དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ སྟེང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་མི་དམངས་ཚོགས་ཁང་ཆེན་མོ་རུ་བཀའ་ཁྲིའི་སྐོར་གྱི་བགྲོ་གླེང་ཞིག་ཚོགས་ཡོད་པ་དང་། བགྲོ་གླེང་གོ་སྒྲིག་ཞུ་མཁན་སྦེལ་ཀོབ་ས་གནས་བཀའ་ཁྲིའི་བགྲོ་གླེང་ཚོགས་ཆུང་ཞུ་བ་ཡིན་འདུག ཁོང་ཅག་གིས་ཐེངས་འདིར་བཀའ་བློན་ཁྲི་པའི་འོས་དམིགས་ ༡༣ ཙམ་ལ་བརྡ་བཏང་ཡོད་ཀྱང་། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་། བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་། ཁྲིམས་རྩོད་པ་བློ་བཟང་སེང་གེ སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་བཅས་ཀྱིས་དངོས་སུ་བགྲོ་གླེང་གི་ཆ་ཤས་བླངས་ཡོད། བགྲོ་གླེང་དངོས་གཞིའི་སྐབས་མི་རེ་ཡིས་སྐར་མ་སྔ་རེ་ལ་གཏམ་བཤད་གནང་རྗེས་མང་ཚོགས་དང་དྲི་བ་དྲིས་ལན་མགོ་འཛུགས་བྱས་ཡོད་ལ། གོ་སྒྲིག་པས་བརྗོད་ན་ཐེངས་འདིའི་བགྲོ་གླེང་ཐོག་ཁྱོན་བསྡོམ་དྲི་བ་ཁག་ ༤༣ ཙམ་སླེབས་ཡོད་འདུག
གཏམ་བཤད་ཐོག་མ་གནང་མཁན་རྒྱ་རི་སྒྲོལ་མ་མཆོག་གིས་གསུངས་དོན། སྤྱིར་ང་རང་གཏམ་བཤད་དང་བགྲོ་གླེང་གི་སྡིངས་ཆའི་ཐོག་ནས་སྐད་ཆ་ཡག་པོ་བཤད་ཤེས་མཁན་ཞིག་མིན་ལ། དེ་གལ་ཆེན་པོ་ཡང་མ་རེད། གཙོ་བོ་ལས་ཀའི་ཐོག་ལ་ཡག་པོ་ཡོད་དགོས་པ་རེད་དྲན་ཡོད། ང་རང་གིས་ལས་གནས་གང་འདྲ་ཞིག་ཏུ་ལས་ཀ་བྱས་ཀྱང་། སོ་སོའི་བསམ་བློ་གཏོང་ཕྱོགས་དེ་ཛ་དྲག་གི་དུས་ཚོད་འདི་འདྲ་ཞིག་ལ། ༧གོང་ས་མཆོག་གི་དབུ་ཁྲིད་འོག་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་བསྒྲུབ་རྒྱུའི་ཐོག་ལ་གོ་སྐབས་ལེན་དགོས་པ་རེད་བསམ་ཡོད། ད་བར་འཛིན་སྐྱོང་གི་ཕྱག་ལས་ཐད་ཐག་ཉེ་བོའི་ཐོག་ནས་དོ་སྣང་བྱས་བསྡད་པ་ཡིན། ལས་དོན་ལེགས་འགྲུབ་བྱུང་བ་ཡོད་ལ། མ་འགྲུབ་པ་ཡང་མང་པོ་ཞིག་ཡོད་པ་རེད། དཔེར་ན། གཞིས་ཆགས་ནང་ཐོག་མར་ང་ཚོ་འབྱོར་སྐབས་ཀྱི་མི་འབོར་དང་། ད་ལྟའི་མི་འབོར་བར་གྱི་དཀའ་ངལ་ལ་མཚོན་ན། གཞིས་ཆགས་ཚང་མ་གཅིག་གྱུར་མ་རེད། གནས་སྟངས་མི་འདྲ་བ་ལ་དཀའ་ངལ་ཡང་མི་འདྲ། བོད་ནས་གསར་དུ་འབྱོར་བ་དག་ལ་མཚོན་ན། གཞུང་གིས་ལྟ་རྟོགས་གནང་གི་ཡོད་ཀྱང་། ད་ལྟ་ལས་ལྷག་ཅིག་གནང་དགོས་ཀྱི་འདུག ང་རང་གིས་འདིའི་ཐོག་ལ་ནུས་པ་གང་འཚམ་འཐོན་གི་རེད་བསམ་པའི་སྙིང་སྟོབས་ཤིག་གི་ཐོག་ནས་ད་ལན་གྱི་གོ་སྐབས་འདི་བླངས་པ་ཡིན། ཞེས་གསུངས་སོང་།
དེའི་རྗེས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གིས་གཏམ་བཤད་གནང་དོན། ང་ཚོས་སོ་སོའི་ལུང་པ་བཞག་སྟེ་ལོ་ངོ་ ༥༠ ཙམ་ཕྱིན་པ་རེད། ད་ནི་ཕྱིར་བོད་ནང་ལ་སླེབས་དགོས་པ་ཞིག་དང་། བོད་ནང་ཚད་ལྡན་གྱི་རང་དབང་ལེན་དགོས་པའི་འགན་ཞིག་བབ་ཡོད། ང་ཚོས་རྒྱ་ནག་ལ་ཞི་བའི་འཐབ་རྩོད་བྱེད་ཀྱི་ཡོད་སྟབས་དམངས་གཙོའི་ལམ་སྲོལ་འདི་ང་ཚོའི་ལག་ཆ་ཡིན། འདིས་སྤྱི་བའི་སྒྲིག་འཛུགས་དང་མཉམ་རུབ་ཐོག་ལས་ཀ་བྱེད་ཀྱི་ཡོད་པའི་རྣམ་འགྱུར་སྟོན་གྱི་ཡོད། རྩ་བའི་ང་རང་ད་དུང་བཀའ་བློན་ཁྲི་པའི་འོས་གཞིའི་ནང་བླངས་མེད། ཚོགས་པ་སྐྱིད་སྡུག་ཁག་ཅིག་དང་། ངོ་ཤེས་མཁན་འགའ་རེ་ཡིས་མིང་འདོན་བྱེད་ཀྱི་འདུག བཀའ་ཁྲིའི་ལས་དོན་འདི་ལ་ཚང་མས་འགན་ལེན་དགོས་སྟབས་བགྲོ་གླེང་ལ་བཅར་གྱི་ཡོད། རྒྱབ་སྐྱོར་གནང་མཁན་ཚོ་ཡག་པོ་རེད་དེ་མཐའ་མའི་ཐག་གཅོད་བྱེད་མཁན་མང་ཚོགས་རེད། སྔོན་འགྲོའི་འོས་བསྡུའི་ནང་མི་མང་གིས་གང་བདམས་པ་དེ་ལ་བརྩི་བཀུར་བྱ་རྒྱུ་གལ་ཆེན་པོ་རེད། ད་ཆར་མང་ཆེ་བས་བཀའ་བློན་ཁྲི་པའི་སྐོར་ལ་དོ་སྣང་བྱེད་ཀྱི་ཡོད་ཀྱང་། འདི་དང་མཉམ་དུ་བོད་མི་མང་སྤྱི་འཐུས་འོས་འདེམས་ཐོག་ལ་ཐུགས་སྣང་ཆེན་པོ་གནང་རྒྱུ་གལ་ཆེན་རེད། ཅེས་གསུངས་སོང་།
དེའི་རྗེས་ཁྲིམས་རྩོད་པ་བློ་བཟང་སེང་གེ་ལགས་ཀྱིས་གཏམ་བཤད་གནང་དོན། བཀའ་བློན་ཁྲི་པའི་སྐོར་ལ་བགྲོ་གླེང་གནང་བ་འདིས་རྒྱ་ནག་གཞུང་དང་ཧུའུ་ཅིན་ཐོ་ལ་བརྡ་ལན་ཁ་ཤས་སྟོན་གྱི་ཡོད། དང་པོ་རྒྱ་གཞུང་གིས་ང་ཚོ་བཙན་བྱོལ་གཞུང་དང་སྒྲིག་འཛུགས་མེད་པ་ཆགས་རྒྱུར་རེ་བ་རྒྱག་གི་ཡོད་ཀྱང་། དེ་འདྲ་རྩ་བ་ནས་འབྱུང་མི་སྲིད་པར་རྒན་པ་ཚོས་དཀའ་ལས་བརྒྱབ་པ་དེར་མི་རབས་གསར་པས་འགན་འཁུར་ཏེ། མུ་མཐུད་དུ་རྩ་དོན་འཐབ་རྩོད་བྱ་རྒྱུ་ཡིན་པ་གསལ་བོ་ཆགས་ཡོད། གཉིས་པ་རྒྱ་གཞུང་གིས་བོད་ནང་གི་མི་ཚོར་མགོ་སྐོར་བཏང་སྟེ། བཙན་བྱོལ་ནང་གི་གཞུང་དེ་དམངས་གཙོ་མ་རེད། སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་གི་ཡོད་པ་རེད་ཟེར་བ་དེ་བདེན་པ་མིན་པར། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་བཞིན་མི་སུ་འདྲ་ཞིག་ཡིན་རུང་བཀའ་བློན་ཁྲི་པར་ལངས་ཆོག་པའི་དམངས་གཙོའི་གཞི་རྩ་བརྟན་པོ་ཡོད་པ་བསྟན་ཡོད། འདི་དག་བོད་ནང་ནས་ཤེས་པ་ཡིན་ན། ང་ཚོར་རེ་བ་དང་ཡིད་ཆེས་ཆེ་རུ་འགྲོ་གི་རེད། མ་འོངས་པར་ང་ཚོའི་རྩ་དོན་རྩོད་མཁན་གྱི་སྒྲིག་འཛུགས་འདི་གནས་དགོས་ན། དམངས་གཙོ་ཚགས་ཚུད་དུ་འགྲོ་དགོས། དམངས་གཙོ་ཚགས་ཚུད་དུ་འགྲོ་བར་བཀའ་བློན་ཁྲི་པར་ལངས་མཁན་ཚོ་མི་དམངས་ནང་ཞུགས་ཏེ་བསམ་ཚུལ་བརྗེ་ལེན་བྱ་དགོས་པ་རེད། ཅེས་གསུངས་སོང་།
མཇུག་ཏུ་སྤེན་པ་ཚེ་རིང་མཆོག་གིས་གཏམ་བཤད་གནང་དོན། ང་བཀའ་བློན་ཁྲི་པར་ལངས་རྒྱུ་དེ་ཉིན་བཅུ་གྲངས་ཤིག་གི་གོང་དུ་ཐག་གཅོད་བྱས་པ་ཡིན། སྤྱིར་སྔོན་མ་ནས་བོད་སྤྱི་བའི་དོན་ལ་ལས་ཀ་བྱ་རྒྱུའི་དམ་བཅའ་ཡོད་ལ། མཐོ་སློབ་ཐོན་མ་ཐག་ཕ་ལགས་ཀྱིས། ཁྱེད་རང་བོད་གཞུང་ལ་ལས་ཀ་བྱེད་དུ་འགྲོ་དགོས་པ་རེད་ཟེར་ཡང་། སྐབས་དེར་ཁྱིམ་གྱི་གནས་སྟངས་སྐྱོ་བོ་ཡིན་སྟབས་ལས་ཀ་གཞན་བྱ་དགོས་བྱུང་སོང་། ཆབ་སྲིད་ཐོག་ལ་མཚོན་ན། ང་ཚོ་ཕྱིར་བོད་དུ་ལོག་ཐབས་བྱ་རྒྱུ་དེ་རེད། ང་རང་ལ་མཚོན་ན་དབུ་མའི་ལམ་གྱི་ཐོག་ནས་འཐབ་རྩོད་བྱ་རྒྱུ་གལ་ཆེན་པོར་རྩི་མཁན་ཞིག་ཡིན། འདི་ལ་རྒྱུ་མཚན་ཡང་ཡོད། ད་ལྟའི་ཆར་རྒྱ་ནག་མི་དམངས་སྤྱི་འཐུན་རྒྱལ་ཁབ་ལ། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་། དེའི་འགྲེལ་བཤད་གཉིས་མཇུག་སྐྱོང་བྱ་དགོས་པ་གལ་ཆེན་པོ་ཆགས་ཡོད། མ་འོངས་པར་ཆབ་སྲིད་ཐོག་ག་རེ་བྱ་དགོས་མིན་ངས་དེ་རིང་བཤད་པ་ཡིན་ན་ཧམ་བཤད་ཆགས་འགྲོ་བ་རེད། བདེན་པ་ཆགས་ཀྱི་ཡོད་པ་མ་རེད། ཆབ་སྲིད་ཟེར་བ་དེ་གནས་སྟངས་མང་པོ་ཞིག་ལ་བསྟུན་དགོས་སྟབས། སྐབས་དུས་སོ་སོར་ཐག་གཅོད་བྱ་དགོས་པ་ཞིག་རེད། ལས་དོན་གཞན་དག་ང་རང་གིས་ལས་འཆར་བཀོད་ཡོད་ལ། དེ་རིང་གི་དྲི་བ་དྲིས་ལན་སྐབས་སུའང་གསལ་བོ་ཆགས་ཡོང་གི་རེད། ཅེས་གསུངས་སོང་།
༼ གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་ལྷོ་ཕྱོགས་སྦེལ་ཀོབ་ནས་སྤེལ ༽
ང་ལ་་་ཁྱིམ་ཚང་གི་མིང་རྙིང་པ་ཡོད་པ་རྣམས་བཀའ་ཁྲི་མི་དགོས། ཁོ་ཚོ་བཀའ་ཁྲི་གདམ་ན་སླར་ཡང་ནད་རྙིང་པ་རྣམས་འཕར་གྱི་རེད།
ང་ལ་ ་འཛམ་གླིང་གིས་ངོ་ཤེས་པའི་མཁས་མིང་ཡོད་པ་བཀའ་ཁྲི་དགོས།
བོད་དོན་འདི་རྒྱ་སྤྱི་ཅན་དུ་བསྒྱར་དགོོས་ན་རྒྲ་སྤྱིས་ངེས་ལེན་ཡོད་པའི་མི་སྣ་ཞིག་གི་བསྒྱུར་དགོས་པ་ལས་བོད་ཀྱི་ལམ་ལུགས་རྙིང་པའི་མིང་ཅན་ཙམ་གྱིས་བསྒྱྱུར་མི་ཐོབ།
ཡ་ཨ་རོགས་ བཟོད་པ་ལྷ་རྩེ་ལགས། ༩་༡༡་གི་རྡ་སའི་བཀའ་ཁྲིའི་བགྲོ་གླེང་དེ་རྒྱ་གར་གྱི་ཆུ་ཚོད་ག་སེའི་སྟེང་འཚོག་རྒྱུ་ཡིན་ནམ། འོས་ལངས་མཁན་སོ་སོར་ཁ་པར་བརྒྱུད་ནས་དྲི་བ་གཏོང་རྒྱུའི་སྐབས་ཡོད་དམ། ཡོད་ན་ ཞལ་པར་ཨང་གྲངས་འདིར་འགོད་རོགས་ཞུ། དེ་པཞིན་ ༡༢ ཀྱང་། མ་གཞི་ནས་གང་ས་གང་ནས་སུ་ལ་བྱུབ་ན། ཐུགས་རྗེ་ཆེའོ།།
ཡ་དེ་རིང་བོད་ཀྱི་ཨོ་བྷ་མ་བློ་བཟང་སེང་གེ་དང་། བོད་ཀྱི་ཧིན་རིའི་ཁུ་ལོན་ཏིན་རྒྱ་རི་སྒྲོལ་མ། བོད་ཀྱི་ཇོན་མེའ་ཁིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་བཅས་ཕེབས་པར་སེམས་སྟེང་ནས་དགའ་སྤྲོ་ཚད་མེད་སྐྱེས་ཡོད། ཁོང་ཚོའི་འཆར་གཞི་དང་དམིགས་ཡུལ། འཇོན་ཐང་གི་འགྲན་བསྡུར་ལས་བོད་ཀྱི་མ་འོངས་པའི་བདེ་སྡུག་གི་ཚད་གཞི་ཞིག་གླེང་གི་ཡོད་པ་རེད། གང་ལྟར་བཀའ་ཁྲི་སུ་ཞིག་ཁེལ་ན་རྒྱུ་འབྲས་དྲང་སྙོམས་ཞིག་བྱེད་རྒྱུ་ནི་རྩ་བའི་རྩ་བ་ཡིན་པར་སེམས་སོ།
དྲྭ་གྲོགས་བཀྲིས་དོན་གྲུབ་དང་ཕུན་ཚོགས་ལགས། ཁྱེད་གཉིས་ཀྱི་ཐུགས་འདོད་ཇི་བཞིན་སྤྱི་ཟླ་ ༩ ཚེས་ ༡༡ ཉིན་རྡ་སར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག་བཀའ་ཁྲིའི་བགྲོ་གླེང་དང་ཚེས་ ༡༢ ཉིན་ཡང་བསྐྱར་ལྡི་ལིར་བཀའ་ཁྲིའི་བགྲོ་གླེང་གོ་སྒྲིག་འདུག་ན་དགོངས་ཚུལ་དང་དྲི་བ་ཁག་གྲ་སྒྲིགས་ཨང་སར་བགྱིས།
ཡ་མཚན་སྐྱེས་དགོས་པ་ཞིག་ལ།ཚོགས་སྡེ་ཁག་དང་།དང་བླངས་ཐོག་བཀའ་ཁྲི་འོས་གཞི་་རུ་ལངས་མཁན་མང་དག་ཅིག་ཡོད་རུང་།དེ་ནང་ནས་བགྲོ་གླེང་ཚོགས་ཐོག་ལ་མི་སྣ་བཞི་ལས་ཡོང་མི་ནུས་པའི་རྒྱུ་མཚན་གང་ཡིན་ནམ།དུས་རྒྱུན་འཇོན་རབས་དང་བྱེད་རབས་མང་དག་ཅིག་བཤད་ནས་འོས་གཞི་རུ་འཛུལ་ཞུགས་དང་།དང་བླངས་དོན་མཁན་ཡོད་པ་མ་ཚད་ཚོགས་སྡེ་གང་མང་ཞིག་གིས་རྒྱབ་སྐྱོར་གྱི་ཚུར་དུ་འོས་གཞི་འདོན་གནང་བ་ལ།ཁོང་ཚོས་བརྩི་བཀུར་མ་ཞུས་པ་རང་རེད།་ད་དུང་དེ་ལས་ལྡོག་ཏེ་གནས་དོན་གཅིག་ཡོད་པ་ནི་ཁོང་ཚོ་ལ་བཀའ་ཁྲི་བྱེད་ཐུབ་པའི་ནུས་པ་དང་ཤེས་འཇོན་མེད་པ་མིན་འགྲོ།ཡང་ན་ཁོང་ཚོ་ལ་བོད་སྤྱི་པའི་རྩ་དོན་ལ་ཐུགས་འཁུར་མེད་མཁན་གྱི་རིགས་དེར་འདྲ་ཡིན་ཅི་རེད།
ག་སྲིད་བཀྲས་མཐོང་སྐབས་གསུམ་པའི་བཀའ་ཁྲི་ཐོབ་པ་ཡིན་ན།ཁོང་གིས་གསུང་སྟངས་ལ་བལྟས་པ་ཡིན་ན་མ་འོངས་པ་ལ་འགྲིག་དང་མ་འགྲིག་འདྲ་བྱུང་བ་ཡིན་ན་མི་མང་གི་ཁོང་བཀའ་ཁྲི་གདམས་པ་ལས་དང་བླངས་མཐོན་རྒྱུ་མ་བྱུང་བྱེད་མི་བརྗོད་པའི་ངེས་པར་གང་ཡང་མི་འདུག
དྲི་བ་དྲིས་ལན་ཡང་འདི་ལྟར་གཏོང་ཐུབ་ན་བཅོས་མིན་སྙིང་ནས་ཐུགས་རྗེ་ཆེ་ཞུ།
ཐོག་མར་བགྲོ་གླེང་གོ་སྒྲིག་ཞུ་མཁན་སྦེལ་ཀོབ་ས་གནས་བཀའ་ཁྲིའི་བགྲོ་གླེང་ཚོགས་པ་དང་། འབྱུང་འགྱུར་བཀའ་བློན་ཁྲི་བའི་འོས་མི་རྣམ་པ་བཞི་ཀ་ལ་བསམ་པ་ཐག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གསུང་བཤད་དཀྱིལ་ནས་མཁས་དབང་བློ་བཟང་སེང་གེའི་གསུང་བཤད་ཡིད་ལ་ཐད་ཤོས་དང་གོ་རྒྱུ་ཆེ་ཤོས་སུ་མཐོང་།
འདི་འདྲའི་བགྲོ་གླེང་ཞིག་དྷ་སར་ཅིས་ཀྱང་ཚོགས་ཐུབ་པའི་མཐུན་སྐྱེན་རེ་གཞུང་སྒེར་སུ་རུང་དང་། ལྷག་པར་གཞོན་ནུ་དང་བུད་མེད་གཉིས་ནས་འགན་ལེན་ཐུབ་པའི་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་ཡོད།
བཀྲིས་པའི་བྱ་བ་དང་ཡར་ཐོན་གི་རྣམ་པ་ཞིག་ཡང་རེད།
ད་ནི་རང་ཉིད་ལ་དག་པའི་འིས་ཤོག་གཅིག་པོ་དེ་མ་ནོར་མ་འཁྲུལ་བ་མ་བྱས་ན་
དཔེ་འཇོག་རྒྱུ་རེད་ཡ།་གང་ལྟར་ནག་ཁུང་མདའ་འཕེན་མི་བྱེད་ཐག་ཆོད་ཡིན།
ས་ཆ་དེར་བདེ་སྐྱིད་སླར་གསོ་ཟེར་བ་ལས། བདེ་སྐྱིད་ལྷར་གསོ་ཟེར་གྱི་མ་རེད།
འདི་ནི་ངོ་མ་དགའ་འོས་པ་ཞིག་རེད། འདི་ལྟའི་བགྲོ་གླེང་ཞིག་རྡ་སར་འཚོག་ཐུབ་རྒྱུ་ན་དེ་བས་ནུས་པ་གསར་བ་ཞིག་མངོན་ཡོང་ངེས། གསར་འགོད་པར་ཐུགས་རྗེ་ཆེ་ཞུ་གི་ཡོད།
ངའི་བཀའ་བློན་ཁྲི་བ་ནི་མི་བཞི་དེ་མ་རེད། བགྲོ་གླེང་ཡག་པོ་ཚོགས་འདུག
ད་འདི་ནས་སུ་ལེགས་སུ་སྡུག་གི་སྐད་ཆ་མི་བཤད་པར་སུ་དང་སུས་ཅི་ཞིག་གསུངས་ཡོད་པ་དེ་ཚོ་འདིར་འགོད་རྒྱུ་གལ་ཆེ། ཡང་ཁ་ཤོས་ཀྱིས་འབྲེལ་མེད་དོན་གཞན་ཞིག་བཤད་མགོ་འཛུགས་ཀྱིན་འདུག འདི་ཚོ་ནམ་ཡང་འབྲེལ་མེད་དོན་གཞན་བཤད་རྒྱུར་དགའ་བ་འདྲ། ད་གང་ལྟར་ཀྱང་དོན་བཀྲ་ཁྱོད་ཀྱིས་ཁོང་རྣམ་པའི་གཏམ་བཤད་ཡི་གེར་ཕབས་ནས་འདིར་འགོད་རོགས། ཁྱེད་ཀྱིས་དཀའ་ལས་བརྒྱབས་པར་ནམ་ཡང་གདུང་སེམས་མཉམ་སྐྱེད་ཡོད།
དེ་འདྲའི་བགྲོ་གླེང་ཆེན་པོ་འདི་བཞིན་གོ་སྒྲིགས་ཞུས་པར་བཀྲ་ཤིས་བདེ་ལེགས་ཡོད་ཀྱང་། གོ་སྒྲིགས་པ་ཚོར་བལྟས་ན་ཕལ་ཆེར་ལྷག་བསམ་དང་བོད་བསྟན་སྲིད་ལ་ཞེན་པ་ཡིན་ནམ་སྙམ།
༼རྒྱ་རི་སྒྲོལ་མ་མཆོག་གིས་གསུངས་དོན། ༽ སྤྱིར་ང་རང་གཏམ་བཤད་དང་བགྲོ་གླེང་གི་སྡིངས་ཆའི་ཐོག་ནས་སྐད་ཆ་ཡག་པོ་བཤད་ཤེས་མཁན་ཞིག་མིན་ལ། དེ་གལ་ཆེན་པོ་ཡང་མ་རེད་ཅེས་ཟེར་སྐད་ཆ་བཤད་མི་ཤེས་བུད་མེད་ཞིག་ནས་བཀའ་ཁྲིའི་ཆ་ཤས་ལེན་པ་དེ་ཞེ་དྲག་ཡ་མཚན་རེད་ལ། གལ་ཏེ་མོ་རང་བཀའ་ཁྲིར་འཁོད་ཚེ་སྐད་ཆ་བཤད་མཁན་གཞན་ཞིག་གླ་རྒྱུ་མིན་འགྲོ། དེ་མིན་སྐད་ཆ་བཤད་མ་ཤེས་ན་མང་ཚོགས་དང་དེ་མིན་བོད་དང་འབྲེལ་ཡོད་ཕྱི་གླིང་བ་དག་ལ་དོ་ཕོག་འདྲ་བྱུང་མི་སྲིད་པ་མ་རེད།
མོ་རང་སྐད་ཆ་བཤད་ཤེས་མཁན་ཞིག་མིན་པའི་ཆ་ནས་སྐད་ཆ་བཤད་སྟངས་གལ་ཆེན་མིན་པ་སྒྲུབ་འདུག་པ་ཡང་དེ་བས་ཡ་མཚན་རེད།
ཁྱེད་རང་རྣམ་པ་འདི་ལྟར་འགན་ཞིག་ཁུར་ཏེ་ཕེབས་ཡོང་དུས་ངའི་སེམས་པ་དགའ་སྤྲོས་ཁེངས་ཡོད། ༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་རྣམ་པའང་ཐུགས་དགྱེས་ཡོད་ངེས་རེད། དམར་ཕྱོགས་ཀྱི་འགོ་ཁྲིད་ཚོའི་སེམས་ལ་ཚ་ཤུར་རྒྱག་གིན་ཡོད་རྒྱུ་རེད། ངའི་བཀའ་ཁྲི་ནི་བློ་བཟང་སེང་གེ་ཡིན། འོན་ཀྱང་སུ་ལ་ཐོབ་ན་དེ་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ངས་བལྟས་ན་སུ་ལ་ཐོབ་ན་མཐུས་ཤོར་མི་གཏོང་བའི་ཡིད་ཆེས་ཡོད། ༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་གཉིས་ལའང་སྐུ་ངལ་གསོ་བའི་གོ་སྐབས་ཤིག་ཐོབ་པ་རེད། འུ་ཚོས་ཁོང་རྣམ་པར་དགའ་བསུའི་འབོད་སྒྲ་སྒྲོགས་ཡ། འདི་ལ་མི་དགའ་ན་གང་ལ་དགའ། བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
བརྙན་ཕབ་འདྲ་འདུག་ན་འགོད་རོགས་ཞུ།
གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་གསར་འགོད་པ་ཨང་དང་པོ་རེད།
བཀའ་ཁྲིའི་ཁྲི་ལ་འདོད་རྔམས་ཀྱི་རང་གིས་བརྩོད་པ་དང་གཞན་གྱི་བརྩོད་པར་བསྐུལ་བ་གང་ཡིན་ཀྱང་ཐམས་ཅད་ལ་ཐོག་མར་བཀྲིས་བདེ་ལེགས་ཀྱི་མཚམས་འདྲི་ཞུ།
ཁྱེད་རྣམས་ཀྱི་བཞེད་ཕུགས་ཇི་འདྲ་ཞིག་ཡིན་རུང་རང་མི་རིགས་དང་རིག་གཞུང་གཞི་དང་བྱེས་ཀྱི་སྤུན་ཟླ་བཅས་ཡ་ང་བའི་གནས་ལ་སྐྱོབས་ལྟབས་ཀྱི་རྣམ་པ་བསྟན་པ་ནི་ཧ་ཅང་ཡིད་སྤྲོ་བ་ཞིག་བྱུང་།
ཁྱེད་རྣམ་པས་ཤེས་ཡོན་དང་ཉམས་མྱོངས་གང་ལ་ལྟས་ཀྱང་བཀའ་ཁྲི་མི་འོས་པ་གཅིག་ཀྱང་མིན་འདུག
འོན་ཀྱང་ངའི་བཀའ་བློན་ཁྲི་བ་ནི་མ་འོངས་པར་རྒྱ་གཞུང་གི་འོག་ལ་མགོ་བོ་མ་རྒུར་བར་འདྲ་ཉམས་ཐོག་ཐོབ་ཐང་བརྩོད་ཐུབ་མཁན་ཞིག་དགོས། དེ་ལྟར་གནང་མཁན་སུ་ཞིག་ཡིན་ཀྱང་དེ་ལ་ངའི་ཐོབ་ཐང་འོས་ཤོག་གཅིག་པོ་ཕང་མེད་ཐོག་འབུལ་རྒྱུ་ཡིན།