མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རུས་པ་སྦར་མོ་གང་བོ་རང་ཡུལ་ནས་གཏོར་དགོས་བསམ་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འགའི་སྔོན་ལ་ང་རང་གསར་འགོད་ཀྱི་ཆེད་ཤེས་རབ་དགའ་ཚལ་སློབ་གླིང་ཉེ་འཁྲིས་སུ་ཡོད་པའི་དབུས་སྣེ་ལེན་ཁང་གསར་པ་དེར་ཕྱིན་པ་ཡིན། དེ་ནི་ང་རང་སྣེ་ལེན་ཁང་གསར་པར་འགྲོ་ཐེངས་དང་པོ་ཡིན། སྣེ་ལེན་ཁང་གི་ལས་ཁུངས་དང་ལས་ཤག ཚོགས་ཁང་དང་ཟ་ཁང་། ཕོ་མོའི་ཉལ་ཁང་། ཕྱི་རོལ་གྱི་ལྡུམ་རྭ་སོགས་ཕྱིའི་བཀོད་པ་དང་འཛུགས་བསྐྲུན་གཞི་རྒྱ་ཆེ་ཞིང་མཐུན་རྐྱེན་འཛོམས་པ་ཞིག་བསྐྲུན་འདུག རྣམ་པ་འདིས་མི་གཞན་འགའ་རེར་བཙན་བྱོལ་གཞུང་དམངས་ཕྱུག་འགྱུར་དང་སྤྱི་ཚོགས་ཡར་རྒྱས་ཀྱི་དགའ་སྤོབས་ཤིག་བསྟེར་སྲིད་ཀྱང་། ང་ལ་མཚོན་ན་དེ་ལས་ལྡོག་སྟེ། བགྲང་བྱ་ལྔ་བཅུའི་ཡར་སྔོན་དུ་མི་བསད་ཅིང་ཁྲག་བཞུར་བའི་སྐྱོ་གར་གཏིང་བརྗེད་དུ་སོང་ཞིང་། ད་ལྟའི་སྐྱབས་བཅོལ་བོད་མི་ཆིག་འབུམ་བཞི་ཁྲི་ལྷག་གིས་ཉིན་སྒུག་མཚན་སྒུག་གིས་རེ་ལྟོས་ལ་སྣང་མེད་བྱས་ཏེ། སྐྱབས་བཅོལ་གྱི་འཚོ་བ་སྐྱུར་མོ་འདིར་སྐྱིད་སྣང་ཞིག་འཆར་གྱི་མེད་དམ་སྙམ་པའི་འཇིགས་སྣང་ཞིག་བྱུང་།

 

གུ་དོག་ཅིང་གཙང་སྦྲ་ཡང་དེ་ཙམ་མི་བཟང་བའི་སྔར་གྱི་མཱེག་ལོར་སྣེ་ལེན་ཁང་ལ། ནམ་རྒྱུན་འདུ་འཛི་ཆེ་ཞིང་འཁྲུག་ཆ་དོད་ཀྱང་། དེ་རིང་འདིར་རྒྱ་གར་གྱི་ལས་ཀ་བ་ཁ་ཤས་དང་ལས་བྱེད་རེ་གཉིས་ལས་མཐོང་རྒྱུ་མི་འདུག དེ་དག་ཀྱང་ཧ་ཅང་དལ་དལ་ལྷོད་ལྷོད་ངང་བསྡད་འདུག ངས་དེར་ཡོད་ལས་བྱེད་ཅིག་ལ་སྐད་ཆ་འདྲི་སྐབས་ཁོང་གིས། གསར་དུ་འབྱོར་བ་སྐོར་ཞིག་སྔར་ཉིན་ཤེས་རབ་དགའ་ཚལ་སློབ་གླིང་དུ་བཏང་ཟིན་སྟབས། ད་ཆར་ཤུལ་དུ་མི་གཉིས་ལས་མེད་ཟེར་བཞིན་ཁང་བརྩེགས་ཆེན་པོ་ཞིག་ལ་མཛུབ་མོ་ཀེ༌ར་བྱུང་། ང་རང་ཁང་བརྩེགས་དེའི་ནང་སོང་སྟེ་ཁང་མིག་རེ་རེ་བཞིན་ཉུལ་སྐབས། ལོ་ན་ཅུང་བགྲེས་པའི་རྒན་པོ་ཞིག་གིས་ཕྲེང་བ་འདྲེན་བཞིན་བསྡད་འདུག་ལ། ཁོའི་གམ་དུ་ཕོ་གསར་རང་ལོ་ ༢༠ ཡས་མས་ཤིག་ཀྱང་འདུག  ངས་ཐོག་མར་ཁོང་ལ་རང་ཉིད་ངོ་སྤྲོད་དང་འབྲེལ་གནད་དོན་འགའི་ཐད་བཅར་འདྲི་ཞུས་པ་ཡིན། ཁོང་གིས་བརྗོད་དོན། ངའི་མིང་ལ་རྒྱལ་མཚན་ཟེར་ཞིང་ཕ་ཡུལ་དཀར་མཛེས་ནས་ཡིན། ད་ལྟ་ལོ་  ༥༨ ཡིན་ཞིང་། སྔོན་མ་ལོ་ ༣༠ སྟེང་ནས་ལྷ་སར་ཡོང་སྟེ་ཚོང་ལས་བྱས་བསྡད་པ་ཡིན། ཡིན་ནའང་། དུས་ཡུན་དེ་དག་ཏུ་ངས་མངོན་གསལ་དོད་པོའི་ཐོག་ནས་ཆབ་སྲིད་དང་འབྲེལ་བའི་ལས་ཀ་ཆེན་པོ་འདྲ་བྱ་ཐུབ་མ་སོང་། ༢༠༠༨ ལོར་ལྷ་སར་མི་མང་པོའི་ངོ་རྒོལ་བྱེད་སྐབས། ཉིན་དང་པོ་ནས་བར་སྐོར་དང་ར་མོ་ཆེ། ཀླུ་སྦུག་སོགས་ཀྱི་སྐད་འབོད་ཁྲོད་ཞུགས་པ་ཡིན། སྐབས་དེར་དམག་མི་དང་མི་མང་བར་འཁྲུག་ཟིང་ཆེ་སྟབས། རྒྱ་གཞུང་གིས་བརྙན་ཕབ་བྱེད་ཀྱི་ཡོད་པ་ཤེས་མ་སོང་། ཡིན་ནའང་། རྒྱ་ནག་གཞུང་གིས་སྐབས་དེའི་ངོ་རྒོལ་གྱི་རྣམ་པ་བརྙན་འཕྲིན་དུ་ཕབ་ཏེ། ཞི་འཇགས་རྗེས་བརྙན་འཕྲིན་སོགས་སུ་ཐད་གཏོང་བྱས་ཤིང་། པར་རིས་ནང་ཡོད་པའི་མི་རྣམས་འཛིན་བཟུང་བྱ་རྒྱུའི་ཉེན་བརྡ་བཏང་འདུག

 

སྐབས་དེར་ང་རང་གིས་མ་མཐོང་ཡང་། ངའི་སྤུན་མཆེད་དང་གྲོགས་པོ་ཚོས་ང་རང་ཡང་བརྙན་འཕྲིན་ནང་ཡོད་སྐོར་བརྗོད་བྱུང་། སྐད་ཆ་དེ་གོ་བའི་དགོང་མོ་དེར་ང་རང་གི་འདུག་གནས་དང་ཁ་བྲལ་ཏེ་སེ་ར་དགོན་པའི་རི་ངོས་སུ་ཕྱིན་ཏེ་ཟླ་ ༦ ཙམ་ལ་ཡིབ་ནས་བསྡད་པ་ཡིན། ཕྱིས་སུ་གསང་བའི་སྒོ་ནས་དཀར་མཛེས་ལ་སོང་སྟེ་ལོ་གཅིག་རིང་བསྡད་ཀྱང་། རྫོང་དང་ཞང་གི་ཉེན་རྟོག་མི་སྣས་བརྩད་གཅོད་བྱེད་ཀྱི་ཡོད་པ་ཐོས་སྟེ། ཡང་བསྐྱར་གསང་སྟབས་ཀྱིས་ཕྱིར་ལྷ་སར་ལོག་པ་ཡིན། ངར་ཆབ་སྲིད་དང་འབྲེལ་བའི་ནག་ཉེས་གང་ཡང་མེད་ཀྱང་། ཁོང་ཚོས་ང་གར་འགྲོ་གར་འདུག་ལ་ལྟ་རྟོག་དང་། ངའི་ནང་མི་ཚོར་འཇིགས་སྐུལ་ཡང་ཡང་བྱས་ཤིང་། མི་འདྲ་མིན་བརྒྱུད་ང་འཛིན་བཟུང་གི་ཐབས་ལམ་སྣ་ཚོགས་བྱེད་ཀྱི་འདུག ནང་མི་ཚོས་ང་རྒྱ་གར་དུ་བྲོས་ན་ལེགས་ཚུལ་བརྗོད་ཀྱང་། ཨུ་ཚུགས་ཀྱིས་ང་འགྲོ་རྒྱུ་མིན་ལབ་པ་ཡིན། ང་ལོ་ཆེན་པོ་ཡིན་པ་དང་ནང་མི་སྤུན་མཆེད་ཚང་མ་བོད་ནང་ཡོད་སྟབས། ངས་རང་གི་རུས་པ་སྦར་མོ་གང་བོ་རང་ཡུལ་ནས་གཏོར་དགོས་བསམ་ཡོད། འོན་ཀྱང་། བསམ་བློ་ཡང་ཡང་བཏང་མཐར། ༧གོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུའི་གོ་སྐབས་ཤིག་རག་པ་དང་། ལོ་གཅིག་གཉིས་ཀྱི་ནང་སྲིད་བྱུས་ཅུང་གུ་ཡངས་ཆགས་ན། ཕྱིར་ཕ་ཡུལ་ལ་ལོག་ཆོག་གི་རེད་སྙམ་སྟེ་མཐར་རྒྱ་གར་ལ་འགྲོ་རྒྱུ་བྱས་པ་ཡིན། ཞེས་བརྗོད་བྱུང།

 

ཡང་ཁོང་གིས་བྲོས་བྱོལ་གྱི་བརྒྱུད་རིམ་དང་འབྲེལ་དཀའ་ངལ་ཁག་ཅིག་བརྗོད་དོན། བལ་ཡུལ་སྣེ་ལེན་ཁང་དུ་སླེབས་སྐབས་གནས་ཚུལ་ཚང་མ་བཤད་པ་ཡིན། འདིར་ཡོང་རྗེས་བོད་གཞུང་གི་ལས་བྱེད་ཚོས་ང་ལ་ཡང་དང་བསྐྱར་དུ་སྐད་ཆ་འདྲི་གི་འདུག་ལ། ཡིད་མ་ཆེས་པའི་རྣམ་འགྱུར་ཡང་སྟོན་གྱི་འདུག  ཁོང་ཚོས་བཤད་པ་ལྟར་ན། སྔོན་མ་ནས་བཟུང་ཁམས་དང་ཨ་མདོ་ས་ཁུལ་ཏུ་ཆབ་སྲིད་བཙོན་པ་རྫུན་མ་མང་པོ་བྱུང་བའི་དབང་གིས་འདིའི་ཐད་ལ་དཀའ་ངལ་ཡོད་ཚུལ་བརྗོད་བྱུང་། སྣེ་ལེན་ཁང་གི་ལས་ཀ་བྱེད་སྟངས་དེ་དག་མཐོང་དུས་བློ་ཕམ་ཡོང་གི་འདུག ངས་ངོ་རྒོལ་སྐད་འབོད་བྱས་པ་དེ་ང་རང་ཉིད་ཀྱི་ཆེད་དུ་མིན་པར་མི་རིགས་ཀྱི་བདེན་དོན་ཆེད་རེད། ང་རང་གི་འཚོ་བར་དཀའ་ངལ་འཕྲད་དེ་འདིར་ཡོང་བ་གཏན་ནས་མིན། ངའི་ཁྱིམ་གྱི་འཚོ་བ་འགྲིག་ཐག་ཆོད་ཡོད། ང་ལ་བརྟག་དཔྱད་བྱ་དགོས་ཟེར་ནས་ཡུན་རིང་ཕྱིན་སོང་ ད་ལྟ་ང་ལ་སྐད་ཆ་བཤད་འདོད་ཀྱང་མི་འདུག  ཐབས་ཤེས་གཞན་མེད་ན། གནས་སྐབས་རིང་ཟ་ཁང་ཞིག་ཏུ་ལས་ཀ་བཙལ་ཏེ། རྗེས་མ་རྒྱ་ནག་གིས་གང་འདྲ་བྱས་ཀྱང་ཕྱིར་རང་ཡུལ་དུ་ལོག་རྒྱུ་ཡིན། ཞེས་མིག་ཆུ་ཤམ་ཤམ་བཞུར་བཞིན་བརྗོད་བྱུང།

 

མཐའ་དོན་ཁོང་གིས། ད་ལྟ་དབུས་སྣེ་ལེན་ཁང་གི་ཕྱིའི་འཛུགས་སྐྲུན་ཧ་ཅང་ཡག་པོ་རེད། ཡིན་ནའང་། ནང་གི་ལས་བྱེད་ཚོའི་ལས་ཀ་བྱེད་སྟངས་མཐོང་ཡོང་དུས་ཐང་ཆད་ཡོང་གི་འདུག གང་ཡིན་ཞེ་ན། བོད་ནང་ལ་མཚོན་ན་བོད་རིགས་ནང་ཁུལ་དུ་ཧ་ཅང་འཆམ་པོ་དང་། ཕན་ཚུན་ལ་རོགས་རམ་བྱེད་པའི་ལུགས་སྲོལ་བཟང་པོ་ཞིག་ཡོད། ཕན་ཚུན་སྐད་བཤད་སྐབས་ཀྱང་བོད་མི་རིགས་ཀྱི་ལས་དོན་ལ་དོ་སྣང་ཆེན་པོ་ཡོད་ཀྱང་། འདི་ནས་སྐད་ཆ་བཤད་སྟངས་ཚུན་ནས་རྩ་དོན་ལ་ཐུགས་འཁུར་དང་མི་རིགས་ཀྱི་ལ་ཞེན་མེད་པ་ཤེས་ཐུབ་ཀྱི་འདུག བོད་ལ་རང་དབང་རག་མིན་དེ་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མར་རག་ལས་ཡོད། ༸གོང་ས་མཆོག་དགུང་གྲངས་འདི་འདྲ་ཞིག་ལ་སླེབས་ཀྱང་དཀའ་ལས་ཅི་ཙམ་རྒྱག་གི་འདུག ང་ཚོ་བོད་ཀྱི་རྩ་དོན་དེ་ཁོང་གཅིག་པུའི་ལས་དོན་མ་རེད། བོད་གཞིས་བྱེས་གཉིས་ཀྱི་སྐྱ་སེར་ཕ་མོ་རྒན་དར་གཞོན་གསུམ་ཚང་མས་འཁུར་མཉམ་ལེན་བྱ་དགོས་པ་རེད། བོད་མི་རིགས་ཀྱི་ཆེད་དུ་དཀའ་ལས་བརྒྱབ་ཟིན་པ་དག་ལ་ངོས་འཛིན་དང་རོགས་རམ་ཡག་པོ་དགོས་པ་རེད། དེས་བོད་ཕྱི་ནང་གཉིས་ཀྱི་འབྲེལ་བར་ཕན་གི་རེད་ལ། མུ་མཐུད་རྒྱལ་ཁབ་དང་མི་རིགས་ཆེད་སྲོག་བསྡོས་བྱེད་མཁན་མང་པོ་ཡོང་གི་རེད། བོད་ནང་ ༢༠༠༨ ལོར་སྐད་འབོད་བྱས་པ་རེད། མ་འོངས་པར་ཡང་སྐད་འབོད་བྱ་འཆར་ཡོད་པ་ངས་དངོས་སུ་ཐོས་བྱུང་། ང་རང་གི་ལོ་ཚོད་དག་གིས་༸གོང་ས་མཆོག་སྐུ་འཚོ་བཞུགས་རིང་ང་ཚོར་རང་སྲིད་རང་སྐྱོང་ཞིག་ཐོབ་སྟེ། ཁོང་ཕྱིར་བོད་ནང་ལོག་ཐུབ་རྒྱུར་རེ་བ་ཆེན་པོ་བརྒྱབ་འདུག ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Front Slider

༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བ་སྲུང་གཙི་ཞུས།

ཆུ་ཚོད་ ༥ སྔོན་ལ།
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་དྲན་གྱི་དབྱིན་ཡིག་ཐོག་ཡོད་པའི་ཕྱག་དེབ་ (Tibet's Stolen Child) ཅེས་པ་དབུ་འབྱེད་གནང་བ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

དྷ་ས་ཉེ་འཁོར་གྱི་བོད་སློབ་ནང་ཁུལ་དབར་ངག་རྩལ་འགྲན་བསྡུར་ཞིག་འཚོགས།

ཆུ་ཚོད་ ༦ སྔོན་ལ།
དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་སྲུང་གཙི་ཞུས།

ཆུ་ཚོད་ ༦ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦
Mobile App

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པ་ཁ་གསལ་བཟོ་ངེས་ཡིན་པའི་བསྒྲགས་གཏམ་སྤེལ།

༢༠༢༥/༠༥/༡༦
Exile Tibetan Buddhist nuns carry placards during a protest march demanding the release of their religious leader Gedhun Choekyi Nyima, the 11th Panchen Lama, who was put under house arrest by the Chinese authorities this day in 1995 in Tibet, in Dharmsala, India, Wednesday, May 17, 2017. © 2017 AP Photo/Ashwini Bhatia
Mobile App

༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༠༥/༡༦
གངས་་སྐྱིད་དུ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༨ པ་སྲུང་གཙི་གནང་།  ༢༠༢༥།༠༥།༡༦ དུས་བབ་ཀྱི་པར།
Mobile App

བོད་ཀྱི་སྒྱུ་རྩལ་པས་སྒྱུ་རྩལ་བརྩམས་ཆོས་ཀྱི་ཐོག་ནས་བོད་དོན་འགྲེམས་སྟོན་བྱས།

༢༠༢༥/༠༥/༡༦

མཆན། 14

  1. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    དོན་དམ་གྱི་སེམས་ཤུགས་ཡོད་ན་མི་གཅིག་གཉིས་ཤིག་གིས་སྐད་ཆས་བློ་ཕམ་དགོས་དོན་མེད། ངོ་སོ་དང་གྲགས་པའི་རྗེས་སུ་འགྲོ་ལྡོག་བྱ་འདོད་ཡོད་མཁན་ཞིག་ཡིན་ན་གནས་ཚུལ་ཁ་ཁ་རེད། ཐ་ན་རྒྱ་མི་རིགས་ཀྱི་མི་རིགས་འཐབ་རྩོད་པའི་ལོ་རྒྱུས་ལ་བལྟས་ན་ཡང་གནད་དོན་འདི་རིགས་རྟོགས་སླའོ། དེ་ལས་ཨ་རིག་འགྱུར་མེད་ཀྱིས་དགྲ་དགའ་གཉེན་སྡུག་གི་སྐད་ཆ་བཤད་པ་འདི། ཅོལ་ཆུང་ཅལ་འདྲོག་སྤྱི་དང་བྱེ་བྲག་གི་ཁྱད་པར་མི་ཤེས་པའི་གླེག་ཕྲུག་གི་རང་རྟགས་བསྟན་པ་ཞིག་ཡིན་ན་ཡང་འདི་རིགས་དོགས་ཟོན་བྱས་ན་བཟང་།

    Reply
  2. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    ད་ཁྱོད་ཚོས་ཁྱི་ལབ་རྒྱག་གི་འདུག ལྐོག་ཟ་རུལ་སྲུང་གི་བྱ་ཐབས་སྤྱད་པ་དེ་དག་ཡང་དག་དུ་ངོས་བཟུང་། ད་དུང་བོད་གཞུང་དང་ལས་བྱེད་ག་གེ་མོས་འགྲིག་གི་མིན་འདུག་ཟེར་ན། རྒྱ་ནག་ལ་མགོ་སྒུར་ན་ཡག་ཤོས་རེད། ཁྱེད་ལ་གང་འདོད་གནང་ངེས་རེད།

    Reply
  3. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དངོས་གནས་ང་ཚོས་ངན་པ་བརྒྱ་ཡང་དུ་གཏོང་མི་ཉན།
    ང་ཚོས་བྱས་རྗེས་ལ་གཟེངས་བསྟོད་དང་བྱས་ངན་ལ་དམས་རའམ་རྒྱུག་རྡུང་གཏོང་དགོས།
    དེ་ལྟར་མ་བྱས་ཚེ་ང་ཚོ་བཙན་བྱོལ་གྱི་སྤྱི་ཚོགས་འདི།
    དེ་རིང་གང་ཡིན་པ་དེ་སང་ཉིན་ཡང་དེ་རང་རེད།

    Reply
  4. དཔའ་རྩལ་སྟོང་འབར། says:
    ལོ་ 15 སྔོན།

    རང་སྐྱོན་རང་གིས་ཤོད། བསྟོད་པ་གཞན་ལ་བྱེད་དུ་ཆུགས།
    སྤྱི་ཚོགས་ཚགས་ཚུད་དང་ཉེས་སྐྱོན་ཐེར་འདོན་་བྱེད་ཆེད་བདག་གིས་ཀྱང་དྲ་གྲོགས་ཚོར་གནས་ལེན་ཁང་དང་འབྲེལ་བའི་གནས་ཚུལ་ཞིག་བཤད་འདོད་བྱུང། ཉིན་ཤས་སྔོན་གུས་པ་ལས་དོན་ཞིག་གི་ཆེད་དུ་རྡ་ཞོལ་ལ་ཕྱིན་པ་ཡིན། དེར་ཡུན་རིང་མ་ཐུག་པའི་གྲོགས་པོ་ཞིག་དང་འཕྲད་ནས་གླེང་མོ་བྱེད་དུས་ཁོང་གིས་བཤད་དོན། ཉེ་སྔོན་མཱེ་ལོག་གཱན་ཇིར་གནས་སྡོད་བྱེད་མཁན་གྱི་བུད་མེད་ཞིག་གནས་ལེན་ཁང་ལ་ཕྱིན་ནས་ལས་བྱེད་པ་ག་གེ་མོོ་ཞིག་ལ་རང་ཉིད་ལ་སྐྱབས་བཅོལ་ལག་དེབ་བཟོ་རྒྱུར་རོགས་རམ་བྱེད་རོགས་ཞིས་ཞུ་བ་འཐེན་དུས། ལས་བྱེད་པ་དེས་དེང་སྐབས་སྐྱབས་བཅོལ་ལག་དེབ་བཟོ་རྒྱུར་དེ་འདྲ་ལས་སླ་བོ་མེད་པ་དང་ངེས་པར་དུ་བཟོ་དགོས་ན་ཧིན་སྒོར་གཅིག་ཁྲི་ལྔ་སྟོང་དགོས་བཤད་འདུག།བུད་མེད་དེས་རང་ཉིད་ཀྱི་འཚོ་བར་དཀའ་ཁག་ཆེ་བས་དངུལ་དེ་འདྲའི་ཕོན་ཆེན་ཞིག་རེག་ཐབས་མེད་སྐོོར་བརྗོད་སྐབས། ལས་བྱེད་དེས་དེ་སླ་མོ་རེད། ཁྱེད་ལ་དངུལ་མེད་བཤང་བཙོང་ན་འགྲིག་གི་རེད། ཉོ་མཁན་ང་བྱེད་ཆོག་ལ་ང་ཚོ་སྐུ་ངོ་དང་ལས་བྱེད་གཞན་པས་ཀྱང་ཉོ་ངེས་རེད། དེ་འདྲ་བྱས་ན་ཟླ་གཅིག་ལ་སྒོར་གཅིག་ཁྲི་ལྔ་ལས་ལྷག་ཅིག་རེག་གི་རེད་ཅེས་ཆགས་གཏམ་འདྲ་མིན་གྱིས་བརྙས་བཅོས་བྱས་སྟབས། ཕྱི་ཉིན་དེར་བུད་མེད་དེའི་ཁྱོ་ག་གནས་ལེན་ཁང་ལ་ཡོང་ནས་ལས་བྱེད་ག་གེ་མོ་དེར་དེ་སྐོར་འདྲི་སྐབས་ཁོས་ཁས་ལེན་བྱས་མེད་པ་མ་ཟད་ད་དུང་གནས་ལེན་ཁང་གསར་བའི་དོན་མེད་ཀྱི་རྙོག་དྲ་དེ་འདྲ་བཤད་ན་རྟེན་འབྲེལ་ཡག་པོ་མེད་ཚུལ་གྱི་བསླབ་བྱ་གནང་ཁུལ་བྱས་འདུག་ཀྱང་། ཁྱོ་ག་དེ་དང་ཁོང་གི་གྲོགས་པོ་གཉིས་ཀྱིས་ལས་བྱེད་དེ་གནས་ལེན་ཁང་གི་སྒོ་ཕྱི་ལ་ཁྲིད་ནས་གཅར་རྡུང་དྲག་པོ་བྱས་རྗེས་གཞི་ནས་རང་སྐྱོན་ཁས་ལེན་དང་། གནས་ཚུལ་དེ་ཚགས་པར་དང་གསར་འགོད་པ་སོགས་སུ་གང་ལའང་མི་བཤད་རྒྱུའི་ཆེད་དུ་ཧིན་སྒོར་འབུམ་གཅིག་དང་ཁྲི་ལྔ་སྤྲད་འདུག གནས་ལེན་ཁང་གི་སྐུ་ངོས་ཀྱང་ལས་བྱེད་ག་གེ་མོ་དེས་གཞུང་ལ་ལོ་ངོ་ཉི་ཤུའི་་རིང་ཞབས་ཕྱི་བསྒྲུབས་པའི་ངོ་ལ་ལྟོས་ནས་ལས་རང་འཇག་དང་ཧིན་སྒོར་འབུམ་གཅིག་ལས་ཁུངས་ནས་སྔ་འདོན་གྱིས་གཡར་འདུག་ཟེར།
    གནས་ཚུལ་དེ་གོ་རྗེས་ངས་མིག་ལམ་ལ་ཤར་ཡོང་བ་ནི་བཞི་བཅུ་ཞེ་གྲངས་ནང་གི་ཧྲང་ཧཱད་ཀྱི་དཔོན་ངན་ཚོས་བྱེད་སྟངས་དེ་རེད།

    Reply
  5. ཐུབ་བསྟན says:
    ལོ་ 15 སྔོན།

    དོ་བདག་སོ་སོའི་སྔར་བྱས་རྗེས་ཅན་གྱི་ལས་ཀ་སྒྲུབ་མྱོང་མ་མྱོང་ལ་མ་ལྟོས་པར་ད་ལྟའི་དཀའ་ངལ་ཡོད་པ་དེ་ཚོ་གསལ་ཐབ་བྱེད་རྒྱུ་ལ་སྙིང་རྗེ་དང་བཅས་བརྩོན་པ་གལ་ཆེ་སྙམས་། གཅིག་འཐུན་ཡིན་ད་།།

    Reply
  6. བསེ་རུ། says:
    ལོ་ 15 སྔོན།

    གོང་དུ་བཀའ་སློབ་ལུང་འདྲེན་ཞུས་པ་ལྟར།
    བོད་གཞུང་གི་ལས་ཀྱི་སྣེ་མོ་བ་བྱེ་བྲག་པའི་སྐད་ཆ་ཤོད་སྟངས་དང་། བྱ་སྤྱོད་ངན་པའི་རིགས་དེ་བོད་གཞུང་གིས་བོད་གཞུང་གིས་བཀའ་བཏང་སྟེ་དེ་ལྟར་བྱེད་དགོས་ཞེས་གསུངས་པ་ཞིག་མ་རེད། མི་སྒེར་གྱི་སྐད་ཆ་དང་བྱ་སྤྱོད་ངན་པའི་རིགས་དེ་སྤྱི་པའི་སྒང་ལ་འཇོག་རྒྱུ་ཡོད་པ་མ་རེད། དེ་ལྟར་གནང་ན་བཙན་བྱོལ་ནང་༸རྒྱལ་བ་རིན་པོ་ཆེ་ལས་གང་ཡང་མི་འདུག་ཟེར་བའི་སྐད་ངན་དེ་ཡང་ཤོར་གྱི་རེད། ང་ཡང་བོད་ནས་ཡོང་བ་ཞིག་རེད། ཐོག་མར་མ་བརྟག་མ་དཔྱད་པའི་སྣང་ངོར་སེམས་ལ་དཀའ་ངལ་ཞེ་དྲགས་འཕྲད་བྱུང་། རེ་བ་ཡང་ཞེ་དྲགས་མེད་པ་ཚོར་བྱུང་། བོད་ནས་འབྱོར་བ་མང་པོ་ཞིག་ལ་ཚོར་སྣང་དེ་ཡོང་གི་ཡོད། འོན་ཀྱང་། དངོས་གནས་ལོ་གཅིག་ལོ་གཉིས་རིམ་པར་བཙན་བྱོལ་གཞུང་གི་བཀའ་དྲིན་དང་། ༸གོང་ས་མཆོག་གི་གཟི་བྱིན་ལས་ལུས་བདེ་སེམས་བདེའི་བདེ་སྣང་ཞིག་ཐོབ་བྱུང་། དེར་བརྟེན། མི་ཡི་ལུང་པར་རང་ཡུལ་ལྟར་སྐྱིད་སྣང་དང་བདེ་སྣང་མེད། དེ་དོན་ཡིད་སྐྱོ་དགོས་པའི་བཀའ་མོལ་དེ་རིགས་མ་གསུངས་ན་ལེགས།།

    བཙན་བྱོལ་བོད་གཞུང་གི་འབྲེལ་ཡོད་ལས་བྱེད་ཆེ་ཕྲ་ཆུང་གསུམ་གྱིས་ཀྱང་གོང་གི་བཅར་འདྲིའི་ནང་དོན་ལས་བསླབ་བྱ་བླངས་ཏེ། བོད་ནས་གསར་དུ་ཕེབས་པའི་རིགས་ལ་སྐད་ཆ་ཚིག་གཅིག་ཚུན་ནས་ཐུགས་གཟབ་གནང་སྟེ་གསུངས་རོགས། ཅིའི་ཕྱིར་ཟེར་ན། བོད་གཞུང་གི་གཞུང་ཞབས་པའི་མཚན་འཁུར་ཡོད་སྟབས། མི་སྣ་སྤྱིར་བཏང་བའི་སྐད་ཆ་ཞིག་དང་འདྲ་གི་མ་རེད། དེ་དོན་ཐུགས་ལ་འཇོག་རོགས།།

    Reply
  7. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    ཨ་རིག་འགྱུར་མེད་ལགས།
    ༼ཨ་རིག་སྒྲོལ་མ་སྐྱབས་ལྟ་བུ་ཁག་ཅིག་གིས་བཙོན་བྱོལ་དུ་རེ་བ་རེ་བཅོལ་ཏེ་ཡོང་ནའང་། བོད་གཞུང་གིས་བདག་པོ་མ་བརྒྱབ་པའི་ཁར་ད་དུང་ཁོང་གི་ལུས་སེམས་གཉིས་ལ་གནོད་ཤུགས་སྤྲད་ཡོད་༽ཟེར་བ་དངོས་གནས་ཇི་འདྲ་ཡིན་ན་ཤེས་ནས་འདོད། དེའི་ཕྱིར་ཁྱེད་ཀྱིས་སྐབས་དེར་གསར་འགོད་འདྲ་བྱེད་ཐུབ་བྱུང་ངམ། དེ་ཡང་གཞན་གྱིས་ཁ་མདངས་སོང་ངས་ཀྱང་དེ་ལྟར་བྱས་པ་ཡིན་ཟེར་བ་མིན་པར་བོད་གཞུང་ནས་ལུས་སེམས་ལ་གནོད་ཤུགས་སྤྲད་སོང་ཟེར་བ་ཇི་ལྟར་སྤྲད་ཡོད་དམ་ཤེས་ནས་འདོད། དེ་མིན་གཞན་གྱི་ལབ་རྡོལ་ལས་སོ་སོས་མྱོང་བ་མེད་པའི་གནས་ཚུལ་ཡིན་ཚེ་དེ་རིགས་འདིར་མ་བཀོད་ན་བཟང་གི་བསམ། རྒྱུ་མཚན་ནི་ཁྱེད་རང་རང་མགོ་མཐོན་དུ་བཅུག་མཁན་ཡང་གཞུང་འདི་རེད་ལ། སྤྱི་ཚོགས་ཁྲོདའགྲོ་བདེ་བསྡོད་བདེའི་བཀའ་དྲིན་དེ་ཡང་གཞུང་ལས་མ་འདས་པས་སོ། བསམ་ཚུལ་ཡིན།

    Reply
  8. དྲང་སྲོང་། says:
    ལོ་ 15 སྔོན།

    བདག་གིས་ནུབ་ཕྱོགས་ན་ཡོད་པའི་བོད་མི་གཞི་སྡོད་ཁག་ལ་རྒྱུས་ལོན་གང་ཐུབ་བྱས་པ་ཡིན། དང་པོ་ཨོ་སུ་ཁྲོ་ལེ་ཡའི་མོལ་བྷན། ཁེན་བྷི་ར། སིད་ནིའི་སོགས་ཀྱི་བོད་རིགས་དང་། ཨ་རིའི་ནུས་ཡོར་ཁུ། ཁ་ལི་སྥོར་ཉ། ལོ་སུ་ཨེན་ཇི་ལི་སུའི་བོད་རིགས་དང་། གཞན་ཁེ་ན་ན་སྒྲ། བྷེལ་འཇམ་བཅས་ལ་གྱི་བོད་རིགས་ཕར་ཆེ་བས་བས་གནས་སྟངས་ལ་ཞིབ་འཇུགས་བྱས་རྗེས་བློ་ཕམ་གང་མང་བྱུང་སོང་། སྤྱིར་གོས་དུ་ ༼ བོད་ནང་ལ་མཚོན་ན་བོད་རིགས་ནང་ཁུལ་དུ་ཧ་ཅང་འཆམ་པོ་དང་། ཕན་ཚུན་ལ་རོགས་རམ་བྱེད་པའི་ལུགས་སྲོལ་བཟང་པོ་ཞིག་ཡོད། ཕན་ཚུན་སྐད་བཤད་སྐབས་ཀྱང་བོད་མི་རིགས་ཀྱི་ལས་དོན་ལ་དོ་སྣང་ཆེན་པོ་ཡོད་ཀྱང་། འདི་ནས་སྐད་ཆ་བཤད་སྟངས་ཚུན་ནས་རྩ་དོན་ལ་ཐུགས་འཁུར་དང་མི་རིགས་ཀྱི་ལ་ཞེན་མེད་པ་ཤེས་ཐུབ་ཀྱི་འདུག༽ནང་བཞིན་རེད། མ་ཟད་བོད་མི་ཚོའི་ལས་ག་འཕྲན་བུ་རེའི་ཆེད་ངོ་ཚ་ཁྲེལ་ཡོད་སོགས་དོར་ནས། ཕན་ཚུན་དངོས་སམ་བརྒྱུད་ནས་གནོད་གང་ཐུབ་བྱེད་པ་དང་། བོད་མི་ཕན་ཚུན་བར་ལ་ཕྲག་དོག་གི་འགྲན་བརྩོད་ཧ་ཅིང་མཐོན་པོ་རེད། ཧང་སང་དགོས་པ་ཞིག་ལ་བོད་མི་ཚོས་རྒྱ་རིགས་ལ་ཕྲག་དོག་བྱེད་མི་ཐུབ་པར་མ་ཟད། ཉིན་མཚན་ཀུན་དུ་རྒྱ་མི་ཟ་ཁང་སོགས་ལ་གཡོག་པོ་དང་གཡོག་མོ་བྱེད་རྒྱུ་ལ་ཧ་ཅིང་དགའ་པོ་རེད། འདི་ནི་བོད་མི་རིགས་ལ་ལས་ཀྱིས་བསྐོས་པའི་ལན་ཆགས་ཞིག་ཡིན་པ་འདྲ། གནས་ཚུལ་འདི་རིགས་ངོ་ཚ་དགོས་པ་དང་ཧང་སངས་དགོས་ཤིན་ཏུ་མང་།

    Reply
  9. མངའ་རིས་ཕོ་ཉ། says:
    ལོ་ 15 སྔོན།

    གསར་འགོད་པ་བནྡེ་སྐྱབས་ལགས་པར་རིས་འདི་དག་བཏོན་གནང་བ་ཐུགས ་རྗེ་ཆེ། ལོ་ངོ་བརྒྱ་དང་བདུན་སོང་ཟིན་པའི་དབྱིན་ཇིས་བོད་ལ་བཙན་འཛུལ་བྱས་སྐབས་འདྲ་པར་ཁག་གཅིག་ད་ལྟ་མཐོང་རྒྱུར་ཡོད་པ་དེ་བོད་ཀྱི་མི་རབས་གསར་པའི་གཞོན་སྐྱེས་ཚོས་དེར་དོན་སྣང་དང་ཉམས་ཞིབ་བྱས་སྟེ་རྒྱ་ནག་གིས་དྲ་པོའི་བཙན་འཛུལ་མ་བྱས་གོང་བོད་འདི་རང་དབང་གཙང་མའི་རྒྱལ་ཁབ་ཡིན་པ་པར་རིས་དེའི་ཐོག་ནས་ལོ་རྒྱུས་ཀྱི་བདེན་དཔང་མཚོན་ཐུབ།

    Reply
  10. རི་བོང། says:
    ལོ་ 15 སྔོན།

    གཞིས་ལུས་རྒྱ་ཆེིའི་མི་དམངས། {47}
    འདིར་ཡོང་སྐབས་འདི་གར་ལས་ཀ་བྱེད་མཁན་དང་སྣེ་ལེན་བྱེད་མཁན་དེ་འདྲས་ཁ་ཐུག་ཁ་ཐུག་ལ་ངོ་འདྲ་བོ་བསུ་བ་སོགས་ཡག་པོ་ཞིག་མ་བྱུང་བར་(མི་ཐང་ཆད་པའི་སྐབས་སུ་ངོ་བསུ་མཁན་བྱུང་ན་སྐྱིད་པོ་ཡོད་རེད་ངོ་བསུ་མཁན་མ་བྱུང་ན་མ་སྐྱིད་པ་ཞིག་ཏན་ཏན་ཡོང་ཡོད་པ་ཆོས་ཉིད་རེད)དེ་འདྲའི་གནས་ཚུལ་གྱི་འོག་ནས་ཏན་ཏན་ཁྱེད་རང་ཚོ་བློ་ཕམ་པ་འདྲ་པོ་བྱུང་ཡོད་རེད། ད་དུང་ཡིན་ནའང་ཡོང་གི་རེད། ཡིནའང་ང་ཚོས་ཆེ་ས་ནས་བསམ་བློ་བཏང་ཚེ་བཙན་བྱོལ་བོད་གཞུང་ཟེར་བ་འདི་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། རིགས་ཁ་ཤས་ཀྱིས་རྒྱ་གར་ལ་༸རྒྱལ་བ་རིན་པོ་ཆེ་མ་གཏོགས་གཞན་དག་གང་ཡང་མི་འདུག་ཅེས་དེ་འདྲ་ཟེར་གྱི་ཡོད་པ་འདྲ། དེ་ཕྱོགས་གཅིག་ནས་རྒྱུས་མ་ལོན་པའི་གནས་ཚུལ་རེད་ལ། ཕྱོགས་གཅིག་ནས་གང་ལྟར་དེ་འདྲ་བཤད་ན་ཡག་པོ་ཡོད་མ་རེད། ཅེས་དང་།

    ཡང་། གཞིས་ལུས་རྒྱ་ཆེིའི་མི་དམངས། {༤༥}
    ཚུར་ཙམ་འདིར་རྒྱལ་བ་རིན་པོ་ཆེ་ལས་གཞན་བོད་གཞུང་ལ་གང་ཡང་མི་འདུག་ཅེས་ཟེར་གྱིན་བསྡད་ན་སོ་སོའི་ཞབས་འདྲེན་སོ་སོས་ཞུ་བཞིན་ཡོད་རེད།།

    བཀའ་སློབ་འདི་དག་གི་ནང་སྙིང་སེམས་ལ་ཉར་ནས་སྐད་ཆ་བཤད་དགོས། རྒྱལ་མཚན་ཟེར་བ་ཁོ་ལ་མཚོན་ནའང་གཟིགས་སྐྱོང་ཞེ་དྲགས་བྱེད་དགོས་པའི་ལས་ཀ་ཅང་བྱས་མི་འདུག་སྙམ། ཨ་རིག་སྒྲོལ་མ་སྐྱབས་སོགས་ཀྱི་གནས་ཚུལ་དེ་དག་ནི་ངོ་མ་བློ་ཕམ་དགོས་པའི་གནས་རེད།

    Reply
  11. ལོ་མ་སེར་པོ། says:
    ལོ་ 15 སྔོན།

    སྔོན་མ་བལ་ཡུལ་སྣེ་ལེན་ཁང་ནས་བོད་པའི་ལས་བྱེད་དག་གིས་གསར་འབྱོར་ལ་བཅར་རྡུངས་བྱས་རབས་ཡོད། ངས་གྲོགས་པོ་ཞིག་གིས་ཟེར་ན་ཁོས་མིག་གིས་མཐོང་སོང་ཟེར་བོད་གཞུང་སྣེ་ལེན་ཁང་འདི་མི་སྒེར་ཞིག་དང་མི་ཚང་ཞིག་གི་ཆེད་བཙུགས་པ་མ་རེད་ལ་ལས་བྱེད་ག་གེ་མོ་རྐུབ་བཀྱག་གང་བསྡད་པ་ཙམ་གྱིས་རང་ཉིད་དཔོན་པོ་ཆེན་པོ་ཞིག་ཡིན་པའི་སྣང་བ་ཤར་ན་དེ་ནི་རྦད་དེ་ནོར་འཁྲུལ་རེད་སྙམ། ལས་ཀྱི་སྣེ་མོ་བ་སུ་ཡིན་རུང་བོད་གཞུང་གི་ལས་ཁུངས་ནང་ལས་ཀ་བྱས་པ་དེ་མི་མང་ལ་ཞབས་འདེགས་ཞུ་ཆེད་ཡིན་པར་ངོ་ཤེས་དགོས་པ་གལ་ཆེ་པོ་རེད། དེ་མིན་རང་གི་དཀའ་ལས་གང་བརྒྱབ་ཐམས་ཅད་རང་ཉིད་ལྟོ་གྲོད་པ་གང་གི་ཆེད་དུ་ཡིན་པ་གསལ་པོ་མངོན་པ་མ་རེད་དམ། དབུས་ནས་ཆབ་སྲིད་བཙོན་་པ་ཡིན་མིན་ཞིབ་འཇུག་དགོས་གལ་ཆེ་ནའང་ཐབས་མཁས་དང་འཇམ་པོ་བྱས་ནས་ཁོང་ལ་ཞུ་དགོས་པ་གལ་ཆེན་པོ་རེད་། དེ་ལྟར་མ་བྱས་ཚེ་རང་ཉིད་བཟང་སྤྱོད་དང་འགལ་བཞིན་པའི་མ་ཚད་མུ་མཐུད་ཁོང་རྣམ་པས་དེ་ལྟར་བྱས་ཚེ་གཞིས་བོད་ཀྱི་མཛའ་མཐུན་ལ་གནོད་པ་ཆེན་པོ་འབྱུང་སྲིད།

    Reply
  12. ཕ་ས། བྱ་གཞུང་གསེར་གྱི་གཤོངས་པ། says:
    ལོ་ 15 སྔོན།

    གཞན་གྱི་དངོས་ཡོད་གནས་སྟངས་མ་ཤེས་པར་གང་བྱུང་དུ་གད་སྙིགས་ལྟ་བུའི་སྐད་ཆ་མ་བཤད་ན་ལེགས།
    གཞན་གྱི་སྐད་ཆར་བློ་གཟི་བོའི་ངང་ནས་ཉན་ཞིང་བརྟག་དཔྱད་བཏང་རྗེས་ད་གཟོད་འགྲིག་མིན་ཐད་དཔྱད་བརྗོད་སྤེལ་ན་ལེགས།

    Reply
  13. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    གོང་གི་གསར་མ་འགྱུར་ནང་གི་སྐད་ཆ་དང་དེང་སྐབས་རྒྱ་ནག་གཞུང་ཕྱོགས་ནས་ཚ་ཚ་འུར་འུར་ངང་བོད་གཞིས་བྱེས་གཉིས་ཀྱི་ཐོག་སྤེལ་བཞིན་པའི་ལས་འགུལ་དང་འདྲ་བའི་ཆ་གང་མང་ཞིག་མཐོང་གི་འདུག གཙན་བྱོལ་བོད་གཞུང་ངོས་ནས་ལས་ཀ་ཡག་པོ་བྱེད་ཀྱི་མེད་ན། མགོ་བཀའ་བློན་ཁྲི་པ་ནས་འོག་གད་པ་ཚུན་ཚད་ལ་བཤད་ན་མི་འགྲིག་པ་ཅི་ཡོད། ཅིའི་ཕྱིར་མི་མང་ཁྲོད་གཏམ་འཆལ་དེ་འདྲ་སྤེལ་གྱི་ཡོད། གཞུང་དང་མི་མང་དབར་མི་འཆམ་པ་བཟོ་རྒྱུའི་ངན་འབྱུས་དེ་འདྲ་མ་སྤེལ་ན་བཟང། ཁྱེད་ཚོས་བོད་ནང་ལས་འགུལ་སྤེལ་ཡོད་པ་དོན་དངོས་ཡིན་སྲིད་ཀྱང་། བྱེད་ཡུས་ཤོད་ས་བཙན་བྱོལ་བོད་གཞུང་མ་རེད་བསམ། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ཆེད་དུ་ཡིན་པའི་ཕྱིར། ལར་ནས་བོད་རིགས་ཁག་གཅིག་གིས་གནད་དོན་དེའི་ཐད་རྫུན་བཤད་ཡོད་པ་དངོས་ཡོད་ཡིན་པས་དོག་པ་ཙམ་བྱས་ན་མི་འགྲིག་པ་ག་ལ་ཡོད། ང་དང་ང་འདྲ་བའི་བོད་ཕྲུག་མང་པོ་ཞིག་ཐོག་མར་བོད་ནས་ཡོང་དུས་བཙན་བྱོལ་བོད་གཞུང་སྣེ་ལེན་ཁང་བརྒྱུད་ནས་ཡོང་བ་ཡིན་ལ། དེ་ནས་སློབ་གྲྭར་བཏང་བ་སོགས་བྱས་སྟེ་ད་བར་གསོ་སྐྱོང་གནང་བྱུང། ད་ཆ་རང་མགོ་ཐོན་ཐག་ཆོད་ཡོད། དེ་ཚོ་ཚང་མ་༸གོང་ས་མཆོག་དང་བོད་གཞུང་གི་བཀའ་དྲིན་ཉག་གཅིག་ཡིན་བསམ་གྱི་ཡོད། དེར་བརྟེན་ང་ཚོའི་གཞུང་ལ་དམའ་འབེབས་མ་གཏོང་རོགས་ཞུ་རྒྱུ་ཡིན།

    Reply
  14. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    གོང་གི་ངེད་ཅག་ལས་ཁུངས་ཀྱི་གསར་འགོད་པ་དོན་གོས་བྲིས་པའི་གསར་འགྱུར་དེ་བཀླགས་རྗེས། ངའི་མིད་སྒོར་ཡང་སྐད་ཆ་ཚིག་འགའ་འཚང་ཡོང་གི་འདུག ངའི་ངོ་ཤེས་ཤིག་ད་ལྟ་ཕྱི་རྒྱལ་ན་ཡོད། ཁོང་གིས་རང་གི་མི་རིགས་དང་སྐད་ཡིག་ལ་བཅངས་པའི་དུང་ཞེན་དང་། མི་རིགས་ཀྱི་ལ་རྒྱ་ནི་དངོས་གནས་བཤད་མི་དགོས་པ་ཞིག་ཡིན། དེའི་ཐོག་ཁོང་སྔོན་ཆད་ཐེངས་མང་བོར་བོད་དུ་བསྐྱོད་དེ་གསང་ཉུལ་གྱི་བྱ་བ་བྱས་ཤིང་། བོད་གཞུང་ལའང་གལ་ཆེའི་ཡིག་ཆ་མང་བོ་ཁྱེར་ཡོང་ལ། བོད་ནང་དུ་གསང་བའི་ཚོགས་པ་མང་བོ་བཙུགས་པ་སོགས་ཕན་ནུས་ལྡན་པའི་བྱ་བ་མང་བོ་བསྒྲུབས་ཡོད། ཐེངས་ཤིག་ཁོང་བཙོན་དུ་ཚུད་དེ་ཉེན་རྟོག་པས་གཅར་རྡུང་དྲག་པོ་བྱས་སྟབས་སྒ་པ་གཅོང་ནད་དུ་གྱུར་ཡོད་ལ། དེང་སྐབས་ཀྱང་ཁོང་གི་སྐུ་གཟུགས་བདེ་ཐང་མེད།
    ཡིན་ནའང་། བློ་ཕམ་དགོས་པའི་དོན་དག་ཅིག་བྱུང་བ་ནི། ཁོང་གིས་དེ་ལྟར་བོད་མི་རིགས་དང་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་སོགས་ཚུན་ཆད་བློས་བཏང་སྟེ་དཀའ་ལས་བརྒྱབ་བརྒྱབ་མཐར། བདེ་སྲུང་གི་འབྲེལ་ཡོད་ལས་བྱེད་ཅིག་གིས་ཁོང་ལ་ཁྱོད་ད་བར་དུ་རྒྱ་ནག་གིས་འཛིན་བཟུང་མ་བྱས་པ་འདི་ཡ་མཚན་རེད་ཅེས་བརྗོད་སྐད།
    དེ་བཞིན་ཨ་རིག་སྒྲོལ་མ་སྐྱབས་ལྟ་བུ་ཁག་ཅིག་གིས་བཙོན་བྱོལ་དུ་རེ་བ་རེ་བཅོལ་ཏེ་ཡོང་ནའང་། བོད་གཞུང་གིས་བདག་པོ་མ་བརྒྱབ་པའི་ཁར་ད་དུང་ཁོང་གི་ལུས་སེམས་གཉིས་ལ་གནོད་ཤུགས་སྤྲད་ཡོད་པ་དེ་སྔོན་ཁོང་གི་བཙོན་ཁང་གི་བཙོན་གྲོགས་ཤིག་ལ་བརྗོད་འདུག་པ་དེ་རེད། འདིའི་རིགས་ལ་གཞུག་ཕྱོགས་འབྲེལ་ཡོད་མི་སྣས་གཟབ་ན་བཟང་གི
    གོང་གི་བགྲས་སོང་ཁོང་གི་གསུངས་པ་ལྟར་ང་ཚོ་འདིར་ཟ་རྒྱུ་འཐུང་རྒྱུ་མེད་པར་ཡོང་གི་མེད་པ་དེ་ཙམ་པོ་མཁྱེན་ན་བཟང་གི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese