མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གུང་ཁྲན་ལ་མགོ་འབུལ་ལུས་འབུལ་བྱེད་མཁན་ཆཊ་སོང་།

བོད་ཀྱི་དུས་བབ།
༢༠༡༠/༠༩/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཁྱེད་རང་ཚོའི་ལམ་ནོར་ཡོད་པ་མ་རེད། ང་ཚོ་ཆོས་པ་རེད། ལམ་ལུགས་ཉམས་ལེན་བྱེད་མཁན་རེད། བླ་མ་གལ་ཆེ་འམ་ཆོས་སྐྱོང་གལ་ཆེ། ལམ་རིམ་ཆེན་མོ་དང་བཀའ་སྡེ་སྣོད་གསུམ་ལ་ཞིབ་གཟིགས་གནོང་དང་། དགེ་ལུགས་པའི་སྲུང་མ་མགོན་ཆོས་གཉིས་རེད། དེའི་ནང་ནས་ཀྱང་དམ་ཆེན་ཆོས་རྒྱལ་རེད། ངས་སྔོན་མ་ནས་བཤད་པ་ལྟར། དམ་ཅན་ཆོས་རྒྱལ་གཤེགས་སོང་ཟེར་བའི་སྐད་ཆ་ཞིག་བྱུང་སྐབས། སྲུང་མ་གསར་པ་ཞིག་འཚོལ་དགོས་པ་རེད་མ་གཏོགས་གཞན་དམ་ཅན་ཆོས་རྒྱལ་གྱིས་མ་ཐུབ་པ་གཅིག་ཀྱང་ཡོད་པ་མ་རེད།

དེ་རིང་ཞོགས་པའི་ཆུ་ཚོད་༨ སྟེང་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་དགའ་ལྡན་ཁྲི་རིན་པོ་ཆེ། ཤར་བྱང་ཆོས་རྗེ་རྣམ་གཉིས། གྲྭ་ཚང་ཁག་གི་མཁན་ལས་ཟུར་རྣམ་པ་བཅས་ཀྱི་ཕེབས་བསུའི་དབུས་སྤྱི་ནོར་༧གོང་ས་མཆོག་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་གཙུག་ལག་ཁང་མདུན་ཐང་དུ་ཆིབས་སྒྱུར་བསྐྱངས་ཏེ། སེ་ར་བྱེས་སྨད་གཉིས་དང་རྣམ་གྲོལ་གླིང་། བཀྲ་ཤིས་ལྷུན་པོ། དཔལ་ལྡན་རྒྱུད་སྨད་གྲྭ་ཚང་སོགས་སྦེལ་ཀོབ་ཉེ་འཁོར་གྱི་དགོན་སྡེ་ཁག་གི་དགེ་འདུན་འདུས་པ་རྒྱ་མཚོ་དང་། སྦེལ་ཀོབ་བོད་མིའི་གཞིས་སྒར་གསར་རྙིང་གཉིས་དང་ཧོན་སོར་རབ་རྒྱས་གླིང་། དེ་བཞིན་མེ་སོར་ཁྱབ་ཁོངས་ཀྱི་བོད་མི་ཁ་ཐོར་སོགས་སེར་སྐྱ་མི་དམངས་ཉིས་ཁྲི་ཉེ་བར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བསྐུར་ཡོད། དེའི་རྗེས་གཙུག་ལག་ཁང་གི་བཞུགས་ཁྲིར་ཞབས་སོར་བཀོད་དེ་བོད་གཞུང་དམངས་ཡོངས་ནས་བརྟན་བཞུགས་འདེགས་འབུལ་ཞུས་ཤིང་། ཉིན་རྒྱབ་སེར་སྨད་གྲྭ་ཚང་གི་གཞུང་ཆེན་རྩོད་རྒྱུག་དམ་འཇོག་གི་ཚོགས་དབུར་ཕེབས་ཏེ་གསུང་བཤད་གནང་ཡོད། ཕྱི་དྲོ་དོལ་རྒྱལ་གྱི་རྙོག་གླེང་འོག་སྦོམ་ར་ཁང་ཚན་ནས་ཟུར་དུ་བུད་པའི་སྤོ་འབོར་ཁང་ཚན་གསར་བཞེངས་ཀྱི་རྡོ་རིང་སྒོ་འབྱེད་རབ་གནས་དང་། རྟེན་འབྲེལ་གྱི་ལྗོངས་ཤིང་འདེབས་འཛུགས་གནང་སོང་།  

 

ཚེ་དབང་དངོས་གཞིའི་ཐོག་མར་མི་དམངས་ལ་ནང་ཆོས་ངོ་སྤྲོད་དང་འབྲེལ་དོལ་རྒྱལ་སྐོར་ལ་གསུང་བཤད་གནང་དོན། སྤྱིར་ཆོས་བཤད་བྱེད་སྐབས་ཆོས་དད་ཡོད་མེད་སུ་ཡིན་རུང་འགྲིག་མོད། བླ་སློབ་ཀྱི་འདུ་ཤེས་ཐོག་ནས་ཆོས་ཞུ་མཁན་ཡིན་ན་དམ་ཚིག་གཙང་མ་དགོས་པ་རེད། དོལ་རྒྱལ་སྐོར་ལ། ཐོག་མ་ང་རང་གིས་ཀྱང་བསྟེན་པ་རེད། ཕྱིས་སུ་རིམ་གྱིས་དངོས་ཡོད་གནས་ཚུལ་རྟོགས་ཡོང་སྐབས། ༧གོང་ས་ལྔ་བ་ཆེན་པོའི་གསུང་ཡོངས་གྲགས་པོད་༼ ད ༽ བའི་ནང་། དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། སྨོན་ལམ་ལོག་པའི་དམ་སྲི་འབྱུང་བོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱས་ན། །མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་སློག །ཅེས་རྒྱུ་སྨོན་ལམ་ལོག་པ་དང་། ངོ་བོ་དམ་སྲི་འབྱུང་བོ། བྱེད་ལས་བསྟན་དང་འགྲོ་བར་འཚེ་བ་བྱེད་མཁན་དུ་བསྟན་ཡོད། དགེ་ལུགས་ནང་མང་ཆེ་བས་དགག་པ་བསྐྱོན་གྱི་ཡོད་ཀྱང་། ཕ་བོང་ཁ་བ་ནས་དར་སྲོལ་ཆེན་པོ་བྱུང་བ་རེད། སྤྱིར་ཕ་བོང་ཁ་བ་དགེ་ལུགས་པའི་བསྟན་པའི་བདག་པོ་ཞིག་ཆགས་ཡོད་ཀྱང་། དོན་དག་ཁ་ཤས་ཐོག་ནོར་འཁྲུལ་བྱུང་ཡོད། སྐུ་མདུན་སྐུ་གོང་མས་དོལ་རྒྱལ་དམ་དྲག་བྱེད་བཞིན་དུ་སྐུ་གོང་མ་དགོངས་པ་རྫོགས་མ་ཐག དོལ་རྒྱལ་དར་སྤེལ་ཆེན་པོ་བྱས་པ་དེ་ནོར་འཁྲུལ་རེད།

 

ཡང་རིགས་ཁག་ཅིག་གིས་༧རྒྱལ་བ་རིན་པོ་ཆེའི་བཀའ་རེད་ཟེར་བ་དེ་འགྲིག་གི་ཡོད་པ་མ་རེད། ངས་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་དང་དགོས་པ། ལོ་རྒྱུས། སྔོན་བྱོན་དམ་པ་ཚོས་གང་འདྲ་གནང་འདུག དེ་དག་ཕྱོགས་ཚང་མ་རྟོགས་པར་བྱས་ཏེ། གཡག་ཞར་གྱིས་རྩ་ཟོས་པ་ལྟར་མ་ཡིན་པར་བརྟག་དཔྱད་བྱས་ན། ངས་དམ་དྲག་བྱས་པའི་རྒྱུ་མཚན་ཧ་གོ་ཡོང་གི་རེད། དེང་སྐབས་རྒྱ་གུང་ཁྲན་གྱིས་བོད་ནང་གི་དོལ་རྒྱལ་བསྟེན་མཁན་ཚོར་ཞེ་དྲག་རྒྱབ་སྐྱོར་བྱེད་ཀྱི་འདུག དགོན་པ་རེ་ཟུང་ལ་གསར་དུ་བསྟེན་དགོས་པའི་སྐུལ་མ་བྱེད་ཀྱི་འདུག དེ་རིང་ཕར་ཕྱོགས་ནས་རྩོད་པ་རྩོད་ཀྱི་ཡོད་མདོག་མདོག་གིས་སྐད་རྒྱག་གི་འདུག སྤྱིར་རྩོད་པ་བརྒྱབ་པ་ཡག་པོ་རེད་དེ་ཕར་ཕྱོགས་ནས་སྐད་བརྒྱབ་ན་ངས་ཀྱང་ཅིག་མ་ལབ་ན་འགྲིག་གི་མ་རེད། ཁྱེད་ཚོ་སེར་སྨད་གྲྭ་ཚང་ལ་དཀའ་ངལ་ཞེ་དྲག་འཕྲད་པ་རེད། གཙོ་བོ་སྤོམ་ར་ཁང་ཚན་གྱི་དོལ་རྒྱལ་བསྟེན་མཁན་ཚོས་མཁྲེགས་པོ་བྱས་ཏེ། མི་གསོད་པ་དང་ཉེས་རྡུང་གཏོང་བ། རྒྱ་གུང་ཁྲན་ལ་མགོ་འབུལ་ལུས་འབུལ་བྱེད་མཁན་ཞིག་ཆགས་སོང་། སྨོན་ལམ་ལོག་པའི་དམ་སྲི། རྒྱ་འདྲེ་ངོ་མ་དེ་ཆགས་སོང་། དེ་དག་གིས་མ་ཤེས་པ་རེད། ཤེས་བཞིན་དུ་སོ་སོས་དང་ལེན་བྱས་པ་ཡིན་ན་ང་ལ་བཤད་རྒྱུ་གང་ཡང་མེད། ཆོས་ལུགས་དད་མོས་རང་དབང་རེད། ཆོས་གང་བྱེད་རྒྱུ་དང་ལྷ་གང་བསྟེན་རྒྱུ་རང་དབང་རེད། འོན་ཀྱང་དེ་དག་གི་ཁུངས་ལུང་གང་འདྲ་ཡིན་པ་བཤད་དགོས་པ་ང་རང་གི་ལས་འགན་རེད། ཉན་དང་མི་ཉན་སོ་སོས་བསམ་བློ་གཏོང་དགོས། ཞེས་བཀའ་ནན་བསྩལ་སོང་།

 

ཚེ་དབང་གྲུབ་རྗེས་གཙུག་ལག་ཁང་གི་བཞུགས་ཁྲིར་ཞབས་སོར་བཀོད་ཅིང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་མཎྜལ་ལྗགས་བཤད་དང་། བཀའ་བློན་ཁྲི་པ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་མཎྜལ་ཚོམ་བུ་འདེགས་འབུལ་ཞུས། སྐབས་དེར་༧གོང་ས་མཆོག་གིས་ཇི་སྲིད་ནམ་མཁའ་གནས་པ་དང་།  །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་པ་འདི་ངའི་ཉམས་ལེན་གཅིག་རེད། ངས་རྟག་པར་སྨོན་ལམ་རྒྱག་གི་ཡོད། ཁྱེད་ཅག་གི་སེམས་བདེ་མོ་བྱོས། བརྟན་བཞུགས་རྒྱུན་དུ་འབུལ་བཞིན་ཡོད་པ་རེད། གཙོ་བོ་དེ་རིང་འདིར་ས་དགེ་བཀའ་རྙིང་བོན་དང་བཅས་པའི་དབུ་ཁྲིད་རྣམ་པ་དང་དགེ་འདུན་འདས་པ་རྒྱ་མཚོས་ལྷག་བསམ་རྣམ་དག དད་དམ་གཡོ་བ་མེད་པའི་ཐོག་ནས་སྨོན་ལམ་རྒྱག་གིན་ཡོད་སྟབས། ཐུགས་སྨོན་བདེན་ཚིག་ཅིག་ཏན་ཏན་ཡོང་གི་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།   

 

ཉིན་རྒྱབ་༧གོང་ས་མཆོག་སེར་སྨད་གྲྭ་ཚང་གི་གཞུང་ཆེན་རྩོད་རྒྱུགས་དམ་འཇོག་གི་ཚོགས་དབུར་ཕེབས་ཏེ། ཆུ་ཚོད་གཉིས་ལྷག་རིང་དགེ་འདུན་པ་རྣམས་ཀྱི་གཞུང་ཆེན་རྩོད་རྒྱུགས་ལ་གསན་གཟིགས་གནང་མཐར་གསུང་བཤད་གནང་དོན། འཛམ་གླིང་དུ་ནང་པ་ས་ཡ་སུམ་བརྒྱ་བཞི་རྒྱ་ཞིག་ཡོད་ལ། དེའི་ནང་ནཱ་ལེན་ཊའི་ཆོས་རྒྱུད་དྲི་མ་མེད་པ་འཛིན་མཁན་བོད་མི་ས་ཡ་དྲུག་མ་གཏོགས་མེད། དེའི་ནང་ནས་ཀྱང་བཏགས་དོན་བཙལ་ཏེ་མཛུབ་མོ་བཙུགས་པ་ཡིན་ན། འདིར་ཡོད་པའི་ཁྱེད་ཅག་རེད། ངས་འཛམ་གླིང་ཐོག་ནང་ཆོས་ངོ་སྤྲོད་བྱེད་སྐབས། བོད་གངས་ཅན་ལྗོངས་ཀྱི་ནང་ཆོས་དེ་དཔལ་ནཱ་ལེན་ཊའི་ཆོས་རྒྱུད་དྲི་མ་མེད་པ་ཡིན་ཞེས་སྤོབས་པ་ཆེན་པོས་བཤད་བསྡད་པ་དེའི་མ་རྩ་ཁྱེད་རང་ཚོ་རེད། ད་བར་སློབ་སྦྱོང་བྱས་པ་ཡག་ཐག་ཆོད་རེད། ད་དུང་ཡང་ཤུགས་རྒྱག་དགོས་པ་རེད། སྔོན་མ་ང་འབྲས་སྤུངས་ཕོ་བྲང་དུ་བསྡད་སྐབས། མཚན་ལ་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ། མཛོད་རྩ་སོགས་བློ་ལ་སྐྱོར་མཁན་མང་པོ་ཡོད། དེ་བཞིན་སེ་ར་ནས་ཀྱང་ལེགས་བཤད་སྙིང་བོ་སྐྱོར་མཁན་གོ་མྱོང་། ཕྱིས་སུ་དེ་འདྲ་གོ་རྒྱུ་མི་འདུག གྲྭ་སའི་སློབ་གཉེར་སྡུག་ཏུ་ཕྱིན་ཏེ་ལྷོད་གཡེང་ཤོར་ན་ཁྱོན་ནས་ཡག་པོ་མ་རེད། མཐུན་རྐྱེན་ཡག་ཏུ་ཕྱིན་ཞིང་། སློབ་གཉེར་གྱི་སྤུས་ཀ་ཞན་དུ་ཕྱིན་ན་ཉམས་གསོ་བྱ་ཁག་པོ་རེད། འདིའི་ཐད་གཙོ་བོ་མཁན་པོ་ཚོས་འགན་བཞེས་དགོས་པ་རེད། འཛེམ་ཟོན་སྤངས་ཏེ་འགན་ལེན་དགོས། མཁན་ཐོག་རིང་ཟོག་པོ་བྱས་བསྡད་ནས་རྗེས་སུ་མཁན་པོ་འཁྱོལ་སྐབས། གྲྭ་དམངས་ཚོས་མཁན་པོ་ཁོང་ཡག་པོ་ཡོད། ང་ཚོར་ཚ་འདེད་བཏང་མ་སོང་ཟེར་བའི་མིང་གི་དོན་དུ་འཛེམ་ཟོན་བྱས་བསྡད་ན་ནོར་འཁྲུལ་ཆེན་པོ་རེད། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པ་ལ་ཁྱད་གསོད་བྱས་པ་རེད། དགེ་རྒན་ཚོ་ཡང་དེ་དེ་བཞིན་རེད། འདི་དོན་ཚན་གཅིག་ཡིན། ཞེས་གསུངས་སོང་།

 

ཕྱི་དྲོའི་ཆུ་ཚོད་ ༥ སྟེང་སྤོ་འབོར་ཁང་ཚན་དུ་ཞབས་སོར་བཀོད་སྐབས་བཀའ་སློབ་གནང་དོན། དགའ་ལྡན་ཕོ་བྲང་གི་བཀའ་དྲིན་ལོ་ངོ་བརྒྱ་ཕྲག་རིང་རྒྱུན་བསྐྱངས་པ་ངོས་ཟིན་ཐོག དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་འོག་བློ་གཅིག་སེམས་གཅིག་གིས་འགྲོ་རྒྱུ་ཡིན་ཟེར་ནས་ཁྱེད་རང་ཚོས་ཁང་ཚན་གསར་པ་བཙུགས་པ་རེད། ཡག་པོ་ཞེ་དྲག་རེད་བཀྲ་ཤིས་བདེ་ལེགས་ཟེར་རྒྱུ་ཡིན། དོལ་རྒྱལ་སྐོར་ལ་ཚང་མས་ཤེས་གསལ་རེད། ༧གོང་ས་ལྔ་བ་ཆེན་པོས་ཐག་གིས་བཅད་པ་རེད། ཁོང་གི་རྟོགས་པ་དང་མཉམ་པ་ཞིག་མིན་ན་སུ་གཅིག་གིས་ཀྱང་བཀའ་རྩིས་མེད་གཏོང་ཐུབ་ཡོད་པ་མ་རེད། དེ་སྔ་བྱང་རྩེ་དང་སེར་སྨད་གཉིས་ལ་དཀའ་ངལ་ཞེ་དྲག་ཕྲད་སོང་། འདིར་ཡོད་པའི་ཁྱེད་རང་ཚོའི་ལམ་ནོར་ཡོད་པ་མ་རེད། ང་ཚོ་ཆོས་པ་རེད། ལམ་ལུགས་ཉམས་ལེན་བྱེད་མཁན་རེད། བླ་མ་གལ་ཆེ་འམ་ཆོས་སྐྱོང་གལ་ཆེ། ལམ་རིམ་ཆེན་མོ་དང་བཀའ་སྡེ་སྣོད་གསུམ་ལ་ཞིབ་གཟིགས་གནོང་དང་། དགེ་ལུགས་པའི་སྲུང་མ་མགོན་ཆོས་གཉིས་རེད། དེའི་ནང་ནས་ཀྱང་དམ་ཆེན་ཆོས་རྒྱལ་རེད། ངས་སྔོན་མ་ནས་བཤད་པ་ལྟར། དམ་ཅན་ཆོས་རྒྱལ་གཤེགས་སོང་ཟེར་བའི་སྐད་ཆ་ཞིག་བྱུང་སྐབས། སྲུང་མ་གསར་པ་ཞིག་འཚོལ་དགོས་པ་རེད་མ་གཏོགས་གཞན་དམ་ཅན་ཆོས་རྒྱལ་གྱིས་མ་ཐུབ་པ་གཅིག་ཀྱང་ཡོད་པ་མ་རེད། ཅེས་གསུངས་སོང་།

༼ གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་སེ་ར་ཐེག་ཆེན་གླིང་ནས་སྤེལ ༽

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 12

  1. ཤུགས་ལྡན། says:
    ལོ་ 15 སྔོན།

    ༄༅། །དགེ་ལུགས་ཀྱི་ཕྱོགས་ནས་དོལ་རྒྱལ་སྲུང་མར་མངའ་སྲོལ་མཛད་མཁན་རྒྱལ་མཆོག་ལྔ་པ་ཡིན་པའི་ཕྱིར་ཏེ། ལྷ་ས་གྲོང་ཁྱེར་གྱི་ལྷོ་ངོས་སུ་ཡོད་པའི་རྡོ་རྗེ་ཤུགས་ལྡན་གྱི་གནས་གཞི་མགོན་ཁང་སྤྲོ་བདེ་ཁང་གསར་གསར་སྐྲུན་གནང་མཁན་རྒྱལ་མཆོག་ལྔ་པ་ཆེན་པོ་ཡིན་ཏེ།
    ཇི་སྐད་དུ། དུང་དཀར་ཚིག་མཛོད་ཆེན་མོ་ལས།
    ལྷ་ས་གྲོང་ཁུལ་རྙིང་པའི་ལྷོ་ངོས་སུ་རྒྱལ་ཁ་ལམ་གྲོང་ལྷན་ཁོངས་ཡོད་པའི་སྤྲོ་བདེ་ཁང་གསར་ནི་དུ་རབས་བཅུ་བདུན་པའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་གཟིམ་ཁང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དྲེགས་པར་བཞེངས་པ་རྡོ་རྗེ་ཤུགས་ལྡན་གྱི་རྟེན་མཁར་དུ་གསར་སྐྲུན་གནང་བའི་བདག་འཛིན་དབང་ཆ་ལྷོ་ཁ་རི་བོ་ཆོས་གླིང་གི་བླ་མ་དོན་གྲུབ་རྒྱ་མཚོར་གནང་བ་ནས་བཟུང་རི་བོ་ཆོས་གླིང་དགོན་ནས་བདག་འཛིན་གྱིས་རྒྱུན་དུ་བསྐང་གསོ་བ་མི་གཅིག་ཡོད་པ་དང་། རྡོ་རྗེ་ཤུགས་ལྡན་སྐུ་གསོལ་བྱེད་ཅིང་། དེའི་ཕྱི་སྒོའི་འགྲམ་གྱི་ཤར་ངོས་སུ་ཡོད་པའི་སྨོན་སྐྱིད་ཁང་གསར་ཞེས་པ་དེ་ཡང་རི་བོ་ཆོས་གླིང་ནས་བདག་པོ་བྱེད་པ་དེར་བཙན་རྒོད་ཁ་ཆེ་དམར་པོ་སོགས་ཁོས་ཞུགས་བྱེད་ཀྱི་ཡོད།
    སྤྲོ་བདེ་ཁང་གསར་གྱི་འདུ་ཁང་གི་རྒྱལ་སྒོའི་སྟེང་རྒྱ་ཡིག་གི་བན་ཞིག་ཡོད་པ་དེ་ཆིང་རྒྱལ་རབས་ཀྱི་གོང་མ་ཏཱ་ཀོང་སྐབས་བོད་བཞུགས་ཨམ་བན་ནས་གོང་མར་སྙན་ཞུ་ཕུལ་ཏེ་བཀའ་འཁྲོལ་བྱུང་བ་བཞིན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པ་དང་ཨམ་བན་གཉིས་གཙོ་བཞུགས་ཀྱིས་གནས་ཆུང་སྐུ་བརྟེན་དང་སྤྲོ་བདེ་ཁང་གསར་གྱི་ཆོས་རྗེ་སོ་སོར་ཨམ་བན་ནས་བན་རེ་གནང་ཚུལ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པའི་རྣམ་ཐར་ནང་གསལ། ཞེས་གསུངས་པའི་ཕྱིར།

    Reply
  2. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    ༧གོང་ས་ལྔ་བ་ཆེན་པོའི་གསུང་ཡོངས་གྲགས་པོད་༼ ཏ ༽ བའི་ནང་། ཞེས་པ་འདི་ནོར་འདུག པོད་ (ཏ་) པ་མ་རེད། པོད་(ད་) པ་རེད། མྱུར་དུ་བཅོས་རོགས་ཞུ།

    Reply
  3. ཤྰ་རིའི་བུ། says:
    ལོ་ 15 སྔོན།

    གོང་ས་མཆོག་གིས་གསུང་བཞིན་ལམ་ནོར་མེད་འདྲ་ཡང་དེང་སང་དངུལ་ཁུག་རེད་ད།

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    kalsang lak.
    སོ་སོས་དཔྱད་པའི་ངེས་ཤེས་ཕུ་ཐག་ཆོད་པ་མ་བརྙེད་ཀྱང་།།
    སྔོན་བྱོན་མཁས་པའི་ལུང་རིག་དང་སྦྱར་རྗེས་དཔག་རྣམ་གསུམ་གྱིས།།
    མེད་མིན་ཡོད་མིན་ཡོད་མེད་མ་ཡིན་ཡོད་མེད་ལས་གཞན་དུ།།
    བརྟག་པར་མི་ནུས་ཟབ་ཆོས་དེ་ལ་བློ་ཕྱོགས་དེ་ཡང་མཚར།།

    Reply
  5. kalsang says:
    ལོ་ 15 སྔོན།

    ཤེས་དཀར་བློ་བཟང་ལགས།།
    སོ་སོས་དཔྱད་པའི་ངེས་པ་མ་རྙེད་པར།།
    ཟེར་སྒྲོས་བཏུས་པའི་ལུང་གིས་རྨོངས་མི་སེལ།།
    གཉིས་སྣང་བཅས་པ་རིག་པས་བརྟོལ་བ་ན།།
    བདེན་མེད་མཐོང་བས་ལམ་གྱི་སྣང་བ་གསལ།།

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    དཔལ་ལྡན་ཟླ་བ་གྲགས་པས།

    གང་ཚེ་རང་དབང་འཇུག་ཅིང་མཐུན་གནས་པ།།
    གལ་ཏེ་འདི་དག་འཛིན་པར་མི་བྱེད་ན།།
    གཡང་སར་ལྷུང་བས་གཞན་དབང་འཇུག་འགྱུར་བ།།
    དེ་ལས་ཕྱི་ནང་གང་གིས་སློང་བར་འགྱུར།།
    ཇི་སྐད་གསུངས་པ་བཞིན་ད་ལྟ་༸མགོན་པོ་མཆོག་༸སྐུ་འཚོ་བཞུགས་ཀྱི་བསྐལ་བཟང་དུས་བཟང་འདིར་ང་ཚོ་སྐྱབས་འོག་པ་ཚང་མས་བླང་དོར་སྤང་ལེན་ཚུལ་བཞིན་མ་བྱས་ཚེ། འབྱུང་འགྱུར་རྣམ་སྨིན་ཉེ་འབྲས་རང་ཐོག་ཏུ་སྨིན་དུས་ལྷ་མིན་འདྲེ་མིན་སུ་ཞིག་གིས་སློང་བར་འགྱུར་ཏེ་མི་འགྱུར་རོ།།

    Reply
  7. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    འདྲེ་རིག་ལྡན་དང་། སྣང་རྒྱལ་བཤེར་དགེ ཤེལ་དཀར་བློ་བཟང་གསུམ་ནས་གོང་གི་གསར་འགྱུར་ནང་གི་ཡིག་ནོར་ཁག་ཅིག་ངོས་འཛིན་གནང་བ་ལྟར་བཟོ་བཅོས་བྱས་ཡོད། ཐུགས་རྗེ་ཆེ།

    Reply
  8. མཐའ་མཚམས་ཀྱི་ཕོ་ཉ། says:
    ལོ་ 15 སྔོན།

    སྤོ་འབོར་ཁང་ཚན་གསར་པ་ལེགས་གྲུབ་ཡོང་བའི་སྨོན་འདུན་དང་རྒྱབ་སྐྱོར་ཡོད།
    ད་ཕྱིན་ཆད་གྲྭ་རྒྱུན་རེ་ཡོད་ན་སྤོ་འབོར་ཁང་ཚན་གཏོང་གིན་ཡིན་ཁྱེད་ཚོ་སེམས་ཤུགས་མ་ཆགས།
    སྤོ་འབོར་ཁང་ཚན་གྱི་སྣེཁྲིད་ཡོངས་ལ་ཐུགས་རྗེ་ཆེ་ཞུ།

    Reply
  9. ཁ་བ་ནག་པོ། says:
    ལོ་ 15 སྔོན།

    གོང་ས་ཡིད་བཞིན་ནོར་བུའི་སྐུའི་གཟི་མདངས་མཇལ་ནས་སེམས་ཁོང་དྲོད་ཀྱིས་ཁེངས་སོང་། ད་ང་ཚོས་ཁོང་གི་སྐུའི་འཕྲོད་བསྟེན་ལ་དོ་སྣང་ཆེན་པོ་བྱེད་དགོས་པའི་དུས་རེད་མ་གཏོགས། ཁོང་གིས་མར་མི་དམངས་ལ་གནང་བའི་ཆབ་སྲིད་ཀྱི་ལས་འགན་འདི་ཡར་ཁོང་གི་སྐུ་ཕྲག་ལ་མི་འགེལ་རྒྱུ་མཁྱེན།

    Reply
  10. ལྷ་ལུང་ says:
    ལོ་ 15 སྔོན།

    གནས་ཆུང་དམིགས་བསལ་ཡིན་ནམ་།

    Reply
  11. ལྷ་ལུང་ says:
    ལོ་ 15 སྔོན།

    འདོད་ན་བཙན་གྱིས་འགོག་པའི་དོན་ཡང་མེད་། མི་འདོད་ནན་གྱིསབསྐུལ་བའི་དོན་ཡང་མེད་།

    Reply
  12. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། །
    སྨོན་ལམ་ལོག་པའི་དམ་སྲི་འབྱུང་བོ་འདིས། །
    བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱས་ན། །
    མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་སློག །

    སྤྲུལ་སྐུ་གྲགས་པ་རྒྱལ་མཚན་འདྲེ་རུ་སྐྱེས། །
    སྨོན་ལམ་ལོག་པ་ཐམས་ཅད་འདྲེ་དེར་དགའ། །
    བསྟན་དང་འགྲོ་བར་གནོད་པ་ཀུན་གྱིས་མཐོང་། །
    འགྲོ་ས་འདུག་ས་མེད་པ་རང་གིས་བཟོས། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese