ཉེ་ཆར་བོད་ཨ་མདོ་མཚོ་སྔོན་ཞིང་ཆེན་སློབ་གསོ་སྡེ་ཁག་གིས་ཤེས་ཡོན་སྲིད་ཇུས་གསར་པ་ཞིག་གཏན་འབེབས་ཁྱབ་བསྒྲགས་བྱས་མ་ཐག བོད་རིགས་སློབ་མ་ཚོས་མི་འདོད་པའི་རྣམ་འགྱུར་བསྟན་ཏེ། བོད་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་བསྟུད་མུར་སྤེལ་ཀྱིན་ཡོད་པའི་ཐད། བཙན་བྱོལ་ནང་གི་སློབ་མ་ཚོས་ཀྱང་གདོང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་ཡོད་ལ། སྐབས་དེར་འདི་གའི་གསར་འགོད་པས་བཙན་བྱོལ་ནང་གི་སློབ་ཕྲུག་ཁག་ཅིག་གི་བསམ་ཚུལ་རྒྱུས་ལོན་བྱས།
གྷོ་པ་པུར་སློབ་གྲྭའི་འཛིན་རིམ་དགུ་བའི་སློབ་བུ་འབྲུག་ཐར་རྒྱལ་ལགས།
དྲི་བ། ཐོག་མར་ཁྱེད་རང་གཙོ་བྱས་པའི་སློབ་ཕྲུག་ཁག་ཅིག་གིས་༼འགན་འཁྲི་དང་འཚོལ་སྙེགས༽ ཞེས་པའི་ཆེད་དེབ་ཅིག་འདོན་སྤེལ་བྱས་ཡོད་པའི་སྐོར་ངོ་སྤྲོད་ཅིག་གནོངས་དང་།
ལན། ད་ལོའི་ཕྱི་ཟླ་ ༤ ཚེས་ ༢༤ པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་དང་བསྟུན་ཏེ། ང་ཚོ་སློབ་གྲོགས་ཁག་ཅིག་མཉམ་རུབ་ཐོག ༼དང་བླངས་ཕ་སྐད་ཞབས་ཞུ་ཚོགས་ཆུང་།༽ ཟེར་བའི་ཚོགས་པ་ཞིག་བཙུགས་པ་ཡིན། ཚོགས་ཆུང་དེའི་ནང་ཚོགས་མི་ ༧ ཡོད། ང་ཚོར་ཤེས་ཡོན་དང་འབྲེལ་བའི་ལས་གཞི་ཁག་ལྔ་དྲུག་ཅིག་ཡོད། རྩོམ་རིག་དགའ་ཚལ་ཟེར་བའི་བདུན་ཕྲག་རེར་སྦྱར་བྱང་སྟེང་རྩོམ་ཡིག་སྦྱར་འགྲེམས་བྱེད་རྒྱུ་ཞིག་དང་། སློབ་མ་ནང་ཁུལ་ནས་ཤེས་ཡོན་བགྲོ་གླེང་གནང་རྒྱུ་ཞིག ཕྱི་ལོགས་ནས་མཁས་དབང་གདན་འདྲེན་ཞུས་ཏེ་གཏམ་བཤད་གནང་རྒྱུ་ཞིག དགེ་རྒན་གྱི་འཆད་ཁྲིད་ཅིག་བཅས་ཡོད། ད་ལོའི་བོད་ཁྱིམ་གྱི་མཛད་སྒོ་དང་བསྟུན་ཏེ། ༼འགན་འཁྲི་དང་འཚོལ་སྙེགས༽ ཞེས་པའི་ཆེད་དེབ་འདི་བཏོན་པ་ཡིན།
དྲི་བ། ཁྱེད་རང་གི་སློབ་གྲོགས་ཚོར་བལྟས་ཡོང་ན། བོད་ཡིག་གི་ཤེས་ཚད་ཡག་པོ་ཡོང་ཐུབ་ཀྱི་མེད་པའི་རྒྱུ་མཚན་གཙོ་བོ་གང་ལ་ཐུག་འདུག་དྲན་ཀྱི་ཡོད་དམ།
ལན། ཁ་སངས་པོའི་ཐོག་ནས་ཞུས་ན། བོད་ཁྱིམ་གྱི་དབུ་ལ་འདུག་མཁན་ནས་བཟུང་། སློབ་གྲྭ་ཁག་ཏུ་ལག་བསྟར་བྱེད་མཁན་ཚོའི་བར་དེང་རབས་ཤེས་ཡོན་རྐྱང་རྐྱང་གི་རྗེས་སུ་རྒྱུག་པ་ལས་བོད་རང་གི་སྐད་ཡིག་རིག་གནས་ལ་གཅེས་འཛིན་གྱི་བསམ་བློ་ཡོད་མཁན་དཀོན་པོ་རེད། བཙན་བྱོལ་ནང་གི་ཤེས་ཡོན་འཐུས་ཤོར་ཕྱིན་སོང་ཟེར་བ་དེ་ཡང་མདོ་བསྡུས་ན་སློབ་དེབ་ལ་ཐུག་ཡོད་པ་རེད། འཛིན་རིམ་གསུམ་པ་ནས་མཐོ་སློབ་ཐོན་རག་བར་བོད་ཀྱི་བརྡ་སྤྲོད་སློབ་ཀྱི་ཡོད་ཀྱང་། སློབ་ཕྲུག་ཚོས་བོད་པའི་བརྡ་སྤྲོད་ཤེས་ཀྱི་ཡོད་པ་མ་རེད། ངས་སྔོན་མ་བརྡ་སྤྲོད་ལ་དགའ་ཞིང་། བརྡ་སྤྲོད་ལ་རྨོངས་པའི་མི་རིགས། ཟེར་བའི་རྩོམ་ཡིག་ཅིག་ཀྱང་བྲིས་ཡོད། དེའི་ནང་རྒྱུ་མཚན་གསུམ་བགྲང་ཡོད། སློབ་དེབ་ཡག་པོ་མེད་པ་དང་། དགེ་རྒན་གྱི་ཤེས་ཚད་སྐྱོ་བ། སློབ་ཕྲུག་ཚོས་བོད་ཡིག་ལ་ལྟ་སྟངས་ཡག་པོ་མེད་པ་བཅས་རེད།
དྲི་བ། ཁྱེད་རང་བོད་ནས་སློབ་གྲྭར་འགྲོ་མྱོང་ཡོད་དམ།
ལན། ང་བོད་ནས་སློབ་གྲྭར་འགྲོ་མྱོང་མེད། ༢༠༠༠ ལོར་རྒྱ་གར་ལ་ཡོང་བ་ཡིན། ད་ཆར་བོད་ཡིག་གི་གཞི་འཛིན་ས་བོད་ནང་ཆགས་ཡོད་ལ། ཁོང་ཚོ་བཙན་བྱོལ་ནང་སླེབས་སྐབས་འབུར་དུ་ཐོན་པ་ཞིག་ཆགས་ཡོང་གི་འདུག བཙན་བྱོལ་ནང་ལ་མཚོན་ན་རྩོམ་ཡིག་སློབ་ཀྱི་ཡོད་པ་མ་རེད། ང་རང་གིས་བལྟས་ན་སྐད་ཡིག་དང་རྩོམ་རིག་གཉིས་ལ་འབྲེལ་བ་ཆེན་པོ་འདུག ང་ཚོའི་སློབ་དེབ་དང་དགེ་རྒན་གྱི་སློབ་ཁྲིད་ཁ་ཕྱོགས་དེ་གང་འདྲ་ཞིག་རེད་ཟེར་ན། མ་འོངས་པར་སློབ་ཕྲུག་ཚོ་རྒྱ་གར་དང་ནུབ་ཕྱོགས་སྤྱི་ཚོགས་ནང་ཕར་འཐིམ་འགྲོ་བ་ཞིག་མ་གཏོགས། ཚུར་བོད་པའི་སྤྱི་ཚོགས་ནང་འཁོར་ཡོང་བ་ཞིག་ཆགས་ཀྱི་མི་འདུག་དྲན་ཡོད།
དྲི་བ། ཉིན་འདི་འགར་བོད་ནང་གི་སློབ་ཕྲུག་ཚོས་ཁྲོམ་སྐོར་སྐད་འབོད་བྱེད་ཀྱིན་ཡོད་པ་དེར། བཙན་བྱོལ་ནང་གི་སློབ་ཕྲུག་ཚོས་རྒྱབ་སྐྱོར་ཇི་ལྟར་བྱ་དགོས་པ་རེད་དྲན་གྱི་ཡོད་དམ།
ལན། བཙན་བྱོལ་གྱི་སློབ་གྲྭ་ཁག་ཏུ་ལས་འགུལ་སྤེལ་གྱིན་ཡོད་པ་དེ་ཚོ་ཆུ་ཚོད་གཅིག་གཉིས་ཙམ་གྱི་གདུང་སེམས་མཉམ་སྐྱེད་རེད། དངོས་གནས་ལྷག་བསམ་རྣམ་དག་གིས་གདུང་སེམས་མཉམ་སྐྱེད་ཡོད་ན། ས་ཡིག་བསྡུ་རུབ་བྱས་ཏེ་བོད་ཁྱིམ་སློབ་གྲྭ་ཁག་ནས་ངེས་པར་དུ་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱེད་འཇུག་དགོས་པ་རེད། གྲུབ་འབྲས་ལ་རྒྱང་ཐག་རིང་ཡང་གོམ་པ་ད་ལྟ་ནས་སྤོ་དགོས་པ་རེད། ཤེས་ཡོན་ཚོགས་ཆེན་གྱི་སྐབས་སུ་༧གོང་ས་མཆོག་ལ་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱེད་ཀྱིན་ཡོད། དེ་ལ་གྲུབ་འབྲས་ཐོན་ཡོད་སྐོར་བཤད་ཀྱི་ཡོད་ཀྱང་། དེ་བདེན་པ་མ་རེད། དོན་དངོས་ཐོག་བོད་ཁྱིམ་སློབ་གྲྭས་ལག་བསྟར་བྱས་ཡོད་པ་མ་རེད། སྔོན་མ་འཛིན་གྲྭ་ལྔ་བའི་བར་མགོ་འཛུགས་ཙམ་བྱས་ཡོད་ཀྱང་རྗེས་སུ་མཚམས་འཇོག་བྱ་རྒྱའི་ཐག་གཅོད་བྱས་ཡོད།
དྲི་བ། གོང་དུ་ཁྱེད་ཀྱིས་བཙན་བྱོལ་སློབ་གྲྭའི་ནང་བོད་ཡིག་ཡག་པོ་མེད་རབས་བཤད་སོང་། ཁྱེད་རང་གིས་སློབ་སྦྱོང་མགོ་འཛུགས་བྱེད་ས་བཙན་བྱོལ་ནང་ཆགས་ཡོད་ཀྱང་། ད་ཆར་རྩོམ་ཡིག་འབྲི་བ་དང་རྩོམ་སྒྲིག་པའི་ལས་ཀ་བྱེད་པ་སོགས་ཇི་ལྟར་བྱུང་བ་ཡིན་ནམ།
ལན། དང་པོ་ང་རང་གིས་བོད་ནས་ཕེབས་པའི་བོད་ཡིག་ཡག་པོ་ཅན་དེ་ཚོ་གཟི་བརྗིད་ཆེན་པོ་འདྲ་ཞིག་ལ་མཐོང་གི་འདུག ཁོང་ཚོའི་སྐད་ཆ་བཤད་སྟངས་དང་བསམ་བློའི་འཁྱེར་ཕྱོགས་སོགས་ཡིད་འཕྲོགས་འགྲོ་བ་ཞིག་རེད། གཉིས་པ། ང་རང་འཚར་ལོངས་བྱུང་ས་གཙོ་བོ་བཙན་བྱོལ་ནང་ཡིན་སྟབས། ཕྲག་དོག་ཟེར་ན་འདྲ། ག་རེ་བྱས་ནས་བཙན་བྱོལ་ནས་འཚར་ལོངས་བྱུང་མཁན་ཚོས་བོད་ཡིག་བོད་སྐད་ཡག་པོ་མ་ཤེས་པ་རེད་བསམས་ཏེ་འགྲན་སེམས་ཤུགས་ཆེན་པོ་འདུག རྒྱུ་མཚན་དེ་གཉིས་ཀྱི་དབང་གིས་ངས་བོད་ཡིག་ལ་ཤུགས་བརྒྱབ་པ་ཡིན། བོད་ཡིག་གི་དེབ་མང་པོ་བཀླགས་པ་ཡིན། གུང་གསེང་དང་བསྟུན་ཏེ་མི་གཞན་གྱི་སར་སོང་སྟེ་ཆེད་དུ་བོད་ཡིག་བསླབས་པ་ཡིན།
སུ་ཇ་སློབ་གྲྭའི་འཛིན་རིམ་དགུ་བའི་སློབ་བུ་གདུགས་དཀར་སྐྱབས་ལགས།
དྲི་བ། ཉེ་ཆར་བོད་ནང་གི་སློབ་ཕྲུག་ཚོས་སྐད་ཡིག་སྲུང་སྐྱོབ་ཆེད་འོས་ལངས་བྱེད་ཀྱིན་ཡོད་པའི་སྔ་ཕྱིའི་གནས་ཚུལ་གསལ་བོ་གོ་སོང་ངམ།
ལན། གནས་ཚུལ་དེ་གོ་སོང་། ཐོག་མར་རེབ་གོང་གི་སློབ་ཕྲུག་ཚོས་ངོ་རྒོལ་བརྒྱབ་པ་རེད་ཟེར། རྒྱུ་མཚན། རྒྱ་ནག་གིས་སྲིད་ཇུས་གསར་པ་ཞིག་བཟོས་ཡོད་པ་དེར། བོད་ཡིག་གཅིག་པུ་མ་གཏོགས་སློབ་ཚན་ཚང་མ་རྒྱ་ཡིག་ཐོག་འཁྲིད་རྒྱུ་ཡིན་ས་རེད། སློབ་མ་ཚོ་དེ་འདྲའི་སློབ་གྲྭ་ཞིག་ལ་འགྲོ་འདོད་ཡོད་པ་མ་རེད་ལ། ཕ་མ་ཚོས་གཏོང་རྒྱུ་ཡང་ཁག་པོ་རེད། སློབ་ཚན་རྣམས་རྒྱ་ཡིག་རྒྱ་སྐད་ཐོག་འཁྲིད་པ་ཡིན་ན། བོད་རིགས་དགེ་རྒན་ཚང་མ་ལས་མེད་ཆགས་འགྲོ་བ་རེད། ཉེ་ཆར་པེ་ཅིན་གྱི་བོད་རིགས་སློབ་ཕྲུག་ཚོས། ཀྲུང་ཧྭའི་རིག་གནས་དར་སྤེལ། ཟེར་ནས་སྐད་རྒྱག་གི་འདུག སྐད་ཡིག་ཟེར་ན་མ་ཟེར་ན་མཐར་གཏུག་ན་རྒྱ་ནག་ལ་མ་དགའ་བ་རེད།
དྲི་བ། བོད་ནང་གི་སློབ་ཕྲུག་ཚོས་འོས་ལངས་བྱེད་ཀྱིན་ཡོད་པ་མཐོང་སྐབས་སེམས་ལ་ག་རེ་དྲན་སོང་ངམ།
ལན། ཕྱི་ཚེས་ ༢ ཉིན་གྱི་ཕྱི་དྲོ་ངྷ་རམ་ས་ལར་སློབ་ཕྲུག་མང་པོ་ཞིག་གིས་མར་མེ་ཁྲོམ་སྐོར་བྱེད་སྐབས། སློབ་མ་ཁ་ཤས་ཀྱིས། བོད་ནང་གི་སློབ་ཕྲུག་ཚོས་སློབ་ཚན་ཚང་མ་བོད་ཡིག་ཐོག་འགྲོ་དགོས་ཟེར་ནས་རྒྱ་གཞུང་ལ་སྐད་འབོད་རྒྱག་གི་ཡོད་པ་རེད། ང་ཚོའི་སློབ་ཚན་རྣམས་དབྱིན་ཡིག་ནང་ཡོད་པ་འདི་སུ་ལ་སྐད་འབོད་རྒྱག་དགོས་པ་རེད། སུ་ཞིག་ལ་ཞུ་གཏུག་བྱ་དགོས་པ་རེད་ཟེར་གྱི་འདུག གྲྭ་བ་ཞིག་གིས་ཀྱང་། བཙན་བྱོལ་ནང་གི་སློབ་ཕྲུག་ཚོས་ཞེ་དྲག་སྐད་རྒྱག་རྒྱུ་ཡོད་པ་མ་རེད། བོད་ནང་གི་སློབ་མ་ཚོས་སློབ་ཚན་ཚང་མ་བོད་ཡིག་ཐོག་འཁྲིད་དགོས་ཟེར་གྱི་ཡོད། བཙན་བྱོལ་ནང་ནས་ཅིའི་ཕྱིར་བོད་ཡིག་ཐོག་འཁྲིད་མ་དགོས་པ་རེད། རང་ཉིད་ཀྱིས་བོད་ཡིག་བོད་སྐད་མ་སྦྱང་བར་གཞན་ལ་སྦྱང་དུ་འཇུག་དགོས་ཟེར་ན་འགྲིག་གི་མ་རེད་ཟེར།
དྲི་བ། ཁྱེད་རང་རྒྱ་གར་ལ་ག་དུས་ཡོང་བ་དང་སྔོན་མ་ཕ་ཡུལ་ནས་སློབ་གྲྭར་འགྲོ་མྱོང་ངམ།
ལན། ང་རྒྱ་གར་ལ་ ༢༠༠༧ ལོར་ཡོང་བ་ཡིན། ཕ་ཡུལ་ནས་མཐོ་གཅིག་འཛིན་གྲྭ་བར་ཕྱིན་མྱོང་། འདི་ནས་བཤད་ན་འཛིན་རིམ་བཅུ་བ་རེད། རྒྱ་མིའི་སྐད་ཡིག་གཅིག་པུ་མ་གཏོགས་སློབ་ཚན་གཞན་ཚང་མ་བོད་ཡིག་ནང་ཡོད་པ་རེད། སྐྱེས་དངོས་དང་ཆབ་སྲིད། ཨང་རྩིས། རྫས་འགྱུར། ས་རྒྱུས། དངོས་ལུགས། ལོ་རྒྱུས། ས་ཁམས་སོགས་བོད་ཡིག་ཐོག་སློབ་ཁྲིད་བྱེད་ཀྱི་ཡོད། ལོ་རྒྱུས་ལའང་འཛམ་གླིང་ལོ་རྒྱུས་དང་ཀྲུང་གོའི་ལོ་རྒྱུས། གནའ་རབས་ལོ་རྒྱུས་དང་ཉེ་རབས་ལོ་རྒྱུས། དེ་བཞིན། ཆབ་སྲིད་ལའང་བསམ་བློའི་ཆབ་སྲིད་དང་སྐབས་དོན་ཆབ་སྲིད། རྩིས་རིག་ལ་ཡང་ཚབ་རྩིས་དང་དབྱིབས་རྩིས་སོགས་སློབ་ཚན་སྣ་ཁ་མང་པོ་ཡོད་ཀྱང་། དེ་དག་ཚང་མ་བོད་ཡིག་རྐྱང་པའི་ཐོག་ཡོད་པ་རེད།
དྲི་བ། ཁྱེད་རང་ཚོའི་སུ་ཇ་སློབ་གྲྭར་བོད་སྐད་ཡིག་གཅིག་པུ་མ་གཏོགས་སློབ་ཚན་གཞན་རྣམས་དབྱིན་ཡིག་ཐོག་ཡོད་པར་བསམ་འཆར་འདྲ་ཡོད་དམ།
ལན། ངས་འདི་ལ་བསམ་བློ་མང་པོ་བཏང་ཡིན། ང་ཚོ་བཙན་བྱོལ་དུ་ལམ་ལ་ཆས་པའི་ཉི་མ་དང་པོ་ནས་བཟུང་། འཐབ་རྩོད་པ་ཞིག་ཆགས་ཡོད། ང་ཚོས་གང་ཞིག་ལ་འཐབ་རྩོད་བྱེད་ཀྱིན་ཡོད་མེད་ངས་གསལ་བོ་བཤད་ཤེས་ཀྱི་མེད་མོད། བོད་སྐད་ཡིག་དེའི་ནང་གི་བྱེ་བྲག་ཅིག་ཡིན་རྒྱུ་རེད། ཕྱོགས་གཞན་ཞིག་ནས་བཤད་ན། འཐབ་རྩོད་བྱེད་པའི་ལག་ཆར་དབྱིན་ཡིག་གིས་ནུས་པ་འཐོན་ཡང་སྲིད་པ་རེད། ང་ཚོའི་ཕྱོགས་གཉིས་ཀར་བསམ་བློ་གཏོང་དགོས་ཀྱི་འདུག
དྲི་བ། ཁྱེད་རང་གི་སྔོན་མའི་བོད་ནང་གི་སློབ་གྲྭ་དང་ད་ལྟའི་སུ་ཇ་སློབ་གྲྭ་གཉིས་བསྡུར་ན་ཁྱད་པར་འདྲ་མཐོང་གི་འདུག་གམ།
ལན། བོད་ནང་གི་རྩོམ་རིག་གི་སློབ་ཚན་ཞིག་ལ་དཔེ་བཞག་ན། དེའི་ནང་གི་བརྗོད་བྱ་དང་བརྗོད་བྱེད། བརྗོད་བྱའི་སྙིང་བོ། རྩོམ་ལུས་དང་རྩོམ་སྟངས། རྗོད་བྱེད་ཚིག་གི་སྡེབ་སྦྱོར། རྩོམ་ཡིག་གི་བསམ་བློའི་རྒྱབ་ལྗོངས་དང་། རྩོམ་ཡིག་གི་ཁྱད་ཆོས་གཙོ་བོ། དེ་བཞིན། རྩོམ་པ་པོའི་ལོ་རྒྱུས་དང་། རྩོམ་པ་པོ་དང་བརྩམས་ཆོས་བར་གྱི་འབྲེལ་བ་སོགས་དུམ་བུ་དུམ་བུར་བྱས་ཏེ་འཁྲིད་ཀྱི་ཡོད། དབྱེ་ཞིབ་དང་འདམ་གསེས་ཞིབ་ཚགས་པོ་བྱེད་པ་རེད། འདི་ནས་དེ་འདྲ་ཞིག་མ་རེད། སློབ་ཚན་དེའི་ནང་དོན་རྡོག་རྡོག་དེ་བསམ་བློའི་ནང་ལྡུག་ཅི་ཐུབ་བྱེད་ཀྱི་འདུག ཁྲིད་ཐབས་འདི་ཡག་པོ་ཡོད་མེད་མི་ཤེས་མོད། སྐད་ཡིག་གི་ཐོག་ལ་ཡར་རྒྱས་ཁྱོན་ནས་ཡོང་ས་མ་རེད། སྐད་ཡིག་ཡར་རྒྱས་མ་སོང་ན། སོ་སོས་འབྲི་དགོས་པ་དང་བཤད་དགོས་པའི་སྐབས་སུ་བེད་སྤྱོད་མེད་པ་ཆགས་འགྲོ་བ་རེད།
གྷོ་པ་པུར་སློབ་གྲྭའི་འཛིན་རིམ་དགུ་བའི་སློབ་བུ་ཀུན་དགའ་ཚེ་རིང་ལགས།
དྲི་བ། ཁྱེད་ཀྱིས་བོད་ནང་གི་སློབ་ཕྲུག་ཚོས་རྒྱ་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱེད་དགོས་པའི་རྒྱུ་མཚན་གསལ་བོ་ཤེས་ཀྱི་ཡོད་དམ།
ལན། ཁྲོམ་སྐོར་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་མཚོ་སྔོན་ཞིང་ཆེན་ཤེས་ཡོན་སྡེ་ཚན་གྱིས་ཤེས་ཡོན་སྲིད་ཇུས་གསར་པ་ཞིག་གཏན་འབེབས་བྱས་ཤིང་། རྒྱ་ཡིག་གཙོ་བོ་དང་བོད་ཡིག་ཕལ་བ་བྱས་ཏེ་སྐད་ཡིག་དབྱེ་འབྱེད་བྱས་པའི་དབང་གིས་སློབ་ཕྲུག་ཚོས་ངོ་རྒོལ་བརྒྱབ་པ་རེད་ཟེར། ངས་བསམ་བློ་བཏང་ན་ཁག་ཡོད་རྒྱུ་མ་རེད། རང་ས་རང་ཡུལ་ནས་སོ་སོའི་སྐད་ཡིག་སྦྱང་མ་ཆོག་པ་ཡིན་ན། མི་སུ་ཞིག་ཡིན་རུང་སྲིད་ཇུས་དེ་འདྲ་ཞིག་ལ་དང་ལེན་བྱ་ཐབས་ཡོད་པ་མ་རེད།
དྲི་བ། བཙན་བྱོལ་ནང་གི་སློབ་ཕྲུག་ཚོ་བོད་ཡིག་ཐོག་སྐྱོ་བོ་ཡིན་པ་དེ་དགེ་རྒན་མ་བཟང་བ་རེད་དམ། སློབ་ཚན་དང་ཁོར་ཡུག་གི་དབང་གིས་རེད་བསམ་གྱི་ཡོད།
ལན། བཙན་བྱོལ་ནང་གི་ཕྲུ་གུ་ཚོར་ཁག་ཡོད་པ་མ་རེད། གང་ཡིན་ཟེར་ན་བོད་ཡིག་དེ་བོད་པའི་རིག་གཞུང་ཞིག་གི་ངོ་བོའི་ཐོག་ནས་འཁྲིད་ཀྱི་ཡོད་པ་མ་རེད། མི་རིགས་ཤིག་གི་སྐད་ཡིག་ཙམ། དབྱིན་སྐད་ནང་བཤད་ན་ language ཙམ་གྱི་ངོ་བོའི་ཐོག་འཁྲིད་ཀྱི་ཡོད་པ་རེད། བོད་ནང་སྐད་གཉིས་སློབ་གསོ་བཅོས་བསྒྱུར་མི་དགོས་ཟེར་ནས་སྐད་འབོད་རྒྱག་གི་ཡོད་ཀྱང་། ང་ཚོས་སྐད་གཉིས་སློབ་གསོ་བཅོས་བསྒྱུར་ལག་བསྟར་བྱེད་ཀྱིན་ཡོད་པ་མ་ཟད། དབྱིན་སྐད་གཙོ་བོ་དང་བོད་སྐད་ཕལ་བའི་ཐོག་ནས་སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད།
དྲི་བ། ཁྱེད་ཀྱིས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་གི་ལེགས་ཆ་ག་རེ་མཐོང་ཡོད་པ་དང་། ཁྱེད་རང་བཙན་བྱོལ་གྱི་སློབ་གྲྭར་ཞུགས་པའི་ཚུན་ལ་ཡར་སྐྱེད་ག་རེ་བྱུང་སོང་ངམ།
ལན། བཙན་བྱོལ་ནང་དུ་ལེགས་ཆ་ཞིག་ལ་སློབ་ཕྲུག་མང་ཆེ་བ་ཆབ་སྲིད་ལ་དོ་སྣང་ཡོད་པ་དང་། བོད་པའི་རྩ་དོན་དང་འབྲེལ་ཏེ་ཆབ་སྲིད་སྐོར་གྱི་ཤེས་བྱ་མང་པོ་ཞིག་ཤེས་ཀྱི་འདུག དེ་ཡག་པོ་ཞིག་ཏུ་མཐོང་སོང་། བོད་ནང་དེ་འདྲ་ཡོད་པ་མ་རེད། བོད་ནང་གི་སློབ་ཕྲུག་ཚོས་སོ་སོར་རྒྱལ་ཁབ་ཅིག་ཡོད་པ་དང་། བོད་རང་བཙན་ཟེར་བའི་ཐོབ་ཐང་ཞིག་ཡོད་པ་མགོ་འཚོས་ཀྱི་ཡོད་པ་མ་རེད། ང་རང་སྒེར་ལ་མཚོན་ན་ཡང་། བོད་ནས་འཛིན་གྲྭ་དགུ་པའི་བར་སློབ་སྦྱོང་བྱས་ཀྱང་། སློབ་དེབ་གཅིག་པུ་མ་གཏོགས་དཔེ་ཆ་གཞན་ཞེ་དྲག་མ་བཀླགས། བཙན་བྱོལ་དུ་ཡོང་རྗེས་དེབ་སྣ་ཚོགས་ཤིག་བཀླགས་ཏེ། རང་དབང་དང་གུ་ཡངས་ཀྱི་བསམ་བློ་ཞིག་འཁོར་དུ་བཅུག་སོང་།
དྲི་བ། ཁྱེད་རང་སྔོན་མ་བོད་ནང་ཡོད་སྐབས་ཆབ་སྲིད་སྐོར་ལ་དོ་སྣང་ཡོད་དམ།
ལན། སྔོན་མ་ང་རང་སློབ་གྲྭར་ཡོད་སྐབས་རྒྱ་བོད་གནད་དོན་དང་ཆབ་སྲིད་སྐོར་ཞེ་དྲག་ཤེས་ཀྱི་མེད། ཉིན་ཞིག་ཆབ་སྲིད་དགེ་རྒན་ཞིག་གིས་སྐད་ཆ་རྩ་ཆེན་པོ་འགའ་བཤད་སོང་། སྤྱིར་ང་ཚོའི་ཆབ་སྲིད་སློབ་དེབ་ནང་རྒྱ་ནག་གི་ཁྲིམས་དང་དམར་ཤོག་གི་ལམ་ལུགས་མང་པོ་ཞིག་བཤད་ཡོད་པ་རེད། ཉིན་དེར་དགེ་རྒན་གྱིས་ཆབ་སྲིད་སློབ་དེབ་དང་སྦྱར་ཏེ། སྔོན་མའི་བོད་བཙན་པོའི་སྐབས་དང་ས་སྐྱ་བ། དགའ་ལྡན་ཕོ་བྲང་བ་བཅས་ཀྱི་ཆབ་སྲིད་ལམ་ལུགས་དང་། གཞུང་དང་དམངས་ཀྱི་སྒྲིག་འཛུགས་གྲུབ་སྟངས། འཛམ་གླིང་སྤྱིའི་ཆབ་སྲིད་ཀྱི་སྐོར་དང་། རྒྱ་ནག་གི་གནའ་རབས་ལོ་རྒྱུས་ཐོག་གི་ཆབ་སྲིད་འཕོ་འགྱུར་སོགས་བཤད་སོང་། དེས་ང་ལ་ཚོར་བ་ཟབ་མོ་ཞིག་བཞག་སོང་།
དྲི་བ། བོད་ནང་གི་ཁྱེད་ཀྱི་སློབ་གྲོགས་ཚོས་སྐད་ཡིག་སྲུང་སྐྱོབ་ཆེད། རྒྱ་གཞུང་ལ་ཁྲོམ་སྐོར་སྐད་འབོད་བྱེད་ཀྱིན་ཡོད་པ་དེར་རེ་བ་དང་འབོད་སྐུལ་འདྲ་ཞུ་རྒྱུ་ཡོད་དམ།
ལན། བོད་ཡིག་གི་ཐོབ་ཐང་བརྩོན་ལེན་བྱས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དེ་ཧ་ཅང་ཡག་པོ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་ཁུ་སིམ་སིམ་བསྡད་པ་ཡིན་ན། རྒྱ་ནག་གིས་གང་དྲན་དྲན་བྱེད་གི་རེད། ད་དུང་ས་གནས་གཞན་གྱི་སློབ་ཕྲུག་ཚོས་ཀྱང་གྲ་སྒྲིག་བྱ་དགོས་པ་རེད། རྒྱ་ནག་གིས་རིམ་གྱིས་ཀན་སུའུ་དང་སི་ཁྲོན་སོགས་ལ་ཡང་སྲིད་ཇུས་དེ་ལག་བསྟར་བྱ་སྲིད་པ་རེད། དེ་ནས་བོད་ཡིག་བོད་སྐད་ལ་ཤུགས་རྒྱག་རོགས་ཞུ་རྒྱུ་ཡིན། བོད་པའི་སྐད་ཡིག་རིག་གཞུང་གི་བག་ཆགས་གཏིང་ཟབ་ཅིག་ཡོད་ན། རྒྱ་གཞུང་གིས་ཕྱིའི་ལུས་པོར་རྡུང་རྡེག་བཏང་ཡང་། ནང་བསམ་བློར་གནོད་སྐྱོན་གཏོང་ཐུབ་པ་མ་རེད།
སུ་ཇ་སློབ་གྲྭའི་སྐད་ཡིག་སྡེ་མཚན་གྱི་འཛིན་རིམ་གཉིས་པའི་སློབ་བུ་ལྕགས་མོ་ལགས།
དྲི་བ། ཁྱེད་ཀྱིས་བོད་ནང་གི་སློབ་ཕྲུག་ཚོས་སྐད་འབོད་རྒྱག་གི་ཡོད་པའི་གནས་ཚུལ་དེ་གང་ ནས་ཐོས་པ་དང་། སྐབས་དེར་བསམ་ཚུལ་ག་འདྲ་འཁོར་སོང་།
ལན། ངའི་ཕ་ཡུལ་མགོ་ལོག་གཅིག་སྒྲིལ་ནས་ཡིན། ཕ་ཡུལ་ནས་འཛིན་རིམ་དགུ་བ་ཐོན་རྗེས་རྒྱ་གར་དུ་ཡོང་བ་ཡིན། ངས་དང་པོ་ཨ་རིའི་བརྙན་འཕྲིན་ཁང་གིས་བོད་ནང་གི་སློབ་ཕྲུག་ཚོས་ཁྲོམ་སྐོར་བྱེད་ཀྱིན་ཡོད་པ་དེ་སྟོན་གྱི་འདུག མགོ་ལོག་གི་ང་འགྲོ་སའི་སློབ་གྲྭའི་ཟུར་སྣེ་རེ་དང་། སློབ་མ་ཚོས་སྐད་འབོད་རྒྱག་གི་ཡོད་པ་སོགས་མཐོང་སོང་། བརྙན་པར་དེ་འདྲ་གསལ་བོ་མེད་སྟབས། སློབ་གྲོགས་ཚོ་ངོ་ཤེས་ཀྱི་མི་འདུག་མོད། ཨ་ཧོ། ང་ཕ་ཡུལ་དུ་ཡོད་ན་ཅི་མ་རུང་། རང་གིས་ཐུབ་ཚོད་ཀྱིས་བྱེད་སྟངས་ལས་སྟངས་འགའ་ཞིག་འདུག་དྲན་སོང་། བོད་ནང་ནས་འདི་ལྟར་ཉེན་ཁ་ལ་མ་འཛེམས་པར་ཁྲོམ་སྐོར་བྱེད་ཀྱི་འདུག མ་འོངས་པར་སློབ་ཕྲུག་དེ་དག་གི་མདུན་ལམ་ལའང་དཀའ་ངལ་ཆེན་པོ་ཆགས་ཚར་བ་རེད་དེ། ད་དུང་སོ་སོའི་སྐད་ཡིག་གི་དོན་དུ་ཡོད་ཚད་བློས་གཏོང་བྱེད་ཀྱི་འདུག ང་ཚོ་རང་དབང་ལུང་པར་ཡོད་ཀྱང་། ཉིན་རེར་བོད་ཡིག་སློབ་ཐུན་གཅིག་གཉིས་ཙམ་ལས་མེད་ལ། དེ་ཡང་སློབ་མ་ཚོས་མགོ་འཚོས་ལ་མ་འཚོས་ལ་དང་། དགེ་རྒན་ཚོས་འཁྲིད་འདོད་ལ་མ་འདོད་ལ་བྱེད་ཀྱི་ཡོད་པ་རེད། ང་ཚོ་བཙན་བྱོལ་ནང་ཡོད་པ་ཚོ་ཅི་འདྲའི་ཐབས་སྐྱོ་བ་ལ་དྲན་སོང་།
དྲི་བ། བཙན་བྱོལ་ནང་གི་སློབ་གྲྭ་ཁག་ཏུ་བོད་ནང་གི་སློབ་ཕྲུག་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་སོགས་བྱེད་ཀྱིན་ཡོད་པ་དེ་གལ་ཆེན་དུ་མཐོང་གི་ཡོད་དམ།
ལན། ད་ཐེངས་གི་གཟའ་ཉི་མའི་གུང་སེང་ལ་ང་ཚོ་ངྷ་རམ་ས་ལར་ཡོང་བ་ཡིན། ངྷ་སའི་སློབ་གྲོགས་དང་ངེད་གཉིས་བོད་ནང་གི་སློབ་ཕྲུག་ཚོའི་ངོ་རྒོལ་སྐོར་ཁ་བརྡ་བྱེད་སྐབས། ཁོས་ང་ལ་ཁྱེད་ཚོའི་སློབ་ཚན་རྣམས་བོད་ཡིག་ཨེ་རེད་ཟེར། དྲི་བ་དེ་ང་ལ་ལྕི་ཁོག་ཆེན་པོ་ཞིག་ཆགས་སོང་། གང་ཡིན་ཟེར་ན། ང་ཚོས་སློབ་ཚན་ཚང་མ་དབྱིན་ཡིག་ཐོག་སྦྱོང་གི་ཡོད་པ་རེད། ངོ་ཚ་བོ་འདྲ་ཞིག་བྱུང་སོང་། ཁ་སང་དགོང་མོའི་མར་མེ་ཁྲོམ་སྐོར་སྐབས་སུའང་ངས་བསམ་བློ་གཏོང་བཞིན་སོང་བ་ཡིན། སྐད་འབོད་རྒྱག་མཁན་གྱི་སློབ་ཕྲུག་འདི་འདྲ་མང་པོ་ཞིག་གི་ཁྲོད། དངོས་གནས་དྲང་གནས་བོད་ཡིག་ལ་དགའ་བོ་ཡོད་མཁན་ག་ཚོད་ཅིག་ཡོད་ན། བོད་ཡིག་བོད་སྐད་ལ་དུང་བ་ཡོད་ན་ག་རེ་བྱས་ཏེ་བོད་ཡིག་ལ་ཤུགས་མ་བརྒྱབ་པ་ཡིན་ནམ་དྲན་གྱི་འདུག
དྲི་བ། སུ་ཇ་སློབ་གྲྭའི་སློབ་དེབ་དང་སློབ་ཚན་སྒྲིག་སྟངས་བོད་ནང་དང་བསྡུར་ན་ཁྱད་པར་དང་ཡག་ཉེས་གང་འདྲ་མཐོང་གི་འདུག་གམ།
ལན། བོད་ཀྱི་སྐད་ཡིག་སློབ་དེབ་ལ་མཚོན་ན་བོད་ཕྱི་ནང་གཉིས་བར་ཁྱད་པར་ཆེན་པོ་ཞིག་འདུག བཙན་བྱོལ་གྱི་བོད་ཡིག་སློབ་དེབ་ནང་མང་ཆེ་བ་ནང་ཆོས་སྐོར་རེད། སྤྱིར་ནང་ཆོས་གལ་ཆེན་པོ་རེད། བོད་ཀྱི་རིག་གཞུང་གི་མ་རྐང་ནང་ཆོས་ཆགས་ཡོད་པ་རེད། ཡིན་ནའང་། སློབ་ཚན་ཁག་དྲགས་ཏེ་ནང་ཆོས་སློབ་ཚན་ལ་དགའ་མཁན་ཕལ་ཆེར་སློབ་མ་གཅིག་ཀྱང་ཡོད་རྒྱུ་མ་རེད། དེ་སློབ་ཕྲུག་ཚོ་ནང་ཆོས་ལ་མ་དགའ་བ་མ་རེད། མགོ་འཚོས་ཀྱི་ཡོད་པ་མ་རེད། སུ་ཇ་སློབ་གྲྭའི་སློབ་མ་དང་སློབ་དེབ་གཉིས་ལ་བར་ཐག་རིང་པོ་ཞིག་ལྷག་འགྲོ་བཞིན་འདུག སློབ་མའི་བསམ་བློ་གཏོང་ཕྱོགས་དང་སློབ་དེབ་ཀྱི་བསྟན་བྱ་གཉིས་ཁ་གྱེས་ཏེ་འགྲོ་བཞིན་འདུག
དྲི་བ། ད་ལྟའི་ཁྱེད་རང་གི་འཛིན་གྲྭ་དེར་སྐད་ཡིག་འཛིན་གྲྭ་ཟེར་དོན་གང་ཡིན་པ་དང་། དེའི་ནང་སྐད་ཡིག་ལས་སློབ་ཚན་གཞན་ཡོད་དམ།
ལན། དེང་སྐབས་ང་སུ་ཇ་སློབ་གྲྭའི་སྐད་ཡིག་འཛིན་གྲྭའི་ལོ་རིམ་གཉིས་པ་ཡིན། ང་ཚོའི་སྡེ་ཚན་དེར་བོད་ཡིག་དབྱིན་ཡིག རྒྱ་ཡིག་གསུམ་ལས་སློབ་ཚན་གཞན་ཡོད་པ་མ་རེད། སྐད་ཡིག་འཛིན་གྲྭའི་ནང་ཞུགས་དོན་གང་ཡིན་ཟེར་ན། ཕ་ཡུལ་ནས་ཚན་རིག་དང་ཨང་རྩིས། སྐྱེས་དངོས། ལོ་རྒྱུས། ཆབ་སྲིད་སོགས་སློབ་ཚན་གཞན་ཚང་མ་བོད་ཡིག་ནང་སྦྱང་ཚར་བ་རེད། ཤེས་རུང་མ་ཤེས་རུང་སྦྱངས་ཚར་བ་རེད། འདི་ནས་ཡང་བསྐྱར་དབྱིན་ཡིག་ནང་སྦྱང་དགོས་པ་ཡིན་ན། དུས་ཚོད་འཕྲོ་བརླག་རེད།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
གཞོན་སྐྱེས་འདི་དག་གི་བསམ་ཚུལ་་ཅིང་ཡག་པོ་འདུག་
དག་འོས་པ་ཞིག་རེད།
བཙན་བྱོལ་ནང་ནའང་ཁོང་ཚོ་ལྟ་བུའི་སློབ་བུ་འགའ་རེ་ཡོད་པ་སྙིང་ནས་དགའ་སོང་། ཁོང་ཚོའི་བསམ་བློའི་སྨིན་སྟངས་ལ་ཡིད་འགུལ་ཐེབས་པ་ཞིག་རེད། འདི་དག་ནི་བཙན་བྱོལ་ཁྲོད་ཀྱི་ཨ་ཡོད་ནང་གི་ད་ཡོད་དག་ཡིན་སྲིད། དེ་ལྟར་ནའང་སློབ་གྲོགས་འདི་དག་དང་འདྲ་བའི་བསམ་བློ་ཅན་མང་དུ་འབྱུང་ཐུབ་ན་ཅི་འདྲའི་ཡག་ག་ལ།
ཁོང་ཚོས་བོད་རང་གི་སྐད་ཡིག་གི་ཐད་ལ་བསམ་ཚུལ་བཏོན་པ་ཤིན་ཏུ་ལེགས། དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་རེད། ལྷག་པར་དུ་ཀུན་དགའ་ཚེ་རིང་ཟེར་བའི་སློབ་ཕྲུག་འདིས་ཡོད་ཚད་ཧ་གོ་བའི་ངོས་ནས་བཤད་འདུག་པ་ལ་རྒྱབ་སྐྱོར་ཡོད། ཁོང་དག་གི་བསམ་དོན་འགྲུབ་པར་ཤོག
གངས་ལྷ་མེ་ཏོག་ལགས། ཁྱེད་རང་ནོར་སོང་། བཙན་བྱོལ་བོད་གཞུང་མ་རེད་བོད་ཕྲུག་ཁྱིམ་སྡེ་དག་གི་གནད་ཡོད་མི་སྣ་དང་། ལྷག་པར་པདྨ་དང་ཚེ་དབང་ཡེ་ཤེས་ལྟ་བུ་ལ་སྐད་རྒྱག་དགོས་པ་ལས། བཙན་བྱོལ་བོད་གཞུང་ཁ་སྟབས་ཆུང་དྲག་པས་རྒྱ་དམར་གཞུང་དང་དེ་དག་ལ་ནུས་པ་ཐོན་གྱིནཡོད་པ་མ་རེད།
བོད་ཕྲུག་ཁྱིམ་སྡེ་དག་གིས་དེང་རྒྱ་གཞུང་གི་སྐད་ཡིག་སློབ་གསོ་དེ་དང་ལེན་བྱེད་ཀྱིན་ཡོད་སྟབས་གནད་ཡོད་མི་སྣ་གཙོ་བོ་དག་ལ་བཀའ་དྲིན་ཞུ་རྒྱུ་ཡིན།
བཙན་བྱོལ་ནང་ལས་བྱ་འམ་ནང་སྦྱང་འབྲི་རྒྱུ་གཙོ་བོ་བྱེད་གི་མི་འདུག དེ་ཡང་བོད་ཡིག་ཡར་རྒྱས་མི་འགྲོ་བའི་རྒྱུ་རྐྱེན་ཞིག་རེད།
ད་ལོ་མཚོ་ལྷོ་ཁུལ་གྱི་བོད་རང་གི་ཁྱད་ཆོས་ལྡན་པའི་བོད་ཡིག་སློབ་དེབ་ཅིག་བསྒྲིགས་ནས་ལག་ལེན་ལྟར་བཞིན་འདུག་ཟེར་།ཨ་མདོའི་ས་ཁུལ་གཞན་ནས་ཡང་སློབ་དེབ་འདི་ལ་རེ་བརྒྱག་གི་འདུག་ཟེར། ཡིན་འང་རྒྱ་གཞུང་གིས་བློ་བུར་ཏུ་བོད་ཡིག་ལ་འགོག་རྒོལ་བྱས་པ་རེད། གང་ལྟར་བཙན་བྱོལ་བོད་གཞུང་གིས་མཚོ་ལྷོའི་སློབ་དེབ་འདི་ལ་ཞིབ་འཇུག་བྱས་ནས་བཙན་བྱོལ་ནང་གི་སློབ་དེབ་ལ་འདེམས་ན་ག་འདྲ་འདུག
འདི་དག་་སེམས་ནང་གི་སྐད་ཆ་རེད། ང་ཚོས་བདག་པོ་བརྒྱགས་དགོས་གི་རེད།བཙན་བྱོལ་གྱི་མི་རྒན་ཚོ་ལས་་སླཽབ་ཕྲུག་འདི་ཚོའི་བསམ་བློ་ཡག་པོ་རེད།
བཙན་བོད་གཞུང་གིས་བོད་ཡིག་གཙོ་བོ་མི་བྱེད་ན་ང་ཚོས་བོད་གཞུང་ལ་སྐད་འབོད་བྱེད། ཟས་བཅད་ངོ་རྒོལ་བྱེད། མི་རྒན་མང་པོ་ཞིག་གིས་ང་ཚོ་བོད་ནས་ཟ་ཡ་འཐུང་ཡ་མེད་ལ་ཡོང་བ་རེད་བསམ་གི་ཡོདཔ་རེད། དེ་ནི་རྦད་དེ་ནོར་བ་རེད། ང་ཚོ་བོད་ཀྱི་རིག་གཞུང་གི་ཆེད་ལ་ཡོང་བ་རེད།བཙན་བྱོལ་གྱི་མི་རྒན་ཚོས་བསམ་བློ་ཡག་པོ་ཐོངས། ང་ཚོས་བོད་ཡིག་དང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་རྒྱ་མི་ལ་ངོ་མི་ཚ། ང་་ཚོ་རྒྱ་གར་བ་བྱེད་གི་མིན། ང་ཚོ་ཕྱི་རྒྱལ་གྱི་མི་སེར་བྱེད་འདོད་མེད།
གསར་འགྱུར་ཁ་ཡོད་ལག་ཡོད་ཟེར་ན་འདི་འདྲ་ལ་ཟེར། ད་དུང་མང་ཙམ་འགོད་ཐུབ་ན།
སློབ་ཕྲུག་ཚོས་སྐད་ཆ་ཡག་པོ་བཤད་འདུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གལ་སྲིད་ཁྱེད་རང་ཚོར་སེམས་གཏིང་བསམ་པས་བོད་ཀྱི་ཡི་གེ་འདིར་བདག་རྒྱག་འདོད་ཡོད་པ་དང་། ཡང་ན་བོད་ཀྱི་སློབ་ཕྲུག་ཚོར་རྒྱབ་སྐྱོར་བྱེད་འདོད་ཡོད་ཚེ་ཁྱེད་རང་ཚོས་སྐད་རྒྱ་ནག་ལ་རྒྱག་དགོས་དོན་ཡོད་པ་མ་རེད་ལ་རྒྱབ་ཀྱང་ཕན་ཐོགས་སྤུ་ཙམ་ཡང་ཡོང་གི་མ་རེད། བོད་ཡིག་ཡར་རྒྱས་སུ་གཏོང་བར་ང་ཚོས་ཁ་ཚ་དགོས་གཏུགས་ཀྱི་བཙན་བྱོལ་གཞུང་ལ་སྐད་རྒྱག་རྒྱུ་དེ་རེད།
ཨོ་ཡ་ད་ཤུགས་རྒྱོབ།