན་པོའི་ཐོག་ནས་རང་གི་བསམ་ཚུལ་བསྒྲགས་པ་དེ་རྩོམ་པ་པོ་གཞན་ལ་མེད་པའི་ཁྱད་ཆོས་ཤིག་རེད། གཉིས་པ་ཞོགས་དུང་ཀྱི་སྙིང་སྟོབས་རེད། ཞོགས་དུང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་ཐུབ་པ་ཙམ་གྱིས་གཞན་ལས་ལྷག་པ་ཅིག་རེད་བསམ་གི་མེད། བོད་ནང་སྐད་འབོད་བྱེད་མཁན་དང་། སྦྱར་ཡིག་བཀྲམས་མཁན།རྩོམ་ཡིག་སྤེལ་མཁན་གཞན་དག་ཚོས་ཀྱང་རང་སྲོག་བློས་གཏོང་བྱས་པ་གཅིག་མཚུངས་རེད། འོན་ཀྱང་མཇུག་འབྲས་ལ་ཚོད་དཔག་གསལ་བོ་བྱས་ཏེ། ཡིག་ཐོག་ནས་མི་གཞན་ལ་མིག་དཔེ་དང་སེམས་ཤུགས་སློང་བྱེད་བཞག་ཡོད་པ་འདི་ཐབས་དང་ལྡན་པའི་སྙིང་སྟོབས་ཤིག་རེད། ཁོང་གི་དཔེ་དེབ་ ༼གནམ་ས་གོ་འབྱེད༽ ལ་མཚོན་ན། མིང་འདོག་འདི་ལ་དགོངས་ཚུལ་སྣ་ཚོགས་ཡོང་གི་ཡོད་ཀྱང་། དེབ་ནང་རྒྱ་ནག་གི་སྲིད་དབང་སྒེར་སྤྱོད་འགྲིག་གི་མེད་པ་དང་། དེ་ལ་གསར་བརྗེ་བྱ་དགོས་པ་ཞིག་བཤད་ཀྱི་ཡོད། གསར་བརྗེ་གཞན་དག་གི་གཞུང་ལུགས་ཀྱང་མདོར་བསྡུས་ན། རྙིང་པ་ཞིག་ཕར་ཕུད་དེ་གསར་པ་ཞིག་ཚུར་བསུ་རྒྱུ་དེ་རེད།ལྷག་པར་དུ་ང་རང་གི་ངོས་ནས་ཞི་བའི་གསར་བརྗེ་ཟེར་བ་འདིར་ཆབ་སྲིད་ཀྱི་གོ་བ་གཏིང་ཟབ་མོ་མཐོང་གི་ཡོད། བོད་རང་བཙན་རྩོད་མཁན་ཚོས་རྒྱ་ནག་གི་སྲིད་དབང་གང་འདྲ་ཞིག་ལ་འགྱུར་དགོས་པ་བཤད་ཀྱི་མེད། བོད་པར་རང་བཙན་གཙང་མ་ལོགས་སུ་དགོས་ཟེར་གྱི་ཡོད། དབུ་མའི་ལམ་རྩོད་མཁན་ཚོས་ཀྱང་རྒྱ་གཞུང་གི་སྲིད་ལུགས་ལ་འཕོ་འགྱུར་འགྲོ་དགོས་ཟེར་གྱི་མེད། སྲིད་ལུགས་གང་ཡིན་པ་དེའི་སྒྲོམ་གཞིའི་འོག་ནས་རང་སྐྱོང་གི་དབང་ཚད་དགོས་ཟེར་གྱི་ཡོད་པ་རེད།

 

 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༠ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༡༡ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༢ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༢ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

མཆན། 6

  1. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    རྒན་ལྷ་མོ་སྐྱབས་ལགས་ཀྱི་བོད་ལྭ་གྱོན་ཏེ་འདྲ་ཆགས་པོ་བྱས་འདུག་མོད་
    འོན་ཀྱང་འཁོར་ཡུག་དེ་གར་ཡག་པོ་ཞིག་མེད་ཐག་ཆོད་རེད

    Reply
  2. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དྲ་གྲོགས་སྟག་སྨྱོན་ལགས་ཁྱེད་ཀྱིས་རྩ་ཆུ་བཟང་སར་ཕྱིན་པ་རེད་གསུངས་ཡོང་དུས་མཆོག་ཏུ་གྱུར་པའི་མི་བུ་མངའ་རི་ཀརྨ་ཆོས་འཕེལ་གྱི་གཏམ་དཔེར་དྲན་གསོལ་ཞིག་བྱུང་བས་བཀོད་པ་ཡིན།

    དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་གིས།
    ཨ་མ་དང་མནའ་མ་ནོར། རྒྱལ་བ་ལྔ་པ་དང་ཟླ་བ་ལྔ་པར་ནོར།
    སོ་སོར་རྩ་བཟང་ས་ཞིག་དང་ལྗང་ས་ཞིག་ལ་ཕྱིན་པ་ཡིན་པ་ཞེས་སྤྱི་འཐུས་གྲོས་འཚོགས་ར་བ་ནང་དུ་དཔའ་ངར་ཆེ་པའི་ཐོག་ནས་གསུངས་ཡོང་དུས་རང་དབང་མེད་མི་བུ་དེར་ཡིད་སྨོན་ཞིག་ཤོར་འགྲོ་གི་འདུག

    Reply
  3. སྟག་སྨྱོན། says:
    ལོ་ 16 སྔོན།

    སྤྱི་འཐུས་འདིའི་སྐད་ཆ་བདེན་ན་ར་བསད་ནས་ལུག་ངར་ཡོད་ས་རེད། ཧཧཧཧཧཧ སྤྱི་འཐུས་ཀླད་མེད་ར་བརྫི་འདྲ་བོ་ཚོ་སྙིང་རྗེ།

    Reply
  4. སྟག་སྨྱོན། says:
    ལོ་ 16 སྔོན།

    བཙལ་བྱོལ་བོད་གཞུང་གིས་ད་ནས་བོད་ཀྱི་དབུ་ཁྲིད་གོ་གནས་ནས་དགོངས་པ་ཞ་ཚད་རེད་འདུག བོད་རྒྱའི་བར་གྱི་དཀའ་རྙོག་སེལ་ཐབས་ཀྱི་ཐག་གཅོད་བྱེད་རྒྱུའི་དབང་ཚད་དེ་ཕྱིར་བོད་ནང་གི་བོད་མི་ཚོར་ཕུལ་ན་རན་འདུག དཔེར་ན་རྒྱ་ནག་གི་འོག་རྩ་ཁྲིམས་ཀྱི་འོག་ནས་རང་སྐྱོང་དགོས་ཟེར་བ་ལྟ་བུའི་མཐའ་མའི་ཐག་གཅོད་རང་བཞིན་གྱི་དབང་ཚད་དེ་ཕྱིར་བསྡུ་རན་མེད་འགྲོ་དཔྱོད་དགོས། དེ་ལས་བོད་ནང་གི་བོད་མི་ཚོར་རྒྱ་ནག་གིས་མནར་གཅོད་ག་རེ་གཏོང་གི་ཡོད་མེད་དང་བོད་ནང་འཁོར་ཡུག་གཏོར་བཤིག་དང་འགྲོ་བ་མའི་ཐོབ་ཐང་མེད་པ་སོགས་རྒྱ་ནག་གི་བྱ་སྤྱོད་རྣམས་རྒྱལ་སྤྱིའི་ཕྱིར་སྒྲོག་བྱེད་མཁན་གྱི་མགྲིན་ཚབ་པ་གོ་ཆོད་ཅིག་བྱེ་དཐུབ་རྒྱུའི་རེ་བ་ཡོད། སོ་སོ་རྒྱ་གར་སྐྱབས་བཅོལ་ཡོང་། དེ་ནས་ཀྱང་མ་སྐྱིད་པར་ཕྱི་རྒྱལ་རྩ་ཆུ་གང་བཟང་བཟང་སར་མཐོ་འཛེག་བྱས་ནས་འགྲོ་བཞིན་དུ། ༼མི་མ་ཤི་ཁྲག་མ་བཞུར། དཀའ་ལས་མ་བརྒྱབ་པར་འགྲུབ་ཐུབ་པ་ཞིག་མ་༽ཟེར་རྒྱུར་ངོ་ཚ་སྐྱེས་ས་རེད། དེ་འདྲ་ཡིན་ན་རང་ཉིད་ནས་འགོ་རྩོམ་ཐུབ་དགོས་པ་རེད། དེ་མིན་མི་གཞན་གྱི་ཚེ་སྲོག་ལ་འདི་ལྟར་སྣང་ཆུང་དང་རྩེད་ཆས་ལྟ་བུར་བརྩི་མི་རུང་མཐོང་། ནོར་ན་དགོས་སེལ་ཡོད་།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ར་བསད་དེ་ལུག་འདར་དུ་འཇུག་འདོད་པ་རེད་ཞེས་གསུངས་པ་དེར་དངོས་གནས་ཉམས་མྱོང་ཡོད་པའི་བཀའ་མོས་རང་རེད།
    དཔེར་ན། བོད་ནང་གི་རྩོམ་པ་པོ་ཚོ་དགྲ་བོ་དམར་གཞུང་གིས་བཙོན་དུ་བཅུག་ཡོང་དུས་བཙན་བྱོལ་ནང་གི་རྩོམ་པ་པོ་འགའ་ཞིག་གིས་ཏང་ཀྲུང་དབྱང་ལ་ཕུལ་བའི་སེམས་གཏམ་ཕུལ་བཤད་ཞོར་བོད་རང་བཙན་པ་ཚོའི་ཐོག་ཏུ་དགག་པ་རྒྱག་གི་རེད།

    ཏང་ཀྲུང་དབྱང་གིས་བོད་ནང་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་ཡོང་དུས་བཙན་བྱོལ་ནང་དུ་ཆོས་རྒྱུད་ཁག་གི་སྤྱི་འཐུས་རྣམས་ལ་དགག་པ་རྒྱག་གི་རེད། སྤྱིའི་ཆ་ནས་དགྲ་བོ་དམར་གཞུང་གིས་འཛམ་གླིང་ཐོག་ཏུ་བོད་མི་རྒྱལ་གཅེས་པ་ཚོ་འགྲོ་ས་སྡོད་ས་མེད་པ་ཞིག་བཟོ་གི་ཞེས་ལབ་ཀྱི་ཡོད་ཀྱང་དེ་ཙམ་ལུག་འདར་དགོས་པ་ཨེ་ཡོད་ན།
    རང་སྲོག་དོར་མ་ཐུབ་པས་བཙན་བྱོལ་དུ་ཕེབས་པ་རེད། ཡིན་ནའང་དེ་ཙམ་སྐྲག་དགོས་དོན་གང་ཡིན་ནམ། བོད་མི་ནང་ཁུལ་ཐུག་དུས་རྒྱ་སྟག་ངར་མ་འདྲ་བ་རྐྱང་རྐྱང་རེད། ཧཧཧཧཧཧཧཧཧཧཧ

    མ་འདར་མ་འདར་ཕ་བཟང་བུ།
    ར་བསད་ཀྱང་ལུག་རྒན་མ་འདར་རོགས།
    གྲི་སྨྱུག་གུའི་མཚོན་ཁ་དགྲ་ལ་གཏད།
    དཔའ་དཔང་རོགས་རང་གི་རིགས་དང་བརྟེན།

    ལུག་གཡང་དཀའི་བདེན་ཟས་ཟ་ཉིན་མོར།
    དགྲ་སྤྱང་ཀི་ཤ་ལ་ངོམས་པ་འདི།
    ལས་བྱས་པ་མ་རེད་བསྐོས་པ་རེད།
    ལུག་གཡང་དཀར་ཤ་འདར་མ་རྒྱག་རོགས།

    Reply
  6. གཟུ་གནས་བློ་ལྡན། says:
    ལོ་ 16 སྔོན།

    འདྲ་པར་འདི་ནང་རྒན་ལྷ་མོ་སྐྱབས་ལགས་གང་དུ་བཞུགས་ཡོད་པ་རེད། ཆང་ཁང་ནི་ཡིན་རྒྱུ་མ་རེད་རྒན་ལགས་ཀྱི་བོད་ལྭ་དང་མདུན་ལྕོག་སྟེང་གི་ཁ་པར་གྱིས་གསལ་བཤད་བྱས་འདུག གྲོས་ཚོགས་སམ་ལས་ཁུངས་ནི་ཡིན་སོ་མི་འདུག་གཡས་ཕྱོགས་ཀྱི་དཔུང་པ་རི་མོ་ཅན་རྫོབ་པོ་དེས་ཧ་གོ་སོང༌། ད་འོ་ན་གང་དུ་ཡིན་ནམ། ???
    གང་ལྟར་གཞུང་ལས་ཁང་ཞིག་ཏུ་མིན་པར་སྨོན། གལ་སྲིད་གཞུང་ལས་ཁང་ཞིག་གི་ནང་ཡིན་ན་དཔུང་པ་རི་མོ་ཅན་འདིས་ཞབས་འདྲེན་ཞུས་ཚར་འདུག་གོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese