ཟླ་འདིའི་ཕྱི་ཚེས་ ༡ ནས་ ༤ བར་གྱི་ཉིན་བཞིའི་རིང་། རྒྱའི་སྐད་ཡིག་ཐོག་བོན་གྱི་ཐ་སྙད་གཏན་འབེབས་ཀྱི་ཚོགས་འདུ་ཐེངས་དང་པོ་དེ་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དུ་ཚོགས་ཡོད་འདུག་ལ། ཚོགས་ཐོག་ཏུ་བོད་ཆོལ་ཁ་གསུམ་ནང་གི་བོན་གྱི་ཆོས་ལུགས་མི་སྣ་དང་བོད་གཞུང་ཆེད་མཁས་པ། རྩོམ་སྒྲིག་པ། བོད་རྒྱ་སྐད་གཉིས་ལ་བྱང་ཆ་ལྡན་པའི་ལོ་ཙཱ་བ། བོན་གྱི་བླ་སྤྲུལ་སོགས་མང་པོ་ཞིག་མཉམ་ཞུགས་གནང་ཡོད་འདུག
ཉིན་བཞིའི་རིང་གི་བགྲོ་གླེང་བརྒྱུད་དེ་བོན་གྱི་རྒྱུན་སྤྱོད་ཐ་སྙད་གལ་ཆེན་ཁག་གཅིག་རྒྱའི་སྐད་ཡིག་ཐོག་སྒྲ་བསྒྱུར་དང་དོན་བསྒྱུར་གཉིས་ཐད་ནས་ཡིག་བསྒྱུར་བྱས་ཡོད་པ་དང་། སྒྲ་བསྒྱུར་ཐད། སྤྱིར་རྒྱལ་སྤྱི་དང་སྒོས་བོད་ཀྱི་སྒྲ་གདངས་ལ་ཉམས་ཞིབ་བྱས་ཏེ། མདོ་དབུས་ཁམས་གསུམ་ལས་ལྷ་སའི་སྒྲ་གདངས་གཙོར་བཟུང་བྱས་ཡོད་འདུག་ལ། དོན་བསྒྱུར་ཐད། གཙོ་བོར་བོན་གྱི་གཞུང་ལུགས་དང་མི་འགལ་ཞིང་། རྒྱའི་སྐད་ཡིག་གི་འགྲོས་དང་མཐུན་པ། ཐུན་མོང་གིས་སྤྱོད་བདེ་བ་བཅས་ཀྱི་ཁྱད་ཆོས་གསུམ་རྩ་འཛིན་བྱས་ཡོད་འདུག
བོན་གྱི་ཐ་སྙད་རྒྱའི་སྐད་ཡིག་ཐོག་བསྒྱུར་དགོས་པའི་རྒྱུ་མཚན་སྐོར་ལ། ཉེ་བའི་ལོ་བཅུ་ཕྲག་རིང་རྒྱལ་སྤྱི་དང་རྒྱ་ནག་གང་སར་བོད་པའི་ཕ་ཆོས་གཡུང་དྲུང་བོན་གྱི་བསྟན་པ་ལ་ཉམས་ཞིབ་དང་བགྲོ་གླེང་། དད་མོས་དང་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་རྒྱ་ནག་གི་ཞིང་ཆེན་ཁག་མང་པོ་ཞིག་ཏུ་བོན་བསྟན་འཕེལ་རྒྱས་དང་ཞིབ་འཇུག་གི་བྱ་བཞག་ཡར་ངོའི་ཟླ་ལྟར་གོང་འཕེལ་དུ་འགྲོ་བའི་དུས་སུ། བོན་གྱི་ལོ་རྒྱུས་དང་ཆོས་ལུགས། སྲོལ་རྒྱུན་ཁག་བོད་ཡིག་ལས་རྒྱ་ཡིག་ཏུ་འཁོད་པ་ཉུང་ཤས་ཙམ་ལས་མེད་སྟབས། རྒྱ་ཆེའི་གཟིགས་པ་པོ་དང་དད་ལྡན་པ་དག་གི་འདོད་བློ་ཇི་བཞིན་བསྐང་ཐུབ་ཀྱི་མེད་པར་བརྟེན། ད་ལན་རྒྱའི་སྐད་ཡིག་ཐོག་བོན་གྱི་ཐ་སྙད་གཏན་འབེབ་ཀྱི་ཚོགས་ཐེངས་དང་པོ་འདི་ཚོགས་པ་ཡིན། ཞེས་བསྟན་འདུག
ཚོགས་ཞུགས་པ་དག་ནི། སྡེ་དགེ་པར་ཁང་ཆེན་མོའི་དབུ་འཛིན་དང་ཐར་བདེ་དགོན་པའི་སྤྲུལ་སྐུ་ཚེ་དབང་འཇིགས་མེད་དང་། ཀྲུང་གོ་ནང་བསྟན་འཐུས་ཚོགས་ཀྱི་ལས་འཛིན་པ་གཟི་རྩ་སྡེ་དགུ་རྫོང་རབ་དབེན་དགོན་པའི་བླ་མ་བསྐལ་བཟང་རིན་ཆེན། བོད་ལྗོངས་ནང་བསྟན་འཐུས་ཚོགས་ཀྱི་ལས་འཛིན་པ་ཀླུ་ཕུག་དགོན་པའི་སྤྲུལ་སྐུ་ཀུན་གསལ་སྙིང་པོ། རྒྱལ་རོང་ཁྲོ་སྐྱབས་མཚོ་སྟེང་དགོན་པའི་སྤྲུལ་སྐུ་ལི་ཤུ་གཤེན་རྒྱལ་བསྟན་འཛིན། ཉག་རོང་རྫོང་ཡེ་ཤེས་དགོན་པའི་སེང་སྤྲུལ་རིག་འཛིན་ཉི་མ། རྔ་བ་རྫོང་སྣང་ཞིག་དགོན་པའི་པཎ་ཙ་སྤྲུལ་སྐུ་བསྟན་འཛིན་དར་རྒྱས། སྟེང་ཆེན་རྫོང་དར་རྒྱས་དགོན་པའི་དབུ་བླ་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ། ཀོང་པོ་སྐུ་ཤུག་དགོན་པའི་སྤྲུལ་སྐུ་ཨ་གྲགས་ཤེས་རབ་དཔལ་ཆེན། བྲག་མགོ་རྫོང་གཞི་རིང་དགོན་གྱི་མཁན་པོ་ཚེ་རིང་ནོར་བུ། ཀྲུང་གོ་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་ཚིག་མཛོད་ཆེན་མོའི་སྤྱི་ཁྱབ་རྩོམ་སྒྲིག་པ་རྒན་འཇམ་དགའ། སི་ཁྲོན་ལྷོ་ནུབ་མི་རིགས་སློབ་གྲྭའི་སློབ་དཔོན་ཆེན་མོ་ཤར་བ་ཐོགས་མེད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དབུ་འཛིན་ཨ་སྔགས་ཚེ་རིང་བཀྲ་ཤིས དཀར་མཛེས་ཁུལ་རྩོམ་བསྒྱུར་ཅུས་ཀྱི་སྡེ་དགེ་ཚེ་རིང་འགྱུར་མེད་སོགས་ཆེད་མཁས་པ་དང་བླ་སྤྲུལ་ ༢༠ ཙམ་མཉམ་ཞུགས་བྱས་ཡོད་འདུག
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།