མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲི་བ་རང་ལ་བཏོན་ཏེ་ངོ་རྒོལ་རང་ལ་བྱ་དགོས་པ་རེད།

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་བོད་ནང་གི་སློབ་གྲྭ་མང་པོ་ཞིག་ཏུ་གཅིག་རྗེས་གཉིས་མཐུད་དུ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་མ་ཐག འདི་ག་དུས་བབ་ལས་ཁུངས་ཀྱིས་བཙན་བྱོལ་ནང་གི་སློབ་གྲྭ་ཁག་ཅིག་གི་སློབ་ཕྲུག་ཚོར་བསམ་ཚུལ་བསྡུ་བཞིན་ཡོད་པ་ལྟར། ཐེངས་འདིར་ནོར་གླིང་དང་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་སྐོར་ཞིག་ལ་བཅར་འདྲི་ཞུས་ཡོད།

ནོར་གླིང་མཐོ་སློབ་ཀྱི་སློབ་མ་ཀླུ་མོ་མཚོ། 

དྲི་བ། སྐུ་ཉིད་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་ཡིག་ལ་གོ་གནས་ག་འདྲ་ཞིག་ཡོད་པར་གཟིགས་ཀྱི་ཡོད་དམ།

ལན། བཙན་བྱོལ་གྱི་སློབ་གྲྭ་ཁག་ལ་མཚོན་ན་བོད་ཡིག་ལས་གཞན་པའི་སློབ་ཚན་མང་ཆེ་བ་དབྱིན་ཡིག་ཐོག་འགྲོ་བཞིན་ཡོད་སྟབས། སློབ་མ་མང་ཆེ་བའི་བསམ་བློ་དང་འདུ་ཤེས་འཛིན་སྟངས། བོད་རང་གི་སྐད་ཡིག་ལ་བཅིངས་པའི་བརྩེ་བ་སོགས་བོད་ནང་དང་བསྡུར་ན་ཧ་ཅང་སྐྱོ་བོ་རེད། དེ་བཞིན། བཙན་བྱོལ་གྱི་མང་ཚོགས་དཀྱུས་མ་ཙམ་མ་ཟད། ཤེས་ལྡན་པ་ཕལ་ཆེ་བ་ཡང་འཚོ་ཐབས་ཀྱི་དོན་ལ་གཞོལ་ཆེ་བ་དང་། དགོས་མཁོ་དང་ཁེ་ཕན་ཞིག་གི་ཆེད་དུ་བོད་ཡིག་ལ་འབྲེལ་འདྲིས་ཏོག་ཙམ་རེ་བྱེད་པ་མ་གཏོགས་སོ་སོའི་འཚོ་བ་འགྲིག་ཙམ་བྱུང་མ་ཐག བོད་ཡིག་དང་ཁ་གྱེས་འགྲོ་བའི་སྣང་ཚུལ་ཞིག་ཡོང་གི་འདུག འདི་དང་འདི་ལྟ་བུའི་རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས་བོད་ཕྱི་ནང་གཉིས་བར་ཁྱད་པར་ཆེན་པོ་ཤོར་ཡོད།

དྲི་བ། ནོར་གླིང་མཐོ་སློབ་ཀྱི་དགེ་རྒན་ཚོའི་གནས་ཚད་དང་སློབ་དེབ་བསྒྲིགས་ཕྱོགས། སློབ་ཚན་ཁྲིད་ཐབས་སོགས་ལ་ལྟ་ཚུལ་གང་འདྲ་ཡོད་དམ།

ལན། སྔོན་མ་ངས་མཐོ་སློབ་འདི་ནོར་གླིང་གི་སྡེ་ཚན་བྱེ་བྲག་པ་ཞིག་ཡིན་སྟབས། དགེ་རྒན་སོགས་སློབ་སྦྱོང་གི་མཐུན་རྐྱེན་དེ་ཙམ་ཡག་པོ་ཡོད་ན་བསམ་པའི་དོགས་པ་སྐྱེས་མྱོང་ཡང་། སློབ་གྲྭ་འདིར་དངོས་སུ་འཛུལ་ཞུགས་བྱས་སྐབས། དགེ་རྒན་དང་དཔེ་མཛོད་སོགས་ཕྱོགས་ཡོངས་ནས་ཡག་པོ་ཞེ་དྲག་འདུག་བསམ་སོང་། སོ་སོའི་ངོས་ནས་སྡུག་རུས་བྱ་ཐུབ་པ་ཡིན་ན། ཐོག་མར་དམིགས་ཡུལ་གང་འདྲ་ཞིག་ཡོད་ཀྱང་། དེ་འགྲུབ་ཐུབ་པར་ཐེ་ཚོམ་བྱ་དགོས་པ་མི་འདུག་དྲན་གྱི་འདུག འོན་ཀྱང་། མཐོ་སློབ་འདིར་ཁོར་ཡུག་རང་རྐྱ་བ་ཞིག་མེད་པ་དེ་ཅུང་ཡག་པོ་མི་འདུག  

དྲི་བ། ཁྱེད་རང་བོད་ཡིག་ཆེད་སྦྱོང་གི་མཐོ་རིམ་སློབ་མ་ཞིག་གི་ངོས་ཐད་ནས་རྒྱ་གར་མཐོ་སློབ་ཁག་འགྲིམ་བཞིན་པའི་བོད་པའི་སློབ་ཕྲུག་ཚོར་ལྟ་ལྟངས་ག་འདྲ་ཡོད་དམ།

ལན། སྤྱིར་རྒྱ་གར་མཐོ་སློབ་ནས་མཐར་ཕྱིན་པའི་སློབ་མ་ཚོས་ཤེས་ཡོན་སྣ་མང་ཞིག་སྦྱངས་ཡོད་པའི་ཆ་ནས་རྒྱལ་སྤྱིིའི་འགྲོ་སྟངས་དང་མཐུན་པའི་གནས་སྟངས་གང་མང་ཞིག་ཤེས་ཀྱིན་འདུག་མོད། ཁོང་ཚོའི་སྟེང་གི་སྐྱོན་ཆེ་ཤོས་དེ་གང་རེད་ཟེར་ན། བོད་རང་གི་སྐད་ཡིག་གི་རྨང་གཞི་བརྟན་པོ་མེད་པའི་ཁར། མི་རིགས་ཀྱི་འདུ་ཤེས་ཞན་པ་དང་བོད་པའི་ཉག་ཕྲ་བའི་གནས་བབ་ལ་འགན་འཁྲིའི་བསམ་བློ་མེད་པ་སོགས་རེད། ཞན་ཆ་འདི་དག་གི་དབང་གིས་སློབ་མཐར་ཕྱིན་མཁན་ཚོར་སྒེར་གྱི་འཚོ་བའི་འདུ་ཤེས་ལས་སྤྱི་བའི་བསམ་བློ་མི་འདུག

 

ནོར་གླིང་མཐོ་སློབ་ཀྱི་སློབ་མ་གཉན་པོ།

དྲི་བ།  དབྱིན་ཡིག་གཙོ་བོ་དང་བོད་ཡིག་ཕལ་བར་འཇོག་པའི་བཙན་བྱོལ་གྱི་སློབ་གསོའི་འགྲོ་སྟངས་འདིར་ལྟ་ཚུལ་གང་འདྲ་ཡོད་དམ།

ལན། ཁྱེད་ཀྱི་དྲི་བ་འདི་དང་འབྲེལ་བའི་ཐོག་ལ་ངས་སྔོན་མ་ནས་བསམ་བློ་མང་པོ་བཏང་མྱོང་ཡོད། ང་རང་བཙན་བྱོལ་ལ་ཐོག་མ་འབྱོར་དུས་ནས་བློ་ཕམ་གྱི་གནས་ཚུལ་མང་པོ་མཐོང་སོང་། འོན་ཀྱང་ཕ་རོལ་བོའི་ངོས་ནས་བཙན་བྱོལ་བ་ཡིན་ཟེར་བ་དང་། མིའི་ལུང་པར་གནས་སྡོད་ཟེར་བ་སོགས་ཀྱི་འགྲེལ་བཤད་སྟབས་བདེ་བོ་རེ་རྒྱག་གི་འདུག རྡོག་རྡོག་བཤད་ན། རང་གི་སྐད་ཡིག་ལ་དུང་ཞེན་མེད་པ་དང་སྐད་ཡིག་གིས་མི་རིགས་སྲུང་སྐྱོབ་ལ་ནུས་པ་ཅི་ཙམ་འཐོན་གྱི་ཡོད་པ་ངོས་མ་ཟིན་པ་རེད། གནས་སྟངས་འདི་རིགས་ཐོག་མར་ང་ཚོ་བཙན་བྱོལ་དུ་འབྱོར་སྐབས། ལས་ཀ་མང་པོ་ཞིག་བོད་ཡིག་ཐོག་བྱ་རྒྱུའི་གཞི་རྟེན་འཛུགས་མ་ཐུབ་པ་དང་། སློབ་གྲྭ་ཁག་ཏུ་མ་ཟད་གཞུང་གི་ལས་དོན་རིགས་ཀྱང་དབྱིན་བེད་སྤྱོད་བྱས་པའི་དབང་གིས་མཇུག་འབྲས་འདི་ལྷག་པ་རེད། གནས་སྟངས་འདིས་མི་རིགས་ཀྱི་འདུ་ཤེས་འཛིན་སྟངས་དང་། སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ། མི་རབས་རྗེས་མ་གསོ་སྐྱོང་སོགས་ཕྱོགས་ཡོངས་ལ་ཤུགས་རྐྱེན་ངན་པ་བཞག་ཡོད།

དྲི་བ། བཙན་བྱོལ་ནང་བོད་ཡིག་གི་ཁོར་ཡུག་སྐྱོ་བོ་ཆགས་དགོས་པའི་རྒྱུ་མཚན་གང་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ།

ལན། ངས་གོང་དུ་བཤད་པ་ལྟར། ངས་བསམ་ན་རྒྱུ་རྐྱེན་གཙོ་བོ། བཙན་བྱོལ་དུ་ཐོག་མར་འབྱོར་མཁན་ཚོར་བོད་ཡིག་གི་རྨང་གཞི་ཞན་པའི་ཁར་ལས་ཀ་དང་སློབ་སྦྱོང་སོགས་ཀྱི་བརྒྱུད་རིམ་མང་ཆེ་བ་ཡང་གཞན་སྐད་ཐོག་ཕྱིན་འདུག་པ་མ་ཟད། དེ་དག་གི་བུ་ཕྲུག་མང་ཆེ་བ་ཡང་གཞན་སྐད་ཀྱི་སྟེང་ནས་འཚར་ལོངས་བྱུང་སྟེ། བོད་ཡིག་དང་ཁ་ཐག་རིང་ཞིང་གཞན་སྐད་དང་འབྲེལ་འདྲིས་ཟབ་པའི་ཁོར་ཡུག་རྒྱ་ཆེན་པོ་ཞིག་བཟོས་ཡོད་སྟབས། ཕྱིས་སུ་བོད་ནས་བསླེབས་མཁན་མང་པོ་ཞིག་གིས་བོད་ཡིག་དང་བོད་སྐད་གལ་ཆེན་ཡིན་ཚུལ་ག་ཚོད་བཤད་ཀྱང་། དངོས་ཡོད་ལག་ལེན་གྱི་ཐོག་ནས་གཞན་སྐད་ཐོག་མི་འགྲོ་རང་འགྲོ་ཆགས་བསྡད་ཡོད། བོད་ནང་ལ་མཚོན་ན། རྒྱ་སྐད་རྒྱ་ཡིག་གི་ཁོར་ཡུག་ཆེ་བ་དང་ཁེ་ཕན་མང་བ་རང་ཚང་མས་གསལ་བོར་མཁྱེན་གྱི་ཡོད། འོན་ཀྱང་། བོད་རང་གི་སྐད་དང་ཡི་གེར་བཅིངས་པའི་བརྩེ་དུང་ཟབ་མོ་ཞིག་གི་དབང་གིས་ད་བར་རྒྱུན་འཛིན་དར་སྤེལ་བཏང་ཡོད།

དྲི་བ། བཙན་བྱོལ་བོད་པའི་མཐོ་རིམ་སློབ་མ་ཞིག་ལ་མཚོན་ན། ད་ལྟའི་བོད་ཡིག་གི་འུ་ཐུག་པའི་གནས་བབ་འདི་ལ་འགན་འཁྲི་ག་ཚོད་ཆིག་འཁྱེར་དགོས་པར་དགོངས་ཀྱི་ཡོད་དམ།  

ལན། སྤྱིར་མཐོ་རིམ་སློབ་མ་ཙམ་མ་ཡིན་པར་བོད་པ་ཞིག་ཡིན་ཕྱིན་སྐད་ཡིག་སྲུང་སྐྱོབ་ཀྱི་འགན་འཁྲི་ཡོད་པ་རེད། དེ་ཡང་གཙོ་བོ་སྤྱི་ཚོགས་དང་མི་རིགས་ཀྱི་ངོས་དང་རང་ཉིད་ཀྱི་ངོས་ནས་ཇི་ལྟར་ཉམས་རྒུད་དུ་འགྲོ་མིན་དང་། དུས་རབས་དང་མཐུན་པའི་སྐད་ཡིག་གི་སྤྱོད་སྒོ་ཆེ་རུ་ཇི་ལྟར་གཏོང་དགོས་མིན་སོགས་ལ་གཞིགས་ཏེ། རིག་གཞུང་ནང་འདྲེན་བྱ་རྒྱུ་དང་བྱེད་སྒོ་འདྲ་མིན་ཐོག་བོད་ཡིག་བེད་སྤྱོད་གཏོང་རྒྱུ། མི་རིགས་གཞན་པ་ཚོ་བོད་ཡིག་བོད་སྐད་སྟེང་དོ་སྣང་ཡོང་བ་བཟོ་རྒྱུ་སོགས་ལ་འབད་བརྩོན་གནང་དགོས་པ་རེད་དྲན་ཡོད།

དྲི་བ། ཉེ་ཆར་རྒྱ་ནག་གིས་བོད་ཡིག་ཕལ་བར་འཇོག་པའི་སྲིད་ཇུས་དེ་ལ། བོད་ཕྱི་ཕྱོགས་ནས་དུས་ཀྱི་དགོས་མཁོའི་རྒྱབ་རོགས་ག་རེ་མཐོང་གི་འདུག་གམ།   

ལན། ང་ཚོས་བོད་ནང་གི་བོད་མི་ཚོར་རྒྱབ་རོགས་བྱ་འཆར་ཡོད་ན། ང་ཚོས་ངོ་རྒོལ་གྱི་རྣམ་པ་མ་ཡིན་པར་ཁྲིམས་མཐུན་དང་། བདེན་པ་ར་སྤྲད་ཀྱི་ཐོག་ནས་བོད་སྐད་ཡིག་དེ་རྒྱལ་སྤྱིའི་རིག་དངོས་དང་སྐད་ཡིག་སྲུང་སྐྱོབ་ཀྱི་སྡེ་ཚན་ནང་འཇོག་ཐུབ་པར་འབད་བརྩོན་བྱ་དགོས་པ་རེད། གཞན་བོད་ཕྱི་ཕྱོགས་ནས་རྒྱབ་རོགས་གནང་རྒྱུ་ཟེར་བ་དེ་ཅུང་ཁག་ཙམ་རེད། གང་ཡིན་ཞེ་ན། ང་ཚོ་རང་དབང་ལུང་པར་ཡོད་བཞིན་དུ་རང་སྐད་ཕལ་བར་བཞག་སྟེ། གཞན་སྐད་ལ་ཤི་འཐམ་བྱེད་ཀྱི་ཡོད་པའི་བྱ་སྤྱོད་འདིའི་དབང་གིས། མཚམས་ལ་རེར་དྲི་བ་གང་མང་ཞིག་རང་ལ་བཏོན་དགོས་པ་དང་། ཞི་དྲག་གི་ངོ་རྒོལ་རང་ལ་བྱ་དགོས་པའི་གནས་སྟངས་ཀྱང་རེ་འགའ་མཐོང་གི་འདུག       

དྲི་བ། སྤྱིར་བོད་པའི་མཐོ་རིམ་སློབ་མ་ཞིག་གི་འགན་འཁྲི་གཙོ་བོ་གང་ཡིན་པ་དང་། བསམ་བློའི་ཁྱེར་སོ་གང་འདྲ་ཞིག་ཡོད་དགོས་པར་འདོད་ཀྱི་ཡོད་དམ།

ལན། མི་ཞིག་ལ་མཚོན་ན་བསམ་བློ་གལ་ཆེན་པོ་རེད། དེ་ཡང་གཙོ་བོ་སློབ་གྲྭའི་སློབ་མའི་ངོས་ནས་བཟུང་སྟེ་བསམ་བློ་འཛུགས་སྐྲུན་གྱི་རྨང་གཞི་འདིང་གི་ཡོད་ལ། ཚད་གཞི་མཐོན་པོར་བསླེབ་རྒྱུའི་གོ་སྐབས་དེ་མཐོ་རིམ་སློབ་གྲྭ་ཆགས་ཡོད། སློབ་ཆེན་པ་ཞིག་ལ་མཚོན་ན། གཙོ་བོ་མི་རིགས་ཀྱི་ལ་ཞེན་དང་སྤྱི་ཚོགས་ལ་འགན་འཁུར་གྱི་འདུ་ཤེས་ཡོད་པའི་ཐོག་ནས། དྲང་བདེན་ལ་ཕྱོགས་པའི་སྤོབས་པ་དང་སྙིང་སྟོབས། ཚུགས་ཐུབ་ཀྱི་བསམ་བློ་དང་གཞན་དྲིང་མི་འཇོག་པའི་ཤེས་ཡོན་ཞིག་ཡོད་དགོས་པ་དེ་གཙོ་བོ་རེད་བསམ་གྱི་ཡོད།

 

ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་བདེ་སྐྱིད་སྒྲོལ་མ།

དྲི་བ།  བོད་ཕྱི་ནང་གཉིས་ཀྱི་བུད་མེད་ལ་ཁྱད་པར་གང་འདྲ་ཞིག་མཐོང་བྱུང་ངམ། 

ལན། སྤྱིར་ང་ལ་ཆ་རྒྱུས་དེ་ཙམ་མེད་ཀྱང་། གཞིས་བྱེས་གཉིས་ཀྱི་བུད་མེད་ཚོའི་བར་གྱོན་གོས་དང་སྤྱོད་པ་སོགས་ཕྱོགས་མང་པོ་ཞིག་ལ་ཁྱད་པར་འདུག བཙན་བྱོལ་ནང་གི་བུད་མེད་ཚོར་མཚོན་ན་རྩ་བའི་ཆ་ནས་ཤེས་ཡོན་གང་འཚམ་ཡོད་པ་རྐྱང་རྐྱང་རེད། དེ་བཞིན་ཕྱི་ཚུལ་གྱི་སྤྱོད་ལམ་ཡང་འདྲ་ཆགས་པོ་འདྲ་ཞིག་འདུག་མོད། བྱེད་སྟངས་སྤྱོད་སྟངས་ཁ་ཤས་བོད་རང་གི་ལུགས་སྲོལ་དང་མ་འདྲ་བ་ཞིག་ཏུ་མཐོང་སོང་། དེ་བཞིན། ཕ་མ་ལ་བརྩེ་བ་མེད་པ་དང་རྒན་གཞོན་ལ་ཁྱད་པར་མེད་པའི་བྱ་སྤྱོད་ཤུགས་ཆེན་པོ་རེད། བོད་ནང་ལ་མཚོན་ན་བུད་མེད་ནང་ཤེས་ཡོན་ཅན་མང་པོ་མེད་ཀྱང་། ཆེ་བཀུར་ཆུང་བྱམས་དང་ཡ་རབས་སྤྱོད་བཟང་གི་རྒྱུན་སྲོལ་ཡག་པོ་ཞིག་ཡོད་པ་རེད།

དྲི་བ། ཁྱེད་ཀྱིས་བསམ་ན་བུད་མེད་སྐྱབས་བཅོལ་བ་ཞིག་ལ་འཕྲད་ཀྱིན་པའི་དཀའ་ངལ་ཆེ་ཤོས་གང་རེད་དམ།   

ལན། ང་ཚོའི་སློབ་གྲྭར་མཚོན་ན། བུ་མོ་མང་ཆེ་བར་སློབ་སྦྱོང་དང་འཕྲོད་བསྟེན་ཐོག་དཀའ་ངལ་ཏོག་ཙམ་འཕྲད་ཀྱི་འདུག དེ་བཞིན། སྔོན་མ་སློབ་གྲྭ་འདི་ནས་ཐོན་པའི་བུ་མོ་མང་པོ་ཞིག་ལ་ཕྱི་ལོགས་ན་གཉེན་ཉེ་སོགས་གཅིག་ཀྱང་མེད་པའི་དཀའ་ངལ་འོག་བཙུན་མ་བྱ་དགོས་བྱུང་མཁན་མི་ཉུང་བ་ཞིག་ཡོད་ས་རེད། དེ་བཞིན། རྒྱ་གར་དང་བོད་པའི་ཟ་ཁང་དང་ཚོང་ཁང་། མགྲོན་ཁང་སོགས་སུ་ལས་ཀ་བྱེད་བཞིན་པ་ཡང་མང་པོ་ཞིག་འདུག ཁོང་ཚོས་སྐད་མ་ཤེས་པ་དང་འགྲོ་སྟངས་མ་ཤེས་པ་སོགས་ཀྱི་དབང་གིས་གཞན་གྱི་བརྙས་བཅོས་འཁུར་དགོས་པ་ཡང་མང་པོ་ཡོང་གི་ཡོད་པ་ཐོས་སོང་། དེ་ལས་མང་བ་ཞིག་ལས་མེད་དུ་ལྷག་བསྡད་ཡོད་པ་རེད། བུད་མེད་ཅིག་ལ་མཚོན་ན། མིའི་ལུང་པར་འཁྱམས་ཏེ་སྐྱབས་བཅོལ་བྱི་འཚོ་བ་རོལ་རྒྱུར་ཧ་ཅང་དཀའ་ཁག་ཆེན་པོ་འདུག ཕྱོགས་མང་པོ་ཞིག་ནས་སྟབས་བདེ་བོ་མི་འདུག

དྲི་བ། ཁྱེད་ཀྱིས་བོད་དབྱིན་གཉིས་ལས་གང་ཞིག་གལ་ཆེན་དུ་མཐོང་གི་ཡོད་དམ།

ལན།  བོད་ཡིག་གལ་ཆེན་དུ་མཐོང་གི་ཡོད། བོད་ཡིག་དེ་ང་ཚོ་རང་གི་ཕ་མེས་ཀྱི་སྐད་ཡིག་རེད། ང་ལ་མཚོན་ན། དེ་སྔ་བོད་ནང་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་བོད་ཀྱི་གནས་སྟངས་མང་པོ་ཞིག་ཤེས་ཀྱི་མེད། འདིར་ཡོང་རྗེས་བོད་ཡིག་གི་ལམ་ནས་གནས་ཚུལ་གང་འཚམ་ཤེས་སོང་། ད་ལྟའི་ཆར་ཡང་བོད་ཡིག་གཙོ་བོར་བཟུང་སྟེ་སློབ་སྦྱོང་བྱེད་ཀྱི་ཡོད། སློབ་གྲྭ་འདི་ནས་ཐོན་རྗེས་ས་རཱ་མཐོ་སློབ་ཏུ་ཞུགས་ཏེ། མུ་མཐུད་བོད་ཡིག་ཐོག་ཤུགས་རྒྱག་དགོས་བསམ་ཡོད།

དྲི་བ། ཁྱེད་རང་གིས་བོད་ཡིག་གི་དགོས་པ་རྒྱུ་མཚན་གཙོ་བོ་ག་ལ་གཟིགས་ཀྱི་ཡོད་དམ།

ལན། ང་རང་བལ་ཡུལ་སྣེ་ལེན་ཁང་ནས་ཆོལ་ཁ་གསུམ་གྱི་མི་མང་པོ་ཞིག་ངོ་ཤེས་སོང་། སྐབས་དེ་དག་ཏུ་ང་ཚོ་ཚང་མར་ལུང་སྐད་མི་འདྲ་བ་རེ་ཡོད་པ་དང་། ཕན་ཚུན་གྱི་སྐད་གོ་བརྡ་མི་འཕྲོད་པ། ལུང་པ་སོ་སོར་ཆ་ལུགས་གོམ་སྲོལ་ཡང་མ་འདྲ་བ་རེ་ཡོད་པ་རེད། དེའི་དབང་གིས་བོད་རིགས་གཅིག་པ་ཡིན་ཡང་དུམ་བུ་མང་པོ་ཆགས་ཡོད། སྐད་ཡིག་གཅིག་འགྱུར་འདིའི་འོག་ཏུ་ང་ཚོ་བོད་ཆོལ་ཁ་གསུམ་གཅིག་སྒྲིལ་བཟོ་བཞིན་ཡོད། དེར་བརྟེན། ང་རང་གིས་བོད་ཡིག་ཟེར་བ་དེ་བོད་རིགས་ཡོངས་ཀྱི་འབྲེལ་ཐག་ལྟ་བུ་ཞིག་ཏུ་མཐོང་གི་ཡོད།

 

དྲི་བ། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་བརྩོན་འགྲུས།

དྲི་བ། ཁྱེད་རང་ཕ་ཡུལ་ནས་སློབ་གྲྭར་འགྲོ་མྱོང་ཡོད་མེད་དང་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་དགོས་པའི་རྒྱུ་མཚན་གང་ཡིན་ནམ།

ལན། ང་རང་ཕ་ཡུལ་ནས་སློབ་གྲྭར་དམའ་འབྲིང་དང་པོའི་བར་སོང་རྗེས་བླ་བྲང་དགོན་པར་ཕྱིན་སྟེ་སློབ་གཉེར་གང་བྱས་པ་ཡིན། སྐྱབས་བཅོལ་དུ་ཡོང་དོན་གཙོ་བོ། ང་ཚོ་མི་ཁ་ཤས་ཀྱིས་སྣེ་ཁྲིད་དེ་ ༢༠༠༨ ལོར་རྒྱ་གཞུང་ལ་ངོ་རྒོལ་བྱས་སྟབས། རྒྱ་གཞུང་གིས་སུན་གཙེར་དང་འཇིགས་སྣང་ཡང་ཡང་བྱས་ཏེ། དུས་ཚོད་གང་འཚམ་རིང་ཁྱིམ་ནས་འདུག་མ་ཐུབ་པར་ས་གནས་གཞན་དང་རི་སྒང་སོགས་ནས་བསྡད་པ་ཡིན། འོན་ཀྱང་ཉི་མ་གཅིག་གཉིས་དང་ཟླ་བ་རེ་ཟུང་མིན་སྟབས། མཐར་ཕྱོགས་མང་པོ་ཞིག་ནས་སྡོད་མ་ཐུབ་པར་རྒྱ་གར་ལ་ཡོང་དགོས་བྱུང་སོང་།     

དྲི་བ། སློབ་གྲྭ་འདིར་འབྱོར་རྗེས་ཁྱེད་ལ་ཚོར་སྣང་གང་འདྲ་བྱུང་སོང་ངམ།  

ལན། ང་ཚོ་སྤྱི་ཚོགས་གཞན་དང་རྒྱལ་ཁབ་གཞན་དུ་ཡོད་པའི་དབང་གིས་དཀའ་ངལ་མང་པོ་ཞིག་ཡོད་སྲིད་ཀྱང་། བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་མ་ཐག་ཕྱི་ཕྱོགས་སུ་ཡོད་པའི་བོད་པ་ཚོས་བོད་སྐད་བོད་ཡིག་ལ་བརྩི་བཀུར་མེད་པའི་ཚོར་སྣང་ཞིག་བྱུང་སོང་། ལྷག་པར་དུ་སློབ་གྲྭ་འདིར་སློབ་མ་མང་པོ་ཞིག་གིས་དབྱིན་ཡིག་ཁོ་ནར་ཤུགས་རྒྱག་གི་འདུག མི་ཁ་ཤས་ཀྱིས་བོད་ཡིག་སྦྱངས་ནས་རྒྱུ་མཚན་མི་འདུག བོད་ཡིག་ལ་ལམ་ཁ་ཡོད་པ་མ་རེད་ཟེར་མཁན་ཡང་འདུག འདི་རིགས་ཐོས་སྐབས་བློ་ཕམ་ཡོང་གི་འདུག སྤྱིར་བོད་ནས་སློབ་སྦྱོང་གི་གོ་སྐབས་རག་མེད་མཁན་ཚོར་མཚོན་ན། སློབ་གྲྭ་འདི་ཧ་ཅང་དགོས་མཁོ་ཆེན་པོ་རེད་དྲན་ཡོད།   

 དྲི་བ། ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་ཕྲུག་ཚོར་དཀའ་ངལ་འདྲ་འདུག་གམ།

ལན། སློབ་གྲྭ་འདི་ཐོག་མར་བོད་གཞིས་བྱེས་བར་འབྲེལ་མཐུད་ཀྱི་ཟམ་པ་ལྟ་བུའི་དགོས་མཁོའི་འོག་བཙུགས་པ་ཞིག་ཡིན་ཚོད་རེད། ཡིན་ནའང་། ད་ལྟའི་ཆར་སློབ་མ་མང་ཆེ་བར་ཕྱིར་བོད་ནང་ལོག་རྒྱུའི་དམིགས་ཡུལ་མེད་སྟབས། བཙན་བྱོལ་སྤྱི་ཚོགས་ནང་ལས་ཀ་མི་རག་པ་དང་སློབ་གྲྭ་གཞན་ལྟར་འདྲ་མཉམ་གྱི་ཐོབ་ཐང་མེད་པ་སོགས་ཀྱི་དབང་གིས་སློབ་མ་མང་པོ་ཞིག་གི་སེམས་སུ་དཀའ་ངལ་འཕྲད་ཀྱི་འདུག་ལ། དེ་བཞིན། དགེ་རྒན་མང་ཆེ་བ་བཙན་བྱོལ་ནང་འཚར་ལོངས་བྱུང་མཁན་ཡིན་སྟབས། བོད་རང་གི་སྐད་དང་ཐ་སྙད་ཀྱིས་མ་འདང་བར་དགེ་སློབ་ཕན་ཚུན་བར་གོ་བརྡ་མ་འཕྲོད་པའི་གནས་སྟངས་ཀྱང་ཡོང་གི་འདུག དེ་མིན་དཔེ་མཛོད་དང་མཐུན་རྐྱེན་གཞན་པའི་ཐོག་ནས་བཙན་བྱོལ་བ་ཞིག་གི་ངོས་ནས་ཡག་པོ་ཞེ་དྲག་འདུག་བསམ་གྱི་ཡོད།

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༢༣ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༢༤ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧

མཆན། 6

  1. འ་རོགས says:
    ལོ་ 16 སྔོན།

    ང་རང་ལའང་བཙན་བྱོལ་དུ་གནས་པའི་གཞུང་འཛིན་པ་ཚོར་བོད་ཡིག་ལ་དོ་སྣང་དེ་ཙམ་མེད་པའི་ཚོར་བ་ལྕི་མོ་ཞིག་སྔོན་མ་ནས་བྱུང་ཡོད།

    Reply
  2. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    གས་སྲིད་མི་རིགས་རང་གི་སྐད་ཆ་དང་ཡི་གེ་ལ་བརྩེ་བ་མེད་པར། གཞན་སྔོན་ཐོན་མི་རིགས་ཀྱི་སྐད་དང་ཡི་གེས་ང་ཚོ་སྐྱོབས་ཐུབ་པར་སྣང་བ་དེ་སྟོང་བསམ་ཡིན་ལ། དེ་མི་ལོ་ལྔ་བཅུའི་རིང་གི་ཡིད་སྐྱོ་བའི་འཐུས་ཤོར་ཞིག་ཏུ་འདོད། ཚབ་ཆེན་གྱི་ཐུས་ཤོར་དེ་མ་འོང་བར་མི་རིགས་ཤིག་ཆགས་འཇིགས་ཤི་གསོན་ལ་འབྲེལ་བ་ཡོད་པས། སྐབས་གསུམ་པའི་ཆེས་མཐོའི་བཀའ་ཤག་སྡེ་ཚན་དང་གྲོས་ཚོགས་ཀྱིས་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་རེད་ལ། བཙན་བྱོལ་བ་ཡོད་དོ་ཅོག་གིས་དུས་རབས་བོད་ཀྱི་སྐད་ཆ་དང་སྐད་ཡིག་འཛུགས་བསྐྲུན་གྱི་ཕྱོགས་ལ་ངེས་པར་བསམ་གཞིག་ནན་མོ་འབད་པ་ལྷོད་མེད་བྱེད་དགོས་པ་ཞིག་རེད། ཡང་གཅིག་བཤད་རང་གི་སྐད་ཆ་དང་ཡི་གེ་བོར་བའི་མི་རིགས་ཤིག་འཐབ་རྩོད་ནི་བར་སྣང་ལ་ལག་གཡུག་ཡིན། མི་རིགས་ཀྱི་སྐད་ཆ་དང་ཡི་གེ་ལ་བརྩེ་བ་མེད་པ་ཞིག་གིས་མི་རིགས་ལ་བརྩེ་བ་ཡོད་མདོག་བྱ་ན་དེ་ར་བཟི་བའི་སྐད་དང་མཚུངས་བས་ཆ་འཇོག་ས་མེད།

    Reply
  3. ཉི་ཟླ། says:
    ལོ་ 16 སྔོན།

    གོང་གི་བཅར་འདྲི་རང་བཞིན་གྱི་བསམ་ཚུལ་བསྡུ་ལེན་བྱས་པ་འདི་ཧ་ཅང་རྩ་ཆེན་པོ་དང་། སྤྱི་ཚོགས་ལ་ཕན་ཐོགས་ཆེ་བའི་གསར་འགྱུར་རེད། འོན་ཀྱང་ད་དུང་འདི་ལ་ཁ་སྣོན་བྱ་དགོས་པ་ནི། བོད་གཞིས་བྱེས་གཉིས་ཀྱི་བོད་ཡིག་གི་ཆུ་ཚད་ཞིབ་བསྡུར་གྱིས་གླེང་དགོས། བོད་ཕྱི་ནང་གཉིས་ཀྱི་སློབ་ཕྲུག་གི་བསམ་བློའི་གནས་ཚད་བསྡུར་ཏེ་བཤད་དགོས། བོད་ཕྱི་ནང་གཉིས་ཀྱི་དགེ་རྒན་ཚོའི་ལྷག་བསམ་བསྡུར་ཏེ་སྟོན་དགོས། བོད་ཕྱི་ནང་གཉིས་ཀྱི་སློབ་ཚན་ཁྲིད་ཐབས་བསྡུར་ཏེ་གླེང་དགོས། བོད་ཕྱི་ནང་གཉིས་ཀྱི་མང་ཚོགས་དཀྱུས་མ་ཚོས་སྐད་ཡིག་རིག་གནས་ལ་བཅིངས་པའི་ཤ་ཞེན་བསྡུར་བཤམ་དགོས།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    གསར་འབྱོར་བ་ཉམ་ཆུང་འདི་ཚོ་ལ་དྲི་བ་བཏང་བསྡད་པ་ལས་རྡ་སའི་སྐུ་དྲག་རྣམས་ཀྱི་གཅེས་ཕྲུག་ཚོ་ལ་དྲི་བ་གཏོང་ཐུབ་ན་ནུས་པ་ཆེ་བ་མེད་འགྲོ

    བོད་བསླེབས་པའི་གསར་འབྱོར་བ་བོད་སྐད་བོད་ཡིག་གཅིག་པོ་མ་གཏོགས་མི་ཤེས་མཁན་ཚོ་ལ་བཙན་བྱོལ་སྤྱི་ཚོགས་ནང་དུ་མཐོང་ག་ཚོད་ཡོད་མེད་ང་རང་ཚོས་ཤེས་གསལ་རེད་བ།

    Reply
  5. གྲྭ་རྒོད says:
    ལོ་ 16 སྔོན།

    སློབ་མ་འདི་དག་གི་བསམ་པ་དེ་བོད་མི་ཚང་མ་ལ་ཡོད་ན་ཇི་མ་རོང་།

    Reply
  6. གྲྭ་རྒོད says:
    ལོ་ 16 སྔོན།

    སློབ་མ་ཚོའི་ཡག་པོ་གསུང་འདུག་དོན་དངོས་རང་རེད་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་ཟད་རྒྱུན་སྐྱོངས་བྱེད་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese