མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་བོད་མི་མང་སྤྱི་འཐུས་ནང་འདུག་འདོད་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༦ དང་ཕྱེད་ཀའི་ཐོག་ངྷ་སའི་ན་གཞོན་དང་བླངས་རུ་ཁག་གི་གོ་སྒྲིག་འོག བཞུགས་སྒར་བོད་གཞུང་ཟློས་གར་ཚོགས་ཁང་དུ་ ༼ སྐབས་བཅོ་ལྔ་བའི་སྤྱི་འཐུས་འོས་གཞི་ངོ་སྤྲོད ༽ ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་གོ་སྒྲིག་ཞུས་ཡོད་ཅིང་། བགྲོ་གླེང་དེའི་སྟེང་ན་གཞོན་དང་བླངས་རུ་ཁག་གིས་བཏོན་པའི་ཆོལ་ཁ་རིས་མེད་ཀྱི་སྤྱི་འཐུས་འོས་མི་ཁག་ཅིག་གདན་འདྲེན་ཞུས་ཏེ་གཏམ་བཤད་གནང་ཡོད་ཅིང་། དེ་དག་ཁྲོད་སྤྱི་འཐུས་ལས་ཐོག་པ་ ༥ དང་གསར་ཞུགས་པ་ ༦ བཅས་ཡོད། སྐབས་དེར་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་དང་བླངས་རུ་ཁག་གི་ལས་དོན་བྱེད་ཕྱོགས་དང་བགྲོ་གླེང་ངོ་སྤྲོད་གནང་རྗེས། གཏམ་བཤད་པ་དག་གིས་དུས་ཡུན་སྐར་མ་དྲུག་རེར་འདས་པའི་ཉམས་མྱོང་དང་། མ་འོངས་པའི་ལས་འཆར་ཐོག་གསུང་བཤད་གནང་ཡོད། ཐེངས་འདིའི་བགྲོ་གླེང་ཐོག་མང་ཚོགས་ཧ་ཅང་མང་པོ་འདུ་འཛོམས་བྱུང་ཡོད་ཅིང་། གཏམ་བཤད་པ་རྣམས་དང་དྲི་བ་དྲིས་ལན་ཡང་ཡུན་རིང་བྱས་ཡོད།   

 

དེའི་རྗེས་ནོར་གླིང་མཐོ་སློབ་ཀྱི་འགན་འཛིན་སྒྲོལ་དཀར་སྐྱབས་ལགས་ཀྱིས་གཏམ་བཤད་གནང་དོན། སྐབས་བཅུ་བཞི་བའི་བཀའ་ཤག་དང་། སྐབས་བཅོ་ལྔ་བའི་སྤྱི་འཐུས་གཉིས་ཀྱི་ལས་འགན་གལ་ཆེ་ཤོས་དེ་གང་རེད་ཟེར་ན། ད་ཆར་བཙན་བྱོལ་སྤྱི་ཚོགས་ཀྱི་སྒྲོམ་གཞི་འདི་འཐོར་བཞིན་ཡོད་སྟབས། འདི་མ་འཐོར་བ་ཞིག་བཟོ་རྒྱུ་གལ་ཆེན་པོ་རེད། ཐོག་མ་བོད་ནས་འབྱོར་བའི་རིགས་ལ་གཞུང་གིས་ས་ཆ་དང་། ཁང་པ་སོགས་ཀྱི་མཐུན་འགྱུར་ཞུས་ཡོད་ཀྱང་། ད་ཆར་དེ་འདྲ་ཡོད་པ་མ་རེད། ང་རང་གི་བསམ་པར་བོད་ནས་གསར་དུ་ཕེབས་མཁན་ཚོ་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་གཏོང་བ་དང་། དེ་བཞིན་༧གོང་ས་མཆོག་གི་བཞུགས་གནས་ཕོ་བྲང་ཞིག་ཀྱང་གསར་རྒྱག་བྱས་པ་ཡིན་ན། བོད་མི་ཚོ་གནས་པ་མ་ཟད། ཡུལ་སྐོར་སྤྲོ་འཆམ་པ་ཡོང་བ་དང་། ཁྲོམ་རྭ་སོགས་ཚོང་ལས་ཀྱི་ལྟེ་གནས་ཀྱང་རང་བཞིན་གྱིས་ཆགས་འགྲོ་བ་རེད། ཅེས་གསུངས་སོང་།

 

དབུས་གཙང་སྤྱི་འཐུས་ལས་ཐོག་པ་ཀརྨ་ཡེ་ཤེས་ལགས་ཀྱིས་གཏམ་བཤད་གནང་དོན། ང་ལ་མཚོན་ན་རྒྱ་གར་ནང་སྐྱེས་བ་ཞིག་ཡིན་སྟབས། བོད་ནང་མིག་གིས་མཐོང་ཡོད་པ་མ་རེད། འོན་ཀྱང་སོ་སོས་ཆུང་དུས་ནས་བོད་ཟེར་བ་དེ་སེམས་ལ་དམ་པོར་བཟུང་ཡོད། སོ་སོ་བོད་པ་ཡིན་པ་དང་བོད་དོན་ལ་ལས་ཀ་བྱ་དགོས་པ་སེམས་ལ་ཉར་ཡོད། རྒྱུ་མཚན་འདིའི་དབང་གིས་འཛིན་གྲྭ་བརྒྱད་པ་ནས་གཞོན་ནུ་ལྷན་ཚོགས་ནང་ཞུགས་པ་ཡིན། ང་ཚོ་འདིར་ཡོང་དོན་རྒྱ་གར་ནང་གཞིས་ཆགས་སུ་ཡོང་བ་མ་ཡིན་པར། བོད་པའི་རང་དབང་འཐབ་རྩོད་དུ་ཡོང་བ་ཞིག་ཆགས་ཡོད། བོད་མིའི་རང་དབང་འཐབ་རྩོད་ཐད་གྲོས་ཚོགས་འདི་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ལ། ང་གྲོས་ཚོགས་ནང་བསྡད་པའི་རིང་ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་འཐེན་སྤངས་པ་ཡིན་ལ། མ་འོངས་པར་ཡང་ཐོག་མའི་དམ་བཅའ་ལྟར་ལས་ཀ་བྱ་རྒྱུའི་སྤོབས་པ་ཡོད། ཅེས་གསུངས་སོང་།

 

མདོ་སྟོད་སྤྱི་འཐུས་འོས་མི་ངག་དབང་འོད་འབར་ལགས་ཀྱིས་གཏམ་བཤད་གནང་དོན། ང་རང་གིས་འདས་པའི་ལོ་དྲུག་རིང་དགུ་བཅུ་གསུམ་གྱི་ཚོགས་གཙོའི་ལས་ཀ་བྱས་ཏེ། གང་ལ་གང་འཚམ་གྱི་གྲུབ་འབྲས་ཡག་པོ་ཐོབ་ཡོད་པའི་བསམ་ཚུལ་འཛིན་གྱི་ཡོད། གལ་སྲིད་ང་སྤྱི་འཐུས་ནང་སླེབས་པ་ཡིན་ན། དམིགས་ཡུལ་གཉིས་ཀྱི་ཐོག་ལ་ལས་ཀ་བྱ་ཐུབ་གི་རེད་བསམ་ཡོད། དང་པོ། བོད་ནང་དང་རྒྱ་ནག་ནང་ལ་འབྲེལ་བ་གང་འཚམ་ཡོད་སྟབས། མ་འོངས་པར་བོད་ནང་གི་དངོས་ཡོད་གནས་ཚུལ་མཁོ་སྒྲུབ་དང་། བོད་ཕྱི་ནང་བར་གྱི་འབྲེལ་ལམ་ཐོག་གང་འཚམ་བྱ་བ་བསྒྲུབ་ཐུབ་གི་རེད་བསམ་ཡོད། གཉིས་པ། ང་རང་སྔོན་མ་དགེ་རྒན་ལོ་མང་བྱས་མྱོང་སྟབས་བཙན་བྱོལ་བོད་མིའི་ཤེས་ཡོན་ཐོག་ནུས་པ་ཞིག་འདོན་ཐུབ་གི་རེད་བསམ་ཡོད། སྔར་ལྷ་སར་ཡོད་སྐབས་ནས་རྡོག་རྩ་གཅིག་སྒྲིལ་ཐོག་དམ་བཅའ་བརྟན་པོ་ཡོད་ལ་མ་འོངས་པར་ཡང་དེ་ལྟར་ཡིན། ཞེས་གསུངས་སོང་།

 

དེའི་རྗེས་མདོ་སྟོད་སྤྱི་འཐུས་ལས་ཐོག་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གཏམ་བཤད་གནང་དོན། ང་རང་ ༡༩༩༩ ལོར་རྒྱ་གར་དུ་ཡོང་སྟེ་བདེ་སྲུང་བོད་གནས་ཉམས་ཞིབ་ནང་ལོ་ ༦ རིང་ལས་ཀ་བྱས་པ་ཡིན། ང་རྒྱ་གར་ལ་སླེབས་མ་ཐག་ལས་ཀ་རག་པ་དེས་རྒྱ་ནག་ལ་བརྡ་ལན་གསལ་བོ་ཞིག་བསྟན་ཡོད། ༢༠༠༦ ལོ་ནས་སྤྱི་འཐུས་ནང་སླེབས་པ་རེད། སྔོན་མ་ང་རང་གིས་རྒྱ་ནག་ནང་ལས་ཀ་བྱས་པ་དང་། བཙན་བྱོལ་ལ་འབྱོར་མ་ཐག་བོད་གཞུང་གི་ལས་ཀ་བྱས་པ། དེ་བཞིན་སྤྱི་འཐུས་ནང་ལོ་ལྔའི་རིང་ལས་ཀ་བྱས་པ་བཅས་ཀྱི་ཉམས་མྱོང་ཐོག རྒྱ་ནག་གི་སྲིད་ཇུས་ལ་བལྟས་ཏེ་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་འཛིན་སྟངས་ཐོག གང་ལ་གང་འཚམ་ཞབས་ཞུ་བསྒྲུབ་ཐུབ་པའི་གདེང་ཚོད་ཅིག་ཡོང་གི་འདུག རྒྱ་ནག་གཞུང་དང་གསར་ལམ་ཁག་ཏུ་བོད་ཀྱི་གནས་སྟངས་ཐོག་འགྲེལ་བཤད་རྒྱག་སྟངས་སོགས་ལ་བོད་མི་མང་སྤྱི་འཐུས་ཤིག་གི་མིང་ཐོག་ནས་ལས་ཀ་བྱེད་པའི་སྡིངས་ཆ་ཞིག་རག་པ་རེད་ལ། མ་འོངས་པར་ཡང་དབུ་མའི་ལམ་དང་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་རྒྱ་ནག་ལ་འགྲེལ་བཤད་རྒྱག་ཆེད། ང་རང་གིས་བོད་རྒྱ་སྨྱུག་ཚོགས་ཟེར་བའི་སྨྱུ་གུའི་ཚོགས་པ་ཞིག་འཛུགས་འཆར་ཡོད། ཅེས་གསུངས་སོང་།

 

མདོ་སྨད་སྤྱི་འཐུས་འོས་མི་ཚེ་རིང་རྡོ་རྗེ་ལགས་ཀྱིས་གཏམ་བཤད་གནང་དོན། ང་རང་ཆབ་སྲིད་ཀྱི་དཀའ་ངལ་འོག་ ༢༠༠༥ ལོར་རྒྱ་གར་ལ་ཡོང་བ་ཡིན། སྤྱིར་ང་རང་འདིར་ལངས་རྒྱུའི་སྤོབས་པ་མི་འདུག གང་ཡིན་ཟེར་ན་བོད་མི་མང་སྤྱི་འཐུས་ཟེར་བ་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད། ང་རང་བཙན་བྱོལ་དུ་ཡོང་དགོས་དོན་ཡང་རྩ་དོན་ཆེད་ཡིན་ལ། མ་འོངས་པར་ཡང་རྩ་དོན་ཐོག་དཀའ་ལས་རྒྱག་རྒྱུའི་ཆོད་སེམས་ཡོད། དེ་བཞིན་ང་རང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་མང་པོར་སོང་བ་ཡིན། གཞིས་ཆགས་ཁ་ཤས་ཧ་ཅང་སྐྱོ་བོ་རེད་ལ། བོད་ནས་གསར་དུ་ཕེབས་མཁན་ཚོར་ཡང་ས་ཞིང་དང་ཁང་པ་ཡོད་པ་མ་རེད། གལ་སྲིད་ང་སྤྱི་འཐུས་ནང་སླེབས་པ་ཡིན་ན། སྤྱི་ཚོགས་ནང་གི་དཀའ་ངལ་འདི་རིགས་གཞུང་ལ་འཁྱོལ་ཐུབ་པ་བྱ་རྒྱུ་ཡིན། ཞེས་བརྗོད་བྱུང་།

 

མདོ་སྨད་སྤྱི་འཐུས་ལས་ཐོག་པ་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་གཏམ་བཤད་གནང་དོན། ལོ་ངོ་བཞིའི་རིང་སྤྱི་འཐུས་ནང་ལས་ཀ་བྱས་པའི་ཉམས་མྱོང་ལ་གཞིགས་ན། སྤྱི་འཐུས་གང་ཟག་གཅིག་གཉིས་ཅི་ཙམ་ཡག་པོ་ཡོད་ཀྱང་གྲོས་ཚོགས་ནང་ནུས་པ་འདོན་ཐུབ་ཀྱི་མེད་པ་ཤེས་ཡོད། དེར་བརྟེན། ངས་མང་པོ་ཞིག་བྱ་རྒྱུ་ཡིན་ཟེར་ནས་ཁས་ལེན་རྒྱུ་ཁག་པོ་རེད། འོན་ཀྱང་ང་ལ་འབོད་སྐུལ་ཞིག་ཞུ་རྒྱུ་ཡོད། ང་ཚོ་འདི་ལྟར་འཛོམ་དགོས་པ་དེ་བཙན་བྱོལ་སྤྱི་ཚོགས་ཡར་རྒྱས་ཚགས་ཚུད་ཡོང་ཐབས་དང་། བོད་པའི་བདེན་དོན་འཐབ་རྩོད་ལ་ནུས་པ་འདོན་ཆེད་རེད། མ་འོངས་པར་སྤྱི་ཚོགས་ཀྱིས་འཐུས་མི་སུ་འདྲ་ཞིག་བསྐོས་ཀྱང་། བསྐོས་ཚར་རྗེས་སྣང་མེད་དུ་འཇོག་རྒྱུ་མ་ཡིན་པར་དུས་རྒྱུན་ཞི་དག་བྱས་ཏེ། བཟང་པོར་ངོས་འཛིན་དང་ངན་པར་ཐེར་འདོན་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་བྱུང་།

 

མདོ་སྟོད་སྤྱི་འཐུས་འོས་མི་ལི་ཐང་འཇམ་དབྱངས་བཟོད་པ་ལགས་ཀྱི་གཏམ་བཤད་གནང་དོན། ཚོགས་པ་སྒྲིག་འཛུགས་དང་། རང་འགུལ་དང་བླངས་པ་བརྒྱད་དགུ་ཞིག་གིས་ང་སྤྱི་འཐུས་འོས་མིའི་ནང་བཏོན་འདུག ཁོང་ཚོས་ང་ལ་སྤྱི་འཐུས་འོས་མིར་ལངས་འདོད་ཡོད་མེད་འདྲི་སྐབས། ངས་ལངས་རྒྱུ་ཡིན་ཞེས་ལབ་ཡོད། གལ་སྲིད་གྲོས་ཚོགས་ནང་སླེབས་པ་ཡིན་ན། མ་འོངས་པར་འགྲིག་མིན་གྱི་གནས་ཚུལ་ཅི་ཞིག་བྱུང་ཡང་། མང་ཚོགས་ཀྱི་མགོ་ལ་གཡུག་རྒྱུ་མ་ཡིན་པར་སོ་སོའི་འགན་ལེན་ཁག་འཁུར་བྱ་རྒྱུ་ཡིན། གྲོས་ཚོགས་ནང་ལས་ཀ་བྱེད་སྐབས་ཕྱོགས་སུ་མ་ལྷུང་བ་དང་། གཞན་གྱི་ཟེར་རྗེས་མི་འབྲང་རྒྱུ་གཉིས་ང་རང་གི་དམ་བཅའ་ཡིན། ཞེས་གསུངས་སོང་།

 

དབུས་གཙང་སྤྱི་འཐུས་ལས་ཐོག་པ་ཟླ་བ་ཕུན་སྐྱིད་ལགས་ཀྱི་གཏམ་བཤད་གནང་དོན། ང་རང་ལ་མཚོན་ན་གྲོས་ཚོགས་འཐུས་མི་སྐབས་གཉིས་བྱས་ཚར་བ་ཡིན། ལས་ཡུན་དེའི་རིང་ཉིན་གཅིག་ཀྱང་གྲོས་ཚོགས་ཀྱི་ཚོགས་འདུར་དགོངས་པ་ཞུས་མྱོང་མེད། འོན་ཀྱང་གྲོས་ཚོགས་ལ་བཅར་ཏེ་གྲུབ་འབྲས་འདི་ཡིན་ཟེར་ནས་སྟོན་རྒྱུ་ཡང་མེད། གང་ཡིན་ཟེར་ན་ང་ཚོའི་གནས་བབ་དེ་གཞན་དབང་འོག་ཡོད་སྟབས། གྲོས་ཚོགས་འཐུས་མིས་ཕྱོགས་འགལ་ཚོགས་པའི་ལས་འགན་དང་། གཞུང་འཛིན་ཚོགས་པའི་ལས་འགན་གཉིས་ཀ་འཁུར་དགོས་སྟབས། སྔོན་ཆད་འདི་བྱས་ཡོད་ཟེར་ནས་སྟོན་རྒྱུ་མེད་ལ། མ་འོངས་པར་འདི་བྱ་རྒྱུ་ཡིན་ཟེར་ནས་ཁས་ལེན་ཡང་མེད། ང་ལ་ཡོད་པ་དེ་གང་ཡིན་ཟེར་ན། འདས་པའི་སྐབས་གཉིས་ཀྱི་ལས་ཡུན་རིང་གྲོས་ཚོགས་ཀྱི་ལས་དོན་གང་འདྲ་ཞིག་ཡིན་རུང་། གནད་དོན་གཞིར་བཞག་ཐོག་སྐད་ཆ་བཤད་པ་ལས་ཆོལ་ཁ་ཆོས་ལུགས་གཞིར་བཞག་ཐོག་འཐེན་འཁྱེར་བྱས་པ་སྣེ་གཅིག་ཀྱང་མེད་བཅས་སྤོབས་པ་ཆེན་པོས་བཤད་རྒྱུ་ཡིན། ཞེས་བརྗོད་བྱུང་།

 

དབུས་གཙང་སྤྱི་འཐུས་འོས་མི་ཟླ་སྒྲོན་ཤར་གླིང་ལགས་ཀྱིས་གཏམ་བཤད་གནང་དོན། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་༧གོང་ས་མཆོག་གིས་ང་ཚོར་དམངས་གཙོ་གསོལ་རས་གནང་སྟེ། གྲོས་ཚོགས་ཐོག་མར་དབུ་བརྙེས་པ་རེད། དེ་ནི་ཧ་ཅང་ཡང་དག་པ་ཞིག་དང་དོན་སྙིང་ལྡན་པ་ཞིག་རེད། དེ་བཞིན། ༡༩༩༡ ཟླ་ ༦ ཚེས་ ༡༤ ཉིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་བྱས་པ་རེད། བཙན་བྱོལ་བོད་མིའི་དམངས་གཙོ་འདི་ཡང་དག་པ་ཞིག་རེད་དམ་ཟེར་ན། ཡང་དག་པ་རེད། འོན་ཀྱང་དམངས་གཙོ་ཚད་ལྡན་ཞིག་རེད་དམ་ཟེར་ན། ད་དུང་ཚད་ལྡན་རྩ་བ་ནས་མ་རེད། དམངས་གཙོ་ལ་རང་དབང་དང་མཉམ་དུ་འགན་འཁྲི་ཞིག་ཡོད་ཀྱང་། འདས་པའི་ལོ་ངོ་ལྔ་བཅུའི་རིང་ང་ཚོས་རང་དབང་ལོངས་སུ་སྤྱད་དེ། འགན་འཁྲི་དང་ལེན་བྱས་མི་འདུག མ་འོངས་པར་དམངས་གཙོ་ཚད་ལྡན་པ་ཞིག་མི་འདྲ་ཞིག་གིས་བཟོ་ཐུབ་གི་རེད་དམ་ཟེར་ན། ད་ལྟའི་ན་གཞོན་ཚོས་བཟོ་ཐུབ་གི་རེད་ཟེར་ནས་གདེང་ཚོད་ཆེན་པོས་བཤད་ཐུབ་ཀྱི་ཡོད་ལ། རྒྱུ་མཚན་འདིའི་འོག་ནས་ང་ཡང་སྤྱི་འཐུས་འོས་མིའི་ནང་ལངས་པ་ཡིན། ཞེས་གསུངས་སོང་།

 

མདོ་སྟོད་སྤྱི་འཐུས་ལས་ཐོག་པ་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་གཏམ་བཤད་གནང་དོན། སྔར་ངེད་ཚང་ལ་ནང་མི་ ༡༦ ཙམ་ཡོད་མཁན་ཞིག་ཡིན་ཡང་། བཞི་མ་གཏོགས་གཞན་ཚང་མ་རྒྱ་དམར་གྱི་བཙན་འཛུལ་འོག་བསད་པ་དང་ཤི་བའི་གནས་ཚུལ་བྱུང་འདུག གཉིས་པ་ང་ལ་དྲིན་ཆེན་ཕ་མའི་ངོས་ནས་ཁ་ཆེམས་ཤིག་བཞག་ཡོད། དེར་བརྟེན། ངའི་སེམས་གཏིང་དུ་རྒྱ་དམར་གཞུང་ལ་ཤ་ཁོན་ཡོད་ལ་ཁྲག་ཁོན་ཡང་ཡོད། ངའི་བསམ་བློའི་རྨང་གཞི་འདི་ལ་དུས་ནམ་ཡང་འགྱུར་བ་མེད། ང་བཙན་བྱོལ་ལ་ཐོག་མར་ཡོང་སྐབས་ནས་སྐྱིད་པོ་ཞིག་ཡོད་རྒྱུ་རེད་སྙམ་སྟེ་ཡོང་བ་མིན་ལ། གྲོས་ཚོགས་ནང་ལས་ཀ་བྱས་པའི་རིང་ལ་ཡང་གཞན་གྱི་ཁ་རྗེས་སུ་རྒྱུག་མཁན་ཞིག་མིན། གལ་སྲིད་སྐབས་བཅོ་ལྔ་བའི་སྤྱི་འཐུས་ནང་མི་དམངས་ཀྱིས་གོ་སྐབས་སྤྲད་པ་ཡིན་ན། སོ་སོས་གང་ཐུབ་ཀྱིས་བསམ་བློ་བཏང་སྟེ་ལས་ཀ་བྱ་རྒྱུའི་འཆར་གཞི་ཡོད། ཅེས་གསུངས་སོང་།

 

མདོ་སྨད་སྤྱི་འཐུས་འོས་མི་བསོད་ནམས་རྒྱལ་མཚན་ལགས་ཀྱིས་གཏམ་བཤད་གནང་དོན། ཉེ་སྔོན་ཕྱོགས་འདྲ་མིན་ནས་ཁ་པར་ཡོང་སྟེ་སྤྱི་འཐུས་ནང་ལངས་འདོད་ཡོད་མེད་དྲིས་སོང་། ང་རང་གིས་ལངས་རྒྱུ་ཡིན་ཞེས་ལབ་པ་ཡིན། གང་ཡིན་ཟེར་ན་ངས་ཁ་གཏོད་ས་རྒྱ་ནག་ཡིན། བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་ལངས་རྒྱུའི་ལམ་ཁ་དང་ཐོབ་ཐང་ཡོད་པ་འདིས་རྒྱ་ནག་ལ་རྣམ་འགྱུར་ཞིག་སྟོན་བསམ་པ་ཡིན། གལ་སྲིད་ང་གྲོས་ཚོགས་ནང་སླེབས་པ་ཡིན་ན། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་དེ་འདས་པའི་ལོ་རྒྱུས་ཁྲོད་ཀྱི་བོད་ཕམ་ཉེས་སུ་གཏོང་མཁན་གཙོ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འདས་པའི་ལོ་རྒྱུས་ནང་དང་ད་ལྟའི་གནས་བབ་གཉིས་བསྡུར་ཏེ། དེབ་ཀྱི་ནང་བཀོད་ཡོད་པ་དང་། སྤྱི་ཚོགས་ཀྱི་གནས་སྟངས་དངོས་གཉིས་བསྡུར་ཏེ་བསམ་འཆར་ཁ་ཤས་འབུལ་ཐུབ་གི་རེད་བསམ་ཡོད། ཅེས་གསུངས་སོང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༥ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 29

  1. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    འོན་ཀྱང་ཁྲིམས་ལ་མི་བརྩི་མཁན་ཞིག་ཁྲིམས་བཟོ་ལྷན་ཚོགས་ནང་སྡོད་ཀྱི་ཡིན་ཟེར་ན་གད་མོ་ཤོར་ཡ་རང་རེད། མ་གཞི་ནས་ཁྲིམས་ལ་མ་བརྩིས་ན་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མེད་པ་བཟོ་ཡི་མ་རེད་དམ། སྔོན་མ་དུས་བབ་དང་བྱ་དུར་ཁ་མཆུ་ཐུག་སྐབས། ཁྲིམས་ཁང་གིས་དགེ་འདུན་རབ་གསལ་ལ། གལ་སྲིད་ང་ཚོའི་བཅད་ཁྲ་ལ་མ་ཉན་ན། ཡུལ་དུས་ཀྱིས་དབང་གིས་འཛིན་བཟུང་དང་བཙོན་འཇུག་སོགས་བྱེད་ཐབས་མེད་ཀྱང༌། དམངས་གཙོའི་ཁེ་དབང་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མེད་པ་ཆགས་ཀྱི་རེད་ཅེས་བཤད་པ་མ་རེད་དམ། ཁྲིམས་ཁང་གི་བཅད་ཁྲ་ལ་མི་བརྩི་མཁན་ཞིག་ཡིན་ན་རྒྱལ་རབས་ཇི་ལྟར་མཁས་ཀྱང༌རུང་། ཕྱོགས་གཞེན་ག་ཚོད་མེད་ཀྱང་རུང་འོས་ཕར་བླུགས་པ་རང་ཉིད་འོས་གཞི་ནང་ཚུར་སྡོད་པ་སོགས་ཆོག་གི་མ་རེད་སྙམ།

    Reply
  2. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    རང་བཙན་ལག་དེབ་ནང་ཕ་ཡུལ་བརྗེ་མོ་བརྒྱབ་པར་སྐྱོན་རང་མི་འདུག དོན་དུ་བོད་སྤྱི་པའི་ལས་ཀ་ཡག་པོ་ལས་ཡོད་ན་འགྲིག་པ་རེད། སྐྱེས་ས་མལ་དྲོ་ཡིན་པ་དང་ཕ་མ་གང་རུང་ཁམས་དང་ཨ་མདོ་ཡིན་ན། ཆོལ་ཁོངས་གང་འགྲོ་རང་དབང་རེད། སྐྱེས་ས་རྒྱ་གར་ཡིན་ཡང་ཕ་ཡུལ་བོད་ག་རེ་ཡིན་ན་གཅིག་ཡིན་དགོས་པ་རེད། དེ་ལ་སྐྱོན་རང་མི་འདུག

    Reply
  3. དབྱར་ཁབ་ཀུན་བཟང། says:
    ལོ་ 15 སྔོན།

    སྤྱི་མཐུས་བརྗོད་གཞི་ལས་དྲངས་ཏེ་<མཁྲིས་ནད་ཅན་ལ་མར་ཁུར་སྟེར་བ>ཟེར་རྒྱུ་ཞིག་གླེང་འདོད་ཡོད།
    ང་ཚོས་ཆོས་རྒྱུད་སྤྱི་མཐུས་ལང་འདོད་མེད་པ་ཞིག་དང་། ཆོས་རྒྱུད་སྤྱི་མཐུས་མི་དགོས་ཟེར་ནས་དགག་བྱ་གནང་མཁན་ཞིག་ཆོས་ལུགས་ཀྱི་སྤྱི་མཐུས་ལ་བསྐོ་བཞག་བྱེད་ན་མཁྲིས་ནད་ཅན་ལ་མར་ཁུར་སྟེར་བ་དང་ཁྱད་ཅི་ཡོད།
    ངས་དེ་རིང་གསལ་བསྒྲགས་ཤིག་གི་ནང་དུ་ས་སྐྱའི་ཆོས་སྒར་དང་། ངོར་མ་དགོན། རྫོང་དཀར་ཆོས་ལྡན། ས་སྐྱའི་མཐོ་སློབ་བཅས་དགོན་སྡེ་ཁག་བཞི་ནས།
    པད་མ་འབྱུང་གནས་དང།
    པད་མ་ནོར་བུ་གཉིས་ལ་དམ་ཕྲུག་ཆེ་ཐག་ཆད་རེ་རྒྱག་ཏེ་དཔལ་ལྡན་ས་སྐྱའི་སྤྱི་མཐུས་ལ་བསྐོ་བཞག་བྱ་རྒྱའི་གཏད་ཁེལ་གནང་འདུག
    དགོན་པ་སོ་སོའི་དམ་ཕྲུག་དེས་དགོན་པ་དེའི་ཁྱབ་ཁོངས་སུ་ཡོད་པའི་གྲྭ་མང་གི་བསམ་བློའི་ཚབ་མཚོན་ཐུབ་ན་དགོན་སྡེ་ཆེ་ཁག་བཞི་ནས་མཐུས་མི་བདམས་ཟིན་པས་གཞན་གྱིས་རྒྱར་སྐྱོར་བྱེད་མི་ལ་མ་ལྟོས་པ་མང་མོས་ཐོག་ནས་བསྐོས་བཞག་བྱེད་པའང་མཚོན་ཐུབ་པས་འོས་ཤོག་བླུག་པའི་ངལ་བ་ཅི་ཞིག་དགོས།
    གལ་ཏེ་ས་སྐྱའི་དགོན་སྡེ་ཁག་བཞིའི་ཡོད་པའི་གྲྭ་མང་རྣམས་མོས་མཐུན་མེད་བཞིན་དུ་དམ་ཕྲུག་དེ་བེད་སྤྱད་བྱས་པ་ཡིན་ན། ལས་སྣེ་རང་གི་དམ་ཕྲུག་བེད་སྤྱད་ལོག་པ་བྱས་པ་དང་།
    དགོས་སོ་སོའི་ཞེན་ཁོག་གི་བསམ་བློ་གསལ་པོ་མངོན་པ་ལས་དོན་སྙིང་ཅི་ཞིག་ཡོད།
    མ་ཟད་མང་གཙོ་ཡང་དག་པའི་ལམ་ལུགས་དང་ཡང་འགལ་འདུག་ལ་དེ་སྔོན་འདི་འདྲ་སུ་གང་གིས་བྱས་མྱོང་མེད་པ་ཞིག་རེད། པད་མ་འབྱུང་ནས་ནི་ཆོས་ལུགས་ཀྱི་སྤྱི་མཐུས་མི་དགོས་ཟེར་མཁན་གྱི་གཏེར་བོ་ཡིན་པ་ཚང་མས་མཁྱེན་གསལ་རེད།
    འདི་ངས་དགོན་སྡེ་ཁག་བཞི་ལ་སྐྱོན་བརྗོད་བྱེད་ཀྱི་མ་ཡིན་ཞིང་། འོན་ཀྱང་ཕྱོགས་རིས་ནད་ཀྱིས་ཟིན་པའི་ལས་སྣེ་འགའ་རེས་ཅི་ཡང་མི་ཤེས་པའི་རྒྱུག་ཁྱི་ཁ་ཤས་དབང་བསྒྱུར་བྱས་ཏེ་དགོན་པ་སྤྱིའི་མིང་ཁྱེར་བ་ལ་ང་མི་དགའ་འི།

    Reply
  4. དབྱངས་སྐྱིད། says:
    ལོ་ 15 སྔོན།

    རྒན་བསོད་ནམས་རྒྱལ་མཚན་འདི་སྔོན་མ་ང་ཚོའི་རྒན་རེད། ཁོང་ལ་རྒྱལ་རབས་ལོ་རྒྱུས་སོིགས་ཡག་པོ་བཤད་རྒྱུ་ཡོད་རེད། རྗེས་སུ་ཡོངས་གླིང་ཟླ་བ་ཚེ་རིང་གི་རྒྱུགས་ཁྱི་གྲས་ཆགས་པ་ནས་ང་ཧ་ལེ་སོང་། དེར་བརྟེན་ཁོ་སྤྱི་འཐུས་ཐོབ་པ་ཡིན་ཚེ་ཡོངས་གླིང་ཟླ་བའི་ངན་རོགས་་གཅིག་མང་དུ་སོང་ནས་བོད་གཞུང་གི་མང་གཙོ་ཡར་རྒྱས་གཏོང་རྒྱུ་ཕར་བཞག མང་གཙོའི་ཀ་བ་གཅིག་སྟེ་ཆེས་མཐོའི་ཁྲིམས་ཞིབ་ཁང་རྩིས་མེད་གཏོང་རྒྱུ་ད་རེད།

    Reply
  5. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    བསོད་ནམས་རྒྱལ་མཚན་ལྟ་བུའི་མི་བུ་སྒེར་སེམས་པ་ཞིག་གི་ཆོལ་ཁ་ཕྱོགས་རིས་ཞེས་བཤད་ན་ད་བཟོད་བོད་མི་རྣམས་བཙན་བྱོལ་དུ་སྡོད་དགོས་རྒྱུ་མ་རེད།

    Reply
  6. སྲིན་འབུ་མེ་ཁྱེར says:
    ལོ་ 15 སྔོན།

    མདོ་སྨད་སྤྱི་འཐུས་འོས་མི་བསོད་ནམས་རྒྱལ་མཚན་ལགས་ནི་དངོས་གནས་མི་དྲང་པོ་ཞིག་ཡིན་ལ་བསམ་ཤེས་མཁས་པ་དང་། བོད་ཀྱི་ལོ་རྒྱུས་དང་ཆབ་སྲིད་སོགས་གང་ཅིའི་ཐོག་མཁས་པ་ཡིན་པས། ཁོང་ནི་དངོས་གནས་བཙལ་ཀྱང་རེག་དཀའ་བའི་འཇོན་ལྡན་ཞིན་ཡིན

    Reply
  7. ནཱ་གྷཱ་རཀྵ། says:
    ལོ་ 15 སྔོན།

    འདིའི་ནང་གི་མི་ཁ་ཤས་ངོ་ཤེས་ཀྱི་འདུག ཡིན་ན་ཡང་ངེས་བར་དུ་འོས་ཤོག་ཐོབ་དགོས་ས་ཞིག་ཡོད་པ་དེ་སྒྲོལ་དཀར་སྐྱབས་ལགས་ཡིན། གལ་སྲིད་ཁྱོད་ཀྱིས་སྒྲོལ་དཀར་སྐྱབས་ལགས་ཀྱི་བཙོན་སྐྱོད་ཟིན་ཐོ་བཀླགས་ཡོད་ན་དེ་འདྲར་བསམ་ངེས་ཡིན། མདོ་སྨད་མི་མང་གི་འཐུས་ཚབ་བྱེད་འོས་པའི་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་དང་བསོད་ནམས་རྒྱལ་མཚན་གཉིས་རེད། བསྟན་འཛིན་བརྩོན་འགྲུས་དང་ངག་དབང་འོད་འབར་གཉིས་ནི་སྤྱི་འཐུས་བྱེད་པ་ལས་དྭངས་བླངས་ལས་འགུལ་སྤེལ་མཁན་བྱས་ན་ཡག་ག་འདུག ཁོ་རང་གཉིས་ཀྱི་གཏམ་གཤད་མང་པོ་གོ་མྱོང་ཡོད། ཁོ་རང་གཉིས་མི་མང་གི་སྣེ་ཁྲིད་བྱེད་ཐུབ་མཁན་རེད་དེ་བསམ་བློའི་སྣེ་ཁྲིད་ཐུབ་མཁན་རེད་བསམ་མ་སོང་།

    Reply
  8. ཐུབ་བསྟན་ལེགས་བཤད། says:
    ལོ་ 15 སྔོན།

    ངག་དབང་འོད་འབར་ཟེར་བ་དེ་སྔོན་མ་མལ་གྲོ་གུང་དཀར་ནས་ཡིན་ཟེར་གྱི་ཡོང་རེད། ལོ་ཤས་སྔོན་ནས་བཟུང་རྒྱ་རི་སྒྲོལ་མས་ཁྱོད་རང་མདོ་སྟོད་ནང་ཤོག་དང་སྤྱི་འཐུས་ ཐོབ་པ་ལ་རོགས་པ་བྱ་རྒྱུ་ཡིན་ཞེས་བཤད་ཡོད་རེད། དེ་རྗེས་ཁོའི་རང་དབང་ལག་དེབ་ནང་གི་མལ་གྲོ་གུང་དཀར་དེ་སྒ་པ་ལ་བསྒྱུར་བ་མ་ཟད། ཕུ་པ་དཔོན་ཅན་གྱི་འོས་གཞི་ནང་ལའང་བཀྲམས་ཡོད་རེད། དབུས་གཙང་ནང་ད་བར་གསར་འབྱོར་ལ་འོས་ཐོབ་རྒྱུའི་ལམ་ཁ་མེད་ཙང་གོ་སྐབས་བཟུང་བ་ རེད། ཚང་མས་གཟབ་གཟབ་གནང་དགོས།

    Reply
  9. དུག་མདའ། says:
    ལོ་ 15 སྔོན།

    རྨོག་རི་བསྟན་པའི་ཨུ་ཚུགས་ལ་སུས་ཀྱང་དོ་ཟླ་མེད་པས་ཁོ་སྤྱི་འཐུས་ལ་སླེབས་པའི་ཉིན་མོ་ནས་སྤྱི་འཐུས་ཡོངས་དང་བཀའ་བློན་ཚོ། ཐ་ན་༧ གོང་ས་མཆོག་ནས་ཀྱང་ཁོའི་དགོངས་ཚུལ་ལ་བསྟུན་ཅི་ཐུབ་བྱེད་རྒྱུ་གལ་ཆེན་པོ་རེད། ད་ལྟར་མ་བྱས་ཚེ་གྲོས་ཚོགས་འདི་དམག་ཆེན་གསུམ་པའི་གཡུལ་ས་ཞིག་ཆགས་རྒྱུ་ཡིན་པ་ངས་དཀོན་མཆོག་དཔང་དུ་བཙུགས་ནས་མནའ་བསྐྱལ་ཐུབ།

    Reply
  10. ཨ་ཕོ་མཐུ་ཆེན། says:
    ལོ་ 15 སྔོན།

    སྤྱི་འཐུས་ལས་ཐོག་པ་དེ་ཚོས་བཏང་གི་ཡིན། འཇུག་གི་ཡིན་ཟེར་ནས་ལོ་སྔ་འདས་སོང་བ་རེད། ག་རེ་བཏང་ཡོད་དང་ག་རེ་འཇུག་ཡོད་བཤད་དགོས་པ་ལས་བཏང་གི་ཡིན། འཇུག་གི་ཡིན་ཟེར་ཡག་གི་དུས་ཚོད་རྫོགས་་ཚར་རེད། མ་འཇོན་ན་བཞག་ན་ཡག་གི་རེད།

    བོད་རྒྱ་སྨྱུག་ཚོགས་ཟེར་བའི་སྨྱུ་གུའི་ཚོགས་པ་ཞིག་འཛུགས་འཆར་ཡོད། ཟེར་བ་དང་། ཤ་འཁོན་ཡོད། རུས་འཁོན་ཡོད་ཟེར་བ་ཚང་མ་སྟོང་ལབ་རེད།

    Reply
  11. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ནོར་གླིང་སྒྲོལ་དཀར་སྐྱབས་དང་མི་ལོ་བཞི་ཙམ་ལ་འགྲོགས་ཤིང་འདྲིས་པའི་རྒན་བསོད་ནམས་རྒྱལ་མཚན་གཉིས་ངས་མདོ་སྨད་སྤྱི་འཐུས་ཀྱི་འོས་མིར་འོས་ཤོག་ལྡུག་གི་ཡིན།
    གཞན་རིང་རྡོ་རྗེ་ལགས་ལ་ཆ་རྒྱུས་མེད་པས་རང་ལ་ཆ་མེད་རྒྱུས་མེད་ཀྱི་མི་ཞིག་འོས་ལྡུག་པ་ནི་དོན་དང་ལྡན་ཞིག་མིན་པར་སྙམ། དེ་བས་ཚེ་རིང་རྡོ་རྗེ་ལགས་ལ་དགོངས་དག་ཞུ།

    Reply
  12. བློ་བཟང་གྲགས་པ says:
    ལོ་ 15 སྔོན།

    ད་ཐེངས་འོས་བསྡུ་འདིའི་ཐོག་བཙན་བྱོལ་བོད་མི་ཚོས་དམིགས་བསལ་གྱིས་དོ་སྣང་གནང་པ་དང་བཀའ་བློན་དང་སྤྱི་འཐུས་སྡོད་འདོད་ཡོད་མཁན་དང་མི་དམངས་དང་ཚོགས་པ་ཁག་གིས་འདེམས་ཐོན་བྱུང་པ་དེ་དག་ཀྱང་སྔོན་དང་མི་འདྲ་པ་ཤེས་འཇོན་དང་ཉམས་མྱོང་ཡོད་མཁན་འབའ་ཞིག་ཡིན་ལགས་ན། དངོས་གནས་སྤྲོ་སེམས་སྐྱེས། ཚང་མ་ལ་བཀྲིས་བདེ་ལེགས་ཞུ

    Reply
  13. Ngawang Norbu says:
    ལོ་ 15 སྔོན།

    ༄། །ད་ང་ཚོ་དངོས་གནས་དམངས་གཙོ་ཡང་དག་པའི་ལམ་ལ་འགྲོ་ངོ་མ་རེད། ས྄ྨྲ་བར྄ྗོད་ཀྱི་རང་དབང་བེད་དཔྱོད་ཀྱི་གང་བྱུང་མང་བྱུང་ལབ་ཀྱིན་འདུག ཧ་ཧ་ཧ་ བལ྄ྟས་མོ་ཆེན་པོ་འདུག །

    Reply
  14. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    སྤྱིར་བཏང་ཚང་མས་བོད་སྤྱི་བའི་ལས་དོན་སྒྲུབ་དགོས་་བསམ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་པས་ཚང་མ་ལ་བཀྲཤིས་་བདེ་ལེགས་ཞུ། ལྷག་པར་ངོ་ཤེས་སྒྲོལ་དཀར་སྐྱབས་དང་བསོད་ནམས་རྒྱལ་མཚན་གཉིས་ལ་རྟེན་འབྲེལ་དང་འབྲེལ་མཐའ་མའི་རྒྱལ་ཁ་ཐོབ་པའི་སྨོན་འདུན་ཞུ།

    Reply
  15. ཨ་རིའི་བུ། says:
    ལོ་ 15 སྔོན།

    མི་འདི་ཚོ་སྤྱི་འཐུས་ཀྱི་འོས་མིར་ལངས་པ་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཡོད།

    ཕལ་ཆེར་བའི་མིང་གོ་མྱོང་ཙམ་ལས་ངོ་ཤེས་མཁན་ཀརྨ་ཡེ་ཤེས་དང་སྐལ་བཟང་རྒྱལ་མཚན་གཉིས་རེད། ཁོང་གཉིས་ཡག་ཐག་ཆོད་ཅིག་ཡིན་པ་ངས་ཀྱང་ཤེས་ཡོད་ཁྱེད་ཅག་གིས་ཀྱང་ཤེས་འདུག འོན་ཀྱང་རྩོད་རྙོག་ཅན་གསེར་རྟ་ཞིག་སླེབས་འདུག དེ་ཚོ་མར་གཡུགས་ན་ལེགས་ཀི། དེའི་རྗེའི་མདོ་སྨད་བསོད་ནམས་རྒྱལ་མཚན་ཟེར་བ་འདི་སྤྱི་འཐུས་ཀྱི་འོས་མིར་ལངས་ཀྱི་ཡིན་གསུངས་འདུག གོ་ཚོད་ལྟར་ན་ཁོང་ཕྱི་རྒྱལ་དུ་ཡོང་རྒྱུ་གཏན་ཁེལ་འདུག་ཅེས་ཟེར། དེ་ཡིན་ན་དང་པོ་དགོངས་པ་ཞུས་ན་ཡག་གི་བསམ་བྱུང་། དེའི་ཐད་དུ་བདེན་མིན་ཁོང་ལ་འདྲི་རོགས། གཞན་དེའི་ནང་གི་མང་ཆེ་བ་གོ་མྱོང་ལས་མི་ཤེས་ཀི། ཡག་པོ་ཡིན་རྒྱུ་རེད།

    Reply
  16. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    ངོ་མ་བཤད་དཀའ་ཡ། མི་ཁས་ཀྱི་བརྗོད་བཞིན་པ་ནི་བསྟན་འཛིན་བརྩོན་གྲུས་སོགས་ན་གཞོན་རུ་ཁག་གིས་གཞོན་ནུའི་ལས་ཁུར་བ་གང་མང་སྤྱི་འཐུས་སུ་འཇུག་རྒྱུའི་ཐབས་ཇུས་བྱེད་པ་ནི་ངོ་མ་གཞུང་དབུ་མའི་ལམ་མགོ་སྟེང་སློག་སྟེ་རང་བཙན་གཙང་མར་བསྐྱོད་ཐབས་ཀྱི་ཇུས་ངན་བཤམས་བཞིན་པ་རེད་ཟེར་སྨྲོ་ངན་འབོད། ཡང་འགའན་རེས་དེ་འདྲ་མ་རེད་ཁོང་རྣམས་ནི་ཕྱོགས་ལྷུང་བྲལ་བའི་བོད་དོན་འཐབ་རྩོད་པ་ངོ་མ་རེད་ཟེར་བསྟོད་བསྔགས་བྱེད་བཞིན་པས་ཡང་སྙིང་དོན་ངོ་མ་དང་རྩ་དོན་ག་རེ་ལ་བསམ་བཞིན་པ་མིའི་རི་མོ་ནང་ལ་ཡོད་པས་བརྗོད་དཀའ་བར་འདུག།

    Reply
  17. བསང་ཆུ་འབྲུག་བྷེ། says:
    ལོ་ 15 སྔོན།

    ད་རེས་གོང་གི་མི་འདི་དག་གི་ཁྲོད་ན་ང་ལ་ཡིད་ཆེས་འཕེར་འོས་པའི་སྤྱི་འཐུས་ཤིག་མེད། གང་ལྟར་ང་ཚོའི་སྤྱི་ཚོགས་འདི་ད་དངོས་གནས་བཤད་ཤེས་ཀྱི་མི་འདུག ཀརྨ་ཆོས་འཕེལ་ལྟ་བུའི་དེ་འདྲའི་མི་རྣམ་དཔྱོད་དང་ལངས་ཕྱོགས་ཡོད་པ་དེ་ཚོ་གཡུག ཁ་ནང་དུ་སོ་མེད་པའི་པ་སངས་ཚེ་དབང་ལྟ་བུ་ཡར་བསྐོས། རྨོག་རུ་བསྟན་པ་ལྟ་བུའི་གྲྭ་བ་དེ་ཚོ་ཡར་བཞག ཀླུ་མཁར་བྱམས་ལྟ་བུའི་མི་རང་ཚུགས་ཅན་དེ་ཚོ་མར་བཞག ཨོ་རྒྱན་སྟོབས་རྒྱལ་ལྟ་བུའི་མི་ཐབས་ཇུས་ཅན་དེ་ཚོ་ལྷག གངས་ལྷ་མོ་ལྟ་བུའི་མི་ཚོན་ཁྲ་ཅན་དེ་ཚོ་ཡར་ཁྲིད། ད་ནི་ང་རང་བཙན་བྱོལ་སྤྱི་ཚོགས་འདིར་ཁ་མིན་དོན་གྱི་སུན་སོང་།

    Reply
  18. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    རྒན་བསོད་ནམས་རྒྱལ་མཚན་དང༌། ངག་དབང་འོད་འབར་གཉིས་པོ་མི་སྤུས་བཟང་པོ་རེད། ཕྱོགས་རེས་འཐེན་ཁྱེར་མེད་མཁན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། མདོ་སྟོད་སྨད་གཉིས་ཀྱིས་ཁོང་གཉིས་སྤྱི་འཐུས་ལ་འོས་མ་བླུགས་ན་ཞབས་འདྲེན་རེད། ཆོལ་ཁོངས་མི་མང་དེ་ཚོ་ཕྱོགས་རེས་ཅན་ཡིན་པའི་རྟགས་རེད།

    Reply
  19. ལོ་མ་སེར་པོ། says:
    ལོ་ 15 སྔོན།

    རྣམ་པ་ཚོར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། འོན་ཀྱང་དབུས་གཙང་གི་ཁོངས་སུ་སྤྱི་འཐུས་ལངས་མཁན་རྣམས་ནས་དབུས་གཙང་ལ་ཞེན་ཁོག་དགོས་པ་གལ་ཆེན་པོ་རེད། དབུས་གཙང་ལ་ཞེན་ཁོག་མེད་ན་སྤྱི་འཐུས་ཀྱི་འོས་གཞིར་ནང་སྟོན་གྱི་མིན་ཞེས་ཁྱབ་བསྒྲགས་དེ་དབུས་གཙང་སྤྱི་ཁྱབ་རྒྱུན་ལས་ཁང་ནས་བྱས་པ་རེད། ཡིན་ནའང་རྣམ་པ་ཚོ་ཚང་མའི་ངོས་ནས་ཆོལ་ཁ་ལ་ཞེན་ཁོག་དང་ཆོས་ལུགས་ལ་འཐེན་འཁྱེར་བྱེད་ཀྱི་མིན་གསུངས་འདུག་པས་འོས་འཐོབ་ཁ་པོ་མ་རེད་པས།་

    Reply
  20. སྨར་ཡུལ་གྱི་ཁ་བ་དཀར་པོ། says:
    ལོ་ 15 སྔོན།

    བཀྲ་ཤིས་བདེ་ལེགས་ཡོད། ཁྱེད་རྣམས་པ་སེམས་ཤུགས་ཡོད་པ་ཚང་མ་མཁྱེན་གསལ་རེད།

    Reply
  21. རང་རྟོན། says:
    ལོ་ 15 སྔོན།

    སྤྱི་འཐུས་ལ་ཕེབས་འདོད་ཡོད་པའི་མི་དེ་ཚོར་སྐད་ཆ་ཞིག་བཤད་རྒྱུ་ཡོད།གང་ཡིན་ཟེར་ན་རང་ཉིད་ཀྱི་ལུས་སེམས་རང་ཉིད་ལ་མི་དབང་བའི་རིགས་ཡོད་ཚེ།མཐའ་མཇག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་ལ།དེ་མིན་ཕྱི་གསལ་ནང་གསལ་དང་དྲང་བོ་དྲང་བཞག་གིས་མི་མང་ཀྱི་བསམ་ཚུལ་གྲོས་ཚོགས་ལ་ཞུ་ཐུབ་ན་རྒྱབ་སྐྱོར་བྱ་ཡིན།

    Reply
  22. གནས་བ་བསྟན་ནོར་ says:
    ལོ་ 15 སྔོན།

    འདས་པའི་དུས་ཡུན་འགའ་ཞིག་ནས་བོད་ཀྱི་དྲའི་གོང་གསལ་གསར་འགྱུར་ལྟ་བུའི་ནང་ འདུག་འདོད་ ཞེས་པའི་ཚིག་ཞིག་བེད་སྤྱོད་གཏོང་བཞིན་འདུག། དཔེར་ན་ ང་བོད་མི་མང་སྤྱི་འཐུས་ལ་འདུག་འདོད་ཡོད་ཟེར། ཞེས་བཀོད་པའི་ནང་ འདུག་འདོད་ཟེར་བའི་ཚིག་དེ་བོད་ཀྱི་ཡུལ་ལུང་གང་གི་སྐད་རེད་དམ་ཞེས་བཀུར་འོས་རྩོམ་པ་པོར་བཀའ་དྲིས་ཞུ་རྒྱུ་ཡིན། དངོས་གནས་བྱས་ན་ ང་བོད་མི་མང་སྤྱི་འཐུས་ལ་ལངས་འདོད་ཡོད་ཟེར་ན་འགྲིག་གི་མེད་དམ།

    Reply
  23. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    དགེན་བསོད་ནམས་ལགས་ཀྱིས་གསུངས་པར་ཤིན་ཏུ་བདེན། ཆོལ་ཁ་ཆོལ་ལུགས་ཀྱིས་འཐེན་འཁྱེར་ནི་བོད་ཕམ་ཉེས་སུ་གཏོང་མཁན་དང་རྒྱ་དམར་རྒྱལ་བའི་ལག་ཆ་གཙོ་བོ་དེ་རེད། རྡོག་རྩ་གཅིག་ལ་སྒྲིལ་དགོས་པ་ནི་གནད་འགག་དང་ཛ་དྲག་ཆེ་ཤོས་དེ་རེད།

    Reply
  24. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    ཁོ་ཚོ་ལངས་བ་ཙམ་གྱིས་རང་གི་འོས་ཤོག་རྩ་ཆེན་པོ་དེ་འཕེན་ཐུབ་པའི་ངེས་བ་མེད་མོད། རང་འགུལ་གྱི་སྒོ་ནས་མི་མང་གི་མདུན་དུ་བུད་དེ་དམ་བཅའ་དང་འཆར་གཞི་གསལ་འདོན་གྱིས་ཡར་སྤྱི་འཐུས་སུ་ལངས་པ་ཙམ་གྱིས་ཡི་རངས་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན། བཀའ་ཁྲི་ལས་ཀྱང་སྤྱི་འཐུས་སུ་ལངས་རྒྱུ་གལ་ཆེ། འདི་ནི་ད་ནས་བཟུང་མི་མང་གིས་ངོ་མི་ཤེས་པའི་སྤྱི་འཐུས་རྣམས་མཇུག་སྒྲིལ་བ་དང་། མི་མང་གི་མདུན་ལ་བུད་དེ་རང་སེམས་ཀྱི་སྐད་ཆ་རྣལ་མ་དག་བཤད་འདོད་མེད་པར་ཡ་ལེ་ཡངས་འགྲོ་བྱེད་མཁན་གྱི་སྤྱི་འཐུས་སྐབས་འཚོལ་བ་དག་ཀྱང་མཇུག་སྒྲིལ་ལ་ཉེ་བའི་ཡར་རྒྱས་འཐུས་ཚང་གི་རྣམ་པ་ཞིག་ཀྱང་རེད་བསམ། ད་ནས་བཟུང་འུ་ཚོ་མང་ཚོགས་ཀྱིས་ཀྱང་། རྗེས་ཕྱོགས་ཁྱོད་ཀྱིས་ཁས་ལེན་དམ་བཅའ་འདྲི་བྱས་སོང་། འདི་དག་སྒྲུབ་མ་སོང་ཞེས་མཛུབ་མོ་འཛུགས་ས་ཞིག་རྙེད་སོང་བ་རེད། སྤྱི་འཐུས་ 44 པོ་ཚང་མ་མི་མང་གི་མདུན་ལ་བུད་དེ་གདོང་སྟོན་ཐུབ་མཁན་རྐྱང་རྐྱང་ཡོང་ཐུབ་པའི་སྨོན་འདུན་ཡོད།

    Reply
  25. མངའ་རིས་ཕོ་ཉ། says:
    ལོ་ 15 སྔོན།

    སྤྱི་འཐུས་ལས་ཐོག་ལྔ་དང་གསར་པ་དྲུག་ཚང་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད། ཁྱེད་ཅག་གིས་གཏམ་བཤད་གནང་སྤོ་བ་དང་གདེང་ཚོད་ཧ་ཅང་ཆེན་པོ་འདུག་ཡག་པོ་རེད། ཡིན་ནའང་། བོད་ཀྱི་རྩ་དོན་དེ་དང་པོ་རྒྱ་ནག་གཞུང་ལ་འབྲེལ་བ་བྱས་ནས་བོད་རྒྱ་གཉིས་དཀའ་རྙོག་སེལ་དགོས་ཀྱང་གྲོས་ཚོགས་ནང་དེ་རིང་ཁྱེད་ཚོས་མི་དམངས་ལ་གཏམ་བཤད་བྱས་པ་ལྟར་དོན་དག་སྒྲུབ་རྒྱུར་ཁག་པོ་ཡིན། འདས་པའི་གྲོས་ཚོགས་ཀྱི་ཉམས་མྱོང་དང་ད་ལྟའི་བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་ཀྱི་གོ་རྟོགས་ལ་ལྟས་ནས་བཤད་པ་ཡིན།

    Reply
  26. རང་དབང་ཕོ་ཉ། says:
    ལོ་ 15 སྔོན།

    ཟླ་སྒྲོན་འདྲ་པོ་བོད་མི་དམངས་ཀྱི་སྤྱི་འཐུས་འོས་ན་བོད་མི་ཆེས་མང་པོ་ཡོད་རེད། གཟིགས་དང་སྐད་ཆ་བཤད་སྟངས་ཁོ་རང་མི་འདུག་ཧ། ལྷག་པར་མོ་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་ཞིག་ཡིན་ཟེར་གྱི་ཡོད། ཕྱི་རྒྱལ་བ་དེ་ཚོར་ལ་ག་དུས་ཡིན་བོད་པའི་བུད་མེད་ལ་ཐོབ་ཐང་མེད་སྐོར་རྐྱང་རྐྱང་བཤད་ཀྱི་ཡོད་པའི་ངོ་ཚ་དགོས་པ་ཞིག་མ་རེད་དམ། དབྱིན་ཡིག་འཕྲུན་བུ་ཤེས་ཀྱི་ཙམ་གྱི་སྤོབ་པ་འདི་འདྲ་གང་འདྲེ་ས་སླེབས་པ་ཡིན་ནམ། མོ་རང་ད་ལྟ་ན་ཚོད་མ་ཟིན་པའི་བྱེས་པ་ལོ་བརྒྱད་ལྟ་བུ་ཞིག་རེད་འདུག སྤྱི་ཚོགས་ཀྱི་གོ་རྟོགས་མེད་པ་དང༌། མི་རིགས་ཀྱི་ལ་རྒྱ་མེད་པ། བོད་མི་རིགས་ཀྱི་རིག་གནས་རིན་ཐང་བསྤྲད་མི་ཤེས་མཁན་ཞིག་དང༌། ད་དུང་མོ་རང་ལ་ལང་ཕྱོགས་གང་ཡང་མི་འདུག དཔེར་ན་ཚགས་པར་ནང་རྒྱ་རི་སྒྲོལ་མ་ལ་བཀའ་བློན་ཁྲི་པ་རྒྱབ་སྐྱོར་ཡོད་ཟེར་ཡོད་པ་རེད། ཡང་ཚོགས་འདུ་དེ་འདྲ་སྐབས་སུ་བཀྲས་ཐོང་དང་བློ་བཟང་སེང་གེ་གཉིས་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་གྱི་འདུག ཁྱེད་རང་ད་དུང་མུད་མཐུད་ལོ་བཅུ་ལྷག་སློབ་བྱས་ཉམས་མྱོང་གསོག་ན་བཟང།

    Reply
  27. མངའ་རིས་ཕོ་ཉ། says:
    ལོ་ 15 སྔོན།

    སྤྱི་འཐུས་ལས་ཐོག་ལྔ་དང་གསར་པ་དྲུག་ཚང་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད། ཁྱེད་ཅག་གིས་གཏམ་བཤད་གནང་སྤོ་བ་དང་གདེང་ཚོད་ཧ་ཅང་ཆེན་པོ་འདུག་ཡག་པོ་རེད། ཡིན་ནའང་། བོད་ཀྱི་རྩ་དོན་དེ་དང་པོ་རྒྱ་ནག་གཞུང་ལ་འབྲེལ་བ་བྱས་ནས་བོད་རྒྱ་གཉིས་དཀའ་རྙོག་སེལ་དགོས་ཀྱང་གྲོས་ཚོགས་ནང་དེ་རིང་ཁྱེད་ཚོས་མི་དམངས་ལ་གཏམ་བཤད་བྱས་པ་ལྟར་དོན་དག་སྒྲུབ་རྒྱུར་ཁག་པོ་ཡིན། འདས་པའི་གྲོས་ཚོགས་ཀྱི་ཉམས་མྱོང་དང་ད་ལྟའི་བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་ཀྱི་གོ་རྟོགས་ལ་ལྟས་ནས་བཤད་པ་ཡིན།

    Reply
  28. གངས་ལྗོངས། says:
    ལོ་ 15 སྔོན།

    ངའི་བསམ་པར་བཀའ་བློན་ཁྲི་པའི་འོས་མིང་ཐོག་ལ་བགྲོ་གླེང་དང་དོ་སྣང་ཆེན་པོ་བྱེད་པ་རྗེས་སུ་ཡིད་རངས་ཞུ་འོས་པ་ཞིག་རེད་ཀྱང།་ད་རེས་ཀྱི་སྐབས་༡༥སྤྱི་འཐུས་ཆོལ་ཀ་ཆོས་ལུགས་ཞན་ཁོག་མེད་མཁན་ལྷག་བསམ་རྣམ་དག་དང།་ཤེས་འཇོན་ལྡན་པ་འདེམས་དགོས་པའི་དུས་ལ་བབ་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད།
    དེ་ནི་བར་ལམ་སྤྱི་འཐུས་ཁག་ཅིག་བྱེད་བབ་ནས་གཉིད་ལས་བསད་པ་ལྟ་བུ་བྱུང་སོང་བས།་དེ་རིང་རྡ་སའི་གཞོན་ནུ་དང་དང་བླངས་བ་ཚོས་སྤྱི་འཐུས་འོས་མིའི་བགྲོ་གླེང་གོ་སྒྲིན་གནང་བ་སྙྀང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག
    ཐེངས་འདིའི་བགྲོ་གླེང་ཐོག་ཕེབས་པའི་སྥྱི་འཐུས་རྙིང་པ་དང་གསར་པའི་འོས་མིང་གནང་ནས།་ང་རང་གིས་བསམ་ན་འོས་ཤོས་ནི།་ཀརྨ་ཡེ་ཤིས་དང།་་འོས་མི་གསར་པའི་ཁོངས་ནས་ཟླ་སྒྲོན་ལགས་དང།་སྐུ་ཞབས་ངག་དབང་འོད་འབར།་བསྟན་འཛིན་བརྩོན་འགྲུས་བཅས་རེད་བསམ་པ་དང།་རྒྱུ་མཚན་ནི།་ཁོང་ཚོ་ནི་ཆོལ་ཁ་ཆོས་ལུགས་ཐེར་འཁྱེར་གྱི་བསམ་བློ་མེད་པ་ཞེ་ཅིག་ཡིན་པ་ཡིད་ཆེས་བྱེད་ཀྱི་ཡོད།

    Reply
  29. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    འཇོན་གྱི་ཡོད། བྱེད་ཀྱི་ཡིན་གསུང་མཁན་དེ་ཚོ་ཡག་པོ་རེད། བྱེད་ཡ་ཡོད་མ་རེད། ཁག་པོ་རེད། མི་གཅིག་གཉིས་ཀྱིས་གང་ཡང་གནང་ཐུབ་ཀྱི་མ་རེད་གསུང་མཁན་དེ་ཚོ་ལ་སྙིང་སྟོབས་དེ་ཙམ་ཨི་ཡོད་ན་སྙམ། མི་རེ་གཉིས་ཀྱིས་གང་ཡང་བྱེད་ཐུབ་ཀྱི་རེད། འཇིག་རྟེན་འདིར་ག་དུས་ཡིན་ན་ཡང་མི་རེ་གཉིས་ཤིག་གིས་ཁ་ལོ་བསྒྱུར་འགྲོ་ཡི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese