དྷ་ཤོད་བོད་ཁྱིམ་སློབ་མའི་སྤྱི་ཁྱབ་འགན་བདག་བསོད་ནམས་ཆོས་འཛོམས།
དྲི་བ། ཁྱེད་རང་ཆུང་དུས་བོད་སྐད་དང་བོད་ཡིག་གི་ཁོར་ཡུག་གང་འདྲ་ཞིག་ནས་འཚར་ལོངས་བྱུང་བ་དང་། ད་ལྟའི་སློབ་གྲྭའི་ཁོར་ཡུག་འདིས་ཁྱེད་ཀྱི་བོད་སྐད་ཡིག་གི་ཐོག་ལ་བློ་སྐྱེད་ཡག་པོ་ཞིག་སྟེར་ཐུབ་ཀྱི་འདུག་གམ།
ལན། ང་རང་ཆུང་དུས་འབུམ་སྡེ་ལ་རུ་འཚར་ལོངས་བྱུང་བ་ཡིན། སྐབས་དེར་གྲོང་སྡེ་གཡས་གཡོན་ཚང་མ་བལ་ཡུལ་དང་རྒྱ་གར་གྱི་མི་རྐྱང་རྐྱང་ཡིན་སྟབས། བོད་སྐད་དང་བོད་ཡིག་གི་ཁོར་ཡུག་རང་གི་ཁྱིམ་ཚང་ལས་ཡོད་པ་མ་རེད། འདིར་བསླེབས་ཏེ་བོད་སྐད་བོད་ཡིག་གི་གོ་སྐབས་ཡག་པོ་རག་སོང་། ཡིན་ནའང་ང་ཚོའི་སློབ་གྲྭའི་སློབ་མ་མང་ཆེ་བ་བཙན་བྱོལ་ཏུ་འཚར་ལོངས་བྱུང་བའི་སློབ་མ་ཆགས་ཡོད་དུས་བོད་ཡིག་གི་ཕྱོགས་ནས་སྐྱོ་བོ་རེད། སྤྱི་ཚོགས་ཁྲོད་དུའང་བོད་ཁྱིམ་ནང་བོད་སྐད་དང་བོད་ཡིག་འཐུས་ཤོར་ཆེན་པོ་འགྲོ་བཞིན་ཡོད་པའི་ཚོར་སྣང་སླེབས་ཀྱི་ཡོད་པ་རེད། ངས་བསམ་ན། ཕྲུ་གུ་ཚང་མ་ཆུང་དུས་ནས་ཕ་མའི་བདག་སྐྱོང་འོག་འཚར་ལོངས་བྱེད་ཀྱི་ཡོད་པ་རེད། ཕྲུ་གུ་གང་འདྲ་ཞིག་ཆགས་མིན་དེ་ཕ་མ་ལ་རག་ལས་ཡོད། ཕྲུ་གུ་ཡག་པོ་ཡོད་མེད་དང་། བོད་ཡིག་བོད་སྐད་ལ་དགའ་ཞེན་ཡོད་མེད་སོགས་ཕ་མས་བག་ཆགས་འཇོག་སྟངས་ལ་ཐུག་ཡོད་པ་རེད་དྲན་ཡོད། སློབ་གྲྭ་འདིའི་ནང་གི་སློབ་མ་ཚོ་བོད་ཡིག་ལ་དོ་སྣང་མེད་པ་དེ་ཡང་། སློབ་གྲྭའི་འཛིན་སྐྱོང་དང་དགེ་རྒན་ཀྱི་ངོས་ནས་འཐུས་ཤོར་གྱི་ཆ་ཡོད་པ་རེད་ལ། གལ་ཆེ་ཤོས་ཤིག་ཕ་མ་ཚོ་ལ་འགན་འཁྲི་ཡོད་པ་རེད་བསམ་གྱི་འདུག
དྲི་བ། བཙན་བྱོལ་ནང་སྔོན་མ་ནས་འཛིན་རིམ་ལྔ་བ་ནས་སློབ་ཚན་ཆ་ཚང་དབྱིན་ཡིག་ཐོག་ཁྲིད་དེ་དབྱིན་ཡིག་དང་པོ་དང་བོད་ཡིག་གཉིས་པར་བཞག་ཏེ་སློབ་ཀྱི་ཡོ་པ་དེར་བསམ་ཚུལ་གང་འདྲ་ཡོད་དམ།
ལན། འདིའི་ཐད་ང་རང་གིས་ཀྱང་ཁྱད་མཚར་འདྲ་ཞིག་མཐོང་སོང་། གང་ཡིན་ཞེ་ན། ང་ཚོས་རྨང་གཞིའི་འཛིན་གྲྭ་ནས་འཛིན་རིམ་ལྔ་བའི་བར་སློབ་ཚན་ཆ་ཚང་བོད་ཡིག་ཁོ་ནའི་སྟེང་སྦྱངས་བ་རེད། འཛིན་རིམ་དྲུག་པར་བུད་མ་ཐག་གློ་བུར་དུ་དབྱིན་ཡིག་ཐོག་སློབ་ཁྲིད་བྱས་ཏེ་འཛིན་རིམ་བརྒྱད་པ་དགུ་བའི་བར་བསླེབས་དུས། སྔོན་མའི་བོད་ཡིག་ཐོག་ཁྲིད་པའི་སློབ་ཚན་ཆ་ཚང་བརྗེད་འགྲོ་བཞིན་འདུག སྔར་བོད་ཡིག་ཐོག་ཁྲིད་ཚར་བའི་ཐ་སྙད་མང་པོ་ཞིག་ཀྱང་རྗེས་སུ་དབྱིན་ཡིག་ཐོག་བེད་སྤྱོད་གཏོང་གི་ཡོད། དཔེར་ན། ཚན་རིག་ལྟ་བུར་ science ཟེར་གྱི་ཡོད་པ་རེད། གནས་སྟངས་འདི་ང་རང་གིས་ཁྱད་མཚར་ཞིག་ལ་མཐོང་གི་ཡོད། སློབ་མ་ཚོར་ཕྱོགས་གཉིས་ཀར་ཁུངས་མ་འཁྱོལ་བ་ཞིག་ཆགས་ཀྱི་འདུག ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། མཐོ་སློབ་ནང་འགྲོ་ཕྱོགས་ལའང་བསམ་བློ་གཏོང་དགོས་པ་ཞིག་རེད། གལ་སྲིད། ང་ཚོས་བོད་ཡིག་རང་གི་ཐོག་ཕྱིན་པ་ཡིན་ན། ཝ་རཱ་ན་སི་དང་ས་རཱ། ནོར་གླིང་སོགས་མཐོ་སློབ་རེ་ཟུང་ལས་འགྲོ་ས་མེད། དཀའ་ངལ་འདི་སེལ་དང་མི་སེལ་བོད་གཞུང་ལ་ཐུག་ཡོད་པ་རེད་དྲན་གྱི་ཡོད། དཀའ་ངལ་ཆེ་ཤོས་ཤིག་ཟུར་དུ་བཞག་སྟེ་ཨུ་ཚུགས་བརྒྱབ་ན་ཡོང་གི་མ་རེད།
དྲི་བ། ཁྱེད་རང་ཚོའི་སློབ་གྲྭ་རུ་བོད་ཡིག་གི་ཁོར་ཡུག་གང་འདྲ་ཡོད་པ་དང་། ནང་དགོང་དང་ནམ་རྒྱུན་བོད་ཡིག་ལ་དོ་སྣང་གང་འདྲ་བྱེད་ཀྱིན་འདུག་གམ།
ལན། ང་ཚོའི་སློབ་གྲྭའི་སློབ་མ་མང་ཆེ་བས་དབྱིན་ཡིག་ལ་དགའ་བོ་བྱེད་ཀྱི་ཡོད་སྟབས། བོད་ཡིག་ཡག་པོ་ཤེས་ཀྱི་མེད། འོན་ཀྱང་ང་རང་ལ་མཚོན་ན། བོད་ཡིག་ཐོག་སྐྱོ་བོ་ཡོད་པའི་དབང་གིས་ནམ་རྒྱུན་བོད་ཡིག་གི་ཀློག་དེབ་གོ་སླ་བོའི་རིགས་མང་ཙམ་ཀློག་གི་ཡོད་ལ། སློབ་གྲོགས་ཕན་ཚུན་བར་ཞེ་ས་རྒྱག་པ་དང་བོད་སྐད་གཙང་མ་བཤད་པའི་ཐབས་ཤེས་བྱེད་ཀྱི་ཡོད། མ་འོངས་པར་ང་རང་གི་ངོས་ནས་བོད་ཡིག་ཡར་རྒྱས་གཏོང་བའི་ཐད་ལ་འབད་པ་བྱ་དགོས་བསམ་ཡོད།
དྲི་བ། བོད་ནང་ལ་མཚོན་ན་ད་ལྟའི་ཛ་དྲག་གི་དུས་སྐབས་འདིར་ཡང་བོད་སྐད་ཡིག་གི་ཐད་ལ་འབད་པ་བྱེད་ཀྱིན་ཡོད་པ་རེད། མ་འོངས་པར་ང་ཚོ་བཙན་བྱོལ་དུ་ཡོད་པའི་དགེ་སློབ་ཡོངས་ནས་བོད་སྐད་ཡིག་ཐོག་འགན་གང་འདྲ་ཞིག་འཁུར་དགོས་བསམ་གྱི་འདུག་གམ།
ལན། ང་རང་གི་བསམ་ན་བོད་སྐད་དང་བོད་ཡིག་ཡར་རྒྱས་གཏོང་རྒྱུ་དེ་དགེ་རྒན་དང་སློབ་མ་ཁོ་ནར་རག་ལས་པ་ཞིག་མ་རེད། ང་ཚོའི་སློབ་མ་ཁག་ཅིག་ལ་མཚོན་ན་བོད་སྐད་དང་བོད་ཡིག་ཡག་པོ་འདུག དེ་དག་ཁོང་ཚོའི་ནང་མིའི་ནང་བོད་སྐད་གཙང་མ་བཤད་པ་དང་། ཕ་མ་ཚོར་བོད་པའི་སྙིང་རུས་ཆེན་པོ་ཡོད་པའི་རྟགས་རེད་དྲན་གྱི་ཡོད། ང་ཚོ་ཚང་མ་བཙན་བྱོལ་ནས་འཚར་ལོངས་བྱུང་བ་རྐྱང་རྐྱང་ཡིན་སྟབས། ཞན་ཆ་དང་མ་འདང་ས་མང་པོ་ཡོད་ན་ཡང་། ང་ཚོས་སློབ་གྲྭའི་ཁོར་ཡུག་ནང་འདི་ཡར་རྒྱས་གཏོང་དགོས་ཀྱི་འདུག་ཟེར་ནས་ཞུ་ཐུབ་ཀྱི་མི་འདུག གཙོ་བོ་དགེ་རྒན་དང་རྒན་རབས་པ་ཚོས་འགན་ཁུར་ཏེ། མ་འོངས་པར་འཐུས་ཤོར་ལ་མ་འགྲོ་བ་ཞིག་བྱ་དགོས་པ་རེད་དྲན་ཡོད།
དྷ་ཤོད་བོད་ཁྱིམ་སློབ་མའི་སྤྱི་ཁྱབ་འགན་བདག་བཀྲ་ཤིས་ཕུན་ཚོགས།
དྲི་བ། ཉེ་ཆར་བོད་ནང་གི་སློབ་མ་ཚོས་ངོ་རྒོལ་སྐད་འབོད་བྱས་པའི་རྒྱབ་ལྗོངས་གསལ་བོ་ཤེས་ཀྱི་ཡོད་མེད་དང་། སློབ་གྲྭ་འདིའི་སློབ་ཕྲུག་ཚོས་བོད་ཡིག་ཐོག་ལྟ་སྟངས་གང་འདྲ་ཡོད་དམ།
ལན། སྐབས་དེར་གུང་གསེང་ཡིན་སྟབས་ངས་བོད་ནང་གི་སློབ་མ་ཚོས་ངོ་རྒོལ་བྱས་པའི་གནས་ཚུལ་དེ་གོ་མ་བྱུང་། ང་ཚོའི་སློབ་གྲྭའི་ནང་བོད་ཡིག་ལ་དོ་སྣང་ཡོད་མེད་ཀྱི་སློབ་མ་འདྲ་མིན་སྣ་ཚོགས་ཡོད། ཡིན་ནའང་། སློབ་གྲྭའི་ངོས་ནས་བོད་ཡིག་དང་འབྲེལ་བའི་རྩོམ་ཡིག་འགྲན་བསྡུར་དང་སྙན་ངག་གྱེར་འདོན་གོ་སྒྲིག་ཞུ་བཞིན་ཡོད་ལ། བོད་ཡིག་གི་ཤེས་ཚད་མཐོན་པོ་ཡོད་མཁན་དང་དོ་སྣང་ཡོད་མཁན་རྣམས་ལ་རྩོམ་ཡིག་འབྲི་རུ་བཅུག་ཏེ། <<སྒྲོན་མེ>> དང་<<སྨྱུ་གུ>> སོགས་བོད་ཡིག་དུས་དེབ་དང་དབྱིན་ཡིག་དུས་དེབ་ཁག་བཅས་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་རེད། སྤྱི་ཡོངས་ནས་བལྟས་ན། བོད་ཡིག་གི་གནས་ཚད་སློབ་གྲྭ་གཞན་དང་བསྡུར་ན་ཧ་ཅང་སྐྱོ་བོ་རེད།
དྲི་བ། ཁྱེད་རང་བོད་དབྱིན་གཉིས་ལས་གང་ལ་དགའ་བ་དང་། བོད་ཡིག་གི་དགོས་པ་གང་འདྲ་མཐོང་གི་ཡོད་དམ།
ལན། ང་རང་ལ་མཚོན་ན་ཆུང་དུས་ནས་བོད་ཡིག་ལ་དོ་སྣང་ཡོད། ཡིན་ནའང་ད་ལྟ་འཛིན་གྲྭ་མཐོ་རུ་ཕྱིན་པ་དང་སློབ་ཚན་མང་རུ་འགྲོ་བཞིན་ཡོད་པའི་དབང་གིས་བོད་ཡིག་གཅིག་པུའི་སྟེང་ཤུགས་རྒྱག་པའི་དུས་ཚོད་མི་དུག་མོད། སོ་སོའི་སེམས་ནང་བོད་ཡིག་དེ་དབྱིན་ཡིག་ལས་གལ་ཆེན་ཡིན་སྙམ་པ་ཞིག་འདུག གང་ཡིན་ཞེ་ན། ང་ཚོ་བོད་པ་ཡིན་ཞེས་ལབ་དུས་མ་མཐར་ཡང་བོད་སྐད་གཙང་མ་ཞིག་དང་། བོད་ཡིག་དག་མ་ཞིག་འབྲི་ཤེས་རྒྱུ་དེ་མེད་དུ་མི་རུང་བའི་ཆ་རྐྱེན་དང་པོ་རེད། ང་ཚོས་ཡིད་གཟབ་མ་བྱས་ན་ཕྱོགས་མང་པོ་ཞིག་ནས་ང་ཚོར་བཙན་འཛུལ་ཐེབས་ཀྱི་རེད། དབྱིན་ཡིག་འཛམ་གླིང་སྟེང་གི་སྐད་ཡིག་དང་པོ་ཆགས་པ་དང་། མ་འོངས་པར་བོད་པ་མང་པོ་ཕྱི་རྒྱལ་དུ་ཕྱིན་པ་ཡིན་ན། རང་བཞིན་གྱིས་དབྱིན་ཡིག་དབྱིན་སྐད་ཀྱིས་བོད་པའི་སྤྱི་ཚོགས་ནང་གོ་གནས་མཐོན་པོ་འཛིན་རྒྱུ་རེད། དེ་ལ་ད་ལྟ་ནས་གྲ་སྒྲིག་ཡག་པོ་བྱ་དགོས་པ་རེད་དྲན་གྱི་འདུག
དྲི་བ། ཁྱེད་ཀྱི་བསམ་ན་སློབ་གྲྭའི་ནང་བོད་སྐད་དང་བོད་ཡིག་ཡར་རྒྱས་གཏོང་བའི་ཐབས་ལམ་ཡག་ཤོས་དེ་གང་རེད་བསམ་གྱི་ཡོད་དམ།
ལན། སྔོན་མ་སློབ་གྲྭའི་ཁྱིམ་ཚང་ནང་ཁུལ་དུ་ཞེ་ས་སོགས་བེད་སྤྱོད་བྱས་སྟབས། ང་རང་ལ་མཚོན་ནའང་གང་འཚམ་ཤེས་བྱུང་། དེ་ཡང་ང་ལ་མཚོན་ན་བོད་སྐད་དང་བོད་ཡིག་ཡར་རྒྱས་ཀྱི་ཐབས་ལམ་ཞིག་ཆགས་སོང་། ཡང་ང་ཚོར་མིག་དཔེ་བལྟ་ས་གཞན་ཞིག་ཡོད་པ་དེ་དཔེ་སྟོན་སློབ་གྲྭ་རེད། ཁོང་ཚོར་མཚོན་ན། སློབ་མ་མང་ཆེ་བས་བོད་སྐད་གཙང་མ་རྒྱག་གི་འདུག་ལ། བོད་ཡིག་གི་འབྲི་ཀློག་གི་ཐད་ནས་ཀྱང་ཡག་པོ་ཆགས་འདུག གལ་སྲིད་ཁོང་ཚོ་མ་འོངས་པར་མུ་མཐུད་སློབ་གྲྭ་ཆེན་མོའི་བར་མཐུད་ཐུབ་པ་ཡིན་ན། དངོས་ནས་མིག་དཔེ་ལྟ་ས་བཟང་བོ་ཞིག་ཆགས་ས་རེད་ལ། ང་ཚོར་ཡང་དེ་ལྟ་བུ་ཞིག་བཟོ་ཐུབ་ན་ཡག་པོ་འདུག དེ་བཞིན་དགེ་རྒན་ཚོས་ཀྱང་སློབ་གྲྭའི་ནང་བོད་སྐད་ཁོ་ན་ལས་དབྱིན་སྐད་མི་རྒྱག་པའི་ལམ་སྟོན་དང་། ནམ་རྒྱུན་སློབ་གྲྭའི་ནང་བོད་སྐད་བཤད་དགོས་པའི་སྒྲིག་ཁྲིམས་བཟོ་ཐུབ་ན་ཡག་པོ་ཡོང་ས་རེད་བསམ་གྱི་འདུག
དྲི་བ། ཁྱེད་རང་ལ་མཚོན་ན། ད་ལྟའི་བོད་ཡིག་གི་སློབ་དེབ་དེ་འོས་འཚམ་རེད་དམ།
ལན། སློབ་དེབ་ཀྱི་ཕྱོགས་ནས་འཛིན་རིམ་དྲུག་པའི་ཡན་གྱི་སློབ་དེབ་ཏག་ཏག་རེད་བསམ་གྱི་འདུག གཙོ་བོ། ད་ལྟའི་དུས་འདིར་ང་ཚོ་ལོ་ན་ཆུང་བ་དང་རྩེད་མོའི་རིགས་ལ་དགའ་སྣང་ཡོད་པ། ལྷག་པར་དུ་དྲ་རྒྱའི་རིགས་ལ་དོ་སྣང་ཆེ་དྲགས་པའི་དབང་གིས་སློབ་ཚན་གཞན་དག་ལ་ཤུགས་རྒྱག་གི་མི་འདུག སློབ་མ་མང་པོ་ཞིག་གིས་བོད་ཡིག་དེ་བསླབ་བྱ་གཞན་པ་དང་གཅིག་མཚུངས་ཀྱི་ངོས་འཛིན་གནང་གི་འདུག དེ་བཞིན་སློབ་མ་མང་པོ་ཞིག་གིས། བོད་ཡིག་བསླབ་ན་མ་འོངས་པར་སྤྱི་ཚོགས་ནང་སླེབས་དུས་ལས་ཀ་རག་གི་མེད་པའི་བསམ་ཚུལ་འཛིན་གྱི་འདུག གཞུང་གིས་བོད་ཡིག་གི་ཐོག་ནས་མ་འོངས་པར་ལས་ཀ་རག་པའི་ལམ་ཁ་ཞིག་བསྐྲུན་ཐུབ་ན། སློབ་ཕྲུག་སོ་སོ་དང་ཕ་མ་ནང་མི་ཚང་མས་བོད་ཡིག་ལ་དོ་སྣང་ཆེན་པོ་ཡོང་གི་རེད།
དྷ་སྟེང་བོད་ཁྱིམ་སློབ་མའི་སྤྱི་ཁྱབ་འགན་བདག་བློ་གྲོས་རྒྱལ་མཚན།
དྲི་བ། རྒྱ་ནག་གཞུང་གིས་བོད་ཡིག་ཕལ་བར་འཇོག་པའི་སྲིད་ཇུས་ལ་བོད་ནང་གི་སློབ་ཕྲུག་ཚོས་ངོ་རྒོལ་སྐད་འབོད་བྱས་ཡོད་པའི་ཐད་ཁྱེད་རང་ལ་ལྟ་ཚུལ་གང་འའདུག་གམ།
ལན། ངས་བསམ་ན་དེ་ནི་བོད་ནང་གི་སློབ་ཕྲུག་ཚོར་རང་གི་རྒྱལ་ཁབ་ལ་ཞེན་ཁོག་དང་གཅེས་སེམས་ཆེན་པོ་ཡོད་པའི་མཚོན་རྟགས་རེད། ངས་ནམ་རྒྱུན་སློབ་མ་ཚོར་ང་ཚོ་བོད་ནང་གི་གཞོན་སྐྱེས་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་མགྲིན་ཚབ་རེད་ཅེས་བཤད་ཀྱི་ཡོད། ང་ཚོས་ལས་ཀ་ཅི་ཞིག་བྱས་ཀྱང་ཚོར་བ་ཡོད་པའི་ཐོག་ནས་ཁོང་ཚོའི་དཀའ་ངལ་གསལ་སྟོན་བྱ་རྒྱུ་གལ་ཆེན་ཡིན་སྟབས། ཉེ་ཆར་བོད་ནང་ལས་འགུལ་བྱུང་རྗེས་སྦེལ་ཀོབ་བོད་ཁྱིམ་དང་ངྷ་སའི་སློབ་གྲྭ་ཁག་གིས་ཀྱང་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བ་རེད། ཕྱི་ནང་གཉིས་ཀྱི་སློབ་མའི་ལས་འགུལ་མཐུན་པོ་ཆགས་ཡོད། བཙན་བྱོལ་ནང་གི་སློབ་ཕྲུག་ཚོའི་ལས་འགུལ་དེས་བོད་ནང་ལ་སེམས་ཤུགས་འཕར་མ་ཞིག་དང་། མ་འོངས་པའི་ལས་འགུལ་སྤེལ་ཕྱོགས་ལའང་ཕན་ཐོགས་ཡོད་པ་ཞིག་ཆགས་ཡོད་ངེས་རེད་དྲན་ཡོད།
དྲི་བ། བཙན་བྱོལ་གྱི་སློབ་གྲྭ་ཁག་ཏུ་དབྱིན་ཡིག་གཙོ་བོ་དང་བོད་ཡིག་ཕལ་བར་བཞག་ཏེ་སློབ་ཁྲིད་བྱེད་ཀྱིན་ཡོད་པའི་ཐད་བསམ་ཚུལ་གང་འདྲ་ཡོད་དམ།
ལན། ང་ཚོ་བཙན་བྱོལ་བོད་མི་ཚོར་མཚོན་ན་སྐྱབས་བཅོལ་གྱི་གནས་སྟངས་འོག་ཡོད་སྟབས། ཤེས་ཡོན་སྲིད་བྱུས་མང་ཆེ་བ་རྒྱ་གར་གཞུང་གི་བྱེད་ཕྱོགས་དང་བསྟུན་དགོས་ཀྱི་ཡོད། བོད་གཞུང་གིས་ཤེས་ཡོན་སྲིད་བྱུས་ཤིག་བཟོས་ཡོད་ཀྱང་། གཙོ་བོ་བོད་ཡིག་ལ་དོ་སྣང་བསླེབ་ཐུབ་མིན་དེ་རེད། ཡིན་ནའང་། དངོས་སུ་ལག་ལེན་བྱེད་མཁན་གྱི་དགེ་སློབ་ཚང་མས་དེའི་གལ་ཆེན་གང་འདྲ་ཡིན་མིན་མ་ཤེས་ན། སྲིད་ཇུས་གཅིག་པུས་ཕན་ཅི་ཡང་ཐོགས་ཀྱི་མ་རེད། ང་རང་ལ་མཚོན་ན་བོད་ནས་སླེབས་དུས་བོད་ཡིག་ཀློག་ཤེས་ཀྱི་མེད། ཡིན་ནའང་། བོད་ཡིག་ཤེས་འདོད་ཀྱི་འདུན་པ་དེའི་དབང་གིས། ངས་འཛིན་གྲྭ་ནས་མགོ་བཙུགས་ཏེ་བོད་ཡིག་ལ་འབད་བརྩོན་བྱས་པ་ཡིན། ད་ལྟ་བལྟས་ཡོང་དུས་སློབ་གྲོགས་གཞན་དང་བསྡུར་ན་བོད་ཡིག་གི་གནས་ཚད་འགྲིག་འདུག་བསམ་གྱི་ཡོད། བོད་ཁྱིམ་ནང་འཛིན་རིམ་ལྔ་བའི་བར་གྱི་སློབ་ཚན་ཆ་ཚང་བོད་ཡིག་ཐོག་སློབ་གྱི་ཡོད་ལ། འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་དུའང་བོད་ཡིག་གི་སློབ་ཁྲིད་ཡོད་པ་རེད། ཡིན་ནའང་། ང་རང་གི་ངོས་ནས་སློབ་ཚན་ཁྲིད་སྟངས་ཐད་སྐྱོན་ཆ་ཆེན་པོ་ཞིག་མཐོང་སོང་། སྦྱིར་འཛིན་རིམ་དྲུག་པ་ནས་སློབ་མའི་སྐད་ཡིག་གི་རྨང་གཞི་ཇེ་བཟང་དུ་གཏོང་དགོས་ཀྱང་། ལག་ལེན་ཐོག་དེ་འདྲ་མིན་པར་རྒྱལ་རབས་དང་ནང་ཆོས་ཤུགས་ཆེན་པོས་བསླབས་ཏེ། སློབ་ཕྲུག་མང་ཆེ་བར་དཀའ་ངའ་འཕྲད་ཀྱིན་འདུག སྔོན་མ་ང་རང་གིས་འབྲེལ་ཡོད་ལས་བྱེད་རྣམ་པར་སློབ་དེབ་དང་སློབ་ཁྲིད་བྱ་ཕྱོགས་ལ་ངེས་པར་དུ་བསྐྱར་ཞིབ་བྱ་དགོས་པའི་བསམ་འཆར་ཡང་བཏོན་མྱོང་ོད། གཙོ་བོ། ང་ཚོར་ལོ་ཚད་ལ་དཔག་པའི་སློབ་ཚན་གོ་བདེ་བ་དང་སྤུས་དག་པོ་ཞིག་བསྒྲིག་དགོས་ཀྱི་འདུག དེ་མ་ཡིན་པར་ཐོག་མ་ནས་སློབ་དེབ་ཁག་པོ་བཟོས་ན། ཕྲུ་གུ་ཚང་མ་ཉོབ་འགྲོ་བཞིན་ཡོད་པ་རེད།
དྲི་བ། ངྷ་སྟེང་བོད་ཁྱིམ་གྱི་ནམ་རྒྱུན་གྱི་སློབ་སྦྱོང་དང་སློབ་གྲྭའི་བྱེད་སྒོའི་ཁྲོད་བོད་སྐད་དང་བོད་ཡིག་ལ་དོ་སྣང་བྱེད་སྟངས་གང་འདྲ་འདུག་གམ
ལན། འཛིན་སྐྱོང་གི་ངོས་ནས་ནམ་རྒྱུན་བོད་ཡིག་ཡར་རྒྱས་སུ་གཏོང་དགོས་ཞེས་བཤད་ཀྱིན་ཡོད་ཀྱང་། དངོས་ཡོད་ཀྱི་ཐོག་ནས་དེ་ཙམ་གྱི་ལག་ལེན་བསྟར་ཐུབ་ཀྱི་མི་འདུག ང་ཚོས་དོན་དངོས་ཅི་ཡིན་དངོས་སུ་བཤད་རྒྱུ་ལས་སྦ་གསང་བྱེད་དགོས་དོན་མི་འདུག་བསམ། སྐྱོན་ཅི་ཞིག་ཡོད་པ་དེར་ཐད་ཀར་མཛུབ་མོ་བཙུགས་ཏེ་བཤད་ན། སྐད་ཡིག་ཡར་རྒྱས་གཏོང་དགོས་པའི་ཐད་ཀྱི་དཀའ་ངལ་མང་པོ་ཞིག་སེལ་ཐུབ་ཀྱི་རེད། དེར་བརྟེན། མ་འོངས་པར་སློབ་གྲྭའི་ནང་རྩོམ་ཡིག་འགྲན་བསྡུར་དང་འབྲེལ་བོད་ཡིག་གི་བྱ་འགུལ་ཤུགས་ཆེ་རུ་གཏོང་ཐུབ་ན་ཡག་པོ་འདུག
དྲི་བ། བོད་ཁྱིམ་གྱི་བོད་ཡིག་དགེ་རྒན་རྣམས་ཀྱི་སློབ་ཁྲིད་བྱེད་སྟངས་དང་ཤེས་ཡོན་གནས་ཚད་ཀྱིས་ཁྱེད་ཀྱི་འདོད་པ་ཁེངས་ཀྱི་འདུག་གམ།
ལན། ང་རང་ལ་མཚོན་ན་ད་ལྟའི་ང་ཚོའི་བོད་ཡིག་དགེ་རྒན་དེ་ཚད་ལྡན་གྱི་དགེ་རྒན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ལ། སློབ་ཚན་གཞན་པའི་དགེ་རྒན་རྣམས་ཀྱང་ཡག་པོ་འདུག་བསམ་གྱི་ཡོད། ང་ལྟ་བུ་ཞིག་གིས་དགེ་རྒན་གྱི་ཡག་སྡུག་ཞུ་ཚོད་མི་ཐུབ་ཀྱང་། སྤྱི་ཡོངས་ནས་འཛིན་སྐྱོང་གི་ངོས་ནས་དགེ་རྒན་ཚོར་ཟབ་སྦྱོང་སྤྲོད་རྒྱུ་དེ་གལ་ཆེན་པོ་རེད། དགེ་རྒན་ལ་ཉམས་མྱོང་དང་ཁྲིད་ཐབས་ཡག་པོ་མེད་ན་སློབ་མའི་དུས་ཚོད་རྩ་ཆེན་དེ་འཕྲོ་བརླག་ཏུ་གཏོང་གི་ཡོད་པ་རེད། བོད་ཁྱིམ་ལ་ཆ་མཚོན་ན་ད་ལྟའི་དུས་འདིར། བོད་ཡིག་འཛིན་གྲྭའི་སྐབས་སུ་སློབ་མ་ཚོར་ཉོབ་སྣང་སྐྱེས་པ་དང་དོ་སྣང་མེད་པ། གཉིད་ཁུག་པ་སོགས་ཡོང་གི་འདུག ང་ཚོས་དངོས་ཡོད་ཀྱི་གནས་སྟངས་འདི་དག་ལ་གཞིགས་ཏེ་མ་འོངས་པར་སློབ་ཁྲིད་ཀྱི་ཐབས་ལམ་ལ་འགྱུར་བ་ག ང་ཚོས་དངོས་ཡོད་ཀྱི་གནས་སྟངས་འདི་དག་ལ་གཞིགས་ཏེ་མ་འོངས་པར་སློབ་ཁྲིད་ཀྱི་ཐབས་ལམ་ལ་འགྱུར་བ་གཏོང་རྒྱུ་གལ་ཆེན་པ་རེད་དྲན་གྱི་འདུག
ངྷ་སྟེང་བོད་ཁྱིམ་སློབ་མའི་སྤྱི་ཁྱབ་འགན་བདག་སྐལ་བཟང་སྒྲོལ་དཀར།
དྲི་བ། ཉེ་ཆར་བོད་ནང་གི་སློབ་མ་ཚོས་བོད་སྐད་བོད་ཡིག་སྲུང་སྐྱོབ་ཐད་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པའི་གནས་ཚུལ་གསལ་བོ་ཐོས་བྱུང་ངམ།
ལན། ང་ཚོའི་གུང་གསེང་གི་སྐབས་སུ་གནས་ཚུལ་དེ་བྱུང་བ་རེད། གནས་ཚུལ་བྱུང་རྗེས་ང་ཚོས་གྷོལ་པ་པུར་བོད་ཁྱིམ་གྱི་སྤྱི་ཁྱབ་རྒན་བདག་ལ་འབྲེལ་བ་བྱས་ཤིང་། ཕྱིས་སུ་ང་ཚོ་མཉམ་འབྲེལ་ཐོག་གུང་གསེང་གི་ཉིན་དང་པོའི་དགོང་མོར་མར་མེ་ཁྲོམ་ཞིག་གོ་སྒྲིག་ཞུས་ཏེ། སློབ་ཕྲུག་གི་ལས་འགུལ་དེར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱས་པ་ཡིན། སྐད་ཆ་དེ་ཐོག་མར་གོ་དུས་རྒྱ་ནག་གི་སྲིད་ཇུས་ཧ་ཅང་མཁྲེགས་པོ་ཡིན་པའི་ཚོར་སྣང་བྱུང་སོང་། བོད་པའི་ས་ཁུལ་ནས་བོད་སྐད་ཡིག་དེ་གཙོ་བོར་འཇོག་པ་ལས་ཕལ་བར་བཞག་ན་སུས་ཀྱང་ངོས་ལེན་བྱེད་ཀྱི་མ་རེད། སྐད་ཡིག་ནི་མི་རིགས་ཞིག་གི་ངོ་བོ་མཚོན་བྱེད་ཆགས་ཡོད་སྟབས། ཁོང་ཚོས་བོད་ཡིག་སྐད་ཡིག་གཉིས་པར་བཞག་པ་དེ་བོད་རྒྱ་མིའི་ཁོང་གཏོགས་ཡིན་པའི་རྣམ་པ་སྟོན་ཐབས་བྱེད་བཞིན་པ་རེད་དྲན་སོང་།
དྲི་བ། ངྷ་སྟེང་བོད་ཁྱིམ་གྱི་སློབ་མ་ཚོས་ནམ་རྒྱུན་བོད་ཡིག་ལ་དོ་སྣང་བྱེད་སྟངས་གང་འདྲ་འདུག་གམ།
ལན། ང་ཚོའི་སློབ་གྲྭའི་སློབ་མ་མང་ཆེ་བ་བོད་ཡིག་ལ་དོ་སྣང་འདུག ཡིན་ནའང་། སློབ་མ་ཁག་ཅིག་གིས་བོད་ཡིག་སྣང་མེད་དུ་བཞག་ཏེ་དབྱིན་ཡིག་ཁོ་ནའི་སྟེང་ཤུགས་རྒྱག་བཞིན་འདུག བོད་ནང་གི་སློབ་ཕྲུག་ཚོས་བོད་སྐད་ཡིག་གི་རང་དབང་ཆེད་སྐད་འབོད་བྱས་འོང་དུས། ང་ཚོ་བཙན་བྱོལ་གྱི་སློབ་མ་ཚོས་བོད་ཡིག་ལ་ངོས་འཛིན་དང་ལྟ་སྟངས་དེ་ཡང་དག་ཅིག་མིན་པ་ཤེས་འོང་གི་འདུག ང་རང་གི་བསམ་ཚུལ་ལྟར་ན། བཙན་བྱོལ་ནང་གི་སློབ་ཕྲུག་ཚོར་རང་དབང་ཆེ་དྲགས་ཏེ། དཀའ་སྡུག་འོག་ཡོད་པའི་བོད་ནང་གི་སློབ་ཕྲུག་ལྟར། སོ་སོའི་སྐད་ཡིག་ལ་ཆེ་མཐོང་དང་དོ་སྣང་སྤྲོད་ཐུབ་ཀྱི་མེད་པ་རེད། དེ་བཞིན། བོད་ཡིག་གི་རིན་ཐང་ཡང་བོད་ནང་གི་སློབ་མ་ལྟར་རྟོགས་ཐུབ་ཀྱི་ཡོད་པ་མ་རེད། མ་འོངས་པར་སློབ་ཕྲུག་ཚོར་བོད་སྐད་ཡིག་གི་རིན་ཐང་དང་། རྒྱལ་ཁབ་དང་མི་རིགས་ཅི་ཙམ་གལ་ཆེན་ཡིན་པའི་སྐོར་གྱི་གོ་རྟོགས་སྤེལ་རྒྱུ་གལ་ཆེན་རེད།
དྲི་བ། ཁྱེད་ཀྱིས་བསམ་ན་བོད་ཡིག་ཡར་རྒྱས་འགྲོ་བར་གཞུང་དང་ཚོགས་པ་ཁག མི་སྒེར་བཅས་ཀྱིས་མཐུན་རྐྱེན་དང་རྒྱབ་སྐྱོར་གང་འདྲ་ཞིག་གནང་དགོས་ཀྱི་འདུག་དྲན་གྱི་ཡོད་དམ།
ལན། ང་ཚོའི་ནམ་རྒྱུན་ནས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་མི་སྒེར་བཅས་ཀྱིས་གསལ་བསྒྲགས་དང་ཡིག་ཆ་གང་ཞིག་ཡིན་ཡང་། ཐོག་མར་བོད་ཡིག་ནང་འབྲི་རྒྱུ་འདི་རིགས་ལ་དོ་གལ་ཆེན་པོ་གནང་དགོས་ཀྱི་འདུག དེ་ལྟ་བུའི་ལས་འགུལ་གྱི་གོམས་གཤིས་དེ་སྤྱི་ཚོགས་ནང་རིམ་བཞིན་འཇགས་ཐུབ་པར་གྱུར་ཚེ་མ་འོངས་པར་ཚང་མར་ཕན་ཐོགས་ཀྱི་རེད། སློབ་གྲྭ་ཁ་ཤས་སུ་བོད་ཡིག་གི་གནས་ཚད་ཡག་པོ་ཡོད་མཁན་དག་ལ་སློབ་གྲྭ་ཁག་གི་འཛིན་སྐྱོང་དང་སྤྱི་ཚོགས་ཀྱི་མགོ་ཁྲིད། དེ་བཞིན་གཞིས་ཆགས་ཀྱི་གཞིས་མགོ་བཅས་ཀྱིས་དེ་དག་ལ་སྐུལ་སློང་བྱས་ཏེ། བོད་ཡིག་ཐོག་སློབ་སྦྱོང་བྱས་ན་མདུན་ལམ་ཡོད་པའི་ངེས་ཤེས་ཤིག་རྙེད་དུ་འཇུག་དགོས་ལ། སྤྱི་ཚོགས་ཁྲོད་ཀྱི་རྩོམ་པ་པོ་དག་གིས་ཀྱང་དཔེ་དེབ་རིམ་པར་རྩོམ་གནང་མཛད་དེ་སྤྱི་ཚོགས་ནང་བོད་ཡིག་དར་སྤེལ་དང་ཁོར་ཡུག་བཟང་པོ་ཞིག་བསྐྲུ་རྒྱུ་དེ་གལ་ཆེན་པོ་རེད་བསམ། ༧གོང་ས་མཆོག་གིས་གསུངས་བ་ལྟར། ང་ཚོ་དུས་རབས་ཉེར་གཅིག་པའི་ནང་པ་ཙམ་མིན་པར་དུས་རབས་ཉེར་གཅིག་པའི་བོད་པ་ཞིག་བྱ་དགོས་དུས། དེང་དུས་ཀྱི་ཤེས་ཡོན་དང་ལྷན་དུ་བོད་ཀྱི་སྐད་ཡིག་གི་མཚོན་པའི་རིག་གཞུང་རྣམས་ཤེས་རྒྱུ་གལ་ཆེན་ཡིན་སྟབས། མ་འོངས་པར་བོད་པ་རྒན་གཞོན་ཚང་མས་ཁ་ཡོད་ལག་ཡོད་ཀྱིས་བོད་སྐད་བོད་ཡིག་གོང་སྤེལ་ཆེད་ལས་འགུལ་སྤེལ་དགོས་ཀྱི་འདུག
གསར་འགོད་པ་དོན་གོ་དང་དཔལ་ལྡན།
སྐལ་བཟང་སྒྲོན་དཀར་ལགས། འུ་གཉིས་ངོ་མ་གླེན་པ་རེད། ༧གོང་ས་མཆོག་གིས་ང་ཚོ་དུས་རབས་ཉེར་གཅིག་པའི་ནང་པ་ཙམ་མིན་པར་དུས་རབས་ཉེར་གཅིག་པའི་བོད་པ་ཞིག་བྱ་དགོས་གསུངས་ཡོད་ཀྱང་། ང་ཚོ་བཙན་བྱོལ་བ་ཆགས་ནས་མི་ལོ་ལྔ་བཅུ་སོང་ཚར་བ་དང་། ཤེས་ཡོན་སོགས་འཐུས་ཤོར་ལ་སོང་འདུག་ཅེས་༸གོང་ས་མཆོག་གིས་དངོས་སུ་སྡུག་སྐད་བརྒྱབ་ནས་ཀྱང་ལོ་གཉིས་བཞུད་ཚར་བ་རེད་དེ། གསུང་དེ་ལག་ལེན་བྱས་ནས་ཁོང་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་བྱེད་མཁན་བདག་གི་མཁན་རིན་པོ་ཆེ་དོན་གྱི་སླད་དུ་མཚན་ནས་སྨོས་ན་ཟེར་མཁན་དག་གིས་གཙོ་བོར་བྱས་ནས་སུས་ཀྱང་གནང་གི་མེད་པས། ཡང་མིན་ན་ངའི་འཁོར་ཡུག་ལྟར་གྱི་མི། བོད་ཡིག་རྐྱང་བ་སྦྱངས་ནས་དེང་རབས་འཛམ་གླིང་དང་ཁ་བྲལ་ཏེ་མི་ལྐུག་པ་ཞིག་བྱ་དགོས་ལ། ཡང་མིན་ན་སྐད་ཡིག་གཞན་པ་ཁོ་ནས་འཐུས་པར་བྱས་ཏེ་རང་མི་རིགས་ཀྱི་ཁྱད་ཆོས་ཡོངས་སུ་འདོར་དགོས་པ་ལས་གནའ་དེང་གི་ཤེས་ཡོན་ཟུང་འབྲེལ་ནི་དགེ་སྡིག་ལྟ་བུ་འགལ་བ་ཡིན་ས་རེད།
དྲ་གྲོགས་ཚོ་གོང་གི་སློབ་ལོབ་མ་དེ་དག་གི་སྐད་ཆ་ཉན་དུས་་་གཅིག་གོ་ཡོང་གི་མི་འདུག་གམ།
བཙན་བྱོལ་བོད་མིའི་བོད་ཡིག་གི་ཚད་གཞི་དམའ་བ་ཁོ་ན་མ་རེད། དྲ་མོར་བཤད་ན་དབྱིན་ཡིག་གི་ཆུ་ཚད་ཀྱང་ཧ་ཅང་དམའ་བོ་རེད། ང་རང་རྒྱ་གར་གྱི་མཐོ་སློབ་ཅིག་ཅིག་ལ་ཕྱིན་ཡིན། མཐོ་སློབ་ཉིག་ཉིག་ལ་ཕྱིན་ཡིན་ཟེར་མཁན་མང་བོར་ཐུག་མྱོང་། རང་གི་ལོ་རྒྱུས་ཙམ་ཡང་འབྲི་ཤེས་ཀྱི་མི་འདུག དབྱིན་སྐད་བཤད་ནའང་དེ་ཙམ་ཞིག་རེད། དབྱིན་ཡིག་ཆུ་རྒྱུག་རྒྱུག་བྱེད་ཐུབ་མཁན་ཁ་ཤས་ཡོད་ནའང་དེས་བཙན་བྱོལ་བོད་མིའི་བརྒྱ་ཆའི་བཅུ་ཙམ་ཡང་ཟིན་གྱི་མི་འདུག དེ་ལས་རྡ་སའི་ཟ་ལེ་རྒྱལ་ཚོའི་བརྒྱ་ཆའི་ལྔ་བཅུས་དབྱིན་བོད་གཉིས་ཀས་རང་མགོ་ཐོན་གྱིན་འདུག ཕྷ་རན་སིར་བོད་མི་ཆིག་སྟོང་ལྷག་ཡོད་ལ་དེའི་ནང་ན་རྒྱ་གར་ནས་འཚར་ལོངས་བྱུང་བའི་བོད་པ་བརྒྱ་ཆའི་ལྔ་བཅུ་ལས་བརྒལ་ཡོད། ཡིན་ནའང་དེའི་ནང་ན་བོད་ཡིག་ཕར་ཞོགས། དབྱིན་ཡིག་གིས་རང་མགོ་ཐོན་མཁན་ཡང་མཛུབ་མོ་བཅུའི་སྟེང་ནས་བརྩིས་ན་ཤེས་ནི་རེད། ཁྱོད་རང་མཐོ་སློབ་ལ་སོང་བ་ཡིན་པས་དབྱིན་ཡིག་མི་ཤེས་སམ་ཞེས་དྲིས་ན། ག་བ་ག་བ། ངས་ཚན་རིག་སྦྱངས་བ་རེད་དྭ། ངས་དཔལ་འབྱོར་རིག་པ་སྦྱངས་བ་རེད་དྭ་ཟེར་གི་རེད། ད་དུང་མི་དེ་དག་གིས་ཤེས་ཡོན་པ་ཡིན་མདོག་བསྟན་ནས་ཚིག་རེ་རེའི་མཇུག་ལ་ཕྷ་ཁུག་ཡིན་ན་ཅིག་ཟེར་གི་རེད།
བཙན་བྱོལ་བ་ལགས་ ཁྱེད་རང་གི་གསུང་པའི་ཕྲུ་གུ་དེས་བོད་སྐད་རང་མི་ཤེས་པ་ཨེ་ཡིན། ཕལ་ཆེར་གོ་བ་ལོག་པ་ལྟ་བུ་མིན་ནམ་ ཁོ་རང་གི་བོད་སྐད་མི་ཤེས་ཞེས་པའི་གོ་དོན་ནི་དབུས་སྐད་མི་ཤེས་པ་ཙམ་མ་གཏོགས་ཕ་སྐད་དཀར་མཛེས་གྱི་སྐད་མི་ཤེས་པ་ཨེ་ཡིན།།།།།དོག་འདྲི་ཙམ་ཡིན། གང་ཡིན་ཟེར་ན་ང་རང་ལ་དཀར་མཛེས་གྱི་གྲོགས་པོ་མང་པོ་ཡོད་ རྒྱུན་དུ་ཁོ་ཚོར་མི་གཞན་གྱི་བོད་སྐད་ཤེས་གི་ཡོད་མེད་འདྲི་སྐབས་ཁོ་ཚོས་ཤེས་གྱི་མེད་ལབ་གི་ཡོད་ ཡིན་ན་ཡང་ཁོ་ཚོ་ནང་ཁུལ་དུ་ཁོ་རང་ཚོའི་ཕ་སྐད་བདེ་པོ་རྒྱབ་གི་ཡོད། ཁོ་ཚོར་བོད་སྐད་ཞེས་པ་དེ་དབུལ་སྐད་ལ་གོ་བ་ལེན་བཞིན་འདུག། དེ་ཡང་དཔེ་མཚོན་ཙམ་ཡིན།།
བཙན་བྱོལ་ནང་གི་བོད་ཡིག་ཤེས་ཚད་སྐྱོ་བོ་ཡིན་པ་དེ་བདེན་པ་རེད་ བཙན་བྱོལ་མ་ཚད་བོད་ནང་དུ་ཡིན་ན་ཡང་ཆ་སྙོམས་ཀྱི་བོད་ཡིག་ཤེས་ཚད་སྐྱོ་བོ་རེད་ ས་ཁུལ་ཁ་ཤས་དང་དེ་ཡང་དགོན་སྡེ་གྲྭ་ཚང་ཁག་མ་གཏོགས་སྤྱི་ཡོངས་སྐྱོ་བོ་རེད་སྙམ་ མ་ཚད་རྒྱ་ཡིག་དང་རྒྱ་སྐད་ལ་དབྱིངས་ཞུགས་ནས་བོད་ཡིག་མི་ཤེས་་པ་ཤིན་ཏུ་མང་ ཐོག་མར་བོད་ནས་ཡོང་སྐབས་བོད་སྐད་མི་ཤེས་ཟེར་མཁན་མང་པོ་ཐུག་མྱོང་ ཡིད་མི་ཆེས་ན་སྣེ་ལེན་ཁང་གི་སྒོ་འགྲམ་ལ་སོང་ནས་བརྟག་དཔྱད་བྱེད་ན་མཁྱེན་གིན་རེད་ ལོ་ཤས་སྔོན་ཁོ་བོ་གྲོགས་པོ་གཅིག་དང་མཉམ་དུ་དྷ་ས་སྣེ་ལེན་ཁང་དུ་སོང་བ་ཡིན་ ལོ་ན་ཧ་ལམ་བཅུ་ལས་མ་སོན་པ་དཀར་མཛེས་ནས་ཡོང་བ་ཞིག་འདུག་ ཕྲུ་གུ་དེ་བོད་སྐད་ཤེས་ཀྱིན་མི་འདུག་ འོན་ཀྱང་རྒྱ་སྐད་བདེ་པོ་རྒྱག་གིན་འདུག་ འདི་ནི་དཔེ་མཚོན་ཙམ་ཡིན་
བོད་ཡིག་གིས་ལས་ཀ་རག་གི་མེད་པ་དངོས་ཡོད་རེད། ཟེར་ན་ཁོ་ཚོའི་བོད་ཡིག་གི་ཤེས་ཚད་སྐྱོ་དྲགས་པ་རེད་བསམ། སྤྱིར་བཏང་བཙན་བྱོལ་ནང་གི་བོད་ཡིག་ངོ་མ་སྐྱོ།