ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མང་གཙོའི་དུས་དྲན་ཐེངས་ ༥༠ པ་སྲུང་གཙི་བྱས་པ།
ཟླ་འདིའི་ཚེས་གཉིས་ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ པའི་ཐོག ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་གིས་བོད་གཞུང་མང་ཡོངས་ལ། ཡང་དག་པའི་མང་གཙོའི་ལམ་བཟང་བསྩལ་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་ཉིན་མོ་སྲུང་གཙི་བྱས།
དུས་དྲན་མཛད་སྒོའི་སྟེང་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ཀྱིས་ཐེངས་འདིའི་བཀའ་ཤག་གི་གཏམ་བཤད་སྒྲོག་སྦྱངས་གནང་བ་དང་། ཐེངས་འདིའི་བཀའ་ཤག་གི་གཏམ་བཤད་ནང་། དེ་རིང་མང་གཙོ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་རྗེས་དྲན་འདི་ད་ལྟའི་བཀའ་ཤག་གི་མང་གཙོའི་དུས་དྲན་གྱི་གཏམ་བཤད་མཐའ་མ་ཡིན་ལ། གོ་སྐབས་འདི་རྒྱུད་ནས། ད་བར་གཞིས་བྱེས་མང་ཚོགས་ཀྱིས་འཛིན་སྐྱོང་ལ་མཐུན་འགྱུར་རྒྱབ་སྐྱོར་དང་། མཛའ་བརྩེས་ལམ་སྟོན་གནང་བར་ཐུགས་རྗེ་ཆེ་ཞེས་དང་། ད་ལྟའི་གནས་སྐབས་སུ་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་དང་། སྒྲོམ་གཞི་ཡང་དག་པའི་མང་གཙོའི་ལམ་སྲོལ་མཚན་ཉིད་དང་ཆ་ལག་ཚང་བ་ཞིག་གི་ནང་དུ་སླེབས་ཟིན་ཅིང་། མང་གཙོའི་ན་ཚོད་ཡོངས་སུ་སྨིན་པ་ལ་མངོན་དུ་ཕྱོགས་པ་ཡིན། ཞེས་གསུངས།
དེའི་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་སྐུ་ཚབ་བསྟན་འཛིན་ནོར་བུ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ཀྱི་གསུང་འཕྲིན་སྒྲོག་སྦྱངས་གནང་དོན། དེ་རིང་ནི་བོད་གཞུང་གི་ཆབ་སྲིད་ཀྱི་རང་བཞིན་རང་དབང་དང་། དྲང་བདེན། འདྲ་མཉམ་བཅས་ལ་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་ནས་མི་ལོ་ཧྲིལ་བོ་ ༥༡ འགྲོ་བཞིན་པ་དང་། རྒྱ་ནག་གི་མགོ་ཁྲིད་ཚོས་ཁེངས་དྲེགས་མཁྲེགས་བཟུང་འོག བོད་ནང་གི་བོད་རིགས་མང་ཚོགས་ཚོས་དམྱལ་བ་མི་ཡུལ་དུ་མྱོང་བཞིན་པའི་སེམས་སྐྱོ་བའི་དུས་སྐབས་ཤིག་ཀྱང་ཡིན་ཞེས་གསུངས།
ཐེངས་འདིའི་མཛད་སྒོའི་ཐོག་ཤེས་རིག་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་ཚན་རིག་དང་འབྱུང་རིག ཚོང་རིག་སོགས་སློབ་ཚན་སྡེ་ཁག་གསུམ་གྱི་ཡིག་རྒྱུགས་རྩེ་ཕུད་སོན་པའི་སློབ་ཕྲུག་གསུམ་ལ་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་ཀྱི་བྱ་དགའ་སྤྲད།
ཉིན་འདིའི་མཛད་སྒོ་འདི་དང་བསྟུན་ནས་བོད་གཞུང་ཤེས་རིག་ཁྱབ་ཁོངས་སམ་བྷོ་ཊ་བོད་སློབ་ཡིག་ཚང་ནས་གསར་དུ་དཔར་བསྐྲུན་གནང་བའི་དེབ་ཁག་ཅིག་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་དབུ་འབྱེད་གནང་ཡོད།
མཛད་སྒོའི་ལས་རིམ་རྣམས་མཇུག་བསྒྲིལ་རྗེས། བོད་གཞུང་ཟློས་གར་དང་ཐང་སྟོང་གླུ་གར། ཉེ་འཁོར་སློབ་གྲྭ་ཁག་ཅིག་བཅས་ཀྱིས་གཞས་སྣ་འཁྲབ་སྟོན་བྱས་ཡོད།
གསར་འགོད་པ། བནྡེ་སྐྱབས།
༧གོང་ས་མཆོག་གིས་བོད་གཞུང་མང་ཡོངས་ལ། ཡང་དག་པའི་མང་གཙོའི་ལམ་བཟང་བསྩལ་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་གྱི་ཉིན་མོ་སྲུང་གཙི་དང་། བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ནི་ལུགས་མཐུན་གྱི་རང་བཞིན་ལྡན་པ་ཞིག་རེད།
འོན་ཀྱང་འདི་ལོ་འབྱུང་བཞིའི་རྐྱེན་གྱིས་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་མང་དག་ཅིག་འདས་གྲོངས་སུ་ཕྱིན་པ་དང་། མང་པོ་ཞིག་སྐྱབས་མེད་མགོན་མེད་ཀྱི་གནས་སུ་གྱར་སྟབས་གཞས་དང་ཞབས་བྲོའི་རྣམ་པ་ནི་རན་པོ་མི་འདུག་སྙམ།།