མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་རྩོམ་རིག་གི་དཔུང་སྡེ་ཞིག་བསྐྱེད་སྲིང་བྱ་རྒྱུའི་ཧམ་སེམས་བཟུང་ཡོད། རེ་བ་དང་ཕུགས་བསམ་གྱིས་བརྟས་པའི་སློབ་ཕྲུག་མང་པོ་ཞིག་གིས་ཀྱང་ཆེད་དུ་ཁོར་ཡུག་འདི་བདམས་ཏེ་ཡོང་བ་ཡིན་སྟབས། ང་ཚོའི་བར་ཐུན་མོང་གི་འཚོལ་སྙེགས་ཤིག་དང་ཐུན་མོང་གི་ཕུགས་འདུན་ཞིག་ཡོད་ལ། ཐུན་མོང་གི་སྤྲོ་སྣང་ཞིག་དང་ཐུན་མོང་གི་མཛའ་བརྩེ་ཞིག་ཀྱང་ཡོད་སྟབས། ངའི་རྨི་ལམ་དེ་རྨི་ལམ་ཁོ་ན་མིན་པའི་ཡིད་ཆེས་ཡོད་ཟེར།

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་དུ་དམངས་གཙོའི་དུས་དྲན་ཐེངས་ལྔ་བཅུ་བ་དང་། བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་གཉིས་ཡོངས་སུ་གྲུབ་སྟེ། ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམས་རང་རང་སར་ལོག་པ་དང་མཉམ་དུ་འདི་གའི་གསར་འགོད་པས་ཀྱང་ལྷོ་ཕྱོགས་སྦེལ་ཀོབ་ཀྱི་ལས་རིམ་མཇུག་བསྡུས་ཏེ་བྱང་ཕྱོགས་ངྷ་རམ་ས་ལར་ལམ་ལ་ཆས། ཕྱིར་ལོག་པའི་ལམ་བར་དུ་སྔར་ལོ་གསར་དུ་སྒོ་འབྱེད་བྱས་པའི་༼ ༧གོང་ས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་། ༽ ཞེས་པའི་སློབ་གྲྭའི་འཛུགས་སྐྲུན་དང་། དགེ་ལས་སློབ་ཕྲུག་ཡོངས་ཀྱི་སྤྱིའི་གནས་སྟབས་སོགས་ལ་རྒྱུས་ལོན་ཐེངས་གཅིག་བྱས་པ་ཡིན། ཕྱི་ཚེས་ ༥ ཉིན་ནི་གཟའ་ཉི་མར་འཁེལ་ཡོད་སྟབས། གསར་འགོད་པ་མཐོ་སློབས་དེར་འབྱོར་སྐབས་སློབ་གྲྭའི་འགན་འཛིན་བཞུགས་མི་འདུག་ལ། སློབ་ཕྲུག་མང་ཆེ་བ་ཡང་ཕྱི་ལོགས་སུ་ཕྱིན་ཏེ་སློབ་གྲྭ་ཡོངས་ཁ་ཁུ་སིམ་མེར་གནས་འདུག ཏཱ་ལའི་བླ་མ་མཐོ་སློབ་ཀྱི་ཁང་བརྩེགས་དག་ལས་བོད་པའི་སྲོལ་རྒྱུན་གྱི་རྣམ་པ་ཞིག་མངོན་ཞིང་། སློབ་གྲྭའི་ཁོ་ར་ཁོར་ཡུག་ཡངས་ཤིང་རྒྱ་ཆེ་བ་དང་། སློབ་གྲྭ་སྤྱིའི་རྒྱ་ཁྱོན་ཆེ་ཞིང་ཕྱི་རོལ་ཁོར་ཡུག་ལྷིང་འཇགས་ཡིན་པ་བཅས་ཀྱིས་ཞི་བདེ་བག་ཕེབས་ཀྱི་ཚོར་སྣང་ཞིག་བསྟེར་ཐུབ་ཅིང་། སྣང་ཚུལ་འདིས་སློབ་གཉེར་ལ་གཞོལ་མཁན་ཡོངས་ལ་རང་བྱུང་གི་མཐུན་རྐྱེན་ཞིག་བསྐྲུན་འདུག

 

སློབ་གྲྭ་འདི་ད་དུང་འཆར་འགོད་དཔར་རིས་ལྟར་ལེགས་འགྲུབ་བྱུང་མེད་ཀྱང་། བུའི་ཉལ་ཁང་དང་བུ་མོའི་ཉལ་ཁང་། དགེ་རྒན་གྱི་ལས་ཤག་དང་། ལས་བྱེད་ཀྱི་ལས་ཤག དེ་བཞིན་སློབ་ཁང་དང་ཡིག་ཚང་བཅས་ཡོངས་སུ་འགྲུབ་འདུག གསར་འགོད་པ་ཏཱ་ལའི་བླ་མ་མཐོ་སློབ་བོད་ཡིག་སྡེ་ཚན་གསར་འཛུགས་ཀྱི་འགན་འཛིན་དང་དགེ་རྒན་གཅིག་ལྕོགས་བློ་བཟང་རྒྱལ་མཚན་ལགས་ཀྱི་གམ་དུ་བཅར་ཏེ། སློབ་གྲྭའི་སྐོར་ངོ་སྤྲོད་གནང་རྒྱུར་རེ་བ་ཞུས་དོན་ལྟར་ཁོང་གིས་གསུངས་དོན། ད་ཆར་སློབ་གྲྭ་འདིར་སྡེ་ཚན་ཁག་བཞི་ཡོད། ༢༠༠༨ ལོར་གསར་འཛུགས་གནང་བའི་དམའ་རིམ་དགེ་རྒན་འོས་སྦྱོང་དང་། བོད་ཡིག་སྡེ་ཚན། གློག་ཀླད་སྡེ། སྔོན་འགྲོའི་དགེ་རྒན་འོས་སྦྱོང་སྡེ་ཚན་གཅིག་བཅས་ཡོད། ད་ཆར་དགེ་རྒན་འོས་སྦྱོང་དང་གློག་ཀླད། བོད་ཡིག་སྡེ་ཚན་བཅས་ལ་ཁྱོན་བསྡོམས་སློབ་ཕྲུག་ ༡༡༧ ཙམ་ཡོད། བོད་ཡིག་སྡེ་ཚན་ནང་འཛིན་གྲྭ་བཅུ་བ་དང་བཅུ་གཉིས་ཐོན་མཁན་ཚོ་བསྡུ་རྒྱུའི་གསལ་བསྒྲགས་བྱས་ཡོད་ཀྱང་། དངོས་སུ་ཐོ་འགོད་བྱེད་མཁན་ ༢༤ དང་། ཆ་རྐྱེན་ཚང་བ་ ༡༠ ཙམ་ལས་བྱུང་ཡོད་པ་མ་རེད། གློག་ཀླད་སྡེ་ཚན་དང་། དགེ་རྒན་འོས་སྦྱོང་སྡེ་ཚན་བཅས་ལ་འཛུལ་མཁན་མང་པོ་འདུག ཅེས་གསུངས་སོང་།

 

ཡང་ཁོང་ལ་སློབ་གྲྭ་འདིར་སློབ་མ་བསྡུ་སྟངས་གང་འདྲ་ཡོད་མེད་དྲིས་པར། མ་འོངས་པར་རྒྱ་གར་རྒྱལ་ཡོངས་འཛིན་གྲྭ་བཅུ་གཉིས་ཀྱི་ལག་འཁྱེར་ཆ་རྐྱེན་ལ་འཇོག་རྒྱུ་རེད། སློབ་ཡོན་སློབ་མ་སོ་སོའི་ཡོང་ཁུངས་ནས་ཐབས་ཤེས་བྱ་དགོས་པ་རེད། སློབ་མ་སུ་ཞིག་ཕེབས་ཀྱང་ཐོག་མའི་ཟླ་བརྒྱད་རིང་མཚམས་སྦྱོར་འཛིན་གྲྭ་ནས་འདུག་དགོས་པ་དང་། དེ་ནས་མཐོ་རིམ་ལོ་གསུམ་བཅས་ཁྱོན་ལོ་གསུམ་དང་ཟླ་བརྒྱད་འདུག་དགོས་པ་རེད། ད་ཆར་ང་ཚོས་མཚམས་སྦྱོར་འཛིན་གྲྭའི་སློབ་ཚན་གཏན་འབེབས་ཟིན་ཏེ་ལག་ལེན་བསྟར་བཞིན་ཡོད། མཐོ་རིམ་འཛིན་གྲྭའི་སློབ་ཚན་དེ་ས་རྭ་དང་ཝ་རཱ་ན་སའི་སློབ་ཚན་གཞི་རྩར་བཞག་སྟེ་བཟོ་མུས་རེད། སློབ་གྲྭ་འདི་ནས་མཐོན་སྐབས་ B A ཡི་ཐོབ་ཐང་ཡོད་པ་རེད། འོན་ཀྱང་། མཐོ་སློབ་འདི་རྒྱ་གར་གཞུང་ལ་དེབ་སྐྱེལ་ཡོད་པའི་ཚོགས་པ་དེ་འདྲ་མིན་སྟབས། ཕྱག་འཁྱེར་ཚད་ལྡན་ཞིག་དང་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པ་ཞིག་ཁག་པོ་རེད། ཨ་མ་རྗེ་བཙུན་པད་མས་ཀྱང་ཕྱག་འཁྱེར་གཙོ་བོ་མ་རེད། སློབ་མ་སོ་སོའི་ཤེས་ཡོན་གནས་ཚད་ཀྱིས་སྤྱི་ཚོགས་ནང་ངོས་ལེན་ཡོད་པ་ཞིག་བྱ་དགོས་པ་རེད་གསུངས་ཡོད། མུ་མཐུད་བོད་ཀྱི་རིག་གནས་གང་རུང་ཐོག་རིགས་གཅིག་རྐང་འཛིན་གནང་མཁན་ཡོད་ན་ལམ་ཁ་བསྐྲུན་རྒྱུའི་འཆར་གཞི་ཡོད་པ་རེད། ཅེས་ངོ་སྤྲོད་གནང་སོང་།

 

དེའི་རྗེས་དགེ་རྒན་ལས་ཤག་ཏུ་བསྐྱོད་དེ་སློབ་གྲྭ་འདིར་གསར་དུ་ཕེབས་མ་ཐག་པའི་དགེ་རྒན་ཨ་འཇམ་ལགས་སུ་སློབ་གྲྭ་འདིར་ཐོག་མར་འབྱོར་སྐབས་ཀྱི་གཟིགས་ཚོར་སྐོར་བཅར་འདྲི་ཞུས་སྐབས་ཁོང་གིས། ང་སློབ་གྲྭ་འདིར་འབྱོར་མ་ཐག་ཚོར་སྣང་ཟབ་ཤོས་ཤིག་བྱུང་བ་ནི། སློབ་གྲྭའི་ཕྱིའི་ཁོར་ཡུག་གི་བཀོད་པར་བོད་གངས་ཅན་ཀྱི་ཁོར་ཡུག་ལྟར་རང་བྱུང་ལྷུན་ཆགས་སུ་གནས་པ་དང་། སློབ་གྲྭའི་ནང་གི་འཛུགས་སྐྲུན་བོད་པའི་གྲོང་སྡེ་ལྟར་མི་རིགས་ཀྱི་སྲོལ་རྒྱུན་བཟོ་བཀོད་སྤྲས་པ་འདི་དག་རེད། དེ་ནས་སློབ་གྲྭའི་ལས་གནས་སུ་ཞུགས་ཏེ་སློབ་ཁྲིད་བྱེད་སྐབས། ང་བོད་ཡིག་སྡེ་ཚན་གྱི་དགེ་རྒན་རེད། སྡེ་ཚན་དེར་སློབ་མ་བཅུ་གྲངས་ཤིག་ལས་མི་འདུག སློབ་མའི་ཁ་གྲངས་ཉུང་བ་དང་། སློབ་མའི་ཡོང་ཁུངས་ཀྱང་ཤེས་ཡོན་རྩེ་བཏོག་བྱས་པ་དེ་འདྲ་མིན་སྟབས། བསམ་བློ་བརྗེ་རིས་དང་སློབ་སྦྱོང་འགྲན་བསྡུར་གྱི་ཁོར་ཡུག་འཁྲུག་པོ་ཞིག་བསྐྲུན་ཐུབ་རྒྱུ་མ་རེད་སྙམ་པ་ཞིག་བྱུང་སོང་། ཞེས་གསུངས་སོང་།

 

ཡང་ཁོང་ལ་འདི་གའི་སློབ་ཕྲུག་ཚོའི་སྟེང་ནས་རེ་བ་དང་ཡིད་ཆེས་གང་འདྲ་ཞིག་མཐོང་གི་འདུག་གམ་ཞེས་དྲིས་པར། འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་མ་ཞིག་གི་ངོས་ཐད་ནས་བསམ་བློ་བཏང་ན། སློབ་མ་ཚོའི་བོད་ཡིག་གི་གནས་ཚད་སྐྱོ་བོ་རེད། འདི་བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་གསོའི་ཁྱབ་ཁོངས་སྤྱིའི་གནད་དོན་ཞིག་རེད། ཁོང་ཅག་གི་ཞན་ཆ་དེ་དག་སློབ་གྲྭ་འདི་བརྒྱུད་དེ་ཁ་སྐོང་དང་ཇེ་ལེགས་སུ་གཏོང་མ་ཐུབ་ན། རྗེས་མ་སློབ་གྲྭ་ཐོན་ཏེ་སྤྱི་ཚོགས་ནང་འགྲོ་སྐབས། ཏཱ་ལའི་བླ་མ་མཐོ་སློབ་ཀྱི་མིང་ཆུ་ལ་མི་བསྐུར་བའི་ངེས་པ་མི་འདུག ངས་སློབ་ཕྲུག་ཁོ་རང་ཚོར་ཡང་ཞུས་པ་ཡིན། སློབ་གྲྭ་འདིའི་སྒོ་ཐེམ་ལ་གོམ་པ་དང་པོ་སྤོས་པ་ནས་བཟུང་ལས་འགན་ཆེན་པོ་ཞིག་ཕྲག་ཏུ་བབ་ཡོད། དེ་ནི་བཙན་བྱོལ་ནང་གི་མཐོ་སློབ་ཨང་དང་པོའི་སློབ་ཕྲུག་ཡིན་པ་དང་། དེ་བས་གལ་ཆེ་བ་ནི་སློབ་གྲྭ་འདིའི་མཚན་བྱང་དུ་ཏཱ་ལའི་བླ་མའི་མཐོ་སློབ་ཅེས་བཀོད་ཡོད་པ་དེ་བརྗེད་ཉན་གི་མ་རེད། ཅེས་གསུངས་སོང་།

 

ཡང་ཁོང་ལ་ཁྱེད་ཀྱིས་དམིགས་ཡུལ་དང་ཕུགས་རེ་གང་འདྲ་ཞིག་བཟུང་སྟེ་སློབ་ཕྲུག་ཚོར་སློབ་སྦྱོང་སྤྲོད་ཀྱི་ཡོད་མེད་དྲིས་པར། ང་སློབ་གྲྭ་འདིའི་བོད་ཡིག་སྡེ་ཚན་གྱི་དགེ་རྒན་རེད། འཕྲལ་དུ་འགྲུབ་ཐུབ་རྒྱུ་ཁག་པོ་རེད་དེ། ད་བར་བཙན་བྱོལ་ནས་བོད་ཡིག་བོད་སྐད་ཐོག་ཉམས་ཆག་ཕྱིན་ཡོད་པ་མངོན་གསལ་རེད། འདིའི་ཐད་༧གོང་ས་མཆོག་གིས་ཀྱང་ཐུགས་ཕམ་མཛད་ཀྱི་ཡོད་པ་རེད། མ་འོངས་པར་སློབ་གྲྭ་འདི་ནས་རྐང་བཙུགས་ཏེ་བོད་པའི་སྐད་ཡིག་རིག་གནས་དང་། ལྷག་པར་དུ་སྤྱི་ཚོགས་ཧྲིལ་བོའི་བསམ་བློའི་ཀུན་སྤྱོད་ལ་གཡོ་འགུལ་བསླང་ཐུབ་པའི་རྩོམ་རིག་གི་མཐོ་རླབས་ཤིག་སློབ་གྲྭ་འདི་ནས་འཕྱུར་ཐུབ་ན་སྙམ་པ་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་རྩོམ་རིག་གི་དཔུང་སྡེ་གསར་པ་ཞིག་བསྐྱེད་སྲིང་བྱ་རྒྱུའི་ཧམ་སེམས་ཤིག་བཟུང་ཡོད། ཕུགས་བསམ་དང་རེ་བ་ཆེ་བས་བརྟས་པའི་སློབ་ཕྲུག་མང་པོ་ཞིག་གིས་ཀྱང་ཆེད་དུ་ཁོར་ཡུག་འདི་བདམས་ཏེ་ཡོང་བ་ཡིན་སྟབས། ང་ཚོའི་བར་ཐུན་མོང་གི་འཚོལ་སྙེགས་ཤིག་དང་ཐུན་མོང་གི་ཕུགས་འདུན་ཞིག་ཡོད་ཅིང་། ཐུན་མོང་གི་སྤྲོ་སྣང་ཞིག་དང་ཐུན་མོང་གི་མཛའ་བརྩེ་ཞིག་ཡོད་སྟབས། ངའི་རྨི་ལམ་དེ་རྨི་ལམ་ཁོ་ན་མིན་པའི་ཡིད་ཆེས་ཡོད། ཅེས་གསུངས་སོང་།

 

བོད་ཡིག་སྡེ་ཚན་གྱི་སློབ་མ་བསོད་ནམས་མཚོ་ལགས་སུ་སློབ་གྲྭའི་མཐུན་རྐྱེན་དང་སློབ་སྦྱོང་སྤྲོད་སྟངས་ཀྱིས་འདོད་པ་ཁེངས་པ་ཞིག་ཡོང་གི་ཡོད་མེད་དང་། མ་འོངས་པར་ལས་ཀ་གང་འདྲ་བྱ་འདོད་ཡོད་སྐོར་དྲིས་པར་ཁོ་མོས། ང་རང་ ༡༩༩༨ ལོར་རྒྱ་གར་དུ་ཡོང་སྟེ་མ་སུ་རི་བོད་ཁྱིམ་ནས་འཛིན་གྲྭ་བཅུ་གཉིས་ཐོན་རྗེས་སློབ་གྲྭ་འདིར་འཛུལ་ཞུགས་བྱས་པ་ཡིན། ང་ཆུང་དུས་ནས་བོད་ཡིག་ལ་དགའ་བོ་ཞེ་དྲག་ཡོད། མ་འོངས་པར་བོད་ཡིག་ཐོག་མཁས་པ་ཞིག་བྱ་དགོས་དྲན་བསྡད་པ་དེ་ད་ཆར་ལམ་ཁ་རག་སོང་། སློབ་གྲྭའི་ཞལ་ལག་དང་ཉལ་ཁང་། ལྷག་པར་དུ་ཁོར་ཡུག་གུ་ཡངས་པོ་དང་ཁུ་སིམ་པོ་ཡོད་པ་འདིས་སློབ་སྦྱོང་ལ་རོགས་འདེགས་ཐུབ་ཀྱི་འདུག སློབ་གྲྭ་འདི་ནས་བོད་ཡིག་ཐོག་ཁུངས་འཁྱོལ་བ་ཞིག་བཟོ་དགོས་དྲན་ཡོད། མ་འོངས་པའི་ལས་ཀར་བསམ་བློ་གཏོང་གི་མེད། དེ་ལ་སེམས་ཁྲལ་ཡང་ཡོད་རྒྱུ་མ་རེད་དྲན་ཡོད། གང་ཡིན་ཟེར་ང་ཚོ་སྐལ་བ་བཟང་པོ་རེད། ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་མ་སྐབས་དང་པོ་ཡིན་ལ་སྦྱང་བྱ་ཡང་བོད་ཡིག་རིགས་གཅིག་རྐང་འཛིན་རེད། སློབ་གྲྭ་དང་སློབ་ཚན་གྱི་ཐད་ནས་སོ་སོར་སྤོབས་པ་ཡོད། རང་གི་སློབ་སྦྱོང་གི་ཆུ་ཚད་ཀྱིས་མ་འོངས་པའི་ལས་ཀ་ཐག་གིས་གཅོད་གི་རེད། ཅེས་ཤར་མར་བརྗོད་བྱུང་།

 

ཡང་སློབ་ཕྲུག་བློ་བཟང་ཆོས་སྒྲོན་ལགས་སུ་མཐོ་སློབ་འདིར་ཞུགས་རྒྱུའི་དམིགས་ཡུལ་གང་ཡིན་དང་སྐོར་བཅར་འདྲི་ཞུས་པར་ཁོ་མོས། ང་རང་སློབ་གྲྭ་འདིའི་དགེ་རྒན་འོས་སྦྱོང་ལོ་རིམ་དང་པོའི་ནང་། ཚན་རིག་དང་སྤྱི་ཚོགས་རིག་གནས། རྩིས་རིག་སོགས་ལ་སློབ་སྦྱོང་བྱེད་ཀྱི་ཡོད། སྔོན་མ་ངའི་ཕུ་བོ་སློབ་གྲྭ་འདི་ནས་དགེ་རྒན་འོས་སྦྱོང་ཐོན་པ་རེད། ཁོས་སློབ་གྲྭ་འདི་ཡག་པོ་ཡོད་པ་རེད་ལབ་ཏེ། ང་སློབ་གྲྭ་འདིར་ཞུགས་པ་ཡིན། མ་འོངས་པར་རྩིས་རིག་དགེ་རྒན་ཞིག་བྱ་དགོས་བསམ་ཡོད། ༢༠༠༩ ལོར་ང་རང་སློབ་གྲྭ་འདིར་འབྱོར་སྐབས་ཁོར་ཡུག་ཚང་མ་སྟོང་པ་རེད། མཐོ་སློབ་ཅིག་ཏུ་སླེབས་པའི་ཚོར་བ་མི་འདུག སློབ་གྲྭ་འཛུགས་སྐྲུན་བྱེད་མཁན་གྱི་འཕྲུལ་འཁོར་གྱི་སྒྲ་ཆེན་པོ་འདུག ཧ་ཅང་སུན་པོ་བྱུང་སོང་ལ། དགེ་རྒན་གྱི་སློབ་ཁྲིད་ཡང་གོ་ཐུབ་ཀྱི་མི་འདུག ལྷག་པར་དུ་སློབ་གྲྭའི་ཁོར་ཡུག་ན་ཚོང་དང་ཟ་ཁང་གཅིག་ཀྱང་ཡོད་པ་མ་རེད། སྐབས་རེར་རྔན་པ་ཉོ་ས་མེད་པའི་དཀའ་ངལ་ཡང་འཕྲད་ཀྱི་འདུག་ཅེས་བརྗོད་སོང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡༡ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 22

  1. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    དེ་སྔོན་ཁོ་བོས་བཤད་པའི་དྲི་བ་དེར་མིག་ཤར་ཡག་པོ་ཞིག་བྱས་ནས་ལན་རྒྱོབས་དང་། དེ་ནས་རིམ་གྱིས་ཁ་བརྡ་བྱེད་ཆོག
    ལྷག་པར་དུ་ཡིག་ནོར་ལ་གཟབ་གཟབ་བྱེད་དགོས།

    Reply
  2. གཅེན་པོ། says:
    ལོ་ 16 སྔོན།

    འཕགས་པ་ཤེལ་དཀར་ལགས།
    དགེ་བཤེས་ལགས་འདི་ནང་ཆོས་ཀྱི་དགེ་རྒན་རེད་དམ་ཡང་ན་བོད་ཡིག་གི་དགེ་རྒན་རེད།
    གལ་སྲིད་བོད་ཡིག་གི་དགེ་རྒན་ཞིག་ཡིན་པའི་དབང་དུ་བཏང་ན་བོད་ཡིག་སུམ་རྟག་དག་གསུམ་གཅིག་པུ་བསླབ་བཞིན་ཡོད་པ་རེད་དམ་ཡང་ན་དེ་ལས་བཟློག་ཏེ་བོད་ཀྱི་རྒྱལ་རབ་དང་ད་ལྟའི་གནས་བབས་མ་འོངས་པའི་བྱེད་ཕྱོགས་སྐོར་ལ་ཆབ་སྲིད་དང་འབྲེལ་བའི་བཀའ་སློབ་གནང་གི་རེད།
    གལ་སྲིད་ནང་ཆོས་ཀྱི་དགེ་རྒན་ཡིན་ན་ནང་ཆོས་ཁྱབ་བརྡལ་བཏང་ས་དགོན་པ་གྲྭ་ཚང་ཡིན་པས་དེའི་ནང་ནས་བཏང་ན་མི་འགྲིག་པ་རེད་དམ།
    ཡང་ན་དགོན་པ་གྲྭ་ཚང་ནང་ནང་ཆོས་བཤད་ས་མེད་པ་རེད།
    གྲྭ་པ་ཕལ་ཆེར་རྫོགས་པ་རེད་པས།
    བོད་ཀྱི་ཆོས་དང་རིག་གཞུང་ཞེས་བོད་ཀྱི་རིགས་གཞུང་དགེ་འདུན་པས་དར་སྤེལ་བཏང་ན་འཇིག་རྟེན་སྐྱངས་པ་དེ་ལ་ཟེར་གྱི་རེད།
    བོད་ཀྱི་རིག་གཞུང་ཡིན་ན་ནང་ཆོས་གཅིག་པུ་མ་རེད།
    ཁྱེད་རང་དེའི་ཐད་ལ་ཐུགས་དགོངས་རྒྱ་མཚོ་ལས་ཟབ་ཀྱང་མི་རིགས་ཀྱི་ཞེན་ཁོག་ཆེ་བ་དང་ད་ལྟའི་གནས་སྟངས་འདི་ཐུགས་ཚབ་བྱུང་ཡོད་ཀྱི་རེད།
    ད་དུང་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཞེས་པ་དེ་ཁྱིམ་ཐབས་སྤངས་པའི་གང་ཟག་ལ་གོ་དགོས་པའི་གནད་དོན་ཡིན་པའི་ཚིག་འདི་ཁྱེད་རང་ཕུལ་གྱི་ཡིན།
    དེ་མིན་སྡོད་གནས་ཀྱི་མིང་ལ་ཁྱིམ་ཞེས་གོ་དགོས་པ་དང་།
    ཆུང་མ་དང་བུ་ཕྲུག་ཡོད་པ་རྣམས་ལ་ཁྱིམ་པ་ཞེས་གྲགས། རབ་ཏུ་བྱུང་བ་ཚང་མར་སྡོད་གནས་མེད་པར་ག་འདྲ་ཞིག་ལ་བཞུགས་ཡོད་པ་རེད་ཞེས་ཁྱེད་རང་ལ་དྲི་བ་ཞིག་ཡོད།
    ལམ་སྟོན་ལྷུག་སྩོལ་ཡོང་བའི་སྨོན་འདུན་ཡོད།

    Reply
  3. དབྱངས་བུ། says:
    ལོ་ 16 སྔོན།

    ཨ་འཇམ་ཁོང་ལ་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་དགེ་རྒན་འདི་ཇི་ལྟར་ཐོབ་པ་རེད་དམ།

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ངོ་མ་ཤ་ཚ་གཅེན་པོའི་མིང་ཅན་ཁྱོད། དགེ་བཤེས་ལགས་དེ་ཡིས་ཆབ་སྲིད་དང་འཇིག་རྟེན་ཇི་ལྟར་བསྐྱངས་འདུག ཅི་འདྲ་ཞིག་ལ་རབ་ཏུ་བྱུང་བས་ཆབ་སྲིད་དང་འཇིག་རྟེན་བསྐྱངས་པ་ཟེར་།
    ཁྱེད་ཀྱིས་བཤད་པ་ལྟར་རབ་ཏུ་བྱུང་བའི་བྱ་བ་ལ་ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན། བྱ་བ་ལས་ཀྱི་འཁོར་ལོ་གསུམ་ཡོད་པ་ཡིན་པས་ཤེས་ཡོན་གྱི་བསྟི་གནས་སློབ་གྲྭ་ཁག་དང་། མཁྱེན་ཡོན་ལྡན་པའི་མི་དམངས་ཁག་ལ་ནང་ཆོས་སྤྱི་དང་། ལྷག་པར་བོད་ཀྱི་མཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་དར་སྤེལ་གནང་ན་བྱ་བ་ལས་ཀྱི་འཁོར་མ་ཡིན་ནམ། ག་འདྲ་ཞིག་ལ་བྱ་བ་ལས་ཀྱི་འཁོར་ལོ་ཟེར་།
    ༸མགོན་པོ་མཆོག་གིས་ནུབ་ཕྱོགས་ཡུལ་གྲུ་ཀུན་ལ་ནང་ཆོས་དང་ཡ་རབས་བཟང་སྤྱོད་དར་སྤེལ་བཏང་བ་དེ་རབ་ཏུ་བྱུང་བའི་བྱ་བ་མ་ཡིན་ནམ།

    ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཞེས་པའི་ཁྱིམ་སྔ་ཕྱི་གཉིས་ཀར་དགག་སྒྲ་སྦྱར་བ་ཁྱེད་ཀྱིས་ཨེ་ཤེས། གྲོང་ལས་རྒྱང་རིང་དུ་གནས་པའི་དགོན་པར་ཁྱིམ་རེད་ཅེས་པ་ནི་བརྡ་ལ་མ་བྱང་པའི་སོ་སོ་སྐྱེ་བོའི་རང་གདངས་སོ།

    Reply
  5. གཅེན་པོ། says:
    ལོ་ 16 སྔོན།

    མིག་ཟུང་ལྡན་ཞིང་བློ་རྒྱ་ཆེ་བའི་ཤེལ་དཀར་ལགས།
    ༧གོང་ས་མཆོག་གི་དུས་རབ་ཉེར་གཅིག་པའི་ཆོས་པ་ཞིག་བྱེད་དགོས་གསུང་པ་ལས་དུས་རབ་ཉེར་ཅིག་པའི་རབ་བྱུང་རྣམས་ཀྱི་ཆབ་སྲིད་དང་འཇིག་རྟེན་སྐྱོངས་ཞེས་གསུངས་མི་འདུག
    སྤྱིར་ཆོས་པ་ཞེས་པ་དེ་ཆོས་བྱེད་མཁན་ཡོད་དོ་ཅོག་ལ་གོ་བ་ལས་རབ་བྱུང་གཅིག་པུ་མ་ཡིན།
    ཁྱེད་རང་གིས་གསུངས་པ་ལྟར་གོས་དཀར་ལྕང་ལོའི་སྡེ་མང་ཙམ་གཙུགས་པ་ཡིན་ན་ད་གཟོད་མི་འབོར་ལ་ཤུགས་སྣོན་ཡོང་གི་རེད་ལ་ཆོས་པ་རྣམས་གྲོང་དུ་ཅི་འདོད་དུ་འཇིག་རྟེན་དར་སྤེལ་དང་འཇིག་རྟེན་གསར་འདོད་འཇིག་རྟེན་སྲ་བརྟན་བཏང་ཆོག་གི་རེད།
    སངས་རྒྱས་ཀྱི་བསྟན་པ་འདུལ་བའི་སྡེ་ལ་རག་ལས་གསུངས་པ་བཞིན་རེད་ལ་འདུལ་བའི་སྡེའི་ལས་ནི་གསུམ་སྟེ། ཀློག་པ་ཐོས་བསམ། སྤོང་བ་བསམ་གཏན། བྱ་བ་ལས་ཀྱི་འཁོར་ལོ་གསུམ་ཡིན་པས། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་ལྡན་པའི་འདུལ་སྡེ་དེ་ནི་མཁས་མཆོག་དབྱིགས་གཉེན་གྱི་གསུངས་པའི་ལུང་དེ་འཛིན་མཁན་ཞིག་འདུལ་སྡེ་འདི་ལས་ལོགས་སུ་གྱུར་བ་ཞིག་སྔོན་ཆད་མ་བྱུང་ལ་ཕྱིས་ཀྱང་འབྱུང་བར་མི་འགྱུར།
    དོན་དངོས་ཐོག་དགོན་པ་དང་བལ་ཐ་དབེན་པ་ཀུན་དགའ་ར་བ་སོགས་རབ་ཏུ་བྱུང་བའི་ཁྱིམ་མ་ཡིན་ན་ཅི་ཞིག་རེད་ཤེལ་དཀར་ལགས།

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    དྲ་གྲོགས་འབྲོང་བུ་ཟླ་བ་ལགས།
    མཐོ་རིམ་སློབ་གཉེར་ཁང་དེའི་ངོ་སྤྲོད་ཞིབ་ཚགས་གནང་བར་བཀའ་དྲིན་ཆེ།

    Reply
  7. བསང་ཆུ་འབྲུག་བྷེ། says:
    ལོ་ 16 སྔོན།

    ང་ཚོས་དུས་རབས་འདིའི་ནང་སློབ་གྲྭ་འདི་ནས་མི་བུ་གསར་གཏོད་དང་སྙིང་སྟོབས་ཀྱི་ཕྱུག་མཁན་མང་བོ་ཞིག་ཐོན་པའི་རེ་བ་བཅིང་ཆོག འདི་ནི་མགསེར་གྱི་མཆོད་རྟེན་ཞིག་བཞེངས་པ་ལས་རིན་ཐང་བརྒལ་ཡོད། ་

    Reply
  8. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ་གཟིགས་དང་། གཅེན་པོས་བཤད་སྟངས་བྱས་ན་རབ་བྱུང་རྣམས་ལ་སྤང་རྒྱུའི་ཁྱིམ་གཅིག་དང་བསྟེན་རྒྱུའི་ཁྱིམ་གཅིག་འདུག། འདི་སྔོན་ཆད་སུས་ཀྱང་གསུངས་མ་ཐུབ་པའི་གཏམ་གསར་ཞིག་རེད།
    ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཞེས་པ་ཁྱེད་ལྟར་ན་རབ་བྱུང་རྣམས་ཁྱིམ་སྔ་མ་སྤངས་ནས་ཁྱིམ་ཕྱི་མ་ལ་འཛུལ་བ་ཞེས་བརྗོད་དགོས་པ་རེད། ཡ་མཚན་ལས་ཀྱང་འདི་ཡ་མཚན་ཏེ་ཚིག་དོན་གང་ལ་ཡང་མི་འཇུག་གོ།

    སངས་རྒྱས་ཀྱི་བསྟན་པ་གནས་མིན་ནི་ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་ཡོད་མེད་ལ་རག་ལས་པ་རེད།
    མཁས་མཆོག་དབྱིག་གཉེན་གྱིས།
    སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།།
    ལུང་དང་རྟོགས་པའི་བདག་ཉིད་དོ།།
    དེ་འཛིན་བྱེད་དང་སྨྲ་བྱེད་དང་།།
    སྒྲུབ་པར་བྱེད་པ་ཁོ་ན་ཡིན།། ཞེས་ཁོ་ནའི་སྒྲས་ཤེས་ནུས་སོ།
    བསྟན་པ་འཛིན་སྐྱོང་སྤེལ་གསུམ་དེ་རབ་བྱུང་ངུར་སྨྲིག་གི་སྡེ་ཙམ་དུ་མ་ཟད་གོས་དཀར་ལྕང་ལོའི་སྡེར་ཡང་དར་སྤེལ་བྱས་ན་རྗེས་སུ་ཡི་རང་གི་གནས་ལས་དེ་ལ་ཡ་མཚན་རྒྱུ་ཅི་ཡོད།
    ཁྱེད་ལྟར་ན་བདག་ཅག་སྟོན་པས་རབ་ཏུ་བྱུང་བར་ཆོས་འཁོར་བསྐོར་བ་ལས་གཞན་དུ་ཁྱིམ་བདག་སྐྱ་བོ་རྣམས་ལ་ཆོས་སྐོར་གསུངས་པ་དེ་ཡང་ཡ་མཚན་ཞིག་མཐོང་གི་ཡོད་ཚོད་རེད།
    ༸མགོན་པོ་མཆོག་གིས་ང་ཚོ་བོད་མི་ཡོད་དོ་ཅོག་མཁས་བཙུན་བཟང་གསུམ་གྱི་མི་ཞིག་བྱེད་དགོས་ཞེས་དང་། དུས་རབས་ཉེར་གཅིག་པའི་ཆོས་པ་ཞིག་བྱེད་དགོས་གསུངས་པ་སོགས་ལ་ཞིབ་ཏུ་ལྟོས།
    མདོར་ན་མ་ཤེས་ཤེས་མདོག་དེ་རེ་ཞིག་བོར་ནས་བློ་རྒྱ་ཆེན་པོས་ཕྱོགས་དུས་གནས་སྐབས་ཀུན་ལ་བྱང་པར་གྱིས།།

    Reply
  9. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    དྲ་གྲོགས་འབྲོང་བུ་ཟླ་བ་ལགས།
    སྐུ་ཉིད་ཀྱིས་མཐོ་སློབ་དེའི་བྱུང་རབས་ཞིབ་ཚགས་འགྲེལ་བརྗོད་གནང་བར་ཐུགས་རྗེ་ཆེ།

    Reply
  10. གཅེན་པོ། says:
    ལོ་ 16 སྔོན།

    ཤེལ་དཀར་ལགས།
    ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཟེར་བ་དེ་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་ཁོང་བཞུགས་པའི་སྐབས།
    དགོན་པ་དང་གཙུག་ལག་ཁང་དེང་དུས་ཀྱི་ང་རང་ཚོའི་རྒྱས་སྤྲོས་འདི་འདྲ་ཡོད་རབས་བཀའ་བསྟན་གང་ཞིག་ནང་དུ་ཡོད་རབས་མི་འདུག
    ཁྱིམ་དང་པོ་དེ་རང་གཉིས་ཀྱི་ལྟེ་ཁྲག་འཕོས་སའི་ནང་དང་ཡང་ན་རང་ཉིད་ཀྱི་ལུང་པ་དེ་སྤངས་དགོས་རབས་འདུག
    དེ་ཡང་རྒྱལ་སྲས་ཐོགས་མེད་ཀྱི་ཞལ་ནས།
    གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ།།
    དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར།།
    བླང་དོར་བརྗེད་པའི་གཏི་མུག་མུན་ནག་ཅན།།
    ཕ་ཡུལ་སྤོང་རྒྱལ་སྲས་ལག་ལེན་ཡིན་ཞེས་གསུང་པ་ལྟར་ཡིན་གྱི་རེད་ལ།
    དེ་ནི་ཁྱིམ་སྔ་མ་སྤངས་དགོས་པའི་གནད་དོན་ཞིག་ལ་རེད།
    ཁྱིམ་ཕྱི་མ་གང་ཞིག་བསྟེན་དགོས་ཞེ་ན།
    སྟོན་པས།
    དགེ་སློང་དག་རབ་ཏུ་བྱུང་བས་གྲོང་ལས་རྒྱང་གྲགས་ལྔ་བརྒྱ་བརྒལ་བའི་དགོན་པ་བལ་ཐ་དབེན་པའི་གནས་བསྟེན་པར་བྱའོ་གསུངས་པར་ལྟར་དང་། རབ་ཏུ་བྱུང་ཞེས་པ་ནི་སྲིད་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་འདི་ལས་ཐར་འདོད་དང་ཞི་བའི་གོ་འཕང་ཐོབ་འདོད་ཀྱི་བསམ་བློ་ཞིག་ངེས་པར་དུ་དགོས་པ་མ་ཏོགས་འཚོ་གོས་དང་འཇིག་རྟེན་སྐྱོང་ལུགས་སོགས་སྲིད་པ་འཕེལ་བའི་ཆེད་དུ་རབ་ཏུ་བྱུང་བ་ཞིག་ངེས་པར་དུ་མིན་པ་འདྲ།
    སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་གནས་མི་གནས་ཀྱི་ཚད་གཞི་དེའང་རབ་བྱུང་ཡོད་མེད་ཀྱི་ཐག་བཅད་ཀྱི་ཡོད་བཟོ་འདུག
    སངས་རྒྱས་ཀྱི་བསྟན་པ་དར་སྤེལ་བྱེད་སའི་གཏི་གནས་ཀྱང་དེང་སྐབས་དགོན་པ་གྲྭ་ཚང་འདི་དག་ནང་ནས་དར་སྤེལ་མི་བྱེད་པར་སློབ་གྲྭ་ཁག་གི་ནང་ནས་དར་སྤེལ་བྱེད་ཡག་འདི་ཡ་མཚན་པའི་ཕྱག་ལས་ཤིག་རེད།
    དེང་དུས་གཡག་མིག་ཟུང་ལྡན་པའི་རྩ་ཟ་སྟངས་འདི་དངོས་གནས་ཁྱད་མཚར་ཞིག་འདུག
    སེར་མོ་བ་རེ་འགས་གཅིག་བྱེད་ཀྱི་འདུགཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  11. འབྲོང་བུ་ཟླ་བ། says:
    ལོ་ 16 སྔོན།

    ཤེལ་དཀར་བློ་བཟང་ལགས།
    མཐོ་སློབ་འདིའི་མིང་ནི་༧གོང་ས་མཆོག་གིས་གནང་བ་དང། འཛིན་སྐྱོང་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གིས་གནང་བཞིན་ཡོད། ད་ལྟའི་ཆར་མཐོ་སློབ་འདིའི་དབུ་འཛིན་ནི་བོད་ཁྱིམ་གྱི་ཤེས་ཡོན་འགན་འཛིན་ཟུར་བ་རྒན་ངག་དབང་རྡོ་རྗེ་ལགས་རེད།

    གླིང་སྐལ་རྒྱམ་ལགས།
    མཐོ་སློབ་འདི་ནི་སྦེང་ལོར་གྲོང་ཁྱེར་ནས་མེག་སོར་ལམ་དུ་བསྐྱོད་ན་སྤྱི་ལེ་༢༧ སར་ཆགས་ཡོད་པ་ཞིག་རེད།

    མཐོ་སློབ་འདིའི་སྐོར་ལ་མཁྱེན་འདོད་ཡོད་ན། གཤམ་གྱི་དྲ་རྒྱ་ཁག་ལ་གཟིགས་དང། གནས་ཚུལ་ཅུང་ཙམ་རེ་འདུག
    http://www.tcv.org.in/tcvcollege.shtml
    http://www.phayul.com/news/article.aspx?id=23836

    Reply
  12. གླིང་སྐལ་རྒྱམ། says:
    ལོ་ 16 སྔོན།

    གསར་འགོད་པས་གནས་ཚུལ་ཡག་པོ་ཞིག་བྲིས་འདུག་མོད། སློབ་གྲྭ་འདི་རྡ་སའི་གཡས་གཡོན་གང་ཞིག་ན་ཡོད་མེད་གསལ་བོ་ཞིག་བྲིས་མི་འདུག ངས་སློབ་གྲྭ་ག་བ་ཡོད་མེད་དེ་ཅང་ཙམ་གལ་ཆེན་པོ་མཐོང་སོང་བས། གསར་འགོད་པའམ་སུ་ཞིག་གིས་ལན་ཞིག་གནང་རོགས།

    Reply
  13. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    དྲ་གྲོགས་གཅེན་པོའི་མིང་ཅན་ལགས། ཁྱེད་རང་གིས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ལུགས་ཕྱོགས་གཅིག་ལས་ཤེས་ཀྱི་མི་འདུག ཁྱེད་ཀྱིས་བསམ་ཚུལ་དེ་གཡག་ཞར་གྱིས་རྩྭ་ཟ་བ་ལྟར་རེད་འདུག
    ཞར་བྱུང་དུ་བཀའ་དྲི་ཞུ་རྒྱུར་། ཁྱེད་ཀྱིས་བཤད་པའི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཞེས་པའི་ཁྱིམ་སྔ་ཕྱི་གཉིས་དེ་གང་ལ་ངོས་འཛིན་དགོས་མིན་དང་། དེ་གཉིས་ལས་རབ་ཏུ་བྱུང་ཚུལ་མདོར་བསྡུས་ཤིག་གསུངས་རོགས།

    Reply
  14. མིག་གསུམ་པ། says:
    ལོ་ 16 སྔོན།

    ཕ་ལམ་ནག་པོ་ལགས། མཐོ་སློབ་འདི་ནི་ང་རང་ཐེ་བའི་བོད་མི་ཀུན་གྱི་རེ་འབྲས་ཀྱི་མིག་ཟུང་གཏད་ས་ཡིན་པས་་སེམས་ཁྲལ་ལོས་བྱེད། བདག་གིས་ནམ་རྒྱུན་མི་ལོ་ལྔ་བཅུའི་ཤེས་ཡོན་འཐུས་ཤོར་ལ་མཐོ་སློབ་འདིས་གུན་གསབ་བྱེད་ཐུབ་རྒྱུ་རེད་བསམ་ཀི་ཡོད། དེའི་ཕྱིར་མཐོ་སློབ་འདིའི་སློབ་གསོའི་ཁ་ཕྱོགས་ནོར་བ་ཡིན་ན་འཐུས་ཤོར་ཆེན་པོ་རེད་ལ། ཁྱད་པར་དུ་བོད་ཡིག་སྡེ་ཁག་གི་འགན་འཛིན་གྱིས་འཛིན་སྐྱོང་ལ་ནོར་འཁྱུགས་བྱུང་བ་ཡིན་ན་དེ་ལས་ཀྱང་འཚབ་ཆེན་དུ་མཐོང་གི་འདུག བཙན་བྱོལ་དུ་བོད་སྐད་ཡིག་གི་ཚེ་སྲོག་ཉག་ཕྲ་བའི་སྐབས་འདིར་མཐོ་སློབ་འདི་ནི་གསོན་ཤུགས་སྦྱིན་མཁན་གྱི་རེ་བ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པས་སོ།

    Reply
  15. གཅེན་པོ། says:
    ལོ་ 16 སྔོན།

    ཤེལ་དཀར་བློ་བཟང་ལགས།
    ངས་གྲྭ་བཙུན་ལ་སྨད་པ་མིན་ལ་དེ་ལས་ཟློག་ཏེ་གྲྭ་བཙུན་ལ་གུས་བཀུར་བྱེད་བཞིན་ཡོད་ལ་ང་རང་ཡང་ནང་ཆོས་ལ་དད་པའི་མི་སྣ་ཞིག་ཡིན་པས་སོ་སོའི་སྐྱབས་བཅོལ་ས་དང་སྐྱབས་ཀྱི་ལམ་སྐྱབས་ཀྱི་གྲོགས་བཅས་ལ་གུས་བཀུར་བླ་ན་མེད་པ་ཞུ་བཞིན་ཡོད།
    ངེས་ཅག་གི་སྟོན་པ་དཀའ་དྲིན་ཅན་ཡང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་འཇིག་རྟེན་པའི་སྤྱི་ཚོགས་ལས་ཐག་རིང་དུ་བཞུགས་ནས་དམ་པའི་ཆོས་ཀྱི་ཆར་འཕབས་ནས་འགྲོ་རྣམས་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར་དུས་རྟག་ཏུ་གྲོང་དུ་བསོད་བསྙོམས་ལ་མ་གཏོགས་མི་བྱོན་པས་ངས་དེ་ལ་བསམ་ནས་ཞུ་གི་ཡོད།
    འཇིག་རྟེན་པའི་ཤེས་ཡོན་ནི་འཇིག་རྟེན་པ་ཞིག་གི་ལམ་སྟོན་གནང་དགོས་པ་དང་གལ་སྲིད་འཁོར་བ་སྡུག་བསྔལ་གྱི་རང་བཞིན་མཐོང་བའི་མི་བུ་ཞིག་ཡིན་ན་དེ་ངེས་པར་འབྱུང་ནས་རབ་ཏུ་བྱུང་བའི་སྡེ་རུ་བཞུགས་དགོས་པ་ལས་སློབ་གྲྭའི་ནང་བཞུགས་མི་དགོས།
    རབ་ཏུ་བྱུང་བ་བཞུགས་ས་དང་སློབ་གྲྭ་གཉིས་ཁ་ཁ་ཡིན་པས་སོ།
    གལ་ཏེ་དེ་ལ་ཁྱད་པར་མེད་ན་ང་རང་ཚོ་ད་ལྟ་མི་འབོར་མེད་པའི་དཀའ་ངལ་ཞིག་ཡོད་ནི་ཡོད་བདེན་པ་རེད་བྱས་ཙང་དགོན་པ་དགོས་བྱེད་མི་འདུག
    སྔོན་ལ་དེ་ཙམ་ཡིན་རྗེས་སུ་རིམ་བཞིན་ཡིན་ཏ།

    Reply
  16. ཕ་ལམ་ནག་པོ། says:
    ལོ་ 16 སྔོན།

    མིག་གསུམ་པ།
    སེམས་ཁྲལ་མ་བྱེད།གྲྭབ་བློ་བཟང་རྒྱལ་མཚན་ནི་བོད་ཡིག་སྡེ་ཚན་གྱི་འགན་འཛིན་ཡིན་པ་མ་གཏོགས་་མཐོ་སློབ་ཀྱི་སློབ་སྤྱིའམ་འགན་འཛིན་མིན་པས།ྲ་་མཐོ་སློབ་ད
    ེ་
    འཇིག་རྟེན་མི་ཆོས་ཀྱི་བགྲོད་ལམ་ལ་ཏག་ཏག་བསྐྱོད་ཐུབ་པའི་ཡིད་ཆེས་ཡོད།

    Reply
  17. མིག་གསུམ་པ། says:
    ལོ་ 16 སྔོན།

    སྤྱིར་མཐོ་རིམ་སློབ་གྲྭ་འདིའི་དམིགས་དོན་ལེགས་འགྲུབ་ཡོང་བའི་སྨོན་འདུན་དང་། ནང་སྒོས་རྒན་ཨ་འཇམ་གྱིས་སྒྱུ་རྩལ་རྩོམ་རིག་གི་སྒོ་འཕར་ཡངས་པོར་ཕྱེས་ཏེ་དེ་གའི་སློབ་ཕྲུག་དག་གི་སེམས་ཁམས་ལ་སྒྱུ་རྩལ་གྱི་ས་བོན་འདེབས་ཐུབ་པའི་ཡིད་ཆེས་ཡོད། ཡིན་ནའང་། མཐོ་སློབ་དེའི་འགན་འཛིན་གྲྭ་བ་ཞིག་ཡིན་པ་དེས་འཇིག་རྟེན་མི་ཆོས་ཀྱི་བགྲོད་ལམ་ལ་ཏག་ཏག་ཅིག་འགྲོ་ཐུབ་ཀྱི་ཨེ་ཡོད་སྙམ་ཀི

    གཞན་བཤད་རྒྱུ་ཞིག་ལ། སློབ་གྲྭ་འདི་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་རེ་བ་དང་ཡིད་ཆེས་བཅོལ་ས་ཡིན་པས་བློ་འགྱོད་མེད་པ་ཞིག་གི་འཕེལ་རྒྱས་ཀྱི་ངོ་བོར་ངེས་པར་དུ་གནས་དགོས། སློབ་གྲྭའི་སློབ་གསོའི་ཁ་ཕྱོགས་མ་ནོར་བ་ཞིག་དང་རེ་བ་ཡོད་པ་ཞིག་བཟོ་རྒྱུ་ནི་སློབ་གྲྭ་དེའི་འགན་འཛིན་དང་དགེ་ལས་ཡོངས་ལ་རེག་ལས་པས་འཐུས་ཤོར་དུ་མི་འགྲོ་བར་སྨོན། མ་འོངས་པའི་སློབ་གྲྭ། མ་འོངས་པའི་ཤེས་ཡོན་གྱི་བསྟི་གནས། རྒྱལ་གྱུར་ཅིག

    Reply
  18. མིག་གསུམ་པ། says:
    ལོ་ 16 སྔོན།

    སྤྱིར་མཐོ་རིམ་སློབ་གྲྭ་འདི་འཛུགས་དགོས་པའི་དམིགས་དོན་ལེགས་འགྲུབ་ཡོང་བའི་སྨོན་འདུན་དང་། ནང་སྒོས་སུ་རྒན་ཨ་འཇམ་གྱིས་རྩོམ་རིག་སྒྱུ་རྩལ་གྱི་ལམ་ཁ་ཡངས་པོར་ཕྱེས་ཏེ་དེ་གའི་སློབ་ཕྲུག་ཚོའི་སེམས་ཁམས་ལ་སྒྱུ་རྩལ་རྩོམ་རིག་གི་ས་བོན་འདེབས་ཐུབ་པའི་ཡིད་ཆེས་ཀྱང་ཡོད། ཡིན་ནའང་། མཐོ་རིམ་སློབ་གྲྭ་དེའི་འགན་འཛིན་གྲྭ་བ་ཞིག་ཡིན་པ་དེས་འཇིག་རྟེན་མི་ཆོས་ཀྱི་་བགྲོད་ལམ་ལ་ཏག་ཏག་ཅིག་འགྲོ་ཐུབ་ཀྱི་ཨེ་ཡོད་སྙམ་པའི་ཚོར་སྣང་ཞིག་སླེབས་སོང་། གྲྭ་བ་ཞིག་ཡིན་ན་དམ་པ་ལྷ་ཆོས་ཀྱི་ཁོར་ཡུག་དེ་རུ་རང་ཉིད་ལ་མཚམས་པའི་ལོངས་སྤྱོད་ཅིག་ལ་འབད་ཚེ་རབ་ཏུ་བྱུང་བའི་དམིགས་དོན་ཡང་འགྲུབ་པ་རེད་འདོད་ཀི གང་ལྟར་འཇིག་རྟེན་མི་ཆོས་ཀྱི་ལམ་ཁ་འདིར་རང་ཉིད་དང་མི་འོས་པའི་བྱ་བ་སྣ་ཚོགས་ཤིག་ཡོད་པས་དེ་དག་དང་རྒྱབ་འགལ་དུ་བྱ་མི་རུང་བར་སྙམ་མོ། གཞན། བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་་སློབ་རིམ་སློབ་གྲྭ་འདིར་རེ་བ་དང་ཡིད་ཆེས་བཅོལ་ནས་མིག་ཟུང་ཅེར་གྱིས་བལྟས་ཡོད་པ་རེད། མ་འོངས་པའི་མཐོ་རིམ་སློབ་གྲྭ། མ་འོངས་པའི་ཤེས་ཡོན་བསྟི་གནས། རྒྱལ་གྱུར་ཅིག

    Reply
  19. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ཧ་ཧ། གྲྭ་བཙུན་ལ་མཐོང་ཆུང་གི་སྐད་ཆ་རང་རེད། སྤྱི་ཚོགས་ནང་ཤེས་ཡོན་གྱི་ཞབས་འདེགས་ཞུས་ཏེ་ཁ་ཡོད་ལག་ཡོད་ཀྱི་གཞན་ཕན་བསྒྲུབས་ཀྱང་སངས་རྒྱས་ཀྱི་བསྟན་པའི་མཚན་སྙན་ཉམས་འགྲོ་ཡི་འདུག
    དྲ་གྲགས་གཅེན་པོའི་མིང་ཅན་སྙིང་རྗེ། སངས་རྒྱས་ཀྱི་ཆོས་ཚུལ་མི་ཤེས་པ་ཁོ་ནས་ལན་འདུག

    Reply
  20. གཅེན་པོ། says:
    ལོ་ 16 སྔོན།

    ཡང་འགན་འཛིན་སེར་མོ་བ་རེད་འདུག
    འདི་དགོན་པ་གྲྭ་ཚང་ཞིག་རེད་དམ་སློབ་གྲྭ་ཞིག་རེད།
    བོད་ཀྱི་སེར་མོ་བས་སྤྱི་ཚོགས་ཐོགས་ཉ་ཉུང་བསྲེས་ཡོང་དུས་མི་བདེ་བ་ཞིག་འདུག
    མཁན་པོའམ་དགེ་བཤེས་ཞིག་ཡིན་ན་གཙོ་བོ་དགོན་པ་གྲྭ་ཚང་ནང་ནས་གྲྭ་བཙུན་ཐོག་ལ་ཆོས་འཁྲིད་དང་བཞུགས་གནས་དགོན་པ་རང་དུ་བཞུགས་ནས་དང་ལྡན་ཆོས་ཞུ་བ་རྣམས་ལ་དགོན་པ་རང་ནས་ཆོས་ཀྱི་བདུད་བརྩི་སྦྱིན་ན་ཡག་པོ་འདུག
    དེ་མིན་སེར་མོ་བ་ཞིག་གིས་སྐྱ་བོའི་ལས་དོན་ཐོག་དང་ཆབ་སྲིད་ཐོག་ལ་ལག་པ་འཆང་དུས་ནང་པ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཀྱི་མཚན་སྙན་ཉམས་འགྲོ་གི་འདུག

    Reply
  21. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    མཐོ་སློབ་དེ་རྒྱ་གར་གཞུང་ལ་དེབ་སྐྱེལ་ཡོད་པའི་ཚོགས་པ་དེ་འདྲ་མིན་སྟབས། ཕྱག་འཁྱེར་ཚད་ལྡན་ཞིག་དང་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པ་ཞིག་ཁག་པོ་ཡིན་ན། སློབ་གཉེར་བ་ཚོའི་འབྱུང་འགྱུར་མདུན་ལམ་ཡང་ཁག་པོ་རེད། དེང་སང་ཚོགས་པ་ག་བར་ཡིན་ནའང་ལས་ཀའི་འཇུག་སྒོ་ལག་འཁྱེར་རེད་འདུག
    ཞར་བྱུང་དུ་བཀའ་དྲི་ཞུ་རྒྱུར་སློབ་གྲྭ་དེའི་མིང་ཇི་ལྟར་ཐོགས་དང་། སུ་ཞིག་གིས་བཏགས་པ། འཛིན་སྐྱོང་སུ་ཞིག་གིས་བྱེད་པ་སོགས་ཞིབ་ཕྲ་ཞིག་གསུངས་རོགས།

    Reply
  22. མཐའ་མཚམས་ཀྱི་ཕོ་ཉ། says:
    ལོ་ 16 སྔོན།

    དངོས་གནས་སློབ་ཕྲུག་འདི་ཚོ་སྐལ་པ་བཟང་པོ་རེད།
    བོད་ནས་གསར་དུ་ཕེབས་ནས་འཛིན་གྲྭ་བཅུ་གཉིས་ཀྱི་ལག་ཁྱེར་མེད་མཁན་ཚོ་བོད་ཡིག་གི་ཤེས་ཚད་ཡག་པོ་ཡོད་པའི་དབང་དུ་བཏང་ཡང་སྔོན་བཞིན་གསར་འབྱོར་ཚོའི་སྐལ་བཅད་འདུག་ག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese