དེ་རིང་ནི་བོད་མི་རྣམས་ཀྱིས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་བྱེད་པའི་ཉིན་མོ་ཡིན་ལ། བཙན་བྱོལ་གྱི་ལོ་ལྔ་བཅུར་བུད་མ་ཐག་པའི་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་པའི་ཉིན་དང་པོའང་ཡིན་སྟབས། བཞུགས་སྒར་ངྷ་ས་གཙོས་ལྷོ་མཐའ་ཁག་གི་གཞིས་ཆགས་ཁག་དང་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་བཅས་སུ་བོད་མི་རྣམས་ཀྱིས་བཀའ་སྤྱིའི་སྔོན་འགྲོའི་འོས་བསྡུ་བྱེད་ཀྱིན་ཡོད།
དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ ཙམ་ལ་འདི་གའི་གསར་འགོད་པ་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འབྱོར་སྐབས་བཀའ་སྤྱིའི་སྔོན་འགྲོའི་འོས་བསྡུའི་ཁྲོད་ཞུགས་པའི་མི་ཚོགས་ཀྱི་འཚང་ཁ་ཧ་ཅང་རྒོད་ཅིང་། མི་མང་བརྒྱ་ལྷག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྣམ་རྒྱལ་གྲྭ་ཚང་འཁྲིས་ཀྱི་སྒོ་ཆེན་ཁར་འཚང་སྟེ། རེ་རེ་བཞིན་ནང་དུ་གཏོང་རྒྱུར་བསྒུགས་ཡོད་པར་བརྟེན། བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན། བོད་གཞུང་ཕྱི་དྲིལ་ལས་ཁུངས་དང་རྒྱ་གར་གྱི་བརྙན་འཕྲིན་ལས་ཁུངས་ཤིག་གི་གསར་འགོད་པ་གཉིས་བཅས་གསར་འགོད་པ་ཁག་ཅིག གཙུག་ལག་ཁང་གི་ཕར་ཕྱོགས་ཀྱི་སྒོ་ཆེན་ནས་བཀའ་འཁྲོལ་ཞུས་པ་བཞིན་གཙུག་ལག་ཁང་ནང་དུ་ཐར་ཐུབ་ཙམ་བྱུང་།
ངྷ་སར་མཚོན་ན་དེ་རིང་གི་ཉིན་མོ་འདི་ནི་བོད་མི་རྣམས་ཀྱིས་རང་གི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་བྱ་རྒྱུར་གལ་འགངས་ཆེན་པོར་བརྩིས་ཐོག ཞོགས་པ་ནས་འཚང་ཁའི་ཁྲོད་གཙུག་ལག་ཁང་ནང་ལོགས་སུ་གཏོང་རྒྱུར་རེ་ལྟོས་ཆེན་པོས་བསྒུགས་འདུག་ལ། བར་འཚམ་ཞིག་ནས་རྒྱ་གར་གྱི་ཉེན་རྟོག་པ་དང་འོས་བསྡུའི་འབྲེལ་ཡོད་ལས་བྱེད་བཅས་ཀྱིས་བཀག་མིན་ལ་མ་ལྟོས་པར་མང་ཚོགས་ཀྱིས་གཙུག་ལག་ཁང་གི་སྒོ་ཆེན་གཏོར་ཏེ་ནང་ལོགས་སུ་བླུགས་ཡོད། དེ་བཞིན་གཙུག་ལག་ཁང་ནང་ལོགས་སུའང་མང་ཚོགས་རྣམས་བང་བསྒྲིགས་ཏེ་རང་རང་གི་ཆོལ་ཁོངས་སུ་འོས་ལྡུག་ཏུ་འགྲོ་གི་འདུག
དེ་ལྟར་དེ་རིང་གི་ཉིན་མོ་ནི་བཙན་བྱོལ་བོད་མི་རྣམས་ཀྱིས་མང་གཙོའི་རྒྱལ་ཁབ་ཅིག་གི་འགྲོ་སྟངས་དང་མང་གཙོའི་ཁེ་དབང་གི་གོ་སྐབས་ལོངས་སུ་སྤྱད་དེ་འཚང་ཁ་ཤིག་ཤིག་གིས་འོས་བསྡུའི་ཁྲོད་ཞུགས་འདུག
འདི་གའི་གསར་འགོད་པས་ལྷོ་ཕྱོགས་རྣམ་གྲོལ་གླིང་དགོན་གྱི་གྲྭ་འཆམ་ར་དྲི་མེད་རྒྱལ་མཚན་ལགས་སུ། དེ་རིང་གི་འོས་བསྡུའི་ཉིན་མོ་དང་འབྲེལ་བཙན་བྱོལ་གྱི་ལོ་ལྔ་བཅུར་བུད་མ་ཐག་པའི་མང་གཙོའི་ཚད་གང་འདྲ་ཞིག་ཏུ་བསླེབས་པར་གཟིགས་ཀྱི་ཡོད་མེད་སྐོར་དྲིས་པར་ཁོང་གིས་གསུངས་དོན། ནམ་རྒྱུན་ལས་ཐེངས་འདིར་མི་མང་གིས་དེབ་སྐྱེལ་བྱེད་སྟངས་དང་། ལྷག་པར་དུ་དེ་རིང་སྔོན་འགྲོའི་འོས་བསྡུའི་སྐབས་མི་མང་གི་ཆ་ཤས་ལེན་སྟངས་ལ་བལྟས་ན། ང་ཚོའི་བཙན་བྱོལ་གྱི་མང་གཙོའི་རྣམ་པ་འདི་གང་འཚམ་ཡར་རྒྱས་སུ་འགྲོ་གི་ཡོད་པ་ཞིག་མཐོང་གི་འདུག ཅེས་དང་། ང་རང་ཉིད་ལ་མཚོན་ན་བཀའ་བློན་ཁྲི་པར་འོས་གཅིག་མ་གཏོགས་ལྡུག་རྒྱུའི་ཐོབ་ཐང་མེད། ཡིན་ནའང་། གལ་སྲིད་བཀའ་བློན་ཁྲི་པའི་འོས་མིའི་ནང་དུ་མི་གཉིས་ལ་འདྲ་མཉམ་བྱུང་ཚེ། ངའི་འོས་གཅིག་དེས་ཏན་ཏན་ཁྱད་པར་བཟོ་གི་རེད་ཅེས་ཟེར།
ངྷ་སར་གནས་སྡོད་ཁ་གྱ་ཕུན་ཚོགས་ལགས་ཀྱིས་དེ་རིང་གི་ངྷ་སའི་མི་མང་གི་འཚང་ཁ་འདིར་བལྟས་ན། བཙན་བྱོལ་གྱི་ལོ་ལྔ་བཅུར་བུད་མ་ཐག་པའི་མང་གཙོ་ཚད་གང་འཚམ་ཞིག་ཏུ་བསླེབས་འདུག སྔོན་མ་ཡིན་ན་འོས་བསྡུའི་སྐབས་སུ་འདི་ལྟ་བུའི་འཚང་ཁ་མེད་ལ་མང་ཚོགས་ཀྱང་ཧ་ཅང་གི་ཉུང་ཉུང་མ་གཏོགས་ཡོང་གི་མེད། དེར་བརྟེན་ཐེངས་འདིར་ཧ་ཅང་གི་ཡར་རྒྱས་ཕྱིན་འདུག་ཅེས་དང་། ངས་ངོས་ནས་འོས་བསྡུའི་ཐོབ་ཐང་ལེན་རྒྱུར་ཧ་ཅང་གི་གལ་ཆེན་པོར་མཐོང་གི་འདུག་ལ། དེ་རིང་གི་ཉིན་མོ་འདིར་རང་ལ་གལ་ཆེའི་ལས་དོན་གང་འདྲ་ཞིག་ཡོད་ཀྱང་། དེ་བསྐྱུར་ཏེ་འོས་ལྡུག་གི་ཡོང་ཡོད། ཅེས་བརྗོད།
ངྷ་སར་གནས་སྡོད་ལྷག་པ་ཚེ་རིང་ལགས་ཀྱིས། སྤྱིར་འཛམ་གླིང་གི་རྒྱལ་ཁབ་གཞན་དང་བསྡུར་ན་ང་ཚོའི་མང་གཙོའི་གནས་སྟངས་ཧ་ཅང་གི་སྐྱོ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་ནའང་། དེ་རིང་གི་གནས་སྟངས་ལ་བལྟས་ན། མི་ལོ་ལྔ་བཅུར་སྐྱབས་བཅོལ་དུ་བསྡད་རིང་ང་ཚོའི་གནས་སྟངས་ལ་དཔག་པའི་མང་གཙོའི་གོ་རྟོགས་ཀྱི་ཆུ་ཚད་ཚད་ངེས་ཅན་ཞིག་ཏུ་བསླེབས་འདུག ཡིན་ནའང་། མི་མང་མང་བོ་ཞིག་གཙུག་ལག་ཁང་གི་སྒོ་ཆེན་ཁ་ནས་ཡུན་རིང་བཀག་སྟབས། མང་ཚོགས་ཀྱིས་གཙུག་ལག་ཁང་གི་སྒོ་ཆེན་གཏོར་ཏེ་ནང་དུ་འཛུལ་ཡོད་ལ། ལྷག་པ་ཚེ་རིང་ལགས་ཀྱིས་དེའི་ཐད་ནས་གསུངས་དོན། སྤྱིར་དེ་རིང་གི་གནས་སྟངས་འདིའི་སྟེང་ནས་ང་ཚོའི་གཞུང་འཛིན་མི་སྣ་རྣམས་དང་འོས་བསྡུའི་ལས་བྱེད་རྣམས་ཀྱིས་མང་ཚོགས་ཀྱི་མང་གཙོའི་གོ་རྟོགས་ཇེ་མཐོར་སོང་བ་དང་། འདི་ལྟར་འཚང་ཁ་ཤིག་ཤིག་གིས་འོས་བསྡུའི་ཁྲོད་ཆ་ཤས་ལེན་རྒྱུར་སྔོན་དཔག་གང་ཡང་བྱེད་ཐུབ་མི་འདུག དཔེར་ན། དེ་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འདི་ལྟ་བུའི་འཚང་ཁ་ཆེན་པོ་འདུག་སྟབས། ཞོགས་པའི་ཆུ་ཚོད་དགུ་བ་ནས་དགོང་མོའི་ཆུ་ཚོད་ལྔ་བ་བར་དུ་འོས་བླུགས་ནས་ཚར་མིན་ཐད་སེམས་ཁྲལ་ཡང་ཡོང་གི་འདུག ཅེས་འོས་བསྡུའི་ལས་བྱེད་རྣམས་དང་འབྲེལ་ཡོད་མི་སྣ་རྣམས་ཀྱིས་གོ་སྒྲིག་བྱས་པར་འདོད་བློ་ཁེངས་གི་མེད་པའི་རྣམ་པ་བསྟན་ཡོད། ཡང་ཁོང་གིས། དེ་རིང་གི་ཉམས་མྱོང་གཞིར་བཞག་སྟེ་སྐབས་རྗེས་མའི་དངོས་གཞིའི་འོས་བསྡུའི་སྐབས་ཆོལ་ཁ་གསུམ་གྱི་མི་མང་ལ་ས་གནས་མ་འདྲ་བར་འོས་ལྡུག་ས་ཡོད་པ་དང་གོ་སྒྲིག་ཚགས་ཚུད་པོ་བྱ་དགོས་ཀྱི་འདུག་ཅེས་གསུངས།
ཡང་འདི་གའི་གསར་འགོད་པ་གངས་ཅན་སྐྱིད་གཤོངས་སུ་འབྱོར་སྐབས་ཀྱང་མི་བརྒྱ་ལྷག་གིས་བང་བསྒྲགས་ཏེ་འོས་བསྡུ་བྱེད་ཀྱིན་འདུག
དེ་བཞིན་གསར་འགོད་པས་ཁ་པར་བརྒྱུད་ས་གནས་ཁག་ཅིག་གི་གནས་ཚུལ་ལ་རྒྱུས་ལོན་བྱས་པར། གྲྭ་ཨ་རིག་དཔལ་ལྡན་ལགས་ཀྱིས་ལྷོ་ཕྱོགས་འབྲས་སྤུངས་དགོན་དུ་དེ་རིང་གི་བཀའ་སྤྱིའི་སྔོན་འགྲོའི་འོས་བསྡུའི་སྐོར་བརྗོད་དོན། འབྲས་སྤུངས་དགོན་པ་ལྟ་བུར་མཚོན་ན་ཉེ་ཆར་གྲྭ་ཚང་གིས་དེབ་སྐྱེལ་བྱེད་དུས་ནས་ཁང་ཚན་རང་རང་གི་ཁང་ཚན་རྒན་སོགས་ཀྱིས་འགན་ཁྱེར་ཏེ། ཁང་ཚན་རེ་རེ་བཞིན་རང་ལོ་བཅོ་བརྒྱད་ཡན་གྱི་གྲྭ་མང་ལ་དེབ་སྐྱེལ་བྱེད་དུ་བཅུག་ཡོད་ཐོག དེ་རིང་ཡང་ཁང་ཚན་རྒན་རྣམས་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད་རང་ལོ་བཅོ་བརྒྱད་ཡན་གྱི་གྲྭ་པ་རྣམས་འོས་ལྡུག་ཏུ་ཕྱིན་ཡོད། དེ་བཞིན་ཁང་ཚན་ཁག་བགོས་ཀྱིས་འོས་བསྡུ་བྱེད་ཀྱིན་ཡོད་སྟབས་འཚང་ཁ་མེད་ནའང་། གྲྭ་མང་ཡོངས་ཀྱིས་ཆ་ཤས་བླངས་ཡོད་ཅེས་དང་། ཡང་ཁོང་གིས་དེ་ལྟར་དགའ་ལྡན་དགོན་དུའང་འབྲས་སྤུངས་དང་འདྲ་བར་དགའ་ལྡན་བླ་སྤྱིར་གྲྭ་མང་ཡོངས་ཁང་ཚན་ཁག་བགོས་ཀྱིས་འོས་བསྡུ་བྱེད་ཀྱིན་པ་དང་། མོན་གྷོ་འདོད་རྒུ་གླིང་གི་གཞིས་ཆགས་རང་དུ་གཞིས་གྲོང་རེ་རེ་བཞིན་ཁག་བགོས་ཀྱིས་འོས་བསྡུ་བྱེད་ཀྱིན་འདུག་ཅེས་ཟེར།
སེར་བྱེས་འབྲིང་རིམ་སློབ་གྲྭའི་དགེ་རྒན་མཁྱེན་རབ་ལགས་ཀྱིས། དེ་རིང་གི་ཉིན་འདིར་སེ་ར་དགོན་དུའང་གྲྭ་མང་གིས་བང་བསྒྲིགས་ཏེ་བཀའ་སྤྱིའི་སྔོན་འགྲོའི་འོས་བསྡུ་བྱེད་ཀྱིན་འདུག་ལ། འཚང་ཁ་ཅུང་ཙམ་ཆེན་པོ་འདུག ངས་ད་ལྟ་བང་བསྒྲིགས་ཏེ་རང་གིས་འོས་བསྡུ་བྱ་རྒྱུར་སྒུག་ཡོད་ཅེས་དང་། གྲྭ་རྭ་རྒྱ་བློ་དབང་ལགས་ཀྱིས་ལྡི་ལིའི་འོས་བསྡུའི་གནས་སྟངས་སྐོར་བརྗོད་དོན། ང་དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ ཡས་མས་སུ་འོས་ལྡུག་ཏུ་ཕྱིན་པ་ཡིན་ལ། སྐབས་དེར་མང་ཚོགས་ཀྱི་འཚང་ཁ་གང་འཚམ་ཆེན་པོ་འདུག ཕལ་ཆེར་མི་ཉིས་བརྒྱ་ལྷག་ཅིག་འོས་བསྡུའི་ཆ་ཤས་ལེན་དུ་བསླེབས་འདུག་ཅེས་ཟེར།
ཡང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་སྦེལ་ཀོབ་ས་གནས་ཀྱི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས། སྤྱིར་དེ་རིང་གི་འོས་བསྡུའི་རྣམ་པར་བལྟས་ན་མང་ཚོགས་རྣམས་ཀྱིས་དོ་སྣང་ཆེན་པོས་ཆ་ཤས་ལེན་གྱིན་འདུག་ཀྱང་། སྦེལ་ཀོབ་བདེ་སྐྱིད་སླར་གསོ་ལྟ་བུར་མཚོན་ན་གཞིས་གྲོང་ཁག་ཁ་འཐོར་དུ་ཡོད་པ་དང་། མང་ཚོགས་མང་བོ་ཡོད་སྟབས་མི་མང་ལ་འོས་ལྡུག་སའི་ས་གནས་གཅིག་མ་གཏོགས་གོ་སྒྲིག་བྱས་མེད་པ་དེས་མང་ཚོགས་རྣམས་འོས་ལྡུག་ཏུ་འགྲོ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ཀྱིན་འདུག འོས་ལྡུག་སའི་ས་གནས་གཅིག་པུ་ནི་བདེ་སྐྱིད་སླར་གསོའི་ཚོགས་ཁང་ནང་རེད། (ཅ་བོ་སྐུར་གཞིས་ཆགས་སུ་འོས་ལྡུག་ས་གོ་སྒྲིག་བྱས་ཡོད།) དེ་བཞིན་ལུགས་ཟུང་བསམ་འགྲུབ་གླིང་ལྟ་བུར་མཚོན་ན། འོས་བསྡུའི་གོ་སྒྲིག་པ་རྣམས་ཀྱིས་གོ་སྒྲིག་མི་ལེགས་སྟབས། མང་ཚོགས་མང་བོ་མཉམ་དུ་འཛོམས་ཏེ་གྲོས་བསྡུར་ལྟ་བུའི་ཐོག་ནས་འོས་ལྡུག་བཞིན་འདུག ཅེས་གསུངས་ལ། འདིའི་ཐད་སྦེལ་ཀོབ་གཞིས་གྲོང་དང་པོའི་གཞིས་མི་ཚེ་དབང་ལགས་ཀྱིས་ཀྱང་། དེ་རིང་ལུགས་ཟུང་བསམ་འགྲུབ་གླིང་དུ་འོས་བསྡུའི་གོ་སྒྲིག་ཡག་པོ་མི་འདུག མི་མང་བོ་མཉམ་དུ་འཛོམས་ནས་གྲོས་ཁ་བསྡུར་བ་དང་། ཡང་རེ་ཟུང་གིས་འགེང་ཤོག་ནང་དུ་ཁྱེར་ཏེ་བཀང་པ་སོགས་ཡོང་གི་འདུག གཞོན་སྐྱེས་འོས་བསྡུའི་ཆ་ཤས་ལེན་མཁན་མང་བོ་འདུག་ཀྱང་། མང་བོ་ཞིག་གིས་མགོ་མ་ཚོས་པར་འོས་ལྡུག་སར་ཡོང་སྟེ་གཞི་ནས་གཅིག་གཅིག་ལ་སྐད་ཆ་འདྲི་བ་དང་གྲོས་བྱེད་ཀྱིན་འདུག ཅེས་གསུངས།
ཡང་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་སྦེལ་ཀོབ་ས་གནས་ཀྱི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས། དེ་རིང་ཞོགས་པར་རྣམ་གྲོལ་གླིང་དགོན་པར་ཕྱིན་སྐབས་གྲྭ་པ་ཞིག་གིས་བཀའ་ཁྲིའི་འོས་མི་བློ་བཟང་སེངྒེའི་ལོ་རྒྱུས་སྐོར་གྱི་ཤོག་བྱང་སྟོང་ཕྲག་ལྷག་ཅིག་གྲྭ་བཙུན་རྣམས་ལ་བཀྲམས་ཀྱིན་འདུག་ལ། སྐབས་དེར་ཁོས་གྲྭ་པ་དེར་དེ་རིང་ནི་འོས་བསྡུའི་དངོས་གཞིའི་ཉིན་མོ་ཡིན་སྟབས། ཁྱེད་ཀྱིས་དེ་ལྟར་བྱེད་པར་བཅའ་ཁྲིམས་དང་འགལ་མེད་དམ་ཅེས་དྲིས་པར། གྲྭ་པ་དེས་ངས་མི་མང་ལ་བཙན་སྐུལ་བྱེད་ཀྱི་མེད་པར་འབོད་སྐུལ་ཞུ་གིན་ཡོད་ཅེས་ལན་འདབས་གནང་བྱུང་ཟེར། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་དེ་ལྟར་གསུངས་ལ། ཁོང་གཉིས་ཀྱིས་ད་དུང་གྲྭ་པ་དེས་རྣམ་གྲོལ་གླིང་དུ་བཀའ་ཁྲི་བློ་བཟང་སེངྒེའི་སྐོར་གྱི་ཤོག་བྱང་དག་བཀྲམས་རྗེས་གཞིས་གྲོང་གཞན་ཁག་ཏུའང་འགྲོ་གི་ཡིན་གསུངས་གི་འདུག་ཟེར། དེ་བཞིན། དེ་རིང་ཞོགས་པར་བཞུགས་སྒར་ངྷ་རམ་ས་ལའི་འོས་ཤོག་འཕེན་སའི་ཉེ་འཁོར་དུ་ཡང་སྤྱི་འཐུས་མོས་མི་ཁག་ཅིག་གི་ཁྱབ་བསྒྲགས་ཤོག་བྱང་བཀྲམས་འདུག
གསར་འགོད་པ། ཨ་རིག་འགྱུར་མེད།
ཁྱེད་ཚོས་ཁོས་བཤད་པ་བདེན་པར་བརྩི་མི་རུང་རྣམ་རྟོག་ཅན་ལ་འདྲེ་དགུ་འཁོར་ཅེས་པ་ཅི་མ་བདེན།དབུས་གཙང་ཡག་པོ་བསྡད་ཡོད་པ་ད་ཐང་གི་ས་གནས་ས་ཐོག་གི་འོས་ཐོབ་ལ་བལྟས་ན་ཤེས་གསལ་རེད། ཧ་ཅང་བཤད་རྒྱུ་མང་ན་མི་ལ་དྲན་གསོ་ཐེབ་ཉེན་ཡོད་ད།སྐབས་དེར་རང་ཕུང་གཞན་བླག་བྱེད་རྒྱུ་རེད་དོ།། འཇིགས་བྲལ་ཟེར་བ་དེས་དཀྲུག་ཤིང་རྒྱག་གིན་འདུག གཅིག་བྱས་ན་བློ་བཟང་སེང་གེ་ལ་གནོད་སྐྱེད་རྒྱུ་རེད་གང་ཡིན་ཟེར་ན་གཟའ་སྤེན་པ་གཉིས་དང་ཉི་མ་ཞེས་གསལ་བྱེད་བྱས་འདུག་པ་སྐྱག་རྫུན་རང་རེད་ཟླ་གཅིག་རང་ལ་ལས་ཁུངས་རང་དེབ་སྐྱེད་བྱེད་དུ་ཡོངས་མཁན་མ་དེབ་སྐྱེད་བྱས་ཡོད་པར་མ་ཟད་མི་གཅིག་གིས་རང་དབང་ལག་དེབ་བརྒྱ་བརྒྱ་ཕྲག་དུས་གཅིག་ལ་ཁྱེར་ཡོངས་ཁྱོག་པས་སློབ་ཕྲུག་གི་གོང་སེང་བཤད་པ་ནི་མི་མགོ་སྐོར་ཐབས་ཁོ་ན་རེད། སློབ་འཕྲུག་ལ་དོན་སྣང་ཡོན་ན་ཚག་ཤོག་དང་གསལ་བསྒྲགས་ག་ཚོད་བྱས་འདུག་ཧ་གོ་དོན་གསལ་རེད། འགྲོག་བརྒྱག་ཟེར་བ་ཞིག་གིས་དགོན་ནང་དུ་སང་ལངས་ཡོད་ཚུལ་འདུག་འཇིགས་བྲལ་ཟེར་བ་ཞིག་གིས་གཞིས་ཆགས་ནང་སང་ལངས་འདུག བོད་མི་རིགས་ལ་ཤ་ཚ་ཡོད་མཁན་འདི་ཚོ་མ་གཏོགས་མེད་པ་ཡིན་ནམ། ཧཧཧཧཧཧཧཧཧཧཧཕྱོགས་ཞེན་ཟེར་དེ་ཡ་མཚར་རེད་
འོས་འཕེན་སྐབས་ཀྱི་མི་མང་གིས་འཚང་ཁ་དང་དོ་སྣང་སོགས་ཀྱི་རྣམ་པ་འདི་མཐོང་ན་དགའ་འོས་པ་ཤིག་རེད།
འོན་ཀྱང་འདིའི་ནང་དུ་ད་དུང་མི་གཙང་བའི་དྲི་ངན་ཞིག་བྲོ་གིན་འདུག་
ངའི་འདི་འདྲ་ཞིག་ཚོལ་སོང་། མི་ཆེན་དང་རྒྱུ་ཆེན་ད་དུང་བླ་མ་དང་དགེ་རྒན་སོགས་ཀྱི་བཀའ་འོག་ལས་རང་ཉིད་ཀྱི་དཔྱོད་ཤེས་བ་འམ་ཡང་ན་རང་ཉིད་ཀྱི་རང་དབང་ཐོག་འོས་ཏག་ཏག་ཞིག་བླུག་ཐུབ་མེད་པས་དྲ་ངན་ཞིག་བྲོ་ངའི་རྣ་ལམ་དུ་བྲོ་གིན་འདུག།
འཇུག་བྲལ་ལགས་ཀྱིས་གསུངས་པ་རེ་ཟུང་རེད། དེ་ལས་དྲ་ངན་འདི་ཅུང་རྒྱ་ཆེ་ཚོད་འདུག
ད་ལོའི་འོས་འཕེན་སྐབས་ཀྱི་མི་མང་གི་འཚང་ཁ་དེ་འོས་མི་ཚོས་འཚང་ཁ་ལས་ཀྱང་ཧ་ཅང་རྔམ་བརྗིད་ལྡན་པ་འདི་ནི་དགའ་དགོས་པའི་དོན་དག་ཅིག་རེད།ཡིན་ནའང་བཀའ་ཁྲིའི་འོས་ཤོག་ཁ་འཐོར་ལ་འགྲོ་བའི་ཉེན་ཁའང་མདུན་ལ་སླེབས་འདུག་འདོད།
འདི་ག་བོད་ཀྱི་དུས་བབ་ཟིན་བྲིས་པ་གྲྭ་འཆམ་ར་དྲི་མེད་རྒྱལ་མཚན་ལགས་ཀྱིས་ཁོང་གིས་ངྷ་སར་འོས་བསྡུའི་སྔོན་འགྲོ་ཉིན་མོའི་མཐོང་ཐོས་སྐོར་རང་གི་ཟིན་བྲིས་སུ་བཀོད་པ་འདིར་དྲངས། གཤམ་ལ་གཟིགས།
རྡ་ས་ནས་འདི་ལྟར་འོས་བླུགས་སོང་།
༈ བཙན་བྱོལ་བོད་ཀྱི་མི་མང་འོས་བསྡུ་ཆེན་མོའི་མཐོང་ཐོས།།
ཉིན་འདི་ནི་དགྲ་གཞུང་གིས་བཙན་བྱོལ་གཞུང་ནི་ད་དུང་བཀའ་བཀོད་བརྒྱུད་འཛིན། བྲལ་རིམ་དབྱེ་འབྱེད་ཀྱི་ལམ་ལུགས་ཐོག་བསྡད་ཡོད་ཟེར་བ་དེར་བདེན་པ་ཡིན་མིན་དང་། བོད་མི་རང་གིས་དོན་དམ་པའི་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་ཐུབ་ཀྱིན་ཡོད་མེད་སོགས་ཀྱི་རྣམ་པ་གསལ་པོ་བསྟན་རྒྱུའི་གོ་སྐབས་ཤིག་ཡིན་ལ། འཛམ་གླིང་མི་མང་གི་སྔུན་ནས་ཏཱ་ལའི་བླ་མས་དབུ་ཁྲིད་པའི་གཞུང་འདི་གོ་ལའི་ངོས་སུ་ཇི་ལྟར་གནས་བཞིན་ཡོད་མེད་ཀྱི་བརྡ་ལན་ཞིག་སྤྲོད་པའི་ཉིན་མོ་ཞིག་ཀྱང་རེད་འདོད།
གང་ཡིན་ཟེར་ན། ཉིན་འདི་ནི་ཕྱི་ལོ་༢༠༡༠ ཟླ་ ༡༠ ཚེས་ ༣ སྟེ། བཙན་བྱོལ་བོད་མིས་སྐབས་བཅོ་ལྔ་པའི་གྲོས་ཚོགས་གསར་བ་འོས་བསྡུའི་ལམ་ནས་གདམ་པའི་ཉིན་མོ་དང་། སྐབས་གསུམ་པའི་བཀའ་བློན་ཁྲི་བ་མང་མོས་འོས་བསྡུའི་ཐོག་ནས་གདམ་པའི་དུས་ཚོད་ཅིག་ཡིན། དེས་ན་ཉིན་འདིའི་སྔ་དྲོའི་ཆུ་ཚོད་༩ པ་ནས་དབུ་བཙུགས་ཏེ། ཕྱི་དྲོའི་ཆུ་ཚོད་༥ པའི་བར་འོས་འཕེན་རྒྱུའི་དུས་ཚོད་ནི་ས་གནས་མང་ཤོས་ལ་གཅིག་མཚུངས་རེད། དེར་བརྟེན་བཙན་བྱོལ་བོད་ཀྱི་རྒྱལ་ས་ལ་མཚོན་ན། ཉིན་འདིའི་ཞོགས་པ་ཆུ་ཚོད་བདུན་པ་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ་མི་མང་འདུ་འཛོམས་དང་། བང་རིམ་སྒྲིག་པ་སོགས་ཚ་ཚ་འུར་འུར་གནང་སོང་། ལས་འགུལ་དངོས་གཞི་འགོ་འཛུགས་པ་ན། འོས་བསྡུའི་ལས་བྱེད་ཅིག་གིས། བོད་མི་བཀྲ་ཤིས་དོན་གྲུབ་ཟེར་མཁན་ཡོད་དམ། འདིར་དང་པོར་ཕེབས་རོགས་གནང་གསུངས་ནས་ཐོག་མའི་འོས་བསྡུའི་རྟེན་འབྲེལ་གྱི་སྒོར་འཕར་ཕྱེས་གནང་སོང་།
འདི་ལོར་དམིགས་བསལ་མི་མང་གིས་དོ་སྣང་གནང་སྟེ། འོས་བསྡུའི་ཆ་ཤས་བླངས་ཡོད་པའི་རྣམ་པ་འདུག་ལ། དེ་ལས་ཀྱང་ཡིག་རྨོངས་ཀྱི་མི་མང་དག་གིས་ཀྱང་རང་རང་གི་ཨམ་ཕྲག་ནང་ཡིག་ལྟེབས་རེར་ཁྱེར་ཏེ། སྔོན་ཚུད་ནས་གྲ་སྒྲིག་ཞུས་གནང་འདུག གཞན་ཡང་གོ་སྒྲིག་པའི་སྟངས་འཛིན་འོག་ནས་ཡིག་རྨོངས་དག་ལ་རོགས་པ་བྱ་མཁན་ཡོད་ན། དེས་མི་གཅིག་ལ་མ་གཏོགས་གཉིས་པ་དང་གསུམ་པ་ལ། འབྲི་རོགས་བྱ་མི་ཆོག་པའི་སྒྲིག་གཞི་ལག་ལེན་བསྟར་ཀྱིན་འདུག་ལ། རང་དབང་ལག་དེབ་དེབ་བསྐྱེལ་བྱས་མེད་པའི་རིགས་ཁ་ཤས་ཀྱང་ཕྱིར་འབུད་གནང་སོང་། གོ་སྒྲིག་ཞུས་སྟངས་ཀྱི་ཆ་ནས་ཐོག་མ་ཆོལ་གསུམ་མི་མང་དཀྱུས་གཅིག་ཏུ་བང་བསྒྲིགས་ཏེ། གསུངས་ཆོས་ར་བའི་ས་ཁུག་གཅིག་རང་ལ་འོས་བསྡུའི་གོ་སྒྲིག་ཞུས་འདུག་པས། མི་ཚོགས་མང་བའི་ཁར་ལྷག་པར་དུ་འཚང་ཁ་ཆེ་བའི་རྐྱེན་རྩར་བཟོས་འདུག དེ་དག་ཀྱང་མཐར་ལྕགས་རའི་ནང་སླེབས་དུས་གཞི་ནས་སོ་སོར་འགྲོ་དགོས་པ་ཞིག་བཟོ་གནང་འདུག་པས། མང་ཚོགས་ཀྱི་གསེབ་ནས་གོ་སྒྲིག་ཞུས་སྟངས་ཀྱི་ཐད་ལ་འདོད་པ་མ་ཁེངས་པའི་རྣམ་འགྱུར་སྟོན་ཀྱིན་འདུག
ཁོང་ཚོས་བཤད་རྒྱུར། མདོ་སྟོད་སྨད་གཉིས་གསུངས་ཆོས་ར་བའི་ནུབ་ཕྱོགས་དང་། དབུས་གཙང་ཆོལ་ཁ་ཤར་ཕྱོགས་སུ་གོ་སྒྲིག་ཞུས་པ་ཡིན་ན་སྟབས་བདེའི་ཁྱད་པ་ཡོང་སྲིད་པའི་བསམ་ཚུལ་ཤོད་ཀྱིན་འདུག དེ་ལྟར་གོ་སྒྲིག་ཞུས་སྟངས་ཀྱི་ཁྱད་པར་ལས་ཡིན་སྲིད། དཔེར་ན་ང་དང་བང་རིམ་མཉམ་པའི་མི་མང་རྣམས། ཆུ་ཚོད་བརྒྱད་པ་ནས་བང་བསྒྲིགས་ཀྱང་། འོས་འཕེན་སའི་ས་གནས་སུ་ཆུ་ཚོད་བཅུ་དང་ཕྱེད་ཀའི་སྟེང་གཞི་ནས་འབྱོར་སོང་། དེ་མིན་ཆུ་ཚོད་དགུ་པ་དང་བཅུ་བའི་སྟེང་བང་སྒྲིག་མཁན་ཞིག་ཡིན་ན། ཆུ་ཚོད་གསུམ་བཞིའི་བར་ལ་བང་གཅིག་པུར་བསྒྲིགས་ནས་དཀའ་བ་སྤྱད་དགོས་པའི་ཚོད་ཅིག་རེད་དྲན།
༼སྤྱིར་ན་ང་རང་སྔ་བོ་ནས་བང་སྒྲིག་པའི་དམིགས་ཡུལ་ནི། དེ་རིང་མང་ཚོགས་གསེང་གི་སྐད་ཆ་རྣམས་ཐོས་ཐུབ་ན་བསམ་པས་ཡིན།༽ངས་མང་ཚོགས་ཀྱི་བར་དུ་ངག་སྒོ་སྡོམ་པའི་ཟོལ་གྱིས་སོང་ཡིན། སྐབས་དེ་དག་ཏུ་ངའི་སྔོན་རྒྱབ་ཏུ་ཡོད་པའི་མང་ཚོགས་ཚོས་རང་རང་གི་ལྷན་དུ་ཡོད་པའི་དགའ་ཉེ་སྤུན་གྲོགས་ཚོར་བཀའ་མོལ་མང་པོ་ཞིག་གནང་གིན་འདུག དེའི་ནང་གི་སྐྱེས་པ་ལོ་ན་ལྔ་བཅུ་ཡན་མན་ཅན་ཁག་ཅིག་གིས། ཨ་ད་དུས་ཚོད་མང་པོ་ཞིག་ཕྱིན་སོང་། དེ་རིང་ཤོ་རྒྱག་རྒྱུའི་དུས་ཚོད་རག་ས་མ་རེད། ཟེར་ནས་རོགས་པ་ཞིག་ལ་བཤད་སོང་། རོགས་པ་དེས། ཁ་སང་ང་སྒོར་ལྔ་བཅུ་ཤོར་སོང་། ཟེར། གཞན་པ་དེས། ཐེངས་མ་རེར་སྒོར་ལྔ་ཅུ་རེད་དམ། ཞེས་དྲིས་སོང་། རེད་རེད། ཟེར།
ཡང་ཕོ་གསར་ཁག་གཅིག་གིས། ཨ་ཕྷུ་གྷ་ནི་སི་ཏིན་ལྟ་བུ་ཡིན་ན། འཇིགས་བསྐུལ་རིང་ལུགས་པས་འོས་ཤོག་འཕངས་ན་གསོད་ཀྱི་ཡིན་ཟེར་གི་ཡོད་རེད་དེ། མི་མང་རྣམས་ད་རུང་སྲོག་འབེན་ལ་བཙུགས་ནས་འགྲོ་གིན་ཡོད་རེད། ཡིན་ནའང་བོད་མི་ཁག་ཅིག་ནི་རང་དབང་དང་ཞི་བདེའི་ངང་ནས་ཡོང་ཆོག་མོད་དོ་སྣང་སྤྲོད་ཀྱིན་མི་འདུག་གསུངས་སོང་། ཁོང་གི་རོགས་པ་དེས། སྤྱིར་བཏང་གོ་སྒྲིག་ཞུ་མཁན་གྱིས་ཚོང་རྒྱག་ས་དང་། མཐོ་སློབ་འགྲིམ་མཁན་དག་གི་སར་འོས་འཕེན་སའི་གོ་སྒྲིག་མཐུས་ཚང་ཞིག་བྱེད་ཀྱིན་མི་འདུག་པས་དཀའ་ངལ་འཕྲད་ཀྱིན་ཡོད་རེད་ལབ་སོང་།
ཏོག་རྗེས་དེར་རྨོ་རྨོ་གཉིས་ཀྱིས་གླེང་མོལ་གནང་སོང་། རྨོ་ཞིག་གིས་རང་གི་རོགས་པ་ལ། བཀའ་བློན་ཁྲི་བ་སུ་ཡིན་ཞེས་དྲིས་སོང་། རྨོ་གཞན་པ་དེས་རྒྱ་རི་སྒྲོལ་མས་ཕྱི་རྒྱལ་གཏོང་གི་ཡིན་ཟེར་གྱི་འདུག་ག ཡིན་ནའང་བློ་བཟང་སེང་གེ་ཡག་པོ་ཡོད་རེད་ཟེར་གྱིན་འདུག ད་ངས་སུ་ལ་བླུགས་དགོས་ཡིན་ཧ་གོ་མ་སོང་། ཟེར་ནས་དོགས་པའི་ངང་འགྲོ་བཞིན་པའང་སྣང་། དེ་ནས་རེ་ཞིག་རིང་མདོ་སྨད་ཀྱི་བང་རིམ་ཆད་སོང་། དེའི་སྐབས་མདོ་སྟོད་ཀྱི་བང་རིམ་ཡང་རེ་ཞིག་རྫོགས་ལ་ཁད་རེད་བྱུང་། ཡིན་ནའང་དབུས་གཙང་གི་བང་རིམ་ནི་ཐང་སྟེང་དེར་མཐའ་མི་མངོན་པའི་བང་རིམ་ཞིག་ཏུ་གྱུར་སོང་། སྐབས་དེར། བོད་མི་ཞིག་གིས། བཙན་བྱོལ་བོད་པ་ཟེར་ནའང་དབུས་གཙང་གིས་བཟུང་ཚར་འདུག་ག་ཟེར། གྲྭ་བ་ཞིག་གིས། སྔོན་མ་ཟམ་གདོང་རིན་པོས་བཀའ་བློན་ཁྲི་བ་དབུས་གཙང་གིས་གཞག་གི་རེད་ཅེས་གསུངས་མྱོང་ཡོད་པ་རེད། ཅེས་ལབ་སོང་།
ཡང་བར་གསེང་ཞིག་ནས་བོད་མི་ཞིག་བྲེལ་འཚུབ་ཀྱིས་སླེབས་བྱུང་། ཁོས་ང་གང་ལ་འགྲོ་དགོས་ཡིན་ན་ཟེར་ཀྱིན་འདུག གཞན་དག་ཅིག་གིས་ཁྱོད་གང་ནས་ཡིན། འདིར་མདོ་སྟོད་དང་། ཕར་ཕྱོགས་དེ་མདོ་སྨད་རེད་ཅེས་ལམ་སྟོན་བྱས་སོང་། འོན་ཀྱང་ཁོས་ད་འདིར་སོང་ན་འགྲིག་གི་ཡོད་འགྲོ སྐུ་མཁྱེན་འདི་བལྟ་རོགས་དང་། ང་གང་ནས་རེད་འདུག་ཟེར་ཀྱིན་རང་དབང་ལག་དེབ་དེ་མི་ཞིག་ལ་བསྟན་སོང་། ཧཧཧ གཞན་དག་དེས་ངས་ཧ་མི་གོ འོས་བསྡུ་ལས་ཁུངས་ལ་དྲི་མཁན་རྒྱུག་བྱས་སོང་།
ང་རང་ཆོལ་ཁའི་འགེངས་ཤོག་བླངས་ནས་ཆོས་བརྒྱུད་ཀྱི་འགེངས་ཤོག་ལེན་མཁན་ཕྱིན་ཡིན། སྐབས་དེར། ངའི་འགྲམ་ནས་ཕོ་གསར་ཞིག་གིས་དགེ་ལུགས་ཆོས་བརྒྱུད་ཀྱི་འགེངས་ཤོག་ཅིག་བླངས་ནས་ཕྱིན་སོང་། ང་ཧང་སངས་བྱུང་། ངས་དྲན་ན། ཁོས་གྲྭ་བ་ཚོ་དང་ཐོࢠ
མཚམས་འདི་ནས་ཁོང་གི་ཟིན་བྲིས་ནང་ཤོང་མི་འདུག
འདི་གའི་གསར་འགོད་པ་ཟུར་བ་དང་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་འཇིགས་བྲལ་བསྟན་འཛིན་གྱིས་སྦེལ་ཀོབ་ཀྱི་འོས་བསྡུའི་སྔོན་འགྲོའི་ཉིན་མོའི་དཀའ་ངལ་སྐོར་ཁོང་གི་ཟིན་བྲིས་སུ་སྤེལ་འདུག་པ་འདིར་བཀོད་ཡོད།
སྦེལ་ཀོབ་ཁུལ་གྱི་འོས་བསྡུའི་དཀའ་ངལ།
ཁ་སང་སྦེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་སུ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་དང་། མི་མང་གིས་ཐད་ཀར་འོས་འདེམས་ཞུས་པའི་བཀའ་བློན་ཁྲི་པ་སྐབས་གསུམ་པའི་སྔོན་འགྲོའི་འོས་བསྡུ་དེར་སྤྱི་ཡོངས་ཀྱི་ཆ་ནས་སེར་སྐྱ་མི་མང་ཚང་མས་འོས་བསྡུའི་ཆ་ཤས་ཤུགས་ཆེན་པོ་བླངས་སོང་། ཡིན་ནའང་སྦེལ་ཀོབ་བོད་ཁྱིམ་ལྟ་བུར་མཚོན་ན་ཆ་རྐྱེན་ཚང་བའི་སློབ་མ་ཕལ་ཆེ་བའི་འོས་བསྡུའི་ཆ་ཤས་ལེན་ཐུབ་ཡོད་པ་མ་རེད།
དེ་ཡང་ཉིན་འདིར་སྔ་དྲོ་སྦེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་སུ་ཐེངས་འདིའི་བཀའ་སྤྱིའི་སྔོན་འགྲོའི་འོས་བསྡུ་བྱས་ཡོད་པ་དང་། གོ་སྒྲིག་གི་ངོས་ནས་བཤད་ན་གསང་བའི་འོས་བསྡུ་ཞིག་གི་ངོ་བོར་འོས་བསྡུ་བྱེད་ཐུབ་ཡོད་པ་མ་རེད། དེ་ཡང་མང་ཚོགས་ཚང་མས་དུས་གཅིག་ཏུ་ཕན་ཚུན་སྐད་ཆ་ཤོད་བཞིན་དང་། སུ་ལ་འོས་བླུག་དགོས་མིན་འདྲི་བཞིན་འོས་བླུག་ཡོད། ཡིན་ནའང་ཐེངས་འདིར་མང་ཚོགས་ཀྱི་ངོས་ནས་རང་ཚུགས་གང་འཚམས་བཟུང་འདུག་ལ། མི་མང་པོ་ཞིག་གིས་རང་ངོས་ནས་སོ་སོའི་འདོད་པའི་མི་རེ་གཉིས་ཀྱི་མིང་ལས་བྲི་གི་མི་འདུག ཉིན་འདིར་སྔ་དྲོ་ཆུ་ཚོད་ ༨ དང་ ༩ ནས་འགོ་འཛུགས་ཀྱིས་དགོང་མོ་ཆུ་ཚོད་ལྔ་པ་བར་འོས་བླུག་ཡོད་ལ། ཉིན་གང་པོར་འོས་བླུག་མཁན་གྱི་མི་འཚང་ཀ་ཤིག་ཤིག་བྱུང་ཡོད་ཅིང་། ཉིན་འདིར་རྒྱ་གར་ལྷོ་ཕྱོགས་མེ་སོར་གྲོང་ཁྱེར་གྱི་མཐོ་སློབ་ཀྱི་སློབ་མ་སྐོར་ཅིག་ས་གནས་སུ་འོས་བསྡུ་ཚོགས་ཆུང་མེད་སྟབས་ཆུ་ཚོད་གཉིས་ལྷག་གི་ལམ་ཐག་བརྒྱུད་ནས་སྦེལ་ཀོབ་གཞིས་ཆགས་སུ་འོས་བླུག་པར་འབྱོར་འདུག་ལ། ཁོང་ཚོ་མང་ཆེ་བའི་དོ་སྣང་དེ་བཀའ་ཁྲིའི་འོས་བསྡུ་ལ་བྱེད་ཀྱི་འདུག གཞན་ཡང་ཉིན་འདིར་གོ་ཐོས་བྱུང་དོན་ལ། ཕ་མ་སྐོར་ཅིག་གིས་བུ་ཕྲུག་ལ་མི་འདིར་འོས་བླུག་དགོས་སྐོར་སོགས་བརྗོད་སྐབས། བུ་ཕྲུག་ཚོས་སུ་ལ་བླུག་མིན་དེ་མི་སྒེར་གྱི་ཐོབ་ཐང་ཞིག་ཡིན་པས་བྱུས་ཏོག་མ་བྱས་ན་ཡག་པོ་ཡོད་རེད་ཅེས་བཤད་ཚུལ་འདུག་པ་དང་། ཡང་ཁྱོ་ག་ཞིག་གིས་སྤྱི་འཐུས་འོས་མིང་བཏོན་ཏེ་འདི་ཚོ་བླུག་ན་ཞེས་ལབ་དུས་བཟའ་ཟླས་ཁྱོ་གས་བཏོན་པའི་ནང་ནས་ཁ་ཤས་ཁས་ལེན་བྱས་ཡོད་མི་འདུག ཡང་ཕ་གཅིག་གིས་བུ་མོར་འོས་མི་ངོ་སྤྲོད་བྱེད་སྐབས་བུ་མོ་དེས་བུད་མེད་ཀྱི་མིང་མང་ཙམ་དགོས་པའི་ཨུ་ཚུགས་བྱས་སྟབས་གློ་བུར་དུ་བུད་མེད་ཁག་གི་མིང་དང་། ཕ་ཡུལ་སོགས་བརྩད་གཅོད་བྱེད་དགོས་བྱུང་ཡོད་འདུག དེ་ལྟར་སྤྱི་ཡོངས་ཀྱི་ཆ་ནས་ཐེངས་འདིའི་འོས་བསྡུའི་ནང་ཆ་ཤས་གང་ལེགས་བླངས་འདུག
ཡིན་ནའང་སྦེལ་ཀོབ་བོད་ཁྱིམ་ལ་མཚོན་ན། ལོ་ཚོད་དང་རང་དབང་གཅེས་འཛིན་ལག་དེབ་གཉིས་ཀའི་ཆ་རྐྱེན་ཚང་བའི་སློབ་མ་ཕལ་ཆེ་བས་འོས་བསྡུའི་ནང་ཆ་ཤས་ལེན་ཐུབ་མེད་ལ། ཉིན་འགའི་སྔོན་དུ་སློབ་ཕྲུག་སྐོར་ཅིག་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མི་དང་འབྲེལ་བ་བྱས་པ་བརྒྱུད་དབུས་འོས་བསྡུའི་འགན་འཛིན་ལ་འབྲེལ་བ་བྱས་ཏེ་འོས་འཕེན་པ་དང་དེབ་སྐྱེལ་གཉིས་ཀ་དུས་གཅིག་ཏུ་ཡོང་ཐབས་བྱས་འདུག་ཀྱང་དབུས་འོས་བསྡུ་ལས་ཁང་གིས་ཁས་ལེན་བྱས་ཡོད་མི་འདུག དེར་བརྟེན་སྔོན་འགྲོའི་འོས་བསྡུའི་ཉིན་སློབ་མ་སྐོར་ཅིག་གིས་དེབ་སྐྱེལ་བྱེད་མ་ཐུབ་པའི་བོད་མིའི་རང་དབང་གཅེས་འཛིན་ལག་དེབ་བཅོ་ལྔ་བཅུ་དྲུག་ལག་ཏུ་བཟུང་ནས་སྦེལ་ཀོབ་གཞིས་གྲོང་དང་པོར་འགྲོ་བཞིན་འདུག ཐེངས་འདིར་དེབ་སྐྱེལ་གྱི་གོ་སྐབས་ཤོར་བའི་སློབ་མ་ཁག་གིས་བསམ་ཚུལ་གསུང་དོན་ལ། སྤྱིར་དུས་རྒྱུན་ཡིན་ན་རྩེད་མོ་རྩེ་ས་དང་། བོད་དོན་གློག་བརྙན་ལྟ་བ་ཚུན་ཆད་ལ་བོད་ཁྱིམ་སྒྲིག་འཛུགས་བརྒྱུད་འགྲོ་གི་ཡོད་པ་རེད། སྒྲིག་འཛུགས་ཀྱིས་སྣེ་ཁྲིད་བྱེད་ཀྱི་ཡོད་རེད། ཡིན་ནའང་ད་ལན་དེ་གནང་མ་སོང་ཟེར་གྱི་འདུག་ལ། གནས་ཚུལ་འདི་ལ་ཕྱིར་བལྟས་བྱེད་སྐབས་ཟླ་འགའི་དུ་ང་ཚོའི་སློབ་གྲྭའི་འཛིན་གྲྭ་བཅུ་གཉིས་པའི་སློབ་མ་ཚོས་སློབ་གྲྭའི་ནང་བཀའ་ཁྲི་སུ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མེད་སྐོར་ཤོག་བུ་བཀྲམ་ནས་ཚོད་ལྟའི་ཉམས་ཞིབ་ཞིག་བྱས་པའི་མཐའ་འབྲས་སུ། དགེ་ལས་མང་ཆེ་བས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། སློབ་མ་བརྒྱ་ཆ་ ༨༠ ཡིས་མཁས་དབང་བློ་བཟང་སང་གེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་གསལ་བསྒྲགས་སློབ་མའི་འདུས་ཚོགས་ནང་གཏམ་བཤད་བྱས་པ་རེད། གནས་ཚུལ་འདི་ཚོ་སློབ་གྲྭའི་ངོས་ནས་ང་ཚོར་ལམ་སྟོན་དང་གསལ་བཤད་ཡག་པོ་མི་བྱེད་པའི་རྒྱུ་རྐྱེན་དུ་གྱུར་འདུག་སྙམ་གྱི་ཡོད། ཅེས་བཤད་ཀྱི་འདུག་ལ། གནས་ཚུལ་འདིའི་ཐད་བོད་ཁྱིམ་འགན་འཛིན་གྱིས་གསལ་བཤད་གནང་དོན་ལ། ཐེངས་འདིའི་འོས་བསྡུའི་དེབ་སྐྱེལ་དེ་བཞིན་རང་ངོས་ནས་བྱེད་དགོས་པ་ཞིག་ཡིན་སྟབས་གསལ་བསྒྲགས་འབྲེལ་ཡོད་ལས་བྱེད་བརྒྱུད་བཏང་བ་ཡིན། ལས་བྱེད་ཚོ་ནི་དུས་རྒྱུན་རང་དབང་གཅེས་འཛིན་ལག་དེབ་ཀྱི་དཔྱ་ཁྲལ་དང་འབུལ་བབ་བོད་ཁྱིམ་ལས་ཁུངས་བརྒྱུད་འབུལ་བསྡད་ཀྱི་ཡོད་སྟབས་ཐེངས་འདིར་ཡང་དེབ་སྐྱེལ་དེ་བཞིན་ལས་ཁུངས་ཀྱི་ངོས་ནས་བྱས་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག་ལ། སློབ་མ་ཚོས་འོས་བསྡུའི་དེབ་སྐྱེལ་བྱེད་ཡག་ཡོད་པའི་སྐབས་སུ་དེབ་སྐྱེལ་བྱེད་ཡག་གི་ཆེད་དུ་སློབ་མར་དེབ་སྐྱེལ་བྱེད་ཕྱོགས་ཀྱི་ལམ་སྟོན་དང་དམིགས་བསལ་དུས་ཚོད་བཏོན་ཡོད་མེད་ཐད་བོད་ཁྱིམ་འགན་འཛིན་གྱིས་བརྗོད་དོན་ལ། ང་ཚོས་ལམ་སྟོན་གྱི་ལས་རིམ་སྤེལ་བ་ཏན་ཏན་བྱུང་ཡོད་མ་རེད། ང་ཚོའི་ངོས་ནས་འོས་བསྡུའི་དེབ་སྐྱེལ་བྱེད་ཡག་གི་ཆེད་དུ་དམིགས་བསལ་དུས་ཚོད་བཏོན་མེད། ཅེས་འགྲེལ་བརྗོད་གནང་སོང་། ཐེངས་འདིའི་བོད་ཁྱིམ་གྱི་གནས་ཚུལ་ལ་ལྷོ་ཕྱོགས་ཁུལ་གྱི་སེར་སྐྱ་མང་ཚོགས་ལ་ཚོར་སྣང་ཧ་ཅང་ཆེན་པོ་འདུག་ལ། གནས་ཚུལ་གང་ཡིན་གསལ་པོ་ཤེས་རྟོགས་ཆེད་གུས་པ་གསར་འགོད་པ་ཡིན་སྟབས་ཉིན་གཅིག་གི་ནང་ཁ་པར་ཐེངས་མང་བཏང་བྱུང་ལ། གནས་ཚུལ་དངོས་གང་འདྲ་ཡིན་མིན་སྐད་ཆ་འདྲི་གི་འདུག
འཚང་ཁ་ཤིག་ཤིག་གིས་འོས་འཕེན་གནང་སྟངས་ལ་བལྟས་ན། དངོས་གནས་དགའ་དགོས་པ་ཞིག་དང༌། བོད་བྱོལ་མི་མང་ཚོའང་དེ་སྔོན་དང་མི་འདྲ་བར་གོ་རྟོགས་བསད་པའི་བརྡ་ཞིག་བསྟན་འདུག མང་གཙོ་ཡར་རྒྱས་ཀྱི་རྣམ་པ་དེར་དུས་ནམ་ཡང་ཡི་རང་ཞུ།་ མི་མང་རྣམས་ཐུགས་རྗེ་ཆེ།
འོན་ཀྱང་མི་མང་སུ་དང་སུ་ཡིན་རུང་བྱ་བ་ཆུང་ངུ་ཞིག་ལ་དོ་སྣང་ཆེན་པོ་ཞིག་སྤྲོད་དགོས་པ་དེ་ནི། བོད་པའི་གོམས་གཤིས་ངན་པ་འཚང་ཁ་རྒྱག་ཀྱིན་པ་དེ་རེད། དུས་ནམ་ཡང་འཚང་ཁ་མེད་པའི་ལས་ཀ་ཞིག་ལ་ང་ཚོ་ཚང་མས་བརྩོན་ཐུབ་ན་ཅི་མ་རུང༌།
དེ་རིང་མི་མང་གིས་འཚང་ཁ་ཤུག་ཤུག་གི་རྣམ་པ་དེ་དངོས་གནས་དགའ་འོས་པ་རང་རེད།
ཉེ་ཆར་དུས་བབ་དྲ་རྒྱའི་ནང་དུ་བཙན་བྱོལ་བོད་གཞུང་མང་གཙོ་མ་རེད། སྐུ་དྲག་རིང་ལུགས་རེད་ཟེར་མཁན་མང་དག་ཅིག་བྱུང་བ་རེད། མི་དེ་དག་གིས་མང་གཙོ་ཟེར་བ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་མེད་མི་ཤེས་ཀྱང། འོས་འཕེན་གྱི་སྣང་ཚུལ་འདིས་དེ་དག་ལ་ལན་གསལ་ཐག་ཆོད་ཅིག་བརྒྱབ་འདུག ཡིིན་ནའང་མགོ་འཚོས་མཁན་ཞིག་གིས་མགོ་འཚོས་ཀྱི་རེད་སྙམ།
མང་གཙོ་ཡར་རྒྱས་ཀྱི་རྣམ་པ་འདིར་ཡི་རང་ཆེན་པོ་བྱེད་ཀྱི་ཡོད། དངོས་གནས་དགའ་བ་ལ། སྐྱིད་པ་ལ་བོད་འདིར་རེབ་ཞིག་ཡོད་པ་འདྲ།