རྒྱ་རིགས་ཁ་གཏད་ཚོགས་པ་གསར་འཛུགས་བྱས་མཁན་ཝོ་ཡེ་ལཱོང་བཙོན་ཁང་དུ་མི་ལོ་ ༡༡ བསྡད་རྗེས། ཟླ་འདིའི་ཚེས ༡༣ ཉིན་གློད་གྲོལ་ཐོབ་ཡོད་འདུག ཝོ་ཡེ་ལཱོང་ནི། ཕྱི་ལོ་ ༡༩༩༨ ལོར་རྒྱ་ནག་མང་གཙོ་ཚོགས་པ་རྩ་འཛུགས་བྱེད་མཁན་གྱི་མི་སྣ་འཛིན་བཟུང་བྱས་པའི་ཁྲོད་ཀྱི་གཅིག་ཡིན་ལ། ཚོགས་པ་དེ་བཙུགས་ཏེ་ཟླ་བ་དྲུག་གི་རྗེས་སུ་ཚོགས་པ་འཛུགས་མཁན་རྣམས་ལ་སྲིད་གཞུང་མགོ་རྟིང་སློག་པའི་ཉེས་མིང་འོག་བཀག་ཉར་བྱས་ཏེ། ཁོང་ཅག་མང་ཆེ་བར་ལོ་ ༡༣ ཡས་མས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག
རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་གནས་ཚུལ་སྤེལ་གསལ་ལྟར་ན། རང་ལོ་ ༤༣ སོན་པ་ཝོ་ཡེ་ལཱོང་གློད་གྲོལ་ཐོབ་སྐབས། ཁོང་གི་སེམས་ཁམས་དང་གཟུགས་གཞི་བདེ་ཐང་ཡིན་ལུགས་དང་། ཁོང་འཛིན་བཟུང་བྱས་སྐབས་ཀྲི་ཅཱང་གཙུག་ལག་སློབ་གྲྭ་ Zhejiang University ནང་ཞིབ་འཇུག་སློབ་མའི་གནས་རིམ་སྟེང་རྩོམ་རིག་སྐོར་ལ་སློབ་གཉེར་བྱེད་ཀྱིན་ཡོད་འདུག
རྒྱ་ནག་ནང་དབང་འཛིན་དམར་ཕྱོགས་ཚོགས་པ་གཅིག་པོ་ལས་གཞན། ཁ་གཏད་ཚོགས་པ་དང་ཕྱོགས་འགལ་ཚོགས་པ་རྩ་འཛུགས་ཆོག་མཆན་མེད་ལ། རྒྱ་ནག་སྲིད་གཞུང་གིས་ངོས་ལེན་ཐོབ་པའི་ཆབ་སྲིད་ཚོགས་པ་ཆུང་ཆུང་བརྒྱད་ཡོད་པ་རྣམས་ཀྱང་། གཞུང་གི་སྟངས་འཛིན་ལས་བརྒལ་ཆོག་གི་མེད།
གསར་འགོད་པ། བནྡེ་སྐྱབས།