མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“ང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་པ་ཡིན” སྤེན་པ་ཚེ་རིང་།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

ང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་རྒྱུ་ཡིན། ཕྱི་ཟླ་དགུ་བའི་ཚེ་ཤར་ལ་ང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་སྤྱི་ཚོགས་ནང་དངོས་སུ་ཁྱབ་བསྒྲགས་བྱས་ཏེ། ང་རང་གི་ཉམས་མྱོང་དང་། ཁྱད་ཆོས། དམིགས་འདུན་གསུམ་འཁོད་ཡོད་པའི་སྦྱར་ཤོག་ཆུང་ཆུང་ཞིག་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་འགྲེམ་རྒྱུ་རེད། དེ་བཞིན་ང་རང་གི་ངོས་ནས་ཀྱང་བཀའ་ཁྲིའི་སྐོར་གྱི་བགྲོ་གླེང་རིགས་ལ་ཞུགས་རྒྱུ་ཡིན་ཟེར།

དེ་རིང་སྔ་དྲོ་འདི་གའི་གསར་འགོད་པ་སྦེལ་ཀོབ་མཉམ་འབྲེལ་ལས་ཁུངས་ཀྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཕྲལ་སེལ་ཚོགས་དྲུང་ལས་ཁུངས་སུ་བཅར་ཏེ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་སུ་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་དང་འབྲེལ་ཏེ། ཕྱི་ལོ་ ༢༠༡༡ ལོའི་བཀའ་སྤྱིའི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བའི་སྐབས་འདིར་བཞུགས་སྒར་ངྷ་རམ་ས་ལ་དང་ལྡི་ལི་བོད་སྒར་བསམ་ཡས་གླིང་། ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་སོགས་སུ་ཚ་ཚ་འུར་འུར་གྱིས་བཀའ་བློན་ཁྲི་པའི་སྐོར་ལ་བགྲོ་གླེང་དང་། ལས་འགུལ་སྣ་ཚོགས་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གི་བཀའ་ཁྲིའི་འོས་མིའི་ཁྲོད་སྐུ་ཉིད་སླེབས་ཡོད་སྟབས། སྐུ་ཉིད་སྒེར་ངོས་ནས་བཀའ་བློན་ཁྲི་པའི་འོས་གཞིར་ལངས་རྒྱུའི་ཐུགས་འདོད་ཡོད་མེད་བཅར་འདྲི་ཞུས་སྐབས་ཁོང་གིས། ང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་རྒྱུ་ཡིན། ཕྱི་ཟླ་དགུ་བའི་ཚེ་ཤར་ལ་ང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་སྤྱི་ཚོགས་ནང་དངོས་སུ་ཁྱབ་བསྒྲགས་བྱས་ཏེ། ང་རང་གི་ཉམས་མྱོང་དང་། ཁྱད་ཆོས། དམིགས་འདུན་གསུམ་འཁོད་ཡོད་པའི་སྦྱར་ཤོག་ཆུང་ཆུང་ཞིག་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་འགྲེམ་རྒྱུ་རེད། དེ་བཞིན་ང་རང་གི་ངོས་ནས་ཀྱང་བཀའ་ཁྲིའི་སྐོར་གྱི་བགྲོ་གླེང་རིགས་ལ་ཞུགས་རྒྱུ་ཡིན། ཞེས་གསུངས་སོང་།

 

ཡང་ཁོང་གིས་བཀའ་འོས་གཞིར་བཞེངས་དགོས་པའི་རྒྱུ་མཚན་གསུངས་དོན། སྤྱིར་ང་རང་ལངས་ཚད་ཅུང་འཕྱི་དྲགས་ཡོད། ཐོག་མར་ང་མུ་མཐུད་སྤྱི་འཐུས་ནང་བསྡད་དེ། ཡང་བསྐྱར་ཚོགས་གཙོ་ཐོབ་རྒྱུར་རེ་བ་ཡོད་ན། སྤྱི་འཐུས་ཚོགས་གཙོ་དེ་དམངས་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཞིག་ཆགས་ཡོད་སྟབས། ཚོགས་གཙོའི་ལས་འགན་འཁུར་བསྡད་ན་བཟང་གི་རེད་བསམ་སོང་། འོན་ཀྱང་ངས་ཉེ་ཆར་བཤད་པ་ལྟར། ང་རང་གི་སེམས་ན་རེ་བ་རྒྱག་སའི་མི་གཅིག་གཉིས་ཤིག་ཡོད། ཁོང་ཚོ་བཀའ་ཁྲིར་བཞེངས་པ་ཡིན་ན་ང་རང་མི་ལངས་བསམ་ཡོད། འོན་ཀྱང་ང་རང་གིས་རེ་བ་རྒྱག་སའི་མི་དེ་དག་ལངས་མ་སོང་། གཉིས་པ་ད་ཆར་བཀའ་བློན་ཁྲི་པའི་འོས་གཞི་མང་པོ་ཞིག་སླེབས་ཀྱིན་ཡོད་པའི་ནང་ལ་བལྟས་ཡོང་ན། སྤྱིར་ཁོང་རྣམ་པར་ངས་གུས་བརྩི་བྱེད་ཀྱི་ཡོད་ཀྱང་། ལས་ཀའི་ཉམས་མྱོང་དང་དགོངས་པ་བཞེས་སྟངས་ལ་གཞིགས་ན། ང་རང་ཡང་བཀའ་བློན་ཁྲི་པར་བཞེངས་ན་མ་འཐུས་པ་དང་། འགན་འཁུར་མ་ཐུབ་པ་མི་འདུག་སྙམ་པའི་སྤོབས་པ་ཞིག་ཡོང་གི་འདུག ཆུང་ས་ནས་བསམ་བློ་བཏང་ན་འོས་གཞིའི་གྲངས་འབོར་གྱི་གྲས་སུ་ཞུགས་ཏེ། མི་དམངས་ལ་གདམ་ཀ་ཡོད་པ་ཙམ་གྱིས་ཕན་ཆེན་པོ་ཐོགས་གི་རེད། ཚོགས་པ་སྒྲིག་འཛུགས་དང་མི་ཆེན་པོ་དེ་འདྲའི་ངོས་ནས་ད་སྔ་ང་ལ་རྒྱབ་སྐྱོར་བྱུང་མེད་ཀྱང་མང་ཚོགས་ལ་ཡིད་ཆེས་ཆེན་པོ་ཡོད། སོ་སོའི་འདོད་འདུན་དེ་སུ་ཞིག་གིས་བསྒྲུབ་ཐུབ་ཀྱི་འདུག་བསམ་པ་དེ་ལ་འོས་ལྡུག་གི་རེད། ཅེས་གསུངས་སོང་།

 

ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཁོང་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་གཞིར་བཞེངས་རྒྱུའི་ལས་འཆར་གྱི་སྦྱར་ཤོག་སྟེང་ཁོ་རང་གི་ཉམས་མྱོང་གི་སྐོར་ལ་ཚན་པ་ ༡༣ བཀོད་ཡོད་པའི་ནང་། འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་སྦེལ་ཀོབ་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་བྱས་ཤིང་། མ་རྡི་ར་སི་མཐོ་སློབ་ཏུ་དཔལ་འབྱོར་རིག་པའི་སློབ་སྦྱོང་བྱས་རིང་། ས་གནས་རང་བདེན་ཚོགས་ཆུང་གི་དྲུང་ཆེ་དང་། བོད་དང་ནཱི་ཇི་རི་ཡའི་སློབ་ཕྲུག་མཐུན་ཚོགས་ཀྱི་དྲུང་ཆེ་ཡི་ལས་འགན་ཁུར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་ལོ་ ༡༤ རིང་ཕྱག་ལས་གནང་ཞིང་། ད་ལྟ་ཚོགས་གཙོའི་ལས་འགན་འཁུར་མུས་ཡིན། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་ལོ་ ༧ རིང་བྱས་ཤིང་། རྒྱ་གར་དང་བཙན་བྱོལ་བོད་མིའི་འདུ་གནས་ཕལ་ཆེ་བར་ངོ་སྐྱོད་ཀྱིས་གཞི་རིམ་གནས་སྟངས་ལ་རྒྱུས་ལོན་བྱས། ཡུ་རོབ་དང་ཨ་རིའི་བོད་རིགས་ཚོར་རྒྱ་ཁྱབ་ཏུ་ཐུག་འཕྲད་ཀྱིས། དེ་དག་གི་གནས་སྟངས་ལ་རྒྱུས་མངའ་ཡོད། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་དང་། གནད་ཡོད་དཔོན་རིགས་ལ་འབྲེལ་གཏུགས་བྱས་པའི་ཉམས་མྱོང་གང་ལེགས་ཡོད་ཅིང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་གཉིས་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་གཉིས་གོ་སྒྲིག་བྱས། རྒྱལ་སྤྱིའི་ཚོགས་ཆེན་སྣ་མང་གོ་སྒྲིག་དང་མཉམ་ཞུགས། གཏམ་བཤད་སོགས་བྱས་མྱོང་ཡོད། རྒྱ་བལ་ནང་ཟབ་སྦྱོང་དང་སྦྱོང་བརྡར། བགྲོ་གླེང་སྣ་ཚོགས་གོ་སྒྲིག་དང་མཉམ་ཞུགས། གཏམ་བཤད་སོགས་ཐེངས་མང་བྱས་མྱོང་ལ། རྒྱ་ནག་གི་ཁྲིམས་སྒྲིག་དང་། རྒྱལ་སྤྱིའི་རང་སྐྱོང་གི་གནས་བབ་ཐོག་ལ་ཟབ་སྦྱོང་དང་བགྲོ་གླེང་མང་པོ་གོ་སྒྲིག་བྱས་ཤིང་། དབུ་མའི་ལམ་གྱི་སྲིད་བྱུས་དང་། བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་ཆ་ཚང་ལ་རྒྱུས་མངའ་ཆེན་པོ་ཡོད། ཅེས་བཀོད་འདུག

 

ཚན་པ་གཉིས་པ་ཁོང་རང་སྒེར་གྱི་ཐུན་མིན་གྱི་ཁྱད་ཆོས་ཁག་ ༦ ཙམ་བཀོད་ཡོད་པའི་ནང་། སྐྱ་སེར་དང་མཐོ་དམའ་རྒན་གཞོན་གྱི་དབྱེ་བ་མེད་པར་འདྲིས་གཤིབ་བདེ་ཞིང་། བཙན་བྱོལ་བོད་གཞུང་གི་ཁྲིམས་སྒྲིག་དང་འགྲོ་སྟངས། བྱེད་སྒོ་རྣམ་བཞག་ལ་ཤེས་རྟོགས་ལེགས་པ། བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་དང་བཅས་པར་མྱོང་རྒྱུས་ཟབ་པ། བོད་གཞུང་གི་སྲི་ཞུ་ལས་བྱེད་མཐོ་དམན་བར་མ་ཀུན་ལ་འབྲེལ་འདྲིས་བཟང་བ། བོད་དང་རྒྱ་ནག རྒྱལ་སྤྱི་སོགས་ཀྱི་ཆབ་སྲིད་འགྱུར་འགྲོས་ལ་ཆ་རྒྱུས་ཆེ་ཞིང་དོ་སྣང་ཟབ་པ། བོད་དབྱིན་ཧིན་གསུམ་གྱི་སྐད་ཡིག་རང་རྐྱ་འཕེར་ངེས་ཡོད་པ་བཅས་གསལ་འདུག

 

ཚན་པ་གསུམ་པ་དམིགས་འདུན་དང་ལས་འཆར་ཁག་ ༡༦ ཙམ་ངོ་སྤྲོད་བྱས་ཡོད་པའི་ནང་། ༧གོང་ས་མཆོག་གི་དགོངས་གཞི་ཁག་ལག་ལེན་བསྟར་རྒྱུར་ནུས་པ་རྩེ་གཅིག་ཏུ་འདོན་རྒྱུ་དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཆབ་སྲིད་ཀྱི་འགྱུར་འགྲོས་དང་མཐུན་པའི་ནུས་པ་གང་ཡོད་འདོན་རྒྱུ། ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཐད་ཉམས་མྱོང་དང་ཤེས་ཡོན་ཅན་ལ་སྐབས་འཕྲལ་སོ་སོར་གོ་བསྡུར་བྱ་རྒྱུ་ཡིན་པ། བཀའ་ཤག་ཏུ་བུད་མེད་གསུམ་བསྐོ་བཞག་དང་། བཀའ་བློན་མཉམ་འདུས་ཀྱི་འགན་ཁུར་གོང་མཐོར་བཏང་སྟེ། སྤྱི་འཐུས་ལྷན་ཚོགས་དང་ནུས་པ་མཉམ་སྤུངས་ལ་འབད་འབུངས་བྱ་རྒྱུ་ཡིན། ལས་བྱེད་ཀྱི་ཕོགས་ཐོབ་དང་མཐུན་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་དང་། ལས་བྱེད་སོ་སོར་ཤེས་འཇོན་རྩལ་དུ་སྤྲུགས་པའི་གོ་སྐབས་སྤྲོད་རྒྱུ་ཡིན། གཞུང་དང་མི་དམངས་གི་འབྲེལ་ལམ་དམ་ཟབ་བཏང་སྟེ། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མིའི་གཞི་རིམ་སྒྲིག་འཛུགས་དང་ཚོགས་པ་ཁག་སྲ་བརྟན་དང་། དམངས་གཙོ་འཕེལ་རྒྱས་ལ་སྒོ་ཀུན་ནས་ཤུགས་རྒྱག་རྒྱུ། བོད་ནང་ཆོས་རིག་དང་ཤེས་ཡོན། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ལས་གཞི་གང་མང་སྤེལ་རྒྱུར་ཐབས་ལམ་འཚོལ་རྒྱུ་དང་། གཞིས་བྱེས་བོད་མིའི་འབྲེལ་ལམ་གོང་མཐོར་གཏོང་ཐབས་སུ་འཕྲལ་ཕུགས་ཀྱི་འཆར་གཞི་སྣ་མང་འདིང་རྒྱུ། ཁྲིམས་ཡིག་གཏན་འབེབས་ལྟར་ཆོས་དོན་ལྷན་ཚོགས་འཛུགས་ཐབས་བྱ་རྒྱུ་དང་། གཞིས་ཆགས་ཡར་རྒྱས་གཏོང་ཐབས་སུ། ནང་སྲིད་ལས་ཁུངས་ཀྱིས་རྒྱ་ཁྱབ་ཞིབ་འཇུག་བྱེད་བཞིན་པ་དེའི་གྲུབ་དོན་གཞིར་བཟུང་། ཞིབ་ཕྲའི་ལས་འཆར་བང་བསྒྲིག་རྒྱུ་དང་། སྲོལ་རྒྱུན་སོ་ནམ་ལ་ཤུགས་སྣོན་དང་ཁྲོམ་ར་ཐབས་འཚོལ། ས་ཁང་སྒྲིག་གཞི་ལག་བསྟར་མི་ཐུབ་པའི་རིགས་བསྐྱར་བཅོས་བྱ་རྒྱུ་འཆར་ཡོད། ཅེས་དང་།

 

དེ་བཞིན། གཞི་རིམ་ཤེས་ཡོན་སྲིད་བྱུས་རྒྱུན་འཁྱོངས་དང་འབྲེལ། རྒྱ་ཁྱབ་ཏུ་ལག་བསྟར་ཡོང་ཐབས་དང་། བཙན་བྱོལ་བོད་མིའི་དགོས་མཁོ་དང་འཚམས་པའི་མཐོ་རིམ་ཤེས་ཡོན་སྲིད་བྱུས་གང་མྱུར་གཏན་འབེབས་དང་། རིགས་གཅིག་རྐང་འཛིན་གྱི་ཤེས་ཡོན་རོགས་རམ་མང་དུ་གཏོང་ཐབས་བྱ་རྒྱུ། དཔལ་འབྱོར་འདུ་འགོད་ཀྱི་ལས་གཞིར་བསྐྱར་ཞིབ་ཐོག བོད་མི་རང་ངོས་ནས་དང་། ཕྱི་རྒྱལ་ནས་མཐུན་འགྱུར་ཤུགས་ཆེན་ཡོང་ཐབས་བྱ་རྒྱུ་དང་། མི་མང་གི་དཔལ་འབྱོར་ཡར་རྒྱས་གཏོང་ཆེད་མཉམ་འབྲེལ། བལ་གོས་འཚོང་མཁན་ཚོར་གཞུང་ངོས་ནས་མཐུན་རྐྱེན་གང་ཐུབ་སྦྱར་རྒྱུ་དང་། ལུགས་མཐུན་ཐོག་ཕྱི་རྒྱལ་དུ་གཏོང་ཐབས་བྱ་རྒྱུ། བོད་དོན་རྒྱབ་སྐྱོར་གྱི་ནུས་པ་མཐོར་འདེགས་གཏོང་སླད། རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་དང་ཚོགས་སྡེ་ཁག་ལ་འབྲེལ་གཏུགས་ཚད་མཐོ་རུ་གཏོང་རྒྱུ། རྒྱ་ནག་སྐམ་ས་ཆེན་མོ་དང་ཕྱི་རྒྱལ་ཡུལ་ལུང་ཁག་གི་རྒྱ་མིའི་ཚོགས་སྒེར་ལ་བོད་དོན་དཀའ་གནད་ངོ་སྤྲོད་དང་མཐུན་འབྲེལ་འཛུགས་ཐབས་བྱ་རྒྱུ་ཡིན། ཕྱི་རྒྱལ་དུ་གནས་སྡོད་བོད་མི་ཚོའི་གཞི་རིམ་གྱི་དཀའ་ངལ་ཁག་སེལ་ཐབས་དང་། བོད་མིའི་ཆོས་རིག་སྐད་ཡིག་སྲུང་འཛིན་ལ་མཐུན་འགྱུར་བྱ་རྒྱུ། དེ་བཞིན། བོད་ནས་གསར་དུ་འབྱོར་བ་རྣམས་ཀྱི་དཀའ་ངལ་སེལ་ཐབས་གང་ཡོང་དང་། ལུང་ཁུག་གཞིས་ཆགས་ཁག་ཏུ་ནད་པ་བོར་འདྲེན་སོགས་ལ་སྣུམ་འཁོར་གྱི་མཐུན་འགྱུར་བསྐྲུན་རྒྱུ་བཅས་ངོ་སྤྲོད་གནང་འདུག

བཀའ་བློན་ཁྲི་པའི་ལས་རིགས་དང་འབྲེལ་བའི་སྐོར་ལ་བཅར་འདྲི་ཁག་ཅིག་ཞུས་ཡོད་པ་རྗེས་ནས་འགོད་རྒྱུ་ཡིན།

༼གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་ནས་སྤེལ༽

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 122

  1. རོ་བདག says:
    ལོ་ 15 སྔོན།

    དགེ་སྐྱོན་མི་ཤེས་བའི་བཀའ་བློན་གྱི་འོས་གྲངས། གཅིག་བཅས་ན་ང་ར་ལངས་ངེས་ཡིན།

    Reply
  2. ཧར་གདོང་ཨ་འཇིགས། says:
    ལོ་ 15 སྔོན།

    ༼གསལ་བཤད།༽དེ་སྔ་ངའི་བསྡུས་མིང་ལ་ཨ་འཇིགས་ཟེར། ཡིན་ནའང་དྲ་གྲོགས་ཨ་འཇིགས་ཟེར་པའི་ཅན་གཞན་ཞིག་ཀྱང་འདུག་པས་མིང་ནོར་ཤས་ཆེ་བར་བརྟེན་དེ་རིང་ནས་བཟུང་ཧར་གདོང་ཨ་འཇིགས་ཞེས་མིང་ཐོག་ནས་ང་འོང་ངེས་ཡིན།༽

    Reply
  3. ཚོ་སྒོ་བ། says:
    ལོ་ 15 སྔོན།

    ཚོགས་གཙོ་མཆོག་ལ་བཀྲིས་བདེ་ལེགས་ཡོད། བྱང་ཨ་རི་དང་ཡུ་རོབ་ཁུལ་གྱི་མི་དམངས་ནས་སྐུ་ཉིད་ལས་རྒྱབ་སྐྱོར་ཤུགས་ཆེར་བྱེད་བཞིན་པས། སྐབས་སྔོན་མར་ཟམ་གདོང་རིན་པོ་ཆེ་འགྲན་ཡ་ཀུན་ལས་རྒྱལ་བའི་རྣམ་ཐར་སྐྱོང་བར་སྨོན།

    Reply
  4. བསྟན་འཛིན་རྡོ་རྗེ། says:
    ལོ་ 15 སྔོན།

    བཀྲས་མཐོང་བསྟན་རྣམ་ལོ་ན་རྒས་དང་གཅིག བློ་བཟང་སེང་གེར་ཉམས་མྱོང་དབེན་དང་གཉིས། རྒྱ་རིར་སྒྲོལ་མར་ལངས་ཕྱོགས་མེད་དང་གསུམ། ཕུར་བུ་རྡོ་རྗེར་གད་མོ་འཆོར་དང་བཞི། བློ་བཟང་སྦྱིན་པར་རེ་བ་བྲལ་དང་ལྔ།
    འོས་གཞིའི་ཁྲོད་ཀྱི་ཁྱུ་མཆོག་ཁྱེད་ཉིད་ལ། གནའ་དེང་ཤེས་ཡོན་འཛོམས་དང་གཅིག ལྷག་བསམ་ཉམས་མྱོང་ལྡན་དང་གཉིས། ཕྱི་ནང་སྐད་ལ་མཁས་དང་གསུམ། ན་ཚོད་དུས་ལས་མ་ཡོལ་བཞི། ༧རྒྱལ་བའི་བཀའ་དགོངས་མཐུན་དང་ལྔ། ཁྱད་ཡོན་ཕུན་ཚོགས་ལྔ་ལྡན་པས། དམངས་ཀྱིས་འོས་ཤོག་ཁྱེད་ལ་འབུལ།
    དེ་ཡང་བྱང་ཨ་རིར་གནས་བཞུགས་ཁང་གསར་གྱིས། ཚོགས་གཙོ་སྤེན་པ་ཚེ་རིང་འདི། དབྱིན་བོད་ཧིན་གསུམ་གྱི་སྐད་དང་དཔལ་འབྱོར་ཆབ་སྲིད། རྩིས་སོགས་ལ་མཁས་པ་དང་གཅིག སློབ་གྲྭ་ཐོན་པ་ནས་ད་བར་སྤྱི་འཐུས་དང་གྲོས་ཚོགས་སྲིད་ཇུས་ཉམས་ཞིབ་ཁང་སོགས་ལ་ཕྱག་ལས་འབུར་དུ་ཐོན་པ་གནང་སྟེ། བཙན་བྱོལ་བོད་གཞུང་གི་ལས་དོན་ལ་རྒྱུས་མངའ་ཟབ་པ་དང་གཉིས། ཕྱི་རྒྱལ་གྱི་ཡུལ་ལུང་མང་པོར་ཕེབས་ཏེ་མི་ཆེན་དུ་མར་མཇལ་ཏེ་འབྲེལ་བཙུགས་པས་མཐོང་རྒྱ་ཐོས་རྒྱ་ཆེ་བ་དང་གསུམ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཅིང་གསལ་བ་དང་བཞི། ན་སོ་གཞོན་ཞིང་ལྷག་བསམ་སེམས་ཤུགས་ཆེ་བ་དང་ལྔ། ད་ཕན་གཞུང་གི་ལས་དོན་གནང་སྐབས། ཉེ་དགའ་ཕྱོགས་ལྷུང་དང་གཞུང་དངུལ་བར་ཟོས་སོགས་ཀྱི་སྐད་ཆ་སྦྲང་སྐད་ཙམ་ཡང་མེད་པ་དང་དྲུག མཐོ་དམའ་ཀུན་ལ་འདྲིས་གཤིབས་བདེ་བ་ཀུན་གྱི་གཟིགས་ཆོད་ལྟར་དང་བདུན། བཙན་བྱོལ་བོད་གཞུང་གི་ཁྲིམས་དང་སྒྲིག་གཞི་ཁག་དང་གནས་ཡུལ་རྒྱ་གར་གྱི་ཁྲིམས་དང་འགྲོ་ལུགས་སོགས་ལ་མྱོང་རྒྱུས་ཧ་ཅང་ཆེ་བ་དང་བརྒྱད། ཟམ་གདོང་རིན་པོ་ཆེས་དབུས་ཁྲིད་པའི་བཀའ་ཤག་གི་སྲིད་ཇུས་དང་ལས་དོན་ནང་ནས་ལེགས་ཆ་ཅན་རྣམས་མུ་མཐུད་འདོད་ཡོད་པ་དང་དགུ། རང་ངོས་ནས་ལས་དོན་མང་པོ་ཞིག་གསར་གཏོད་ལག་བསྟར་གནང་རྒྱུའི་འཆར་གཞི་ཟབ་པ་དང་བཅུ་བཅས་ཀྱི་ཆ་ནས། ད་ཡོད་བཀའ་བློན་ཁྲི་བའི་འོས་གཞིའི་ནང་ནས། ཕྱི་ནང་གི་ཆ་རྐྱེན་འཛོམས་ཤོས་ཤིག་ནི། ཚོགས་གཙོ་སྤེན་པ་ཚེ་རིང་ཡིན་པར་མཐོང་བས། རྣམ་དཔྱོད་ཀྱི་མིག་དང་ལྡན་པ་ཚོས་ཕྱོགས་རིས་དོར་ཏེ་འདི་པ་རང་ལ་རེ་བཅོལ་བྱས་ན་ལེགས་སམ་སྙམ་མོ།། ཞེས་པའང་རྨད་དུ་བྱུང་བའི་ལེགས་བཤད་དུ་མཐོང་བས་འདིར་བསྐྱར་དུ་འགོད་པའི་ངལ་བ་ཁུར་དུ་བླངས་པའོ།།

    Reply
  5. ཧར་གདོང་ཨ་འཇིགས། says:
    ལོ་ 15 སྔོན།

    བཀུར་འོས་ཚོགས་གཙོ་མཆོག་ལ་བཀྲ་ཤེས་བདེ་ལེགས་ཞུ། མ་ཟད་སོ་སོའི་མངོན་འདོད་དེ་སྦ་གསང་མེད་པར་མདུན་དུ་གཤམ་པ་འདི་ནི་ཧ་ཅང་གི་ཡག་པོ་འདུག གཞན་ཚོགས་གཙོ་མཆོག་གི་གསུང་བཤདཚང་མ་མཐོང་མ་སོང་པས་བསམ་ཚུལ་བཤད་ཐུབ་མ་སོང་།༼གསལ་བཤད། གོང་དུ་ཨ་འཇིགས་མིང་ཅན་ཞིག་ཡོད་པ་དེ་ང་མིན་ད་ནས་བཟུང་ངའིམིང་ལ་ཧར་གདོང་ཨ་འཇིགས་ཞེས་ཟེར་ངེས་ཡིན།༽

    Reply
  6. ཡེ་ཤེས་རྒྱ་མཚོ་ says:
    ལོ་ 15 སྔོན།

    ཚོགས་གཙོ་མཆོག་བཀའ་བློན་ཁྲི་བའི་འོས་གཞིར་ལངས་པར་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ལ། ང་ཁྱེད་རང་ལ་རེ་བ་ཆེན་པོ་ཡོད། མ་འོངས་ལོ་ལྔའི་ནང་ཁྱེད་རང་གིས་༧གོང་ས་མཆོག་གི་ཐུགས་དགོངས་བཞིན་ལས་དོན་ཆེན་པོ་མང་པོ་ཞིག་སྒྲུབ་ཐུབ་པའི་རེ་བ་དང་། བོད་མི་མང་གི་རེ་འདོད་ཆེན་པོ་ཞིག་མིག་མཐོང་ལག་ཟིན་ཡོང་གི་རེད་བསམ་བཞིན་ཡོད། །

    Reply
  7. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    http://translate.wordpress.com/projects/wpcom དྲ་ཐག་འདིའི་མིང་གཞུང་ནང་གི་ Tibetan ཟེར་བ་དེར་སྣུན་ན། wordpress ཟིན་བྲིས་བོད་ཡིག་ཏུ་སྒྱུར་བའི་ལས་དོན་ལ་རོགས་རམ་བྱེད་ཐུབ།

    Reply
  8. ཤྰ་རིའི་བུ། says:
    ལོ་ 15 སྔོན།

    མི་རྗེ་ཁོང་ལ་ཡོན་ཏན་ནི་མི་སྣ་ལ་དབྱེ་བ་མིན་པ་དང་དེང་དུས་ཤེས་ཡོན་ཡོད་པ། མཐོ་དམའ་མི་དམངས་ཡོང་ལ་འདྲེས་ཆེ་ཡིན་པ་དངོས་ཡོད་གནས་ཚུལ་ཡིན། ཡིན་ན་ཡང་བཀའ་ཁྲི་གིས་འོས་ནི་མི་ཐོབ་ཀྱང་ཕྱག་རོགས་བཀའ་བློན་ཞིག་གིས་འཇོན་ཐང་ཡོད་ངེས་ཡིན། དེས་ན་བྲན་གཡོག་པའི་དབང་དུ་མི་སོང་བ་ཁྱིམ་ཚང་གིས་མིང་ཆེན་འོག་ཡོད་པའི་ཤོག་ཁའི་དབང་དུ་མི་སོང་བ་ཡིན་གཅིག་མིན་གཉིས་ད་རིང་མཁས་དབང་བློ་བཟང་སེངྒེ་བཀའ་བློན་ལ་སླེབས་ཐུབ་པ་གནང་དོགས་རྒྱུ་ནི་ཞུ་མི་དགོས་སོ།

    Reply
  9. གངས་མྱུག says:
    ལོ་ 15 སྔོན།

    ཚོགས་གཙོ་ལགས་འོས་འཚམས་རེད་དེ་ཁྱོད་ལ་ལྡུག་མཁན་ཉུང་བས་འོས་གཞིར་མ་ལངས་རོགས་ངས་འདོད་པའི་བློ་སེང་གེའི་འོས་དེའང་རྩ་ཐོར་ཏུ་འགྲོ་ཉེན་ཆེ།

    Reply
  10. ལྡན་མ་་་་་་ཐུབ་བསྟན་དངོས་གྲུབ། says:
    ལོ་ 15 སྔོན།

    ངས་ན་གཞོན་ཞིག་ངེས་པར་དུ་བཀའ་ཁྲིར་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད
    ་དེ་འདྲ་ཡིན་དུས་ཁྱེད་བཀའ་ཁྲིའི་འོས་མིར་བཞེངས་བར་དགའ་བསུ་ཞུ།

    Reply
  11. རྟུལ་ཕོད། says:
    ལོ་ 15 སྔོན།

    ཚོགས་གཙོའི་ཐུན་མིན་གྱི་ཁྱད་ཡོན་མང་ཚོགས་ཀྱི་བདེ་སྡུག་ལ་གཟིགས་ཐུབ་པ་དང་།ཁོ་ཚོའི་རེ་འདུན་ལ་ཉན་བསམ་ཐུབ་པ་མང་ཚོགས་ལ་འདྲེས་བདེ་བ་དཔོན་ཉམས་མི་འཛིན་པ་བཅས་ཚོགས་གཙོའི་ཐུན་གྱི་ཁྱད་ཡོན་རེད་བསམ།གཞན་མང་མང་གི་བཏོན་པའི་ཆ་རྐྱེན་དེ་ཚོ་ཕལ་ཆེར་གཞན་དང་འདྲ་མཚུངས་སུ་འདུག་པས་ངས་ཁྱེད་ལའང་འོས་བླུག་ཐུབ་ས་རེད།

    Reply
  12. གཡུ་རལ་བཀྲ་རྒྱམ། says:
    ལོ་ 15 སྔོན།

    བཀའ་བློན་ཁྲི་བ་
    གསེར་ཁྲིའི་བདག་པོ
    རྒྱལ་ཁྲིམས་འདི་རྒྱ་ཡན་ལ་མི་གཏོང་ན།
    མི་རིགས་འདིའི་བདག་པོ་ཁྱོད་ཡིན

    བཀའ་བློན་ཁྲི་བ
    རྒྱལ་ཁབ་ཀྱི་དབང་འཛིན
    མི་རིགས་ཀྱི་ལ་རྒྱ་ཐུགས་ནས་མི་དོར་ན
    འཆི་གསོན་བར་གྱི་རེ་ལྟོས་ཁྱོད་ཡིན །

    Reply
  13. ྖགངས་ཆབ། says:
    ལོ་ 15 སྔོན།

    ཚོགས་གཙོ་མཆོག་གི་དམིགས་འདུན་དང་ལས་འཆར་ཁག་དངོས་གནས་ཡག་པོ་གསུང་འདུག་ཀྱང་།གསུང་བ་ནང་བཞིན་ལག་ལེན་དོན་འཁེལ་ཐུབ་མིན་ནི་བཤད་ཚོད་དཀའ་ལས་ཁ་པོ་རེད་།

    Reply
  14. penba says:
    ལོ་ 15 སྔོན།

    ང་ཚོས་ངེས་པར་དུ་ཟིན་དྲིས་རྒྱབ་དགོས་པ་གཅིག་ནི་ད་བར་དུ་བཀའ་ཁྲིའི་དང་སྤྱི་མཐུས་ཀྱི་འོས་མི་རྣམས་ཀྱི་མཉམ་མྱོང་དང་ཁོ་ཚོའི་ལས་འཆར་དེ་དག་ནི་བཙན་བྱོལ་ནང་ད་བར་དུ་གཙང་སེལ་མ་ཐུབ་པར་ལྷག་པའི་དཀའ་ངལ་གལ་ཆེ་ཞིག་དང་།མ་འོངས་པར་ངེས་པར་དུ་གོ་རིམ་ལྟར་ལེགས་བསྒྲུབ་བྱ་དགོས་པའི་བྱ་བཞག་ཡིན།ད་ནས་བཟུང་སྟེ་ང་ཚོས་དཀའ་དངོས་གང་ཡིན་དང་ཡར་རྒྱས་གང་ནས་གཏོང་དགོས་མ་ཤེས་པར་བསྡོད་མ་དགོས་པར་འགོ་འཛུག་བྱ་མཆོག
    དེ་དག་ནི་ད་རེས་ཀྱ་འོས་མི་མང་ཙམ་ལངས་པས་ཡིན།དེ་ལེགས་པའི་ཆ་ཞིག་ཡིན།སྤྱི་མཐུས་སྤེན་པ་ལགས་ཀྱིས་གསུངས་པ་རྣམས་དངོས་ཡོད་ཀྱི་དཀའ་ངལ་རེད།
    དེར་བརྟེན།གོ་སྐབས་འདི་བརྒྱུད་འོས་མི་ལངས་གནང་མཁན་གྱི་སྐུ་ཞབས་ཚང་མར་འབུལ་གུལ་ཞུ་རྒྱུར་ཁྱེད་རྣམ་པས་རྒྱ་གར་གི་སྲིད་རྩོད་པའི་བྱ་ལུགས་ལྟར་མིན་པར་མ་འོངས་པར་བོད་མི་རིགས་ཀྱི་རྕ་དོན་དང་འགྲེལ་དཀའ་ངལ་དངོས་ལ་གདོང་ལེན་དང་བསྒྱུབ་དགོས་ངེས་ཀྱི་བརྕན་བྱོལ་ལས་གཞི་ཁག་ཐུགས་དབུས་སུ་བཞག་ནས་དམངས་ལ་གོ་རྟོགས་སྤེལ་རྒྱུ་དང་།འདྲི་སྒྲག་གང་མང་གནང་དགོས།
    དེ་བཞིན་བོད་གཞུང་ལྷན་ཁང་ཁག་ནས་ཀྱང་ཁོང་རྣམས་ཀྱིས་བསྒྲུབ་དགོས་ངེས་ཀྱི་ལས་རིགས་དང་དཀའ་ངལ་ཁག་ཅིག་བརྗོད་རྣམས་ལས་ལྷན་ཁང་སུ་ཞིག་དང་འགྲེལ་བ་ཆག་རུང་།དེ་ནི་རིན་བབ་སྤྲོད་མ་དགོས་པར་སེར་རྡོག་གཅིག་རག་ཡོད་པས་ངེས་པར་གཞེས་དགོས་ལ་ལག་ལེན་ཏུ་བལྟར་གནས་དགོས།
    ཐུགས་རྗེ་ཆེ།

    Reply
  15. ཕུན་ཚོགས ། says:
    ལོ་ 15 སྔོན།

    འོན་ཀྱང་འུ་ཚོས་གསལ་བོ་ཤེས་ཐུབ་པ་ཞིག་ལ།རེབ་འདིར་ཚོགས་གཙོ་མཆོག་ལ་ཐོབ་པའི་རེ་བ་མེད་པ་ཐག་གིས་ཆོད་ཐུབ།འདི་ནི་ཁོང་ལ་འཇོན་ཐང་དང་ཤེས་ཡོན།ཉམས་མྱོང་བཅས་མེད་པས་ག་ལ་ཡིན་ཏེ་མིན་མོད།རྒྱབ་སྐྱོར་བྱེད་མཁན་གྱི་མི་མི་འབོར་དང་ཕྱོགས་འཐེན་གྱི་དཀའ་ངལ་འོག་ཁོང་ནི་ཅིས་ཀྱང་ཤོར་དགོས་པའི་མི་དེ་ཡིན་སྲིད།

    Reply
  16. ཕུན་ཚོགས ། says:
    ལོ་ 15 སྔོན།

    ཕྱིར་འཚོང་གི་ཚོང་རའི་སྐོར་དང་ཁྲོམ་ར་ཐབས་འཚོལ་སྐོར་ལ་ད་སྔ་བཀའ་བློན་དང་བཀའ་ཁྲི་སུ་གཅིག་གིས་ཀྱང་མངོན་གསལ་དོད་པོ་སྐད་ཆ་བཤད་མྱོང་མེད།རེབ་འདིར་ཚོགས་གཙོ་མཆོག་གིས་ཕྱིར་ཚོང་གི་སྐོར་ལ་སྐད་ཆ་གསལ་བོ་བཤད་པ་ནི་ཅིས་ཀྱང་དགའ་དགོས་པ་ཞིག་ཡིན།བོད་སྤྱི་དང་སྒོས་སུ་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་དང་དགོས་མཁོ་བཅས་ལ་བལྟས་ཡོང་ན་འདི་ནི་སྐབས་རྗེས་མའི་བཀའ་བློན་ཁྲི་བར་ཅིས་ཀྱང་ཚང་དགོས་ཤིང་མ་ཚང་ན་མི་འགྲིག་པའི་དགོངས་ཚུལ་ཁྱད་པར་བ་དེ་རེད།

    ཞིབ་འདང་ཞིག་བརྒྱབ་ན།ཕྱིར་འཚོང་གི་ལས་རིགས་འདི་ལ་ལམ་ལྷུང་ཡག་པོ་འབྱུང་ཐུབ་པར་གདོང་ཚོད་བརྟན་པོ་བྱས་ཆོག་སྟེ།བོད་ཀྱི་ཁྱད་ཐོན་དངོས་རྫས་བོད་སྨན་དང་ཐང་བྲིས།རྒྱན་གོས་བཅས་ཀྱིས་འགྲེམ་ཚོང་དང་།དེ་མིན་དངུལ་རྩའི་ཚོང་ལས་ཀྱི་ཐོན་ཁུངས་རྣམས་༧གོང་ས་མཆོག་དང་ནང་ཆོས་ཀྱི་མཛད་པ་ཤིན་ཏུ་རྒྱས་བཞིན་པའི་བར་ལམ་འདིར་གཞི་འཛུག་པའི་གོ་སྐབས་དང་འཕེལ་རྒྱས་ཀྱི་མཐུན་རྐྱེན་མི་དམན་པ་ཡོད་པས།རྒྱལ་ཁབ་གང་སར་དཔལ་འབྱོར་འདུ་འགོད་ཀྱི་ཐོན་ཁུངས་ཨེན་ཙམ་འཛུག་ཐུབ་ན།བོད་མི་རིགས་ཀྱི་ངོ་བོ་དང་རྩ་དོན་བཅས་ཡུན་རིང་དུ་གནས་པར་གསོན་ཤུགས་ཁྱད་པར་བ་འདོན་ཐུབ་པ་དང་།མི་རིགས་ལ་ཞེ་འཐོག་སའི་རེ་བ་གཞན་ཞིག་ཀྱང་ཡོང་ངེས།

    Reply
  17. གནམ་ལྕགས། says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ་ལགས་ཀྱིས་ཚོགས་གཙོ་མཆོག་འོས་ཤོས་སུ་མཐོང་བའི་ཁྱད་ཆོས་མང་ཙམ་སྨྲས་པར་དགའ་བསུ་ཞུ། ཡིན་ནའང་མི་ཤས་ཀྱིས་ཚིག་རིས་ཇི་བཞིན་མ་ཡིན་པའི་ཁྱད་ཆོས་ཇི་བཞིན་དུ་བརྗོད་ནས་རི་བོང་ཅལ་འདྲོགས་མིན་ནམ་སྙམ་པ་བྱུང་། ངས་བལྟས་ན་བཀའ་ཁྲི་ཟེར་བ་དེ་རི་བོང་ཅལ་འདྲོགས་ཀྱི་དབང་དུ་འགྲོ་བཞིན་ཡོད་པ་ཤིན་ཏུ་བདེན། དེ་རིང་འདི་བཟང་གི སང་ཉིན་གན་བཟང་གི་མི་ཟེར་བའི་ངེས་པ་མེད།

    སྔོན་མ་ཟམ་གདོང་བས་ཁོང་བཀའ་བློན་གྱི་ནང་དུ་ཡར་འཐེན་སྐབས། མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་སོགས་ཀྱིས་གཞུང་དངུལ་ལྐོག་ཟའི་ཉེས་པ་བཀལ་བ་དེ་མ་ཐོས་སམ། དེ་གཙང་རིལ་རིལ་བཟོ་ཐུབ་ན་ཡག དེ་མ་ཡིན་པར་དགའ་ཁ་འཁྱེར་ཕྱོགས་དང་རི་བོང་ཅལ་འདྲོགས་བྱས་པ་ནི་རང་མཚང་འབའ་ཞིག་གོ་ཞུ་རྒྱུ་ཡིན།

    དེ་དུས་གྲོས་ཚོགས་ནས་མང་མོས་མ་ཐོབ་པ་རེད། ད་རེར་ཡང་ཁོང་ལ་ཐོབ་ཁག་ཙམ་མིན་འགྲོ་དྲན་གི གལ་སྲིད་ཐོབ་སོང་ན་ཟམ་གདོང་བའི་ཡན་ཞིག་ཡིན་པ་ལ་ཡིད་ཆེས་ཡོད། ཡང་མི་ཁ་ཤས་ཀྱིས་ཟམ་གདོང་བའི་ཟླ་རུ་བོང་བུ་རྟ་རེད་ཟེར་མོད། དེ་ནི་ཕལ་ཆེར་ཟམ་གདོང་བའི་གྲིབ་བསིལ་ལ་བསྙེས་པའི་གང་ཟག་ཅིག་ལོས་ཡིན་འདོད།

    Reply
  18. ཨ་ཁུ་ཁྲོ་ཐུང། says:
    ལོ་ 15 སྔོན།

    ཇོ་ཇོ་སྤེན་པ་ལགས།
    ང་ཕྱི་ལ་རྒྱལ་གཏོང་རོགས་བྱོས་དང་ངའི་འོས་ཤོག་ཁྱེད་ལ་སྤྲོད་ཆོག

    Reply
  19. བྱ་གཞུང་དཔལ་རྡོར། says:
    ལོ་ 15 སྔོན།

    སྤྱི་འཐུས་ཚོགས་གཙོ་མཆོག་ལ་མཚམས་འདྲི་ཞུ་རྒྻུ་ཡིན། ད་བར་གྱི་བཀའ་བློན་ཁྲི་བའི་འོས་གཞི་རྣམས་སྤེན་པ་ཚེ་རིང་ལེགས་ཤོས་རེད་འདུག རྒྱུ་མཚན་ཅི་ཡིན་ཞེ་ན། རྒྱ་རི་སྒྲོལ་མ་བཀའ་ཁྲི་ལ་ལངས་སྟངས་དེ་ནི་དུས་བབ་ཀྱི་གོ་སྐབས་ལ་བརྟེན་ནས་ལངས་ཀྱི་ཡོད་ལ། མ་ཟད་མོ་རང་ལ་མཚོན་ན་ལངས་ཕྱོགས་བརྟན་པོ་མི་འདུག ཆབ་སྲིད་ཀྱི་ལྟ་བ་འདི་ཡིན་ཟེར་བ་ཞིག་ཀྱང་མི་འདུག བློ་བཟང་སེང་གེ་ལ་ཉམས་མྱོང་མེད་པ་མ་ཟད། ད་དུང་ཁོས་བཤད་པ་དག་ལ་འུར་གྱི་ཆ་མང་བ་དང་དོན་དངོས་ཀྱི་ཆ་ཉུང་བ་ཡིན། སྐུ་ངོ་བཀྲས་མཐོང་ལེགས་ཤོས་གྲས་སུ་གཏོགས་ནའང་རྒྱུ་དངུལ་ལྐོག་ཟས་ཀྱི་ཉེས་པ་ཕོག་ཡོད། ཚོགས་གཙོ་སྤེན་པ་ཚེ་རིང་འདི་ཤེས་ཡོན་ལེགས་ཤིང་། གཞུང་དང་ཚོགས་པ་སྒེར་གྱི་ལས་དོན་གང་ལའང་ཉམས་མྱོང་ཆེ་བ་ཡོད་ལ། དེ་མིན་ཆབ་སྲིད་ཀྱི་ལྟ་བའང་བརྟན་པོ་ཡོད། རྒྱུ་དངུལ་ཟོས་པའང་གོ་རྒྱུ་མེད། ཁ་ཤས་ཀྱི་ཟེར་ན་ཟམ་གདོང་གི་པར་གློག་རེད་ཟེར་མོད་ཟམ་གདོང་རིན་པོ་ཆེའི་ནང་བཞིན་འཇོན་ཐུབ་ན་བོང་བུ་རྟ་ལ་དོ་བ་རེད། གང་ལྟར་སྤེན་པ་ཚེ་རིང་འདི་ལས་དགའ་བ་ཞིག་མི་འདུག སྐྱོན་གཅིག་ཀྱང་མེད་པའི་བཀའ་བློན་ཁྲི་བ་ཞིག་འཚོལ་དགོས་ན་སུའང་རེག་གི་མ་རེད།

    Reply
  20. གངས་ཆུ says:
    ལོ་ 15 སྔོན།

    སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་ བློ་བཟང་སེངྒེ་ལ་གཉིས་གང་རུང་ལ་བཀའ་བློན་ཁྲི་བར་འོས་ཤོག་འཕེན་རྒྱུར་གངས་ཆུས་བོད་ཕྱི་ནང་གི་གྲོགས་པོ་མང་བོ་ཞིག་གི་ཚབ་བྱས་ནས་རེ་འབོད་ཞུ་བཞིན་ཡོད།

    Reply
  21. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    མི་ངོ་ཁ་ཤས་ཤིག་གི་ནང་ཁུལ་གྱི་རྙོག་ཟིང་ཞི་འཇམ་དུ་གཏོང་མི་ཐུབ་མཁན་ཞིག ད་ལྟ་བོད་མི་ས་ཡ་དྲུག་གི་འགོ་འཁྲིད་བྱ་འདོད་ཡོད་ན་དགོས་བྲོ་བ་ཞིག་རང་རེད། ཚོགས་གཙོ་ཁྱེད་ལ་སྔོན་མ་བཀའ་བློན་ཁྲི་བ་བྱེད་རྒྱུར་རྨི་ལམ་ཙམ་ཡང་གཏོང་མ་མྱོང་ཏོང་བ་དེ་ད་ལྟ་གཏོང་བཞིན་ཡོད་འདྲ་ཁྱེད་རྙིང་མ་རྗེ།

    Reply
  22. གངས་ཆུ says:
    ལོ་ 15 སྔོན།

    ཚོགས་གཙོ་སྤེན་པ་ཚེ་རིང་བཀའ་བློན་ཁྲི་བའི་འོས་གཞིར་ལངས་བ་དེ་ལ་དགའ་བསུ་ཞུ་རྒྱུ་ཡིན།

    Reply
  23. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ཚོགས་གཙོ་ལགས་ཁྱེད་ལ་རྨི་ལམ་ཙམ་ཡང་གཏོང་མ་མྱོང་ཞེས་པའི་རྨི་ལམ་དེ་གཏོང་བཞིན་པ་འདྲ་རེད་དམ།

    Reply
  24. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    བཀའ་བློན་ཁྲི་བའི་ལས་རིགས་དང་འབྲེལ་བའི་བཅར་འདྲི་དེ་ལ་སྒུག་གི་ཡིན།

    Reply
  25. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    ཚོ་སྒོ་བ་ཨ་ཚོ་སྒོ་བ། ཁྱོད་ཀྱིས་ངའི་སྐད་ཆ་དེས་གོ་རྒྱུ་ག་རེ་གཏོང་གི་ཡོད་མེད་ཧ་གོ་མི་འདུག ལྐུགས་པ་ལ་ཕུག་རྗེན་པ་ཟ་མཁན་རང་རེད། ད་དུང་སྔ་མོ་སྡེ་པ་གཞུང་གི་སྐུ་དྲག་གི་ན་ཚས་ཁྱེར་ཡོང་བ་དཔེར་ན། ཏོག་ཙམ་མ་འགྲིག་ན་རྒྱ་མིའི་མྱུལ་མ་ཡིན་ལུགས་ཀྱི་བཤད་སྟངས་དེར་གཅིག་ལྟོས་དང་། ཅི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་།
    ངས་ཟེར་ན་སྐུ་ངོ་ཚོགས་གཙོ་གཞོན་གཉིས་ལ་དྲང་ཚུགས་ཀྱི་བསམ་བློ་མེད་པ་དང་། གཞན་རྟེན་གྱི་བསམ་བློ་ཤུགས་ཆེ་དྲགས་འདུག་ཟེར་བ་དེ་ལ་གོ་རྒྱུ་ཞིག་མི་འདུག་གམ། མ་གཞི་བོད་གཞུང་གི་སྲིད་བྱུས་ལག་བསྟར་མ་བྱས་ན་དེ་ནི་ཁྱོད་ཀྱིས་བཤད་པ་ཡིན་དགྲ་བོའི་ཕྱོགས་སུ་གཏོགས་པ་ཞིག་ཡིན་དགོས་སམ། ཡིན་སྲིད་དམ།
    མ་གཞི་བཀའ་ཁྲི་གསར་པ་ཡོང་ནས་ལས་ཀ་གསར་པ་ཞིག་་བྱེད་རྒྱུ་མེད་ན། བཀའ་ཁྲི་གསར་པ་བསྐོ་བའི་དགོས་པ་རྒྱུ་མཚན་ག་རེ་ཡོད་རེད། མི་གཤིས་ལ་བསྙོན་འདིང་མི་འདིང་ནི་མི་གཤིས་ལ་ནག་ཐིག་ཡོད་མེད་ལྟ་རྒྱུ་རེད་གྲོགས་པོ། གཞན་གཅིག་གིས་བཀྲ་ཤིས་བདེ་ལེགས་ལབ་ན་ཚང་མ་དེའི་རྐུབ་ལ་རྒྱུག་དགོས་དོན་ཞིག་མི་འདུག་གཱ

    Reply
  26. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ཚོགས་གཙོ་སྤེན་པ་ཚེ་རིང་འདི། དབྱིན་བོད་ཧིན་གསུམ་གྱི་སྐད་དང་དཔལ་འབྱོར་ཆབ་སྲིད། རྩིས་སོགས་ལ་མཁས་པ་དང་གཅིག སློབ་གྲྭ་ཐོན་པ་ནས་ད་བར་སྤྱི་འཐུས་དང་གྲོས་ཚོགས་སྲིད་ཇུས་ཉམས་ཞིབ་ཁང་སོགས་ལ་ཕྱག་ལས་འབུར་དུ་ཐོན་པ་གནང་སྟེ། བཙན་བྱོལ་བོད་གཞུང་གི་ལས་དོན་ལ་རྒྱུས་མངའ་ཟབ་པ་དང་གཉིས། ཕྱི་རྒྱལ་གྱི་ཡུལ་ལུང་མང་པོར་ཕེབས་ཏེ་མི་ཆེན་དུ་མར་མཇལ་ཏེ་འབྲེལ་བཙུགས་པས་མཐོང་རྒྱ་ཐོས་རྒྱ་ཆེ་བ་དང་གསུམ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཅིང་གསལ་བ་དང་བཞི། ན་སོ་གཞོན་ཞིང་ལྷག་བསམ་སེམས་ཤུགས་ཆེ་བ་དང་ལྔ། ད་ཕན་གཞུང་གི་ལས་དོན་གནང་སྐབས། ཉེ་དགའ་ཕྱོགས་ལྷུང་དང་གཞུང་དངུལ་བར་ཟོས་སོགས་ཀྱི་སྐད་ཆ་སྦྲང་སྐད་ཙམ་ཡང་མེད་པ་དང་དྲུག མཐོ་དམའ་ཀུན་ལ་འདྲིས་གཤིབས་བདེ་བ་ཀུན་གྱི་གཟིགས་ཆོད་ལྟར་དང་བདུན། བཙན་བྱོལ་བོད་གཞུང་གི་ཁྲིམས་དང་སྒྲིག་གཞི་ཁག་དང་གནས་ཡུལ་རྒྱ་གར་གྱི་ཁྲིམས་དང་འགྲོ་ལུགས་སོགས་ལ་མྱོང་རྒྱུས་ཧ་ཅང་ཆེ་བ་དང་བརྒྱད། ཟམ་གདོང་རིན་པོ་ཆེས་དབུས་ཁྲིད་པའི་བཀའ་ཤག་གི་སྲིད་ཇུས་དང་ལས་དོན་ནང་ནས་ལེགས་ཆ་ཅན་རྣམས་མུ་མཐུད་འདོད་ཡོད་པ་དང་དགུ། རང་ངོས་ནས་ལས་དོན་མང་པོ་ཞིག་གསར་གཏོད་ལག་བསྟར་གནང་རྒྱུའི་འཆར་གཞི་ཟབ་པ་དང་བཅུ་བཅས་ཀྱི་ཆ་ནས། ད་ཡོད་བཀའ་བློན་ཁྲི་བའི་འོས་གཞིའི་ནང་ནས། ཕྱི་ནང་གི་ཆ་རྐྱེན་འཛོམས་ཤོས་ཤིག་ནི། ཚོགས་གཙོ་སྤེན་པ་ཚེ་རིང་ཡིན་པར་མཐོང་བས། རྣམ་དཔྱོད་ཀྱི་མིག་དང་ལྡན་པ་ཚོས་ཕྱོགས་རིས་དོར་ཏེ་འདི་པ་རང་ལ་རེ་བཅོལ་བྱས་ན་ལེགས་སམ་སྙམ་མོ།།

    དེ་མིན་གྱི་འོས་གཞིའི་ནང་ནས། ལ་ལར་ཉམས་མྱོང་དང་ཤེས་ཚད་ལྡན་ཡང་ལོ་ན་རྒས། ལ་ལ་ལོ་ན་གཞོན་ཡང་བོད་གཞུང་གི་ནང་དུ་ཉིན་གཅིག་ཀྱང་བྱ་བ་སྒྲུབ་པའི་ཉམས་མྱོང་ཙམ་ཡང་མེད། ལ་ལ་ལངས་ཕྱོགས་མི་བརྟན་པ་བཅས་ཀྱི་ཆ་ནས། ད་འོས་མི་ཡག་ཤོས་ནི་སྤེན་པ་ཚེ་རིང་མིན་ནམ་སྙམ།

    Reply
  27. ཁ་བ་མཚོ། says:
    ལོ་ 15 སྔོན།

    མི་བཞི་བཅུ་ཡས་མས་ཞིག་གི་ནང་ཁུལ་གྱི་རྙོག་ཟིང་ཞི་ལྷིང་གཏོང་མི་ཐུབ་མཁན་ཞིག་བོད་མི་ས་ཡ་དྲུག་གི་འགོ་འཁྲིད་བྱ་འདོད་ཡོད་ན་སྔོན་མ་ཁོང་ལ་རྨི་ལམ་ཙམ་ཡང་གཏོང་མ་མྱོང་ཞེས་པའི་རྨི་ལམ་དེ་གཏོང་བཞིན་པ་འདྲ། འབྱུང་གྱུར་གྱི་བཀའ་ཁྲི་ཟེར་དུས་གངས་སྐྱིད་ཁུལ་གྱི་གཞུང་ཞབས་རྣམས་བརྡ་འདེད་གཏོང་མཁན་གཅིག་པུ་ཞིག་མ་རེད་ལ། མདུན་ལྕོག་སྟེང་དུ་ཞིང་ཁ་རྨོ་བའི་གཏམ་རྒྱུད་འཁྲབ་མཁན་ཞིག་ཀྱང་དེ་བས་མི་དགོས། དེ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་རྒྱལ་ཁབ་ཆེན་པོ་དེ་ཐབས་ལམ་གང་ཞིག་འཚོལ་དགོས་ཀྱང་བོད་མི་ས་ཡ་དྲུག་གི་ལག་ཏུ་ཕྱིར་ལེན་ཐུབ་པའི་གྲོས་གཏོང་ཐུབ་མཁན་ཞིག་ཡིན་དགོས། དེ་མིན་སྤེན་ཚེ་ཁྱོད་རང་ལྟ་བུ་ཞིག་ཡང་སྐྱར་བཀའ་བློན་གྱི་རྐུབ་སྟེགས་སུ་ལོ་ལྔར་འབྱར་བསྡད་པ་ཡིན་ན། ཉིན་གཅིག་རྒྱ་གཞུང་ལ་ད་སྐུ་མཁྱེན་ང་ཚོ་ཕར་ཡོང་དུ་འཇུག་རོགས། ཁྱེད་ཚོས་དགོས་འདུན་ག་རེ་གཏང་ནའང་ཁས་ལེན་བྱ་རྒྱུ་ཡིན་ལབ་ནའང་། ཕར་ཡོང་དུ་མི་འཇུག་པའི་དུས་ཞིག་སླེབས་མི་སྲིད་པ་མ་རེད་སྙམ།
    མ་གཞི་རང་ཉིད་ལ་སྤོབས་པ་ཡོད་པ་ཡག་པོ་རེད་དེ། རང་ཉིད་ཀྱི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ལ་བསམ་གཞིགས་བྱ་དགོས། བོད་མི་རྒན་རབས་ཀྱི་ནང་དུ་སྤེན་པ་ཚེ་རིང་ལོ་རྒྱུས་རྒྱ་གར་གྱི་ཡུལ་པོན་ཊ་ཅ་རིས་ཀྱི་དོན་རྐྱེན་ནས་འགོ་འཛུག་སྟེ་བཤད་དགོས་ན་མི་ཤེས་མཁན་ཕལ་ཆེར་མེད་པ་རེད། ཚང་མས་གཟབ་དགོས།

    Reply
  28. གནམ་ལྕགས། says:
    ལོ་ 15 སྔོན།

    ཟམ་གདོང་རིན་པོ་ཆེའི་དཔར་གློག་ཅིག་ཡིན་པ་འདྲ། ཁ་གྲགས་ཚད་ཐམས་ཅད་སྲོལ་རྒྱུན་སོ་ནམ་གྱི་སྐོར་རེད། འདི་ནི་གཞན་ལ་བརྟེན་ནས་ཡོང་ཐབས་མེད་པ་ཞིག་རེད། ཁོས་དེའི་སྟེང་ལ་ཕྱིར་འཚོང་གི་ཁྲོམ་ར་ཞིག་གླེང་གི་ཡོད་པ་འདི་གསར་བ་ཞིག་ཡིན་ནའང་། དེ་ལ་རེ་བ་མེད་པར་མཐོང་།

    ཚོགས་གཙོ་སྤེན་པ་ཚེ་རིང་འདིའི་མིག་གཉིས་ཀ་ཡང་མཚོ་ཕག་ཅིག་ལ་འདྲ་བར་ད་རེར་ག་རེ་དྲན་ནི་ཡིན་ནམ། གལ་སྲིད་ཁོང་བཀའ་ཁྲིར་ལངས་ངེས་ན་སྤྱི་འཐུས་ནས་སྔ་ས་ས་ནས་ཕྱིར་འཐེན་བྱེད་དགོས་པ་མ་རེད་དམ། གང་ལྟར་ཁོང་ནི་མི་གཟི་བརྗིད་ཅན་ཞིག་ནི་རེད། ཡིན་ནའང་་་་་་་་་་

    Reply
  29. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    སྤྱིར་བཀའ་བློན་ཁྲི་བར་མི་འཇོན་ཐང་ཡོད་པ་དང་ཤེས་ཡོད་ལྡན་པ་སོགས་ང་ཚོས་གྲངས་སུ་རྩི་བཞིན་པའི་ཆ་རྐྱེད་གང་དག་ལྡན་ཡང་འགྱུར་བ་དང་ནུས་བ་ཆེན་པོ་ཞིག་འདོན་ཐུན་ཀི་མ་རེད་སྙམ། དེ་ནི་གཙོ་བོ་གྲོས་ཚོགས་ལ་རག་ལས་ཡོད་པས་ན། བཀའ་ཁྲིས་ཅི་བྱས་ལ་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་མེད་ཚེ། གང་ཡང་བྱེད་ཐུབ་ཀི་མ་རེད་སྙམ། དེ་བས་བཀའ་ཁྲིར་སུ་ལངས་ཀྱང་བག་ལེབ་སྟེང་འོག་བརྗེས་པ་ལྟ་བུའི་འགྱུར་བ་ཞིག་གཏོང་ཐུབ་ཀི་མ་རེད་ལ། དེ་ལྟར་རེ་བ་ཡང་བྱེད་ཀྱི་མེད།

    Reply
  30. ཚོ་སྒོ་བ། says:
    ལོ་ 15 སྔོན།

    དགྲ་ལྷ་རྩེ་རྒྱལ་ཨ་དགྲ་ལྷ་རྩེ་རྒྱལ། ཁྱེད་ནི་དགྲ་བོའི་ལྷ་ངོ་མ་ཞིག་ཡིན་ས་རེད། སྐུ་ངོ་ཚོགས་གཙོ་མཆོག་བཀའ་ཁྲིར་ཐོབ་ན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་དང་བོད་མི་མང་སྤྱི་ལྷན་ནས་གཏན་པ་ཕབ་པའི་སྲིད་ཇུས་ལག་ལེན་དུ་བསྟར་རྒྱུ་མ་གཏོགས། དགྲ་བོའི་ལྷ་སྲུང་གིས་རྒྱུད་བརླམ་པ་བཞིན་གནམ་ས་མགོ་རྟིང་བསློག་རྒྱུ་ཡིན་ནམ། དགོངས་ཚུལ་འདྲ་གསུངས་རྒྱུ་མེད་ན་གང་ཟག་སྒེར་གྱི་མི་གཤིས་ལ་བསྙོན་འདིང་བ་དེ་སྐྱེ་བོ་ཚད་ཐུབ་ཞིག་གི་བྱེད་སྟངས་མིན་པའང་དགོངས་ལ་འཇགས་རོགས།

    Reply
  31. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    ང་ཚོའི་ཚོགས་གཙོ་དང་ཚོགས་གཞོན་འདི་གཉིས་ཅི་འདྲའི་མ་རབས་གཉིས་རེད། འོས་ཤོག་ཐོབ་པའི་ཆེད་དུ་ཕྱི་རྒྱལ་ལ་གཏོང་རྒྱུ་ཡིན་ལུགས་ཟེར། ནམ་རྒྱུན་ཁོང་གཉིས་ཀ་ཟམ་གདོང་བླ་མ་གང་གསུང་ཉན་མཁན་གྱི་གྲས་མིན་ནམ།
    སྤྱིར་སྤེན་ཚེ་བཀའ་ཁྲིར་ལངས་པར་དགའ་བསུ་ཡོད། རྒྱ་རི་སྒྲོལ་མ་ལས་ཁྱོད་རང་ཡག་གི་རེད། རྒྱ་རི་སྒྲོལ་མ་དང་ཁྱེད་གཉིས་མ་གཏོགས་མེད་ན་ངས་ཁྱོད་རང་ལ་འོས་འཕེན་རྐྱང་ཡིན། མ་གཞི་སྤེན་ཚེ་སླེབས་ནས་གསར་པ་གང་ཡང་བྱེད་ཐུབ་ཀྱི་མ་རེད། ཟམ་གདོང་བླ་མས་གསུངས་བཞག་པ་དེ་སྐྱར་ཟློས་འདྲ་མ་གཏོགས་གཞན་ཞེ་དྲག་བྱེད་རྒྱུ་ཡོད་ཀྱི་མ་རེད།

    Reply
  32. བྱམས་རྒྱལ། says:
    ལོ་ 15 སྔོན།

    འདྲེ་རིག་ལྡན་གྱིས་མ་འོང་ལུང་བསྟན་བརྒྱབས་བཞག་། འོ་ད་ཚོགས་གཙོ་ ཚོགས་གཞོན་ བློ་སེང་དང་བཅས་པ་ ཁ་འཐོར་ དགུ་འཐོར་འགྲོ་རྒྱུ་རང་རེད་། གླེན་རྟགས་བསྟན་སོང་ དོན་ངོ་མ་བཀའ་ཁྲི་་་་་་་་་་་་་་་་་་་་མི་རྙིང་པ་ཞིག་་་་་་

    Reply
  33. མཐའ་མཚམས་ཀྱི་ཕོ་ཉ། says:
    ལོ་ 15 སྔོན།

    ད་རེ་བཀའ་ཁྲི་འདི་ངེས་པར་གཞོན་སྐྱེས་གསར་གཏོད་བྱེད་ཕོད་པ་ཅན་ཞིག་འདམ་དགོས་པ་དུས་ལ་བབ་འདུག

    Reply
  34. dithok says:
    ལོ་ 15 སྔོན།

    ཚོགས་གཞོན་རྒྱ་རི་ཚང་གི་སྲས་མོ་སྒྲོལ་མ་ཡར་ལངས་རྗེས་གཞི་ནས།
    ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་མཆོག་ལངས་དགོས་ཡག་ག་རེ་ཡིན་ནམ།
    གཅིག་བྱས་ན་སྐུ་ཞབས་ཀླུ་མཁར་བྱམས་ལགས་ཀྱིས་༼ ཁྱིམ་ཚང་ཆེན་མོ་གསུམ་ ༽གྱི་སྐོར་བཤད་རྗེས་སྐུ་ངོ་མཆོག་ལ་ཡང་ངར་ཤུགས་ཐེངས་གཅིག་སྟེར་ཡོད་ཚོད་རེད།
    གཉིས་ནས་ང་བཀའ་ཁྲི་དང་ང་བཀའ་ཁྲི་ཟེར་བའི་འུར་སྒྲ་དེ་ཆེ་རུ་ཕྱིན་པའི་རྐྱེན་གྱིས་རང་ཉིད་ཀྱང་འཇོན་ཐང་དང་། ཤེས་ཡོན། སྤོབས་པ་བཅས་གྱིས་མི་བསླུ་བར་སྤྱི་ཚོགས་སུ་གསལ་སྟོན་བྱེད་པ་ཞིག་རེད།
    ད་དུང་་་་་་་་ད་དུང་་་་་་་།

    Reply
  35. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    ཚོགས་གཙོ་ལ་རྟེན་འབྲེལ་དང་བཀྲ་ཤིས་བདེ་ལེགས་ཞུ།

    དྲ་གྲོགས་ཚོ། ད་ཕལ་ཆེར་་(ཐབས་ཇུས་གཙོར་བཟུང་མེད་པར་ཚོར་བའི་རྗེས་སུ་རྒྱུག་ན་་་་་་) ༢༠༡༡ ལོའི་བཀའ་ཁྲི་སུར་ཐོབ་གསལ་ཐག་ཆོད་སོང་པ་འདྲ། དེ་སྔོན་ཞིག་ལ་མཐོ་རིམ་སློབ་མ་ཞིག་ཡོད་པ་དེས་ནམ་ཡིན་རུང་་་བློ་བཟང་སེངྒེར་འོས་འཕེན་རྒྱུ་ཡིན་་་ལུགས་ཏག་ཏག་བཤད་སོང་། དབྱར་པའི་གུང་གསེང་སྐབས་ཕ་ཡུལ་གཅིག་པ་མང་ས་ཞིག་ལ་སོང་ནས་ཕྱིར་ལོག་མ་ཐག བཀྲས་མཐོང་སྐུ་ངོ་ལགས་་་་སུ་འགྱུར་འདུག དེ་སྣང་ཚུལ་གཅིག་རེད།

    ད་འདི་ལྟར་བལྟས་ན་་་་་

    ༡ དེང་གི་གཞོན་སྐྱེས་བསམ་བློ་ཡོད་པ་རེ་ཟུང་དང་ཨ་མདོ་བ་མང་ཤོས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་ལ་འོས་འཕེན་རྒྱུ་རེད།

    ༢ དེང་གི་གཞོན་སྐྱེས་བསམ་བློ་ཡོད་པ་རེ་ཟུང་དང་ཁམས་པ་མང་ཤོས་ཀྱིས་བློ་བཟང་སེངྒེ་ལ་འོས་འཕེན་རྒྱུ་རེད།

    ༣ གཞོན་སྐྱེས་རེ་ཟུང་དང་གཞིས་ཆགས་ཁག་མང་ཤོས་ཀྱི་དབུས་གཙང་བ་མང་ཤོས་ཀྱིས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་འོས་འཕེན་རྒྱུ་རེད།

    ཁོང་གསུམ་ཕལ་ཆེར་སྔོན་འགྲོའི་འོས་གཞིའི་སྐབས་སུ་འོས་མཐོ་ཤོས་སུ་ཐོན་རྒྱུ་རེད།
    ད་དུང་རྒྱ་རི་སྒྲོལ་མ་དང་། རྟ་བོ་བློ་བཟང་དཔལ་ལྡན། ཕུར་བུ་ཚེ་རིང་། བློ་བཟང་སྦྱིན་པ་བཞི་བོར་ཡང་ཆོལ་ཁ་གསུམ་གྱི་འོས་ཤོག་གང་འཚམས་ཤིག་ཁ་འཐོར་རྒྱུ་ཡིན་པ་དང་། འདིས་སྤེན་པ་ཚེ་རིང་དང་བློ་བཟང་སེངྒེ་གཉིས་ཀྱི་འོས་གྲངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་རེད། ད་འདི་ལྟར་སོང་ན་བཀའ་ཁྲི་་་་་་་་་་་་་་།

    Reply
  36. kalsang says:
    ལོ་ 15 སྔོན།

    འབྱུང་འགྱུར་གྱི་བཀའ་ཁྲི་ལ་ཕུལ་བ།
    རང་རིགས་གཞོན་ནུས་རང་བློའི་ཐབས་རྩལ་ལས།།
    ཡར་ཐོན་གོམ་པ་རང་སྤོས་མ་བྱས་པར།།
    གཞན་གྱི་རྒྱབ་སྐྱོར་ཁོ་ན་བརྟེན་བསྡད་ན།།
    བསྐལ་བརྒྱར་འདས་ཀྱང་རྗེས་ལུས་ཉིད་ལས་མེད།།

    Reply
  37. བློ་བཟང་ཕུན་ཚོགས། says:
    ལོ་ 15 སྔོན།

    ཚོགས་གཙོ་མཆོག་བཀའ་བློན་བཞེངས་པར་དགའ་བསུ་གྲངས་མེད་ཞུ་རྒྱུ་ཡིན།
    གང་ཡིན་ཟེར་ན་ད་ལྟའི་བཀའ་བློན་དང་ལངས་ནང་ནས་ཚོགས་གཙོ་ལས་གཞན་
    ༧གོང་ས་མཆོག་གི་བཀའ་གསུང་སྤྱི་བསྒྲུབ་བྱེད་མཁན་ཞིག་ཡོད་པར་མ་མཐོང་
    བས་ཡིན།

    Reply
  38. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    སྐུ་ངོ་སྤེན་ཚེ་ཁྱེད་ཀྱི་ལོ་རྒྱུས་ཆ་ཚང་སྦྱར་ཤོག་གཅིག་གི་ནང་འཁོད་ཐུབ་མེད་ཚེ་སྐུ་ཉིད་བཀའ་ཤག་སྐབས་བཅུ་གཉིས་སྐབས་ཟམ་གདོང་བླ་མས་སྐུ་ཉིད་བཀའ་བློན་འོས་མིག་སྟོན་སྐབས་མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་གྱིས་ཁྱེད་ཀྱི་ལོ་རྒྱུས་རྒྱས་པ་ཞིག་གསུང་གནང་ཡོད་དེ་ཡང་གློག་རྙན་མཐུང་མཐུང་ཞིག་བཟོ་ནས་བཀྲམ་ན་འོས་ཤོག་འཐོབ་རྒྱུར་ཕན་སྲིད།

    Reply
  39. བོད་མིའི་ལས་དབང༌། says:
    ལོ་ 15 སྔོན།

    སྐུ་ངོ་ཚོགས་གཙོ་མཆོག་གི་རེ་བ་དང་འདུན་པ་མཐོ་ཐག་ཆོད་འདུག གང་ཡིན་ཟེར་ཁོང་བློན་ལ་སླེབས་མ་ཐུབ་པའི་མི་ཞིག་བཀའ་བློན་ཁྲི་པར་ཇི་ལྟར་སླེབས་ཐུབ་ཀྱི་རེད། སྤྱི་འཐུས་ཚོགས་གཙོ་སླེབས་པར་དཀའ་ངལ་ག་ཚོད་འཕྲད་སོང༌། མཐའ་མ་ཚོགས་གཙོ་ལོ་གཉིས་དང་ཕྱེད་ཙམ་བྱེད་རྒྱུ་གོ་སྐབས་བྱུང་དེ་ཁོ་རང་ལ་རྒྱལ་ཁ་དང་བོད་མི

    Reply
  40. སྐར་མདའ། says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་ལ་བཀའ་ཁྲིའི་འོས་ཤོག་ཐོབ་བསམ་འཆར་མེད།
    ཁོང་ལ་བཀའ་ཁྲིའི་འོས་ཤོག་ཐོབ་ན་བསམ་འཆར་མེད་ཅེས་པའི་གནད་དོན་གཙོ་བོ་དེ།བཀྲ་ས་མཐོང་བསྟན་འཛིན་རྣམ་རྒྱལ་ནི་སྔོན་ཆེད་བོད་གཞུང་གི་བཀའ་བློན་ལ་བསྐོས་ཟིན་པ་རེད།

    ཡིན་ནའང་གྲུབ་འབྲས་གང་ཡང་མ་འཐོན་པ་མ་ཟད་ད་དུང་བོད་གཞུང་གི་ཧུན་སྒོར་འབུམ་བརྒྱ་ཙམ་ལྐོག་ཟ་བྱས་པའིི་ཀུན་གསབ་ཀྱང་ད་དུང་བྱ་ཐུབ་མེད་ཁར་སླར་ཡང་བཀའ་བློན་ལ་བསྐོ་བཞག་བྱེད་རྒྱུ་ཡིན་ཟེར་ན་ཕ་ཆེར་བོད་རིགས་ཚང་མ་སྨྱོན་པ་ཆགས་པ་མིན་ནམ།

    ལོ་ན་ཡོལ་ཟིན་པའི་བཀའ་ཟུར་ཕན་མེད་གྱི་བེམ་པོ་དེ་ལ་རེ་བ་རྩ་བ་ནས་རྒྱགས་མི་འོས། གང་ཡིན་ཟེར་ན་ཁོང་ཚོ་སྐུ་དྲག་གི་རྒྱུད་པ་མ་རེད་དམ། ང་ཚོས་རྒོལ་ལེན་སྤྲོད་སའི་མིག་འབེན་གཙོ་བོ་སྐུ་དྲག་མ་ཡིན་ནམ། ད་དུང་ང་ཚོས་ཁོང་ཚོར་རེ་བ་བཅིངས་པ་ཡིན་ན་ནོར་བ་བརྒྱ་ཆ་བརྒྱ་ཡིན་པ་ཚིག་ཐག་བཅད་ནས་བཤད་ཆོག

    ང་ཚོ་ད་ལྟའི་པར་དུ་སྡུག་གྱོང་ཚད་མེད་མྱངས་དགོས་པ་དེ་ཡང་སྐུ་དྲག་གིས་བཟོས་པ་རེད།དེའི་རྐྱེན་གྱི་སྐུ་དྲག་གི་རིགས་ལ་ལམ་ཁ་རྩ་བ་སྟེར་རྒྱུ་མེད་པ་དེ་ཤེས་དགོས། ད་དུང་རྒྱལ་རི་སྒྲོལ་མ་ཡིན་ནའང་གཅིག་པ་རེད།
    ཁོ་ཡང་སྐུ་དྲག་གི་རྒྱུད་པ་ཡིན་པ་གསལ་བོ་རེད།

    ང་ཚོ་ལ་དགོས་པ་དེ་ས་ཡ་དྲུག་རྡོག་རྩ་ཆིག་སྒྲིལ་བཟོ་མཁན་དང༌། གཞིས་བྱེས་བོད་མིའི་བདེ་སྡུག་ལ་ཐད་ཀར་བལྟ་ཐུབ་མཁན་གྱི་མི་བུ་འཇོན་ཐང་མངོན་གྱུར་བྱེད་ནུས་མཁན་གྱི་དཔའ་བོ་གདོང་མཆོངས་པ་ཞིག་དགོས་གལ་ཆེ་བར་སེམས། དེ་འདྲ་སོང་ཙང་སྤེན་པ་ཚེ་རིང་གིས་བཀའ་བློན་ཁྲི་པའི་འོས་གཞིར་ལངས་པ་དེ་ལ་དགའ་བསུ་ཚད་མེད་ཞུ་རྒྱུ་ཡིན།

    Reply
  41. kalsang says:
    ལོ་ 15 སྔོན།

    ཚོགས་གཙོ་སྤེན་པ་ཚེ་རིང་ལགས་འབྱུར་འགྱུར་བཀའ་ཁྲིའི་འོས་གཞིར་བཞེངས་པ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ངས་ཀྱང་བསམ་ཚུལ་ཐུང་ཐུང་ཞིག་བཤད་ན་བསམ་བྱུང་།ད་ལོའི་སྤྱི་འཐུས་ནང་ཁུལ་དུ་རྙོག་དྲ་བྱུང་དུས་ཁྱེད་རང་གིས་རྙོག་དྲ་བཟོ་མཁན་དེ་ཚོའི་མགོ་གནོན་པའི་ནུས་པ་ཞིག་མེད་སོང་པ་དེ་མི་དམངས་ཀྱིས་ཤེས་ཟིན་པ་རེད།དེ་འདྲ་སོང་ཙང་ཁྱེད་རང་མ་འོངས་པའི་བཀའ་ཁྲི་ཞིག་་འཇོན་ཨེ་ཡོང་།

    Reply
  42. མི་ཉག་བཙན་པོ says:
    ལོ་ 15 སྔོན།

    སྐུ་འོས་ཚོགས་གཙོ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཡོད་
    ་གཞོན་སྐྱེས་གང་མང་ཞིག་ལ་བཀའ་ཁྲིའི་ཤེས་འཇོན་ཡོད་པ་ཕྱི་གསལ་ནང་གསལ་ཆགས་ཡོད་པ་ནི་དགའ་འོས་པ་དང་བཀྲ་ཤིས་བདེ་ལེགས་རེད་ཡིན་ན་ཡང་ཁྱེད་ལྟ་བུའི་གཞོན་སྐྱེས་རྣམས་ལ་རྒྱལ་ཁ་ཐོབ་བའི་རེ་བ་ཧ་ཅང་ཆུང་གང་ལགས་ཞུ་ན་གཞིས་ཆགས་ཁག་གི་ནང་མི་རྒན་པ་མང་པོ་ཞིག་ལ་འོས་འཕེན་རྒྱུའི་སེམས་ཤུགས་ཡོད་ན་ཡང་འོས་འདེབས་བྱ་ཕྱོགས་ཐད་ཤེས་ཚད་མེད་པ་དེ་རེད་བརྟེན་ན་རྒན་ཁོག་ཞིག་ལ་རྒྱལ་ཁ་ཐོབ་ངེས་རེད་བསམ་།

    Reply
  43. ཚོ་སྒོ་བ། says:
    ལོ་ 15 སྔོན།

    བཀྲིས་བདེ་ལེགས་ཡོད།

    Reply
  44. བསྟན་འཛིན་ཀུན་མཁྱེན། says:
    ལོ་ 15 སྔོན།

    བསྟན་འཇམ་ཟེར་བ་འདི་ཡང་མ་ཚོས་ཚོས་མདོག་དང་མ་ཤེས་ཤེས་མདོག་བྱེད་མཁན་ཞིག་ཡིན་ཐག་ཆོད་རེད་འདུག ཁྱེད་ཀྱི་འོས་གཅིག་པོ་དེ་སུ་ལ་བླུག་མ་བླུག་རང་དབང་རེད་ཀྱང་། མི་དམངས་ཀྱི་འོས་སུ་ལ་བླུགས་མིན་དང་ཚོགས་པ་ཁག་གི་སུ་ལ་རྒྱབ་སྐྱོར་སུ་ལ་བྱེད་ཀྱི་ཡོད་མེད། དུས་སྔ་འཕྱི་བྱུང་ཡོད་མེད་སོགས་བརྒྱ་ཁ་གཅིག་གཅོད་ཀྱིས་བཤད་པ་ནི་ཁྱེད་རང་མ་ཚོས་པའི་རང་རྟགས་ངོ་མ་དེ་རེད་འདོད།

    Reply
  45. གདོང་རིའི་ཆོས་འཛིན། says:
    ལོ་ 15 སྔོན།

    དུས་སྐབས་འདིར་འུ་ཚོས་སྐྱེས་བ་དང་བུད་མེད་གཉིས་ཀྱི་ཐོབ་ཐང་འགྲན་རྩོད་བྱེད་པའི་དུས་བབ་ཞིག་མིན་པར།མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཤེས་འཇོན་ལྡན་པའི་མི་བུ་ཞིག་བཀའ་ཁྲི་འདེམས་དགོས་པ་གལ་ཆེ།

    Reply
  46. གདོང་རིའི་ཆོས་འཛིན། says:
    ལོ་ 15 སྔོན།

    དེ་རིང་མི་རབས་གསར་བའི་ཆོད་སེམས་དང་།སླད་མེད་པའི་མི་རིགས་ལ་བཅིངས་བའི་ལྷག་བསམ།ད་དུང་མ་འོངས་པའི་མུན་སེལ་སྒྲོན་མེ་ཞིག་འཁྱེར་བཞིན་སྟག་ཤར་གཞོན་ནུ་ཞིག་སླེབས་བྱུང་།

    Reply
  47. ལྷ་གཉན་པོ says:
    ལོ་ 15 སྔོན།

    ཚོགས་གཙོ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་ལ་རྒྱལ་ཁ་ཐོབ་པར་སྨོན། རྒྱ་རི་ཚང་དང་བཀྲས་མཐོང་ཚང་གི་ཁྱིམ་རྒྱུད་རྙིང་ཁ་རོ་ལང་རྒྱག་པ་ལས་ཚོགས་གཙོ་ལ་རྒྱལ་ཁ་ཐོབ་ན་ཕྱོགས་གང་ཅིའི་ཐལ་ནས་ཡག་པོ་ཡོད་པ་ཡིད་ཆོས་ཡོད།

    Reply
  48. བསྟན་འཇམ says:
    ལོ་ 15 སྔོན།

    ཚོགག་གཙོ་མཆོག་བཀའ་ཁྲིའི་འོས་གཞིར་ལངས་པ་དགའ་བསུ་ཡོད།
    བཀའ་ཁྲིའི་རྐུབ་སྟེགས་འཐོབ་མི་ཐོབ་ཀྱི་ཆ་ནས་གླེང་ན་ཅུང་ཁག་པོ་རེད་འདུག་བསམ།
    སྐུ་ཉིད་ཀྱི་འོས་གཞིར་ལངས་ཆ་རྐྱེན་ཁྱབ་སྒྲོག་ཡང་འཕྱི་དྲག་པས་རེད།
    གཅིག་ནས་ད་ལྟ་མི་ཚང་མའི་སེམས་ལ་བློ་བཟང་སེང་གེ་དང་བཀྲིས་མཐོང་ལས་རེ་བ་རྒྱག་ས་ཡག་པོ་རྙིད་མི་འདུག
    རྒྱུ་མཚན་ནི་ཁོང་གཉིས་ལ་གཞུང་དང་མ་འབྲེལ་བའི་ཚོགས་པའི་ཁྱབ་སྒྲོག་དང་རྒྱབ་སྐྱོར་ཡང་གང་ཙམ་ཞིག་ཐོབ་འདུག་པས་མི་ཚང་མའི་མིག་ལ་ཤར་བ་དེ་གཉིས་ལས་མི་འདུག་སྙམ །
    ང་སྒེར་གྱི་འོས་གཅིག་པོ་དེ་ད་ལྟ་སུ་འཕེན་མི་འཕེན་བསམ་བློ་གཏོང་བའི་སྒང་ཡིན་་། ཡིན་ནའང་། བློ་བཟང་སེང་གེ་ལ་བླུགས་ན་བསམ་ཡོད་ཀྱང་ཁོང་གིས་རྒྱ་རི་སྒྲོལ་མ་དང་ཚོགས་གཙོ་གཉིས་ལས་འགན་བྱེད་ཕྱོགས་ལ་ཁ་གསལ་མེད་པས་ཐེ་ཙོམ་གྱི་གནས་སུ་ལྷག་ཡོད།
    ཕྲན་གྱིས་ཚོ་དཔག་བྱེད་སྟངས་ནོར་མེད་ན་ཚོགས་གཙོ་མཆོག་སྔར་བཞིན་ཚོགས་རང་རེད། རྒྱ་རི་སྒྲོལ་མ་བཀའ་ཁྲི་མ་ཐོབ་ཀྱང་བཀའ་བློན་ཅིག་ལ་གཏན་ཁེལ་འདུག

    Reply
  49. ཨརྱ། says:
    ལོ་ 15 སྔོན།

    ཞིབ་བཤེར་བྱེད་རྒྱུ་ཟེར་ནས་རང་གིས་གང་བྲིས་ལའང་ཐད་ཀར་ལྟ་མི་ཐུབ་པར་ཡུན་རིང་སྒུགས་དགོས་པ་དེ་སུན་སྤྱད་རེད།

    Reply
  50. ཨརྱ། says:
    ལོ་ 15 སྔོན།

    སྤེན་པ་ཚེ་རིང་བཀའ་ཁྲི་བྱས་ན་མི་མང་ཕྱི་རྒྱལ་ལ་གཏོང་ཐུབ་ཟེར་བ་དང་གསར་འབྱོར་ཚོར་ཅིག་བྱེད་རྒྱུ་ཟེར་བ་དེ་ཚོ་བདེན་མིན་གང་ལྟར་ཀྱང་ཟམ་གདོང་སླར་ཡང་བྱོན་པ་འདྲ་ཞིག་ཡིན་ངེས་རེད། ད་་ནི་དབུས་གཙང་མི་མང་གིས་ཞེན་ཁོག་མ་བྱས་ན་ཁྱིམ་ཚང་ཆེན་པོ་གསུམ་དང་འབྲེལ་ཡོད་ཚོར་རེ་བ་མེད་པས་ཚོགས་གཙོ་སྤེན་པ་ཚེ་རིང་དང་བློ་བཟང་སེང་གེ་གཉིས་ཀྱིས་འགྲན་བསྡུར་བྱེད་དགོས་ངེས་རེད།

    Reply
རྩོམ་ཡིག་སྔ་མ།
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese