མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གྲོང་ཁྱེར་ཁག་གི་མཐོང་ཐོས། ཕུན་ཚོགས།

བོད་ཀྱི་དུས་བབ།
༢༠༡༠/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

 རྒྱ་ནག་གྲོག་ཁྱེར་ཁག་གི་མཐོང་ཐོས། ཁག་དང་པོ། 

 

སྔོན་གླེང་།

བག་ཆགས་ཤིག་གམ། ཡང་ན་དགའ་ཕྱོགས་མི་མཐུན་པ་ཞིག་གི་དབང་གིས་རྒྱ་ནག་གི་གྲོང་ཁྱེར་ཁག་ལ་འཁྱམ་ཉུལ་དུ་འགྲོ་རྒྱུ་ནི་ང་ལ་མཚོན་ན་དགའ་སྣང་ཧ་ཅང་ཆེ་བའི་ལས་ཀ་ཞིག་ཡིན། རྒྱུ་མཚན་གང་ཡིན་མི་ཤེས་མོད། ང་རང་ཆུང་ངུའི་དུས་ནས་རང་ཉིད་ནར་སོན་ཏེ་རང་མགོ་ཐོན་པ་ཞིག་བྱུང་ན། བརྙན་འཕྲིན་དང་གློག་བརྙན་དག་ལས་མཐོང་ཐུབ་པའི་གྲོང་ཁྱེར་འདི་ཚོར་ལྟ་སྐོར་དུ་ཅིས་ཀྱང་འགྲོ་དགོས་ཨང་སྙམ་པའི་བསམ་ཚུལ་ཞིག་དུས་ཡུན་རིང་བོར་ཡོང་མྱོང་ལ། རབ་བྱུང་ན་གྲོང་ཁྱེར་དེ་དག་ལ་རང་ཉིད་ཁེར་རྐྱང་གིས་འཁྱམ་ཉུལ་བྱེད་ཐབས་ཤིག་བྱུང་ན་སྙམ་པའི་ཚོར་པ་ཞིག་གིས་གཏོང་ཐབས་མ་བྱུང་།
སྤྱིར་ཡིན་ན་བྱིས་དུས་ཀྱི་བསམ་ཚུལ་མང་པོ་ཞིག་རང་ཉིད་ནར་སོན་རྗེས་རྒྱུ་མཚན་དང་གནས་ལུགས་གང་ཡང་མེད་པའི་རྨི་ལམ་དུ་ལྟ་བུར་བཟུང་སྟེ་བསམ་ཚུལ་དེ་རིགས་རང་བཞིན་གྱིས་འགྱུར་འགྲོ་གི་འདུག་མོད། རྒྱ་ནག་གི་གྲོང་ཁྱེར་ཁག་ལ་ལྟ་སྐོར་དུ་འགྲོ་འདོད་པའི་བསམ་ཚུལ་དེ་ནི་ད་ལྟའང་ལྷམ་མེར་ལྷང་ངེར་གནས་འདུག་པས། བསམ་ཚུལ་འདི་ནི་སུས་ཀྱང་མི་ཁོགས་པའི་ཕུགས་འདུན་རྣོ་ངར་ལྡན་པ་ཞིག་ཏུ་གྱུར། དེ་ལ་ཡང་བསམ་བློ་གཞན་ཞིག་བཏང་ན། འདི་ནི་ངའི་བྱིས་དུས་ཀྱི་རྩེད་ར་དང་རྩེད་ཆས་སོགས་རྒྱ་ནག་གིས་བཟུང་ཞིང་རྒྱ་ནག་གིས་སྐྱོང་བར་སྐད་པའི་ལོ་ཚིགས་འདི་དང་འབྲེལ་བ་ཡོད་ཅིང་། ནར་སོན་པའི་རྒྱུད་རིམ་རེ་རེ་ཡང་རྒྱ་ནག་ལ་འགྲོག་འདྲིས་དང་མཉམ་བཤིབ་མང་པོ་བྱས་པའི་ཤུགས་རྐྱེན་གྱིས་ཡིན་སྲིད་། ལྷག་ཏུ་རྒྱ་ནག་གིས་གནའ་ནས་ད་བར་འབད་འབད་དུང་དུང་གིས་ཁོ་ཚོའི་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་གྱི་འཕེལ་རྒྱས་དང་གཟི་བརྗིད་དག་བརྙན་འཕྲིན་དང་གསར་ལམ་ཁག་ལས་ངོམ་སོ་ཆེན་པོས་བརྒྱུད་གཏོང་བྱས་པའི་འབྲས་བུའང་ཡིན་སྲིད།
གང་ལྟར་ལོ་ངོ་མང་པོ་ཞིག་ལ་བྱིས་དུས་ཀྱི་རྨི་ལམ་དེ་ཉིད་མངོན་གྱུར་བྱེད་མ་ཐུབ་ཀྱང་། དུས་ཡུན་གང་འཚམ་ཞིག་གི་རྗེས་སུ་རྒྱ་ནག་གི་ལན་ཀྲུའི་གྲོང་ཁྱེར་ནང་སློབ་གྲྭར་ཞུགས་པའི་གོ་སྐབས་བྱུང་ཞིང་། སློབ་གླིང་དེར་ཞུགས་རྗེས། སློབ་གླིང་འདི་ཉིད་ཆགས་སའི་གྲོང་ཁྱེར་འདི་ལ་འཁྱམ་ཉུལ་ཐེངས་མང་བྱས་ཤིང་། མཚམས་ལན་རེར་རང་ཉིད་གཅིག་པུ་གྲོང་ཁྱེར་གྱི་ཕྱོགས་མཚམས་ཀུན་ཏུ་སོང་སྟེ་རང་ཉིད་མ་འོངས་པར་གྲོང་ཁྱེར་གཞན་དག་ལ་ཅི་ལྟར་བསྐྱོད་དགོས་པའི་ཉམས་མྱོང་སྦྱོང་བརྡར་བྱས་པ་ཡིན། སྤྱིར་ཡིན་ན་ལན་གྲུའུ་གྲོང་ཁྱེར་འདི་ནི་ངའི་ཕ་ཡུལ་དང་སྤྱི་ལེ་ཉིས་བརྒྱ་ལྷག་གི་བར་ཐག་ལས་མེད་མོད། ཡུལ་མི་མང་པོ་ཞིག་གིས་སྐད་བརྡ་མི་འཕྲོད་པ་དང་། གྲོང་ཁྱེར་གྱི་འགྲོ་ལུགས་མི་ཤེས་པ། གྲོང་ཁྱེར་རྒྱ་ཆེ་བས་ཚོང་ར་སོགས་ལ་འཁྱམ་ཉུལ་བྱས་དུས་ལམ་ནོར་ཐེབས་པའི་དཀའ་ངལ་ཡོད་པ་བཅས་ཀྱིས། ཡུལ་མི་མང་པོ་ཞིག་གྲོང་ཁྱེར་འདི་ལ་འགྲོ་བའི་གོམས་གཤིས་དེ་ཙམ་མེད་པ་བཞིན། ང་ཡང་མཐོ་སློབ་འདིར་མ་ཞུགས་པའི་ཡར་སྔོན་དུ་གྲོང་ཁྱེར་འདི་ལ་ཐེངས་གཅིག་མ་གཏོགས་ཡོང་མྱོང་མེད་ལ། ཐེངས་གཅིག་པུ་དེ་ཡང་ངའི་ཨ་ཞང་ལ་ན་ཚ་ཞིག་གི་དབང་གིས་གཤགས་བཅོས་བྱེད་དགོས་པར་ནད་གཡོག་གི་ཚུལ་དུ་ཡོང་བ་ཡིན་པས། གྲོང་ཁྱེར་གྱི་ལྟེ་བ་དང་ཚོང་ར་ཆེ་ཁུལ་དག་ལ་སེམས་ཞིབ་མོས་འཁྱམ་ཉུལ་བྱེད་རྒྱུ་མ་བྱུང་། དེར་བརྟེན་ཁོ་བོས་ཐེངས་འདིར་གྲོང་ཁྱེར་འདིར་ཡོང་སྟེ་འཁྱམ་ཉུལ་བྱེད་པ་ལ་ཐོག་དང་བོར་དཀའ་ངལ་ཨེན་ཙམ་ཕྲད་མྱོང་མོད། ཟླ་བ་ཁ་ཤས་སོང་རྗེས་གྲོང་ཁྱེར་འདི་ལ་ས་ལོབ་ཆུ་ལོབ་ཀྱིས་གོམས་གཤིས་ཅུང་ཙམ་བྱུང་བས། གྲོང་ཁྱེར་འདིར་འཚོ་བཞིན་པའི་རྒྱ་རྒྱ་མོ་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་རྒྱུས་ལོན་ཏོག་ཙམ་བྱེད་པའི་གོ་སྐབས་བྱུང་། ཉིན་དེ་ནས་བཟུང་ངས་རྒྱ་ནག་གི་གྲོང་ཁྱེར་གཞན་དག་ལ་འཁྱམ་ཉུལ་བྱེད་པའི་སྟ་གོན་བྱས་པ་ཡིན་ལ། འཁྱམ་ཉུལ་ཁྲོད་ཀྱི་མཐོང་ཐོས་དག་ཟིན་ཐོར་འགོད་པའི་འགོ་ཡང་བརྩམས་པ་ཡིན།

དང་པོ། ལན་ཀྲུའུ།

བཤད་རྒྱུན་ལྟར་ན་ལན་ཀྲུའུ་གྲོང་ཁྱེར་འདི་ནི་བོད་བཙན་པོའི་སྐབས་སུ་བོད་ཀྱི་ས་ཁུལ་ཡིན་ཟེར་གྱི་འདུག་ཅིང་། བོད་མིང་ལ་འཇོལ་མོའི་མཁར་ཟེར་བ་དང་། དེ་ཡང་ཡུལ་འདིར་བྱེའུ་འཇོལ་མོ་ཤིན་ཏུ་མང་པས་དེ་ལྟར་མིང་ཐོགས་ཚུལ་བཤད་རྒྱུ་འདུག ཡང་ཁ་ཤས་ཀྱིས་༧རྒྱལ་དབང་སྐུ་འཕྲེང་དུ་མ་ས་འདིར་ལན་དྲུག་ལ་ཕེབས་ཤིང་། རེབ་ཐེངས་དྲུག་ལ་ཕེབས་པ་མི་བརྗེད་པའི་ཕྱིར་དུ་མི་རྣམས་ཀྱིས་ས་འདིའི་མིང་ལ་ལན་དྲུག་ཟེར་ཞིང་། མིང་དེ་ཟུར་ཆགས་ནས་རྒྱ་ནག་སྐད་དུ་ལན་ཀྲུའུ་ཞེས་བཏགས་པ་ཡིན་ཚུལ་ཡང་བཤད་རྒྱུ་འདུག འོན་ཀྱང་ཨ་ལག་དོར་ཞི་མཆོག་གིས་གསུངས་པ་ལྟར་ན། བོད་ཀྱི་ལོ་རྒྱུས་ཐོག་ས་ཁུལ་འདི་ཉིད་བོད་བཙན་པོ་རྣམས་ཀྱིས་དབང་བསྒྱུར་བའི་ཡུལ་གྲུ་ཞིག་ཡིན་པ་དང་། ལོ་རྒྱུས་ནང་ས་འདིའི་མིང་ལ་ཆུ་མིག་ལྔ་ལྡན་ཟེར་བ་དང་། ཆུ་མིག་ལྔ་ནི་དེང་དུས་རྒྱ་སྐད་དུ་བོའི་ཆན་ཧྲན(Wu qian shan)ཟེར་བ་དེ་ཡིན་པ་དང་། དེ་ནི་དེང་སྐབས་གྲོང་ཁྱེར་འདིར་ང་ཚོའི་མཐོང་ཐོས་སུ་གྱུར་བའི་ཡུལ་སྐོར་སྤྲོ་འཆམ་བྱེད་ས་འདི་ཡིན་པས། ས་ཁུལ་བྱེ་བྲག་པ་འདིའི་མིང་ཡུལ་གྲུ་སྤྱིའི་མིང་དུ་ཐོགས་ཚུལ་གསལ་བོ་ཡིན་ཚུལ་བཅས་གསུང་རྒྱུ་འདུག
ཡང་བཤད་ཚུལ་གཞན་ཞིག་ཡོད་པ་ནི། རྒྱ་བོད་གཉིས་ཀྱི་ས་མཚམས་སུ་བཞེངས་པའི་མཆོད་རྟེན་དཀར་པོ་ཟེར་བ་དེ་ས་འདིར་ཡོད་པ་དང་། དེ་ཡང་དེང་དུས་ས་འདིར་ཐོ་ཧི་དགོན་པ་ (Tao He si) ཟེར་བ་དེ་ཡིན་པ་མ་ཟད། སྔོན་ཆད་ས་དེར་མཆོད་རྟེན་དཀར་པོ་ཆེན་པོ་ཞིག་ཡོད་པ་ཡུལ་མི་རྒན་པ་མང་པོ་ཞིག་གིས་མཐོང་ཡོད་ཚུལ་བཤད་རྒྱུ་འདུག་ཅིང་། ད་ལྟ་མཆོད་རྟེན་དེ་ནི་ས་འོག་ཏུ་སྦས་ཡོད་ཚུལ་ཀྱང་བཤད་རྒྱུ་འདུག འོན་ཀྱང་དེང་སྐབས་ཀྱི་ལོ་རྒྱུས་རྣམས་སུ་རྒྱ་བོད་གཉིས་ཀྱི་ས་མཚམས་སུ་བཞེངས་པའི་མཆོད་རྟེན་དཀར་པོ་ནི་ཀ་ཆུའི་ས་མཚམས་སུ་ཡོད་པའི་ཧི་ཀྲུན་ (he zheng) ཟེར་བ་དེར་ཡོད་པ་དང་། དེ་ནི་ད་ལྟ་ཧོར་གཙང་ཤིང་སྒོ་ཟེར་བའི་ས་ཆ་དེར་རྒྱ་བོད་གཉིས་ཀྱི་ས་མཚམས་བཀར་བར་གྲགས་པའི་གྱང་རྙིང་ཆེན་པོ་ཞིག་ལུང་མདོེར་འཕྲེད་དུ་བཅད་པ་ཞིག་ཡོད་པ་དེར་བཞེངས་ཡོད་ཚུལ་གསལ་འདུག་པ་དང་། ལྷག་ཏུ་དེང་སང་ཧོར་གཙང་ཤིང་སྒོ་ཞེས་པའི་གྱང་རྙིང་ཡོད་ས་དེར་སྒོ་ཆེན་གསར་བ་བཟོས་ཏེ་ཀན་ལྷོ་དང་ཀ་ཆུ་གཉིས་ཀྱི་ས་མཚམས་དགར་བྱེད་དུ་གྲུབ་ཡོད་པ་དེ་ཡིན་འདུག་ཚུལ་བཀོད་འདུག་པ་མ་ཟད། གྱང་རྙིང་ཡོད་ས་དེ་ནི་གནའ་བོའི་མཆོད་རྟེན་དཀར་པོ་ཞེས་པའི་མཆོད་རྟེན་དེ་བཞེངས་ཡོད་ས་ཡིན་འདུག་ཀྱང་། དེང་སང་ས་ཤུལ་གསལ་བོ་ཤེས་ཐུབ་ཀྱི་མི་འདུག་པའི་ཚུལ་ཀྱང་གོ་རྒྱུ་འདུག
གང་ལྟར་ད་ལྟའི་གནས་སྐབས་སུ་ལན་ཀྲུའི་གྲོང་ཁྱེར་ནི་རྒྱ་ནག་གི་ནུབ་རྒྱུད་དུ་ཆགས་པའི་གྲོང་ཁྱེར་ཆེ་ཁག་ཅིག་ཡིན་པ་དང་། གྲོང་ཁྱེར་ནང་ཁུལ་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ས་ཡ་བཅུ་ཙམ་དང་། མི་འབོར་ས་ཡ་བཞི་ལྷག་འཚོ་སྡོད་བྱེད་ཀྱིན་འདུག་ཅིང་། སློབ་ཆེན་ཁག་མི་འདྲ་བ་ ༢༧ དང་སློབ་འབྲིང་ ༣༤ ། སློབ་ཆུང་ ༧༨ ། ད་དུང་དམག་དོན་ཆེད་སྦྱོང་སློབ་གྲྭ་ཁག་ ༧ བཅས་ཡོད་འདུག་པ་དང་། བསྡོམས་པས་སློབ་གྲྭ་ཁག་མི་འདྲ་བ་ ༡༤༦ ཡོད་འདུག ད་དུང་དེར་སྒེར་གཉེར་སློབ་གྲྭ་ཁག་མང་པོ་ཡོད་ཚུལ་གོ་རྒྱུ་འདུག (མི་འབོར་དང་ས་)སློབ་གྲྭ་འདི་དག་ཁྲོད་ཚན་རིག་ཆེད་སྦྱོང་བྱེད་སའི་སློབ་གྲྭ་དང་། རི་མོ་སོགས་ལག་ཤེས་སློབ་གྲྭ། གླུ་དབྱངས་དང་ཟློས་གར་ཆེད་སྦྱོང་སློབ་གྲྭ། འཛམ་གླིང་གི་སྐད་ཡིག་འདྲ་མིན་གྱི་ཆེད་སྦྱོང་བྱེད་སའི་སློབ་གྲྭ་སོགས་མང་པོ་ཡོད། འདི་དག་ལས་ཅུང་སྐད་གྲགས་ཆེ་ཞིང་འབུར་དུ་དོད་པའི་སློབ་གྲྭ་ནི་ལན་ཀྲུའི་སློབ་ཆེན་ཡིན་ཞིང་། སློབ་གྲྭ་དེར་སློབ་མ་ཁྲི་གཅིག་ལྷག་གིས་རྒྱུན་ལྡན་གྱིས་སློབ་སྦྱོང་བྱེད་ཀྱི་ཡོད་ཚུལ་འདུག་ཅིང་། འདིར་ཡོང་མཁན་གྱི་སློབ་མ་ནི་རྒྱ་ནག་གི་ས་ཁུལ་གང་ས་ནས་ཡོང་གི་ཡོད་ཚོད་འདུག
ནུབ་བྱང་མི་རིགས་སློབ་གླིང་ལ་མཚོན་ན་ས་འདིར་སློབ་གྲྭ་ཆེ་ཁག་མང་པོ་ཡོད་པ་ལས་མི་རིགས་སློབ་གྲྭ་གཅིག་པུ་དེ་ཡིན་ཞིང་། སློབ་གྲྭ་འདིར་མི་རིགས་མི་འདྲ་བ་ ༣༧ ནས་ཕེབས་པའི་སློབ་མ་གྲངས་ཆིག་ཁྲི་ལྷག་གིས་རྒྱུན་ལྡན་གྱིས་སློབ་ཁྲིད་བྱེད་གྱིན་ཡོད། དེ་དག་ལས་བོད་རིགས་སློབ་མ་ཉིས་སྟོང་ལྷག་དང་། བོད་ཡིག་སྡེ་ཁག་དུ་ཡོད་པའི་བོད་རིགས་སློབ་མ་ཆིག་སྟོང་ལྷག་ལས་མེད། གྲངས་འབོར་འདི་ལས་བརྩིས་བརྒྱབ་ན་སློབ་ཆེན་འདིར་བོད་རིག་སློབ་མས་བརྒྱ་ཆ་ ༢༠% ཟིན་པ་དང་། བོད་ཡིག་དང་བོད་སྐད་ཤེས་མཁན་གྱི་སློབ་མས་བརྒྱ་ཆ་ ༡༠% ལས་ཟིན་གྱི་མེད། འདི་དག་ལས་དངོས་ཁམས་དང་ཚན་རིག་ཆེད་སྦྱོང་གི་སྒང་ལ་འགྲོ་མཁན་ཤིན་ཏུ་ཉུང་ཤིང་། རེ་གཉིས་ཡོད་པའང་རྒྱ་ཡིག་ལས་བོད་སྐད་དང་བོད་ཡིག་མི་ཤེས་པའི་བོད་རིགས་སློབ་མའི་གྲས་ཡིན། དེ་མིན་མང་ཆེ་ཤོས་གཞུང་ལུགས་སྡེ་ཁག་ཟེར་བའི་སྡེ་ཚན་དུ་ཞུགས་མཁན་ཡིན་པ་དང་། ཉུང་ཤས་ཤིག་ནི་ཕྱིའི་སྐད་ཡིག་སྡེ་ཚན་དུ་ཡོད། བོད་སྐད་དང་བོད་ཡིག་གཅིག་པུའི་སྒང་ལ་འགྲོ་མཁན་ནི་བོད་ཡིག་སྡེ་ཁག་ལས་གང་ཡང་མེད།
སློབ་གྲྭ་འདིའི་བོད་རིགས་སློབ་མ་མང་ཆེ་ཤོས་ཤིག་ལ་མཚོན་ན་སློབ་སྦྱོང་ལ་ཤུགས་དེ་ཙམ་མི་རྒྱག་པ་དང་། སློབ་ཆེན་དུ་རྒྱུགས་འཕྲོད་པ་ན་ཡུལ་མིའི་རེ་བ་དང་རང་ཉིད་ཀྱི་མདུན་ལམ་སོགས་ཐག་གིས་ཆོད་ཚར་བའི་ལྟ་ཚུལ་འཛིན་གྱི་ཡོད་པ་དང་། སློབ་ཆེན་གྱི་སྐབས་འདི་ནི་སོ་སོའི་མ་འོངས་པའི་ཁྱིམ་ཚང་གི་གོ་སྒྲིག་ལ་བསམ་བློ་གཏོང་སའི་གནད་འགག་ཅིག་ཏུ་བརྩི་བཞིན་ཡོད། རྒྱུ་མཚན་སློབ་ཆེན་ནས་མཐར་ཕྱིན་རྗེས་ཡུལ་མིའི་རེ་བ་ལྟར་འཚོ་གནས་ཐག་གིས་གཅོད་པའི་ལས་ཀ་ཞིག་རག་སྲིད་ཀྱང་། ཡུལ་གནས་གང་ཞིག་ཏུ་བྱ་བ་ལས་དགོས་མིན་ཐད་སུས་ཀྱང་ཁ་མཚོན་གཅོད་དཀའ་བ་དང་། ནང་མིར་རྒྱུ་འབྱོར་དང་ངོ་སོ་ཡོད་མཁན་ཞིག་མིན་ཚེ་གྲོང་ཁྱེར་དང་རྫོང་ཁག་བཅས་སུ་བྱ་བ་རག་ཁག་པ་མ་ཟད། ནང་མིའི་མཐུན་རྐྱེན་མ་བཟང་ན་ཞང་དང་གྲོང་རྡལ་སོགས་ནས་ཀྱང་བྱ་བ་མི་རག་པར་གྲོང་གསེབ་དང་རི་གྲོང་སོགས་སུ་ལས་བགོས་བྱེད་སྲིད་པས། རྗེས་ཕྱོགས་རང་ཉིད་ཀྱི་བཟའ་ཚང་འཚོལ་བའི་ཕྱོགས་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་རྒྱུ་ཡིན་པའི་བསམ་ཚུལ་འཛིན་ཀྱི་འདུག
དེ་བས་སློབ་མ་ཕོ་མོ་ཁ་ཤས་ཀྱིས་ད་ལྟའི་གནས་སྐབས་ནི་ཡུལ་དུས་གང་ལ་བསམ་ཀྱང་དགའ་རོགས་འཚོལ་དགོས་པའི་དུས་ཡིན་པ་དང་། གལ་སྲིད་སློབ་ཆེན་ནས་དགའ་རོགས་ཤིག་ལ་རྗེས་ཕྱོགས་བཟའ་ཚང་གི་མོས་འདུན་འཇོག་ཐུབ་པ་ཡིན་ན། རྗེས་སུ་བཟའ་མི་གཉིས་ཆ་རྒྱལ་ཁབ་གྱི་ལས་ཀ་ཡོད་པའི་ལས་བྱེད་པར་འགྱུར་རྒྱུ་ཡིན་པ་དང་། དེ་ལྟར་གྱུར་བས་མ་འོངས་པའི་འཚོ་བའི་ཐད་དཀའ་ངལ་མི་འཕྲད་པ་མ་ཟད། བཟའ་ཚང་གཉིས་ཀྱི་བསམ་བློ་དང་ལྟ་བའི་ཆ་ནས་ཀྱང་རྒྱུས་ལོན་གསར་བ་བྱེད་མི་དགོས་པར་མཐོ་སློབ་འདི་ནས་རང་བཞིན་གྱིས་འདྲིས་གཤིབ་ཆེ་ཙམ་འབྱུང་གི་ཡོད་པ་སོགས་ལ་བསམ་ནས། སློབ་ཆེན་དུ་སླེབས་རྗེས་སློབ་མ་མང་པོ་ཞིག་དགའ་རོགས་འཚོལ་རྒྱུ་དང་། སྤྱི་ཚོགས་ཀྱི་འཚོ་བའི་ཉམས་མྱོང་གཞན་བཅས་ལ་བསམ་བློ་གཏོང་གིན་འདུག་པའི་དབང་གིས། སློབ་ཁྲིད་གཅིག་པུར་སེམས་པ་རྣལ་དུ་ཕབ་ཐུབ་པའི་དཀའ་ངལ་ཅུང་ཆེ་ཙམ་འདུག སློབ་མ་སེམས་ཤུགས་ཅན་རེ་གཉིས་ལས་མུ་མཐུད་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ཡོད་མཁན་ཅུང་ཉུང་། 
འོན་ཀྱང་ལྟོས་འཇོག་གིས་བཤད་ན། ནུབ་བྱང་མི་རིགས་སློབ་གླིང་འདི་ནི་བོད་ཁམས་ཀྱི་མི་རིགས་སློབ་གྲྭ་ཆེན་མོ་དག་ལས་ཅུང་འབུར་དུ་དོད་པའི་སློབ་གྲྭ་ཞིག་ཡིན་པར་ཆ་འཇོག་བྱེད་ཀྱི་འདུག་སྟེ། དེ་ནི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་བཅས་ཀྱི་མཐོ་རླབས་ཤུགས་ཆེར་འཕྱུར་ས་ཞིག་ཡིན་པར་ཆ་འཇོག་བྱེད་ཀྱི་ཡོད་པ་དང་། ལྷག་ཏུ་སློབ་གླིང་འདི་ནས་མི་རིགས་རིག་གནས་འཕེལ་རྒྱས་ལ་ཕྱག་རྗེས་རླབས་ཆེན་འཇོག་མཁན་ཀྱི་མཁས་དབང་མང་པོ་བྱོན་མྱོང་བར་མ་ཟད། ད་ལྟ་བོད་ཁམས་ཡོངས་སུ་མི་རིགས་སློབ་ཆེན་དུ་མ་ཡོད་པའི་ཁྲོད་ནས་སློབ་ཆེན་འདིའི་སློབ་མ་རྣམས་ནི་བོད་ཀྱི་སློབ་ཆེན་སློབ་མའི་སེམས་ཤུགས་དང་སྙིང་སྟོབས། གོ་རྟོགས་བཅས་ཀྱི་མཐོ་རླབས་ཆེས་ཆེར་འཕྱུར་བའི་སློབ་ཆེན་པ་མང་པོ་འབྱུང་གིན་པ་བཅས་ལ་གཞི་བཞག་ན། སློབ་གླིང་འདི་ནི་མི་རིགས་རང་ངོས་ནས་བཤད་ན་ཅུང་གཙིགས་ཆེན་བྱེད་སའི་སློབ་གླིང་ཞིག་ཡིན་འདུག་ལ། ཡིན་ཀྱང་འོས།

སྤྱིར་རྒྱ་ནག་ཏུ་ཁྱོན་སྡོམ་མི་རིགས་སློབ་གླིང་ ༡ ༥ཡོད། དེ་དག་ལས་ཀྲུང་དབྱང་དང་རྒྱ་ནག་གི་ལྷོ་ཕྱོགས། ལྷོ་ནུབ། ནུབ་བྱང་། བྱང་ཕྱོགས་མི་རིགས་སློབ་ཆེན། ཏ་ལེན་མི་རིགས་སློབ་གླིང་བཅས་ལ་རྒྱལ་ཁབ་ཀྱི་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཐད་ཀར་དོ་དམ་བྱེད་པ་དང་། ཡུན་ནན། ཀོང་ཞི། ནང་སོག མཚོ་སྔོན་མི་རིགས་སློབ་ཆེན་དང་ཧུའུ་པེ། ཀུའེ་ཀྲུའུ། བོད་ལྗོངས། སི་ཁྲོན། ཧུའུ་ཧོ་ཧའོ་ཐེ་མི་རིགས་སློབ་གླིང་བཅས་ལ་ས་ཁུལ་སོ་སོས་དོ་དམ་བྱེད་ཀྱི་ཡོད། རྒྱ་ནག་གིས་ངོས་འཛིན་ཁྲོད་མི་རིགས་སློབ་གྲྭ་ནི་རང་རྒྱལ་གྱི་མཐོ་རིམ་སློབ་གསོའི་གྲུབ་ཆ་ཞིག་ཡིན་པའི་ཆ་ནས་མི་རིགས་སློབ་གླིང་གིས་མི་རིགས་སོ་སོའི་སློབ་མ་མང་པོ་བསྡུས་པ་དང་། རང་རྒྱལ་གྱི་མི་རིགས་ས་ཁུལ་སོ་སོའི་སྤྱི་ཚོགས་མཐུན་སྒྲིལ་དང་གུང་ཁྲན་ཏང་གི་ལྟ་བ་ཁྱབ་སྤེལ། དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་ཐད་ལ་ཤེས་ལྡན་མི་སྣ་མང་པོ་མངགས་གཏོང་བྱ་དགོས་པའི་འཆར་གཞི་འཐེན་གྱི་ཡོད་པ་རེད། 

མི་རིགས་སློབ་གླིང་ཞེས་པའི་དོན་ནི། ད་ལྟའི་རྒྱ་ནག་མངའ་ཁོངས་སུ་མི་རིགས་མི་འདྲ་བ་ང་ལྔ་ཡོད་པ་དང་། དེ་དག་གི་སོ་སོའི་ཐུན་མིན་གྱི་རིག་གཞུང་དང་སྐད་ཡིག་སོགས་སློབ་སྦྱོང་བྱེད་སའི་མཐོ་རིམ་སློབ་ཆེན་ཞིག་ཡིན་ཟེར་གྱི་ཡོད། འོན་ཀྱང་མི་རིགས་དེ་དག་ལས་བོད་དང་ཡུ་གུར། སོག་པོ་བཅས་མི་རིགས་ཁ་ཤས་ཞིག་ལ་མ་གཏོགས་རང་ཉིད་ཀྱི་སྐད་ཡིག་སློབ་སྦྱོང་བྱ་བར་འཐུས་སྒོ་ཚང་པའི་རིག་གཞུང་སོགས་ཅི་ཡང་མེད་ལ། ཏོག་ཙམ་ཡོད་པ་རྣམས་ཀྱང་ཉམས་ཞན་ནུས་མེད་དུ་གྱུར་ཏེ་སློབ་ཆེན་སློབ་མ་སུས་ཀྱང་རྒྱ་ཡིག་དང་རྒྱ་སྐད་མ་གཏོགས་ཅི་ཡང་ཤེས་ཀྱི་མི་འདུག་པའི་ཚོད་དུ་སླེབས་ཡོད། དེ་བས་མི་རིགས་སློབ་ཆེན་གྱི་སློབ་གྲྭ་ཁག་ནི་མི་རིགས་མི་འདྲ་བ་མང་པོ་འདུས་སྡོད་བྱས་ཏེ། གོམས་སྲོལ་དང་འདུ་ཤེས་སྐད་རིགས་བཅས་མི་འདྲ་བའི་མི་རིགས་ཁག་བར་འབྲེལ་ལམ་འཛུགས་ས་དང་། མི་རིགས་ཆེན་པོའི་འདུ་ཤེས་གཙིགས་འཛིན་གྱིས་རྒྱའི་རིག་གནས་དང་ལོ་རྒྱུས། སྐད་ཡིག་བཅས་ཆེད་སྤྱོང་བྱེད་ས་གཙོ་བོ་ཞིག་ཏུ་འགྱུར་གྱིན་པ་ལས། མི་རིགས་སློབ་ཆེན་གྱི་ཐོག་མའི་དམིགས་ཡུལ་གྱི་སྟེང་དུ་འགྲོ་ཡི་མེད་པ་ནི་ཁ་ཤིན་ཏུ་གསལ། 

རྒྱ་ནག་གི་ཞིན་ཧ་གསར་ཁང་གིས་བསྒྲགས་པའི་གནས་ཚུལ་ཞིག་གི་ནང་། མི་རིགས་མཐོ་རིམ་སློབ་གསོ་ནི་རང་རྒྱལ་གྱི་མཐོ་རིམ་སློབ་གསོའི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ལས་དོན་གྱི་ནང་དོན་གཙོ་བོ་ཡང་ཡིན། རྒྱལ་ཁབ་བཙུགས་ནས་ལོ་ངོ་དྲུག་ཅུའི་རིང་དུ། རང་རྒྱལ་གྱི་མི་རིགས་སློབ་གླིང་དག་གིས་རྒྱལ་ཁབ་ཀྱི་ཆེད་དུ་མི་རིགས་སོ་སོའི་ཤེས་ལྡན་མི་སྣ་ཁྲི་ ༩༠ ལྷག་སྐྱེད་སྲིང་བྱས་པས། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་ཡར་རྒྱས་གོང་འཕེལ་དང་མི་རིགས་ས་ཁུལ་བཅོས་སྒྱུར། འཕེལ་རྒྱས། སྲ་བརྟན་སོགས་ཀྱི་ཐད་ལ་བྱས་རྗེས་མི་དམན་པ་བཞག་ཡོད། ཅེས་གསལ། འདི་དག་ལས་ང་ཚོས་ཤེས་ཐུབ་པ་ནི། མི་རིགས་སློབ་གྲྭ་ཁག་ནི་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ལས་དོན་ལ་རམ་འདེགས་ཞུ་མཁན་དང་། མི་རིགས་མཐུན་སྒྲིལ་དང་གོང་བུ་གཅིག་གྱུར་བཅས་ཀྱི་ཐོག་ནས་གུང་ཁྲན་ཏང་གི་ཐོག་མའི་དམིགས་ཡུལ་ལ་བྱས་རྗེས་འཇོག་པའི་མི་སྣ་གསོ་སྐྱོང་བྱེད་ས་ཞིག་ཏུ་སྒྲུབ་ཀྱིན་ཡོད་པ་གསལ་བོ་རེད་འདུག 

ལན་ཀྲུའུ་གྲོང་ཁྱེར་ཀྱི་མི་འབོར་ལས་བརྒྱ་ཆའི་དགུ་བཅུ་ནི་རྒྱ་ནག་རང་ཡིན་པ་དང་། དེ་ལས་མི་རིགས་གཞན་པ་རྣམས་ནི་ཁ་ཆེ་དང་སོག་པོ། བོད། ཆང་མི་རིགས། ས་ལར་སོགས་མི་རིགས་ཁང་མང་པོ་འདུག དེ་ལས་བོད་ནི་ཧ་ཅང་ཉུང་ལ། ཉུས་ཤས་ཡོད་པ་དེ་དག་ཀྱང་ལས་བྱེད་དང་ཚོང་པ་ཁ་ཤས་ལས་གཞན། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་རྐྱང་རེད། 

དགུན་གནང་གི་གུང་གསེང་གཏོང་སྐབས། སློབ་གྲོགས་ཚོས་བྲེལ་བྲེལ་འཚབ་འཚུབ་ཀྱིས་ཕ་ཡུལ་ལ་ལོག་རྒྱུར་གྲ་སྒྲིག་བྱེད་ཀྱིན་འདུག་པ་དང་། བོད་པའི་སློབ་མ་མང་ཤོས་ཤིག་ལ་མཚོན་ན་སློབ་མཇུག་གི་རྒྱུགས་ཆེན་གྲུབ་མཚམས་ཕྱིར་ཕ་ཡུལ་དུ་ལོག་འགྲོ་བ་ནི་རྒྱུན་ལྡན་ལྟ་བུ་ཡིན། འོན་ཀྱང་རྒྱ་ནག་ནག་གི་ཞིང་ཆེན་གཞན་དག་ནས་ཡོང་བའི་རྒྱ་རིགས་སློབ་མ་ཁ་ཤས་དང་། ལྷག་ཏུ་སི་ཁྲོན་ཕྱོགས་ནས་ཡོང་བའི་སློབ་མ་མང་ཆེ་ཤོས་ནི་དགུན་གནང་གི་གུང་གསེང་བེད་སྤྱད་དེ་ལས་ཀ་གཞན་དག་འཚོལ་དུ་འགྲོ་གི་འདུག་པ་དང་། འཚོལ་ཐབས་གང་ཞིག་གཉེར་བ་ལ་ཉམས་མྱོང་གསོག་པར་འགྲོ་བའི་གོམས་གཤིས་ཡག་པོ་ཞིག་འདུག ཕྱོགས་གཞན་ཞིག་ནས་བལྟས་ན་ཁོ་ཚོར་བོད་ཀྱི་སློབ་མ་ལྟར་ཕ་ཡུལ་དུ་བྱམས་སྐྱོང་བྱེད་མཁན་གྱི་ཕ་མ་དང་རེ་ལྟོས་གནང་མཁན་གྱི་ནང་མི་མེད་པས་ཀྱང་ཡིན་སྲིད་དེ། རྒྱ་རིགས་ལ་མཚོན་ན་དང་། ལྷག་ཏུ་སི་ཁྲོན་ཕྱོགས་ཀྱི་རྒྱ་རིགས་ལ་མཚོན་ན། གཉེན་ཉེ་དང་ཤ་ཉེ་བར་གྱི་བརྕེ་བ་དེ་ཙམ་མེད་ལ། ཕ་བུའི་བར་དུའང་བོད་ལྟར་བརྩེ་འདང་ཟབ་མོ་མེད།
གང་ལྟར་དེ་རིང་ནི་བདག་གིས་སི་ཁྲོན་གྱི་སློབ་མ་འདི་ཚོར་མིག་དཔེར་བལྟས་ཤིང་རྒྱ་ནག་གི་གོམས་གཤིས་འདི་དག་ལ་རྒྱུས་ལོན་བྱ་ཆེད། སློབ་གྲྭའི་གུང་གསེང་བཏང་མ་ཐག་ལམ་སང་མེ་འཁོར་ས་ཚིགས་སུ་སོང་སྟེ་ཞི་ཨན་གྲོང་ཁྱེར་དུ་འགྲོ་བའི་མེ་འཁོར་འཛིན་བྱང་ཉོས། ང་ལ་མཚོན་ན་ལན་ཀྲུའུ་གྲོང་ཁྱེར་འདི་ནས་ཡུན་རིང་བསྡད་ཀྱང་མེ་འཁོར་ས་ཚིགས་འདི་ལ་ཡོང་བ་ཐེངས་དང་པོ་ཡིན། ངས་འཛིན་བྱང་ཉོ་བཞིན་པའི་སྐབས་ཏག་ཏག་ལ་སི་ཁྲོན་གྱི་སློབ་མ་ཞིག་གིས་ཀྱང་འཛིན་བྱང་ཉོ་བཞིན་འདུག་ལ། ཁོ་ཡང་ཞི་ཨན་དུ་འགྲོ་རྒྱུ་ཡིན་ཟེར་བས་ངེད་གཉིས་མཉམ་དུ་འགྲོ་རྒྱུ་བྱས། ཁོས་བཤད་ན་སང་ཉིན་ཞོགས་པའི་ཆུ་ཚོད་བརྒྱད་ཀྱི་སྟེང་གི་མེ་འཁོར་ནི་གཙང་སྦྲ་དང་ཞབས་ཞུའི་རྣམ་འགྱུར་སོགས་ཡག་པོ་ཡོད་ཚུལ་བཤད་པས། ངས་ཉོས་ཚར་བའི་འཛིན་བྱང་ཡང་བརྗེ་བོ་བརྒྱབ་སྟེ་སང་ཉིན་ཞོགས་པའི་ཆུ་ཚོད་བརྒྱད་པ་བར་དུ་བསྒུག་རྒྱུ་བྱས།

སྤྱི་ལོ་ ༢༠༠༥ ཟླ་ ༡༢ ཚེས་ ༢༦ ཉིན་གྱི་ཞོགས་པ་ནི་ང་ལ་མཚོན་ན་ཆེས་ཁྱད་པར་བའི་ཞོགས་པ་ཞིག་ཡིན་ཏེ། རྒྱུ་མཚན་དེ་རིང་ནི་ངའི་མི་ཚེའི་ནང་རང་ཉིད་གཅིག་པུ་རྒྱ་ནག་གི་གྲོང་ཁྱེར་གཞན་ཞིག་ལ་ཤར་བསྐྱོད་བྱེད་ཀྱིན་པའི་ཞོགས་པ་དང་པོ་ཡིན་པས་སོ། །ཞོགས་པ་འདིར་མེ་འཁོར་ནང་ནས་ཕ་ཡུལ་གྱི་གྲོགས་པོ་ཞིག་ལ་ཁ་པར་བཏང་སྟེ། ང་རང་ལོ་སར་ལ་ཕ་ཡུལ་དུ་ཡོང་གི་མེད་ཚུལ་དང་། སྤྱི་ཚོགས་ཀྱི་ཉམས་་མྱོང་འདྲ་མིན་གསོག་ཆེད་རྒྱ་ཁོག་གི་གྲོང་ཁྱེར་ཁ་ཤས་ལ་བསྐོར་འཁྱམ་རེ་བྱེད་ཨེ་ཐུབ་ལྟ་རྒྱུ་ཡིན་ཚུལ་སོགས་བཤད་པ་དང་། གལ་སྲིད་ང་ལ་ལམ་བར་ནས་སྒོར་མོ་ཚར་ཏེ་་དཀའ་ངལ་འདྲ་བྱུང་ན་དེ་དུས་ཁྱོད་ཀྱིས་ངའི་དངུལ་བྱང་སྟེང་ལ་དངུལ་ཅུང་ཙམ་འཇོག་རོགས་ཟེར་ནས་བཤད་པ་དང་། ཞོར་ནས་ངའི་ཕ་མ་ཚོར་ཡང་ང་རང་རྒྱ་ཁོག་ཏུ་སོང་ཚར་བ་དང་ལོ་སར་ལ་ཡོང་མི་ཐུབ་པའི་སྐོར་སོགས་བཤད་རོགས་ཞུ་ཟེར་ནས་གསལ་བོ་བཤད་པ་ཡིན། ངའི་མདུན་དུ་ཡོད་པའི་སི་ཁྲོན་གྱིས་སློབ་མ་འདིས་ང་ལ། ཁྱོད་ཀྱིས་སུ་ཞིག་ལ་ཁ་པར་གཏོང་གི་ཡོད་ཟེར། ངས་གནས་ཚུལ་ཇི་བཞིན་བཤད་པར་ཁོ་ཧང་སང་མདོག་གིས། ཁྱོད་ཚོ་བོད་པ་འདི་ཚོ་གྲོགས་པོ་དང་ཕ་མ་ལ་བརྩེ་འདང་དེ་འདྲ་ཆེ་དོན་གང་ཡིན་ནམ་ཟེར། ངས་དེ་ནི་མ་གཞི་མི་ཟེར་བ་འདིའི་རྩ་བའི་གཤིས་ཀ་ལ་རག་ལུས་ཡོད་ཚུལ་བཤད་པ་ཡིན། ཁོས་ཀྱང་དེ་ལྟར་ཡིན་སྣང་གིས་ང་ལ་བདེན་སྣང་སྟེར་གྱིན་འདུག ཁོ་ཚོའི་ཕ་ཡུལ་ལ་མཚོན་ན་གྲོགས་པོ་ཚོས་དེ་བཞིན་བློ་ཐག་ཉེ་བོ་བྱེད་མི་སྲིད་པ་དང་། མཐའ་ན་ཕ་མ་རེ་ཟུང་གིས་རང་གིས་བུ་ཕྲུག་སློབ་གྲར་སྐྱེལ་བའི་འགན་ཡང་མི་འཁུར་ཚུལ་ནས་བརྩམས་ཏེ། ཁོ་ཚོའི་ཕ་ཡུལ་གྱི་མི་རྣམས་ཀྱི་སྐྱོན་ལུང་བ་གང་བཤད་བྱུང་། སྐད་ཆ་འདིར་ཉན་སྐབས་ངའི་ཕ་ཡུལ་ལ་མཚོན་ནའང་དེ་བཞིན་གྱི་སྐྱོན་དང་ནོར་འཁྲུལ་མང་པོ་བྱུང་དང་འབྱུང་གིན་པ་མིག་ལམ་དུ་འཆར་རྒྱུ་འདུག་ནའང་། སློབ་གྲོགས་འདིའི་སྔུན་ནས་དེ་སྐོར་ཅི་ཡང་གླེང་སློང་བྱས་མེད། དེ་ནི་ང་ལ་མཚོན་ན་རང་ཚུགས་དང་ལ་རྒྱ་སྲུང་སླད་གྱི་ཆེད་གཅིག་པུ་ལས་རྒྱུ་མཚན་གཞན་གང་ཡང་མེད།

མུ་འགོད།

མཆན། ང་ནི་ཆུང་ངུའི་དུས་ནས་ཉིན་ཐོ་འབྲི་རྒྱུར་ཤིན་ཏུ་དགའ་ལ་ཉིན་ཐོ་འབྲི་བའི་གོ་རིམ་ཁྲོད་ནས་རང་གི་ང་རྒྱལ་དུ་བརྩི་ཆོག་པའི་ངེས་ཤེས་ཀྱང་མང་པོ་ཐོབ་མྱོང་། དེ་རིང་གི་རྩོམ་ཡིག་འདི་ཡང་རང་ཉིད་བོད་དུ་ཡོད་སྐབས་སློབ་གྲྭའི་གུང་གསེང་གི་དུས་ཚོད་བེད་སྤྱད་དེ་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་འཁྱམ་ཉུལ་བྱེད་སྐབས་ཀྱི་ཟིན་ཐོ་ཁ་ཤས་ཡིན། ཉིན་ཐོ་འདི་དག་གི་ཁྲོད་ནས་ངས་ཅི་ཞིག་ཚོེར་འདོད་ཀྱི་མིག་ཟུང་མདུན་དུ་གཏད་དེ་རྣ་བས་གོ་བ་དང་མིག་གིས་མཐོང་མྱོང་བའི་ལམ་བར་གྱི་སྐད་ཆ་དག་ཕྱོགས་བསྒྲིགས་བྱས་ཡོད་ཅིང་། དེ་རིང་ཟིན་བྲིས་འདི་མ་སྤེལ་གོང་བཟོ་བཅོས་དང་འཕྲི་སྣོན་ཅུང་ཙམ་བྱེད་དགོས་བྱུང་། འདི་ནས་གསལ་བཤད་བྱེད་དགོས་པ་ཞིག་ནི། རྩོམ་ཡིག་འདི་ནི་སྐབས་དེའི་ཚོར་བ་གཙོ་བོར་བཟུང་ནས་བྲིས་པ་ཡིན་སྟབས་ནང་དོན་ལ་ལོ་རྒྱུས་ཀྱི་ཆ་འཇོག་ཅི་ཡང་བྱེད་ཀྱིན་མེད།

 

བོད་ཀྱི་དུས་བབ་ཟིན་བྲིས་པ་ཕུན་ཚོགས་ལགས་ཀྱི་ཟིན་བྲིས་ལས་བཤུས་འགོད་བྱས།

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

ཆུ་ཚོད་ ༧ སྔོན་ལ།
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

མཆན། 1

  1. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    ཉེ་སྔོན་ངས་བོད་ཀྱི་དུས་བབ་ཟིན་བྲིས་པ་ཚོར་མོལ་བ་ཞེས་པའི་རྩོམ་ཡིག་ཏུ། བོད་ཀྱི་དུས་བབ་ཟིན་བྲིས་ལས་ལེགས་རྩོམ་རྙེད་ཁག་སྐོར་བྲིས་ཡོད། དེ་རིང་ངས་བརྗོད་བདེ་བ་དང་གོ་སླ་བ། ཞིབ་ཚགས་པ། རྣམ་པ་གསར་བ་བཅས་ཀྱི་ཁྱད་ཆོས་ལྡན་པའི་གོང་གི་ལེགས་རྩོམ་འདི་རྙེད་བྱུང་།

    ང་ལྟ་བུ་ཅང་མི་ཤེས་མཁན་ཞིག་གི་སྣང་ངོར་གོང་གི་རྩོམ་ཡིག་འདི་ལེགས་པོར་མཐོང་བ་ལས་ཤེས་ལྡན་དཔྱོད་མཁྱེན་པ་ཡོངས་ལ་དེ་ལྟར་ཡིན་མི་སྲིད་ཀྱང་། ངས་དེང་སྐབས་གོང་གི་རྩོམ་ཡིག་གི་འབྲི་ཐབས་འདིའི་རིགས་ལ་དགའ་སྣང་བྱེད་ཀྱིན་ཡོད། དཔེར་ན། བུད་མེད་རྩོམ་པ་མོ་འཇམ་དབྱངས་སྐྱིད་ཀྱིས་བརྩམས་པའི་མནར་གཅོད་ཀྱི་གོ་རིམ་ཞིག་ཅེས་པ་ལྟ་བུ་རེད། མི་ལོ་བཅུ་ཉི་ཤུ་རེར་བཙོན་ནས་བཞུགས་པའི་བཙོན་མ་རྣམས་དང་བསྡུར་ན་ཁོ་མོ་ཉིན་ཉི་ཤུ་ལས་བཞུགས་དགོས་བྱུང་མེད་ཀྱང་། ཁོ་མོའི་ཐུན་མིན་གྱི་འབྲི་ཐབས་དང་ཞིབ་ཚགས་པ། གོ་སླ་བ། མཐོ་རྒྱག་དམའ་ལྷུང་ཉུང་བ་བཅས་ཀྱིས་ཉིན་ཉི་ཤུའི་མནར་གཅོད་ཀྱི་གོ་རིམ་ཞིག་ཅེས་པ་བཀླག་རྗེས་ཁྱེད་ཀྱིས་སེམས་ལ་མ་མཐར་ཡང་ད་ལྟའི་གཞིས་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་མྱངས་དང་མྱོང་བཞིན་པའི་དཀའ་སྡུག་གི་གནས་སྟངས་ཤིག་གསལ་གྱི་ལེར་མངོན་ཡོང་། དེ་སྔོན་ངས་བཙོན་སྐྱོད་ཟིན་ཐོ་མང་བོ་ཀློག་མྱོང་བའི་ཁྲོད་ནས་མནར་གཅོད་མྱོང་བའི་དུས་ཡུན་ཤོང་གཞས་མ་འཇམ་དབྱངས་སྐྱིད་ལགས་ཡིན་ཡང་། སེམས་ངོར་གསལ་གྱི་ལེར་བཏང་བའི་ཟིན་ཐོ་ནི་ཁོང་མོའི་མནར་གཅོད་ཀྱི་གོ་རིམ་ཞིག་ཅེས་པ་ཁོ་ན་ཡིན།

    གང་ལྟར་ཡང་། ངས་དེ་ལྟར་རྒྱང་བསྐོར་ནས་ཅིག་བཤད་ཨེ་ཐུབ་ལ་འབད་དོན་ད་ལྟའི་ང་ཚོའི་སྙུག་ཐོགས་པ་རྣམས་ཀྱིས་རང་གིས་ཅི་ཞིག་འབྲི་གི་ཡོད་ནའང་། དེ་ནི་མཐོ་རྒྱག་དམའ་ལྷུང་ཉུང་བ་དང་དོན་ལ་གནས་པ། འབྲི་ཐབས་གསར་བ་དང་གོ་སླ་བ། ཞིབ་ཚགས་པ། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་བཅས་ཡིན་ཚེ་དེས་འབྲི་བ་བོ་རང་ཉིད་ལ་ཕན་གི་རེད་ལ། ཀློག་པ་བོ་གང་དེའི་དུས་ཚོད་ཀྱང་འཕྲོ་བརླག་ཏུ་མི་འགྲོ་བ་སོགས་རྒྱུ་མཚན་དུ་མར་མཐོང་བས་གཞུག་ཕྱོགས་འདིའ་ཕྱོགས་ཐུགས་སྣང་གནང་རེ་བཅས་སོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese