དུས་རབས་ཀྱི་ང་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་གཉིས་འཛིན་བཟུང་བཀག་ཉར་བྱས་འདུག
དེ་རིང་ངྷ་ས་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་གྲྭ་ཀ་ཉག་ཚེ་རིང་ལགས་ཀྱིས་འདི་གར་བཏང་གནས་ལྟར་ན། དུས་རབས་ཀྱི་ང་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་བུད་ངྷ་དང་སྐལ་བཟང་སྦྱིན་པ་གཉིས་ཉེ་ཆར་རྒྱ་ནག་གིས་འཛིན་བཟུང་བཀག་ཉར་བྱས་འདུག་ཟེར།
རང་ལོ་ ༣༤ ཡིན་པའི་ན་གཞོན་རྩོམ་པ་པོ་བུད་ངྷ་འབོད་པ་ཟླ ༦ ཚེས ༢༡ ཉིན་རྒྱ་ནག་གཞུང་གིས་མི་རིགས་ཁ་བྲལ་རིང་ལུགས་དང་ཤེས་ཡོན་ཅན་ལ་ངན་སྐུལ་གྱི་ཉེས་མིང་གཡོགས་ནས་འཛིན་བཟུང་བཀག་ཉར་བྱས་འདུག
ཡིན་ནའང་། ཁོང་འཛིན་བཟུང་བྱེད་རྐྱེན་གཙོ་བོ་ཕྱི་ ༢༠༠༨ ལོའི་ཤར་དུང་རི་དུས་དེབ་སྟེང་ཁོ་བོས་བྲིས་པའི་ ༼ ཕྱིར་རྟོག་དང་བསམ་གཞིག ༽ ཅེས་པའི་རྩོམ་ཡིག་དང་འབྲེལ་བ་ཡོད་པར་མ་ཟད། ༼ དུས་རབས་ཀྱི་ང་ ༽ ཞེས་པའི་དུས་དེབ་དང་འབྲེལ་བ་ཡོད་པ་ཞིག་ཀྱང་ཡིན་འདུག དེང་སྐབས་ཁོང་རྔ་པ་རང་སྐྱོང་ཁུལ་ལྟེ་གནས་འབར་ཁམས་སུ་བཀག་ཉར་བྱས་ཡོད་ཚུལ་ཙམ་ལས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མེད།
བུད་ངྷ་ལགས་ཕ་འཇམ་དབྱངས་ཙག་ལི་དང་མ་མིང་ལ་ཚེ་རིང་སྒྲོལ་མ་གཉིས་ཀྱི་བུ་ཡིན་པ་དང་། མདོ་སྨད་རྔ་པ་རང་སྐྱོང་ཁུལ་རྔ་པ་རྫོང་ཁྲིན་ཀཱན་སྡེ་བ་ནས་ཡིན་འདུག ཆུང་དུས་ནས་རྔ་པ་རྫོང་ཐོག་གི་སློབ་ཆུང་གཉིས་པ་དང། བོད་ཡིག་སློབ་འབྲིང་སོགས་སུ་སློབ་སྦྱོང་མཐར་ཕྱིན་པ་བྱས་ཏེ། རྗེས་སུ་རྒྱ་ནག་གི་གྲོང་ཁྱེར་ཁྲོང་ཆེན་དུ་ཡོད་པའི་སྨན་པའི་མཐོ་སློབ་ཅིག་ཏུ་སྨན་པའི་སློབ་སྦྱོང་མཐར་ཕྱིན་རྗེས། རྔ་པ་རྫོང་བར་མ་ཞང་སོགས་ཀྱི་གྲོང་གསེབ་སྨན་ཁང་ཁ་ཤས་སུ་སྨན་པ་བྱེད་མྱོང་བ་དང། རྗེས་སུ་རྔ་པ་རྫོང་བོད་སྨན་ཁང་དུ་ཕྱག་ལས་གནང་གི་ཡོད་འདུག
དེ་བཞིན་རང་ ༣༥ ཡིན་པའི་གཞོན་རྩོམ་པ་པོ་སྐལ་བཟང་སྦྱིན་པ ༼ པུར་མིང་ལ་མགར་མི་ཟེར ༽ ལགས་ཀྱང་ཟླ་ ༧ ཚེས་ ༡༩ ཉིན་མི་རིགས་ཁ་བྲལ་རིང་ལུགས་ཀྱི་ཉེས་འཛུགས་བྱས་ཏེ་འཛིན་བཟུང་བཀག་ཉར་བྱས་མོད། གཙོ་བོ་ཕྱི་ལོ་ ༢༠༠༨ ལོའི་ཤར་དུང་རི་དུས་དེབ་སྟེང་ཁོ་བོས་བྲིས་པའི ༼ ཟུངས་ཁྲག་དང་ཚེ་སྲོག་གི་གཏུག་བཤེར་ ༽ཞེས་པའི་རྩོམ་ཡིག་དང་འབྲེལ་བ་ཡོད་པར་མ་ཟད། ༼ དུས་རབས་ཀྱི་ང་ ༽ དུས་དེབ་དང་ཡང་འབྲེལ་བ་ཡོད་སྐོར་འབྲེལ་ཡོད་མི་སྣས་བརྗོད་ཡོད། གང་ལྟར་ཡང་། ཁོང་འཛིན་བཟུང་བྱས་རྗེས་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད།
ཁོང་ནི་ཙ་ཡུས་སྨད་ཀྱི་དུད་ཁ་ཤིང་སྐྱོང་ཐང་སྡེ་བ་ནས་ཡིན་ཞིང། མ་མིང་ལ་མཁར་མོ་སྐྱིད་དང་ཆུང་དུས་ཙ་ཡུས་དགོན་པའི་གྲྭ་པ་ཡིན་འདུག ཕྱི་ལོ་ ༡༩༩༣ ལོར་རྒྱ་གར་དུ་ཡོང་སྟེ་སུ་ཇཱ་བོད་ཁྱིམ་སློབ་གྲྭར་ལོ་གཅིག་ཙམ་བསྡད། དེའི་རྗེས་ཀིརྟིའི་བྱེས་པ་གྲྭ་ཚང་དུ་སློབ་གཉེར་གནང་འདུག ཕྱི་ལོ་ ༡༩༩༦ ལོའི་ དབྱར་ཁ་ཕྱིར་ཕ་ཡུལ་དུ་ལོག་འདུག ཕ་ཡུལ་དུ་སླེབས་རྗེས་རྔ་པ་རྗོང་ཁྲིན་ཀཱན་སྡེ་བའི ་ལྷ་མོ་ཁ་ཚང་གི་བུ་མོ་དང་གཉེན་སྒྲིག་བྱས་ཏེ་རྔ་པ་ནས་གཏན་སྡོད་བྱས་ཡོད་ཅེས་ཟེར།
གསར་འགོད་པ། ཨ་རིག་འགྱུར་མེད།
འཇིག་རྟེན་འདིར་རྒྱ་དམར་གྱིས་ཐུབ་ཚོད་ལ་ཚད་དང་། བོད་རིགས་ཚོས་སྡུག་བསྔལ་ལ་ཚད་ཨེ་ཡོད།
དངོས་གནས་སེམས་གཏིང་ནས་སྐྱོ་དགོས་པ་རེད། བོད་མི་རིགས་ཀྱི་རྒྱུན་འཛིན་གཉིས་རྒྱ་ལག་ཐེབས་སོང་།
དངོས་གནས་སེམས་གཏིང་ནས་སྐྱོ་དགོས་པ་རེད། བོད་མི་རིགས་ཀྱི་རྒྱུན་འཛིན་གཉིས་རྒྱ་ལག་ཐེབས་སོང་།