མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིའི་འོས་མི་བློ་བཟང་སེང་གེ་ལ་དྲི་བ་ཁག་བཅུ།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

བོད་པའི་བཀའ་བློན་ཁྲི་པའི་དྲ་རྒྱ་( www.kalontripafortibet.org ) ཞེས་པའི་དྲ་རྒྱ་བརྒྱུད་མང་ཚོགས་ཀྱི་དྲི་བ་མང་པོ་ཞིག་འབྱོར་ཡོད་པ་དག་ལས་གལ་གནད་ཅན་ ༡༠ བདམས་གསེས་བྱས་ཏེ། དྲ་ཚིགས་དོ་དམ་པ་རིན་ཆེན་དོན་འགྲུབ་ཀྱིས་བློ་བཟང་སེང་གེ་མཆོག་ལ་བཅར་འདྲི་ཞུས་དོན་ལྟར། འདོན་ཐེངས་སྔ་མའི་འཕྲོས་ཀྱི་ལས་ཚན་གཉིས་པའི་ངོ་བོར་ཕུལ་ཡོད།

དྲི་བ། ད་ལྟའི་བར་ཁྱེད་རང་གཞིས་ཆགས་ཁག་ག་ཚོད་ནང་སོང་བ་དང་། ཡོངས་རྫོགས་བསྡོམས་ན་ས་ཆ་ག་ཚོད་དང་མི་མང་ཅི་ཙམ་ལ་ཐུག་འཕྲད་གནང་ཡོད་དམ།

ལན། ད་ལྟའི་སྐབས་ང་ལྷོ་ཕྱོགས་སྦེལ་ཀོབ་དང་དྷ་ས། ལྡི་ལི་བཅས་ཀྱི་ནང་བཀའ་ཁྲིའི་འོས་མིའི་བགྲོ་གླེང་ལ་སོང་བ་ཡིན། དེ་བཞིན་ཉེ་དུས་ང་གཅིག་པུ་བདེ་སྐྱིད་གླིང་དང་སྤོན་ཊ། སྤུ་རུ་ཝ་ལ། ཀ་ལི་མན་ཊོན། རྒྱ་གར་བྱང་ཤར་ཁུལ་གྱི་ས་ཁུལ་ཀ་རྡོར་སྒང་གསུམ། ཏེ་རྫུ། མེ་འོས། ལ་དྭགས་བཅས་ཀྱི་ནང་གཏམ་བཤད་ཀྱི་ཆེད་དུ་སོང་བ་ཡིན། བོད་ནང་རྩ་བ་ནས་འགྲོ་མ་མྱོང་བ་ང་ལྟ་བུར་མཚོན་ན། ལ་དྭགས་ལ་སླེབས་སྐབས་བོད་དང་ཉེ་པོ་ཡིན་པ་དང་། བོད་པའི་སྲོལ་རྒྱུན་གྱི་གོམས་གཤིས་ལྡན་པས་དམིགས་བསལ་གྱི་ཚོར་སྣང་ཡོང་གི་འདུག ང་ཕར་ཚུར་ཕྱོགས་བསྐྱོད་སྐབས་རྒྱ་གར་གྱི་ལག་དེབ་སེར་པོའི་ཐོག་འགྲོ་ཡི་ཡོད་པས། བལ་ཡུལ་གཞུང་ནས་དེའི་ཐོག་བལ་ཡུལ་དུ་ཕྱོགས་བསྐྱོད་ཀྱི་ཆོག་མཆན་ཐོབ་ཁག་པོ་ཡིན་པས་འགྲོ་ཐུབ་མ་སོང་། ཁ་སྣོན་ཙམ་ཞུས་ན། ཕྱི་ལོ་ ༢༠༡༠ ཟླ་ ༡ ནས་ང་རྡོ་རྗེ་གླིང་དང་ཨོ་རི་སཱ། ཅི་ནཱ། བྷེང་ལོར། ཧུན་སུར། ཀོ་ལི་གྷལ། སྦེལ་ཀོབ། མོན་གྷོ། དེ་བཞིན་བོད་མི་གནས་སྡོད་བྱེད་སའི་ཕྱི་རྒྱལ་གྱི་ས་ཁུལ་ཁག་དང།  ཡུ་རོབ་དང་བྱང་ཨ་རི་སོགས་བརྗོད་མི་དགོས་པ་རེད། བསྡོམས་བརྒྱབ་ན་བགྲོ་གླེང་བརྒྱུད་ནས་མིར་ཐུག་པ་དང། དེ་བཞིན་སློབ་ཕྲུག གྲྭ་པ། བཙུན་མ། མི་སྐྱ་བཅས་སྒེར་གྱིས་ཐུག་འཕྲད་བྱས་པ་སོགས་ཁྱོན་མི་གྲངས་ ༢༦༠༠༠ ལྷག་ཙམ་ཆགས་འདུག མི་དེ་དག་ལ་འབྲེལ་ལམ་དམ་པོ་འཛིན་པ་དང་། ཁོ་ཚོ་བརྒྱུད་ནས་གནད་དོན་མང་པོ་ཞིག་ལ་ཤེས་རྟོགས་ཐུབ་པ་ནི་དགའ་བ་སྒོམ་དགོས་པ་ཞིག་རེད་འདུག

 

དྲི་བ། ཁྱེད་རང་ལ་བཀའ་ཁྲིའི་རྒྱལ་ཁ་ཐོབ་ཀྱང་རུང་མ་ཐོབ་ཀྱང་རུང་། བཀའ་ཁྲིའི་གནས་བབ་ཀྱི་འོས་མིའི་ནང་འཛུལ་ཞུགས་བྱས་པ་དེའི་ཐོག་ནས། ཁྱེད་རང་གིས་བརྡ་ལན་གང་ཞིག་གཏོང་འདོད་ཡོད་དམ།

ལན། ངས་རྒྱ་ནག་དབུས་གཞུང་དང་སྲིད་འཛིན་ཧུའུ་ཅིན་ཐའོ་གཙོས་པའི་དཔོན་རིགས་ཚོར། བཙན་བྱོལ་ནང་གི་མི་རྒན་པ་ཚོ་རྫོགས་འགྲོ་ཡི་ཡོད་རེད་དེ། བཙན་བྱོལ་བོད་གཞུང་དང་འདིའི་ལས་འགུལ་སོགས་རྩ་ཡལ་འགྲོ་ཡི་མ་རེད། བོད་པའི་མི་རབས་གཞོན་པ་ཚོས་མདུན་སྐྱོད་བྱས་ཏེ། ད་དུང་འབྱུང་འགྱུར་གྱི་ལོ་ ༥༠ ཆེད་དུ་གཞི་རྒྱ་ཆེ་བའི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཏེ་འཐབ་རྩོད་བྱེད་ཀྱི་རེད་ཅེས་བརྡ་གཏོང་འདོད་ཡོད། ད་དུང་བོད་ནང་ཡོད་པའི་བོད་མི་ཚོར་བརྡ་གཏོང་འདོད་པ་ཞིག་ནི། རྒྱ་ནག་གཞུང་གི་དྲིལ་བསྒྲགས་ནང་། བཙན་བྱོལ་བོད་གཞུང་གིས་བཀས་བཀོད་བརྒྱུད་འཛིན་དང་ཀླད་རྙིང་མཁྲེགས་བཟུང་གི་ལམ་ལུགས་བསྐྱར་གསོ་བྱེད་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་ཟེར་ནས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་རེད། བཙན་བྱོལ་བོད་གཞུང་གི་ངོས་ནས་འདིའི་ཚབ་ཏུ། མང་གཙོའི་ལམ་ལུགས་ཀྱི་ཕྱོགས་སུ་བསྐྱོད་ནས། ད་ལྟའི་བོད་ནང་གི་མི་སེར་སྤེལ་ཡུལ་ལམ་ལུགས་ཀྱི་བཙན་འཛུལ་དེ་བརྗེ་བསྒྱུར་བྱ་རྒྱུ་དེ་རེད། འདི་ནི་བོད་མི་ས་ཡ་དྲུག་གི་ཡིད་ཆེས་བྱེད་བཞིན་པའི་གནད་དོན་ཞིག་རེད། བོད་པའི་ཁ་དཔེར། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཅེས་ཟེར་སྲོལ་ཡོད་པ་བཞིན། དོན་དངོས་ཐོག་ངའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་དེའི་ཐོག་ནས། ད་ལྟའི་བཀའ་ཁྲིའི་འོས་མི་ཆགས་པ་ནི་བོད་པའི་གཏམ་དཔེ་དེ་བདེན་དཔང་བྱས་པ་ཞིག་རེད་དྲན་གྱི་འདུག

 

དྲི་བ། གལ་སྲིད་ཁྱེད་རང་ལ་བཀའ་ཁྲིའི་རྒྱལ་ཁ་ཐོབ་པ་ཡིན་ན། གནས་བབས་དེའི་ཐོག་ནས་ལེགས་སྐྱེས་ག་རེ་འབུལ་རྒྱུ་ཡིན་ནམ།

ལན། བཀའ་ཁྲི་ལ་འོས་འགན་ཆེན་པོ་ལྔ་ཡོད་རེད་དྲན་ཡོད། དང་པོ། བོད་ནང་གི་བོད་མི་ཚོའི་གནས་བབ་རེད། གཉིས་པ། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱབ་སྐྱོར་འཚོལ་ཐབས། གསུམ་པ།  རྒྱ་གཞུང་གིས་འཛིན་པའི་བོད་ནང་གི་སྲིད་བྱུས་ལ་གདོང་ལེན་བྱ་རྒྱུ་དང་། རྒྱ་རིགས་ཚོ་དང་ལྷན་དུ་འབྲེལ་ལམ་འཛིན་རྒྱུ། བཞི་པ། རྒྱ་གར་དབུས་གཞུང་གི་རྒྱབ་སྐྱོར་རྒྱུན་གནས་ཐུབ་ཐབས་དང་། རྒྱ་གར་མི་མང་བོད་ཀྱི་གནད་དོན་ཐོག་སྲ་བརྟན་ངང་གནས་ཐུབ་ཐབས། ལྔ་པ། བཙན་བྱོལ་བོད་གཞུང་དང་བཙན་བྱོལ་ནང་གི་ཚོགས་པ་རེད། གོང་བརྗོད་ཀྱི་གནད་དོན་དེ་དག་ལག་བསྟར་ཐུབ་ན། དོན་ཕན་ལྡན་པ་དང་ནུས་ཤུགས་ཅན་གྱི་བསྒྱུར་བཅོས་ཡོང་བ་ལ་གདེང་ཚོད་ཆེན་པོ་ཡོད། ༧གོང་ས་མཆོག་གི་དབུ་ཁྲིད་འོག་ཞབས་ཞུ་བསྒྲུབ་རྒྱུ་བྱུང་ན། ཆེས་དགའ་བ་སྒོམ་དགོས་པ་ཞིག་ཡིན་པ་ནི་བརྗོད་མི་དགོས་པ་ཞིག་རེད།

 

དྲི་བ། ཁྱེད་རང་གི་ལས་དོན་བསྒྲུབ་དགོས་པའི་རྩ་དོན་གལ་ཆེན་དེ་འདྲ་ཡོད་དམ།

ལན། ངས་ལས་དོན་བསྒྲུབ་པར་རྩ་དོན་གསུམ་གྱི་རྗེས་སུ་འགྲོ་རྒྱུ་ཡིན། དེ་ཡང་། ཆིག་སྒྲིལ་དང་། གསར་གཏོད། རང་མགོ་རང་ཐོན་བཅས་ཡིན་ཞིང་། ཆིག་སྒྲིལ་ནི་རྩ་བའི་རྨང་གཞི་ཆགས་རྒྱུ་ཡིན་པ་དང་། གསར་གཏོད་དང་རང་མགོ་རང་ཐོན་དམིགས་ཡུལ་འགྲུབ་པའི་མཐུན་རྐྱེན་ཉེ་ཤོས་དེ་རེད། ང་ཚོའི་མཐའ་མཇུག་གི་དམིགས་ཡུལ་བོད་མིའི་རང་དབང་སྐྱར་གསོ་བྱེད་རྒྱུ་དེ་བརྗོད་མི་དགོས་པ་རེད། ཆིག་སྒྲིལ་ཞེས་པའི་ནང་དོན་ནི། སྤྱི་ཚོགས་ཀྱི་གཞི་རྟེན་ནང་ཆོས་ལུགས་དབྱེར་མེད་དང་ཕོ་མོ་འདྲ་མཉམ་ཐོག་གནས་དགོས་པ་ལ་གོ་ཞིང་། མཉམ་རུབ་བྱེད་པ་ཙམ་གྱིས་ཆིག་སྒྲིལ་གྱི་ངོ་བོ་མཚོན་མི་ཐུབ། འཚེ་མེད་ཞི་བའི་ཐོག་ནས་ལས་འགུལ་སྤེལ་མཁན་ཞིག་ལ་ཆ་མཚོན་ན། ཆིག་སྒྲིལ་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཡིན་པ་དང་། དཔེ་མཚོན་བཟང་ཤོས་ནི། མི་རིགས་དཀར་པོ་གྲངས་མང་མི་རིགས་ཆགས་ཡོད་པའི་ཨ་རིའི་ལུང་པའི་ནང་། གྲངས་ཉུང་མི་རིགས་ཡིན་པའི་མི་རིགས་ནག་པོ་ཨོ་བྷ་མ་སྲིད་འཛིན་ལ་བདམས་ཡོད་པ་དང་། རྒྱ་གར་ནང་ཧིན་རྡུ་གྲངས་མང་མི་རིགས་ཀྱིས། སཱིཀ་གྲངས་ཉུང་མི་རིགས་ཀྱི་མན་མོ་ཧན་སིང་སྲིད་བློན་བདམས་པ། འཇར་མན་གྱི་སྲིད་བློན་ཨན་ཇི་ལཱ་མར་ཁལ་བུད་མེད་ཡིན་པ་དང་། ཤར་འཇར་མན་ནས་ཡོང་བ་ཞིག་དེང་སྐབས་འཇར་མན་གྱི་སྲིད་བློན་ལ་བདམས་ཡོད་པ་རེད། ང་ཚོ་བོད་པས་ཀྱང་ཆིག་སྒྲིལ་གྱི་ལག་ཆ་བཟུང་ནས། ནང་ཁུལ་མ་འཆམ་པ་དང་རིགས་རུས་དབྱེ་འབྱེད་སོགས་མེད་པ་བཟོས་ནས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་ཁ་གཏད་གཅོག་དགོས་པ་རེད། ཆིག་སྒྲིལ་མེད་ན་ང་ཚོའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་སྣུམ་ཟད་ཀྱི་མར་མེ་བཞིན་འགྱུར་ངེས་ཡིན་ལ། དུས་རབས་༡༩ པའི་གནས་བབ་བཞིན་ཆོས་ལུགས་དང་གྲུབ་མཐའ་ཕྱོགས་རིས། རང་ཉིད་ཀྱི་རིགས་རུས་མཐོན་པོ་འཛིན་པའི་ལམ་ལུགས་ཀྱི་ཕྱོགས་སུ་འགྲོ་ངེས་ཡིན་པ་ལས། དེ་ལས་གཞན་པའི་གདམ་ཁ་གང་ཡང་ལྷག་མེད་པ་རེད།

གསར་གཏོད་ནི། འཚེ་མེད་ཞི་བའི་འཐབ་རྩོད་ལམ་སློང་ཡོང་བ་ལ། འཛམ་གླིང་འདིའི་སྒང་གིས་ས་ཁུལ་དང་ས་གནས་ཆབ་སྲིད་ཀྱི་ཁོར་ཡུག་ལ་ནུས་ཤུགས་བསྐྱེད་ཐབས། ས་གནས་དེ་དང་དེའི་འཐབ་རྩོད་རྒྱུན་གནས་ཐུབ་ཐབས་སུ་གསར་གཏོད་དགོས་གལ་ཆེན་པོ་ཡིན། དེ་བཞིན་ཤེས་ཡོན་སློབ་གསོ་དང་འབྲེལ་ལམ། ཁོར་ཡུག དཔལ་འབྱོར་ཡང་ན་ལས་གནས་མཁོ་སྤྲོད་ཀྱི་གནད་དོན་བཞི་དེ། ངས་བསྒྲུབ་དགོས་པའི་ལས་དོན་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཤེས་ཡོན་ཀྱི་ཐད། ང་རང་ཆེད་ལས་པ་ཆགས་ཡོད་པ་བཞིན། ངས་བོད་པའི་ན་གཞོན་ཚོར་ཤེས་ཡོན་གྱི་ཐད་ལ་གང་ཐུབ་ཅི་ནུས་བྱས་ཏེ། ཤེས་སྤྱོད་གཉིས་ཀའི་ཆ་ནས་ཆེད་ལས་པ་ཚད་ལྡན་ཞིག་ཆགས་ཐབས་བྱེད་རྒྱུ་ཡིན། འབྲེལ་ལམ་ཟེར་བ་དེ། རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབྲེལ་ལམ་བྱས་ཏེ་ཁོ་ཚོའི་རྒྱབ་སྐྱོར་ཐོབ་པ་བྱེད་རྒྱུ་དང་། དེ་བཞིན་བོད་ནང་གི་བོད་མི་ཚོ་རྡོག་རྩ་ཆིག་སྒྲིལ་ཐོག་གནས་ཐབས། འཛམ་གླིང་གི་ས་གནས་གང་སར་ཡོད་པའི་རྒྱ་རིགས་དང་། དམིགས་སུ་བཀར་ནས་རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་བྱས་པའི་དངོས་ཡོད་གནས་ཚུལ་ཤེས་ཐབས། རྒྱ་གར་གཞུང་ཕྱོགས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་རྒྱབ་སྐྱོར་མུ་མཐུད་གནས་ཐབས་བཅས་རེད། ཁོར་ཡུག་གི་ཐད་དུ། གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་གོ་ལའི་ཚ་དྲོད་ཆེ་རུ་འགྲོ་བཞིན་ཡོད་པས། བོད་ཀྱི་གནད་དོན་འདི་ཁོར་ཡུག་གི་འགྱུར་ལྡོག་དང་འབྲེལ་ཆེ་བས། བོད་དོན་རྒྱལ་སྤྱིའི་རང་བཞིན་ཅན་གྱི་གནད་དོན་ལ་བསྒྱུར་ཐབས་བྱེད་དགོས། དཔལ་འབྱོར་རམ་ཡང་ན་ལས་གནས་མཁོ་སྤྲོད། བཙན་བྱོལ་ནང་ཡོད་པའི་བོད་པའི་གཞིས་ཆགས་ཁག་སྲ་བརྟན་དང་རང་མགོ་རང་ཐོན་བྱེད་དགོས། རང་མགོ་རང་ཐོན་ལ་ཆ་མཚོན་ན། བདག་ཉིད་ཆེན་མོ་གྷན་རྡི་མཆོག་གིས། རང་འགོ་རང་ཐོན་དེ་རྒྱ་གར་གྱི་རང་དབང་འཐབ་རྩོད་ནང་གི་རྩ་དོན་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་གནང་བ་རེད། གང་ཡིན་ཞེ་ན། གལ་སྲིད་ལས་འགུལ་དེ་རང་ཉིད་ཀྱི་རྐང་པའི་ཐོག་ནས་ལངས་མ་ཐུབ་པ་ཡིན་ན། ཕྱི་ལོག་གི་རྒྱབ་སྐྱོར་མེད་པའི་སྐབས་ལ་ལས་འགུལ་དེ་རང་བཞིན་གྱིས་ནུས་མེད་ཆགས་འགྲོ་ཡི་ཡོད་རེད། འདས་པའི་ལོ་ ༥༠ རིང་ལ་ང་ཚོའི་ཕ་མ་དང་ཕ་མའི་ཕ་མ་ཚོ་གཞིས་དང་པོ་ཆགས་སྐབས། གཞན་ལ་བརྟེན་དགོས་པ་དང་གཙོ་བོ་རྒྱ་གར་གཞུང་ལ་མ་བརྟེན་རང་བརྟེན་ཆགས་ཡོད་པ་རེད། འབྱུང་འགྱུར་གྱི་ལོ་ ༥༠ ནང་ང་ཚོས་གཞན་རྟེན་གྱི་བསམ་བློ་དོར་ནས་རང་མགོ་རང་ཐོན་ཆགས་པ་བྱ་དགོས། དེ་ལྟར་བྱུང་ན་ང་ཚོའི་འཐབ་རྩོད་ཀྱི་ལས་འགུལ་སྲ་བརྟན་ངང་གནས་ཐུབ།

 

དྲི་བ། ཁྱེད་ཀྱིས་བཀའ་ཤག་གི་སྒྲོམ་གཞིའི་ལས་དོན་ཁག་ཇི་ལྟར་གནང་འདོད་ཡོད་དམ།

ལན། གལ་སྲིད་བྱུང་བ་ཡིན་ན་བཀའ་ཤག་ལོ་དང་པོ་ནས་གཞིས་ཆགས་ཁག་ལ་བསྐོར་བསྐྱོད་བྱེད་རྒྱུ་དང་། དེ་མ་བྱུང་ན་ལོ་གཉིས་པའི་ནང་ངེས་པར་དུ་སྐོར་སྐྱོད་བྱ་རྒྱུ་ཡིན། དེ་དང་ཕྱོགས་མཚུངས་ལས་ཁུངས་ཁག་གི་བཀའ་བློན་ཚོ་ལས་འཆར་གྱི་ཆེད་དུ་སྐོར་སྐྱོད་བྱེད་རྒྱུ་དང།  འབད་བརྩོན་འདི་འདྲའི་ཐོག་ནས་མི་མང་དང་བཀའ་ཤག་གཉིས་དབར་བློ་ཐག་ཉེ་པོའི་ཆིག་སྒྲིལ་ཡོང་ཐུབ་ཀྱི་རེད། གལ་སྲིད་གནད་དོན་གང་ཞིག་ས་གནས་ནས་སེལ་མ་ཐུབ་ན། མི་སུ་འདྲ་ཞིག་ཡིན་ནའང་དྷ་སར་ཡོང་ནས་ཁ་ཐུག་བཀའ་བློན་ལ་ཐུག་ཆོག བཀའ་ཤག་དེ་ཡང་མི་རྒན་པའི་གྲས་དང་བཀའ་ཤག་ལས་ཐོག་ནང་ཡོད་པ་བཀའ་བློན་ལ་བསྐོ་རྒྱུ་ཡིན། དེ་ལྟར་བྱུང་ན་བཀའ་ཤག་གསར་རྙིང་བར་ཕྱག་ལས་གནང་སྐབས། ལས་དོན་གང་ཅིའི་ཐད་ལ་སྤྱི་སྙོམས་ཡོང་ཐུབ་པ་དང། ད་ལྟའི་བར་བཀའ་ཤག་གིས་གནང་བའི་ལས་དོན་དགོས་གལ་ཆེ་རིགས་ལ་གྲོས་བསྡུར་གནང་ཕྱོགས་སོགས་ཐུགས་ཕན་ཆེན་པོ་ཡོད་པ་རེད། དེ་བཞིན། འཛིན་སྐྱོང་གི་གནད་དོན་ཆེ་རིགས་ལ་དགོས་གལ་བྱུང་དུས། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཀའ་འདྲི་ཞུ་རྒྱུ་ཡིན། ད་དུང་མི་རབས་གཞོན་པའི་ཁོངས་ནས་བཀའ་བློན་བཞི་བདམས་པའི་ནང་ནས། ཆོལ་ཁ་གསུམ་གྱི་ཁོངས་དང་། དེའི་ནང་དུ་དགེ་འདུན་པ་ཡོད་པ། བོད་ནས་ཕེབས་མཁན་ཡོད་པ། བུད་མེད་ཡོད་པ་བཅས་བྱེད་ཀྱི་ཡིན། དེ་བཞིན་བཀའ་ཤག་ལས་དོན་དེ་མཉམ་རུབ་ཀྱི་ཐོག་ནས། སྲོལ་རྒྱུན་དང་དེང་རབས། ཆོས་ལ་མཁས་པ་དང་ཆེད་ལས་པ་སོགས་ཀྱིས་འཛིན་སྐྱོང་བྱེད་རྒྱུ་ཡིན་པས། རྩ་དོན་ཐོག་ཆིག་སྒྲིལ་ཡོང་གི་རེད་བསམ་གྱི་འདུག

 

དྲི་བ། དེང་སྐབས་མི་འགའ་རེ་ཡིས་བདུན་ཅུ་དོན་གྲངས་ནང་ཁྱེད་རང་གིས་དཔྱ་དངུལ་ལག་དེབ་ཀྱི་ཁྲལ་སྤྲད་མེད་ཚུལ་དང་། ཡང་སྤྲད་པ་དེའང་ ༢༠༠༨ ལོའི་ཕྱེད་ཆག་སྐབས་སྤྲད་པ་རེད་ཟེར་གྱི་འདུག་ལ།  ཁ་ཤས་ཀྱི་ཁྱེད་ཀྱི་བཟའ་ཟླ་བོད་རིགས་གཙང་མ་མིན་སྐོར་ཡང་བཤད་མཁན་འདུག་སྟབས། འདིའི་སྐོར་གང་འདྲ་ཡོད་མེད་གསལ་བཤད་ཅིག་གནང་རོགས།

ལན། གཞི་རྩ་མེད་པའི་འཆལ་གཏམ་རྣམས་རྫོགས་རྒྱུ་མེད་པ་འདྲ་པོ་འདུག དང་ཐོག་ང་ལ་ཧྭ་ཝར་ཌིའི་ཁྲིམས་ཀྱི་སློབ་གྲྭའི་ནང་སློབ་མཐར་ཕྱིན་མེད་རབས་དང་། དེ་བཞིན་སློབ་གྲྭའི་ནང་ཁྲིམས་ཀྱི་ལས་ཀ་གཏན་འཇགས་མེད་རབས་སོགས་མང་པོ་ཞིག་བཤད་པ་རེད། དོན་དངོས་ཐོག་བོད་གཞུང་ཤེས་རིག་ལས་ཁུངས་དང་། ཨ་རིའི་དོན་གཅོད་ལས་ཁུངས། ཧྭ་ཝར་ཌིའི་ཁྲིམས་ཀྱི་སློབ་གྲྭ་སོགས་ནས་གནང་བའི་ཡིག་ཆ་མང་པོ་ཞིག་ཚགས་པར་ཁག་དང་དྲ་རྒྱ་བཅས་ཀྱི་ནང་ཁྱབ་བསྒྲགས་བྱས་པ་རེད། ད་ལྟའི་སྐབས་དཔྱ་དངུལ་ལག་དེབ་ཀྱི་སྐོར་འཆལ་གཏམ་འདྲ་མིན་བཟོ་ཡི་ཡོད་ཚོད་འདུག་པས། ངས་གང་མགྱོགས་ཨ་རིའི་དོན་གཅོད་ལས་ཁུངས་ཀྱི་ཡིག་ཆ་དེ་འགྲེམས་སྤེལ་བྱ་རྒྱུ་ཡིན། སྤྱིར་ངའི་ཕ་མ་གཉིས་ཀྱིས་ ༡༩༧༠ ནས་དཔྱ་ཁྲལ་ཕུལ་ཡོད་པས་ངའང་དེ་བཞིན་རེད། གནད་དོན་འདིའི་ཐད་སྟབས་བདེ་པོ་བྱས་ནས་ཤེས་ཀྱི་རེད། ངས་གཞི་རིམ་སློབ་གྲྭར་སློབ་སྦྱོང་བྱས་པ་རེད། དཔྱ་དངུལ་ལག་དེབ་མེད་ན་སློབ་ཞུགས་བྱེད་ཐུབ་ཀྱི་མ་རེད། དེ་བཞིན་ཤེས་རིག་ལས་ཁུངས་བརྒྱུད་ནས་ངས་མཐོ་སློབ་ཁག་ནང་སློབ་སྦྱོང་བྱེད་སྐབས་དཔྱ་དངུལ་ལག་དེབ་ནི་མེད་ཐབས་མེད་པ་རེད། མཐའ་མཇུག་ཏུ་ཨ་རིར་སློབ་སྦྱོང་གི་གོ་སྐབས་ཐོབ་པ་རེད། དེའང་དཔྱ་དངུལ་ལག་དེབ་མེད་ན་འགྲོ་ཐབས་བྲལ་བ་ཞིག་རེད། ༡༩༩༥ ལོར་ངས་ཨ་རིའི་ནང་སློབ་དཔོན་གྱི་སློབ་སྦྱོང་བྱེད་སྐབས་ངའི་དཔྱ་དངུལ་ལག་དེབ་དང་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར། དེ་མིན་གྱི་ཡིག་ཆ་ཡོངས་རྫོགས་ནང་གི་ཕ་མ་གཉིས་ལ་བཅོལ་བ་རེད། ༡༩༩༧ ལོར་ངས་ཨ་རིའི་ནང་འབུམ་རམས་པའི་སློབ་སྦྱོང་བྱེད་སྐབས། ཨ་རིའི་ནང་དུས་ཡུན་རིང་པོར་སྡོད་དགོས་པས། ཨ་རིའི་བྷོ་སི་ཊོན་བོད་རིགས་ཚོགས་པའི་ནང་དཔྱ་དངུལ་ཕུལ་བ་རེད། དེ་ནས་ངའི་བཟའ་ཟླ་དང་ངེད་གཉིས་ཀས་ཆད་ལྷག་མེད་པར་ས་གནས་འདི་རང་ལ་ཕུལ་བ་རེད། ད་ལྟའི་སྐབས་ང་ཕར་ཚུར་འགྲོ་སྐབས་ལག་དེབ་སེར་པོའི་སྒང་ལ་འགྲོ་ཡི་ཡོད་པས། གནད་དོན་འདིའི་ཐད་ལའང་དཔྱ་དངུལ་ལག་དེབ་དགོས་ཀྱི་ཡོད་པ་རེད། ངའི་རེ་བ་ལ་འཆལ་གཏམ་སྤེལ་མཁན་ཚོས་དོགས་པ་ཡོད་ན། རྡོ་རྗེ་གླིང་གི་རང་བདེན་ཚོགས་ཆུང་དང་། དྷ་སའི་དཔལ་འབྱོར་ལས་ཁུངས། ནེའུ་ཡོག་དོན་གཅོད་ལས་ཁུངས་བཅས་ལ་དོགས་འདྲི་གནང་ན་གསལ་པོ་ཆགས་ཀྱི་རེད་བསམ་གྱི་འདུག ངའི་བཟའ་ཟླ་བོད་རིགས་གཙང་མ་ཡིན་མིན་སྐོར་དེ་ (www.kalontripafortibet.org) ཞེས་པའི་དྲ་གནས་སུ་བཀོད་ཡོད་པ་རེད། ངའི་བཟའ་ཟླ་དབུས་གཙང་ཁུལ་གྱི་བོད་རིགས་གཙང་མ་ཞིག་ཡིན་པ་དང་། ཁོང་མོའི་ཕ་དམ་པ་བོད་ལྷོ་ཁ་ཤག་བྱང་ཚང་དང་། ཨ་མ་ཕག་རི་ནོར་བུ་ཁང་གསར་ཚང་རེད། མོའི་དབུས་སྐད་སོགས་ང་ལས་གཙང་བ་དང་ལེགས་པ་ཡོད།

 

དྲི་བ། ཁྱེད་རང་ལ་ཁ་གཏད་གཅོག་མཁན་གྱི་ལས་འགུལ་སྤེལ་བཞིན་པར་ཁྱེད་ལ་དགོངས་ཚུལ་ག་རེ་ཡོད་དམ།

ལན། ང་མང་གཙོའི་ལམ་ལུགས་དང་སྨྲ་བརྗོད་རང་དབང་ལ་བརྩི་འཇོག་བྱེད་མཁན་ཞིག་ཡིན། སྨྲ་བརྗོད་རང་དབང་གིས་མང་གཙོའི་ལམ་ལུགས་ལ་ནུས་ཤུགས་སྐྱེད་ཀྱི་ཡོད་པ་དང་། སྐྱོན་འཛུགས་དང་རྒོལ་གཏམ་རྣམས་སྨྲ་བརྗོད་རང་དབང་གི་ཆ་ཤས་ཤིག་ཆགས་ཀྱི་ཡོད་པ་རེད། དོན་དངོས་ཐོག་མང་གཙོའི་ལམ་ལུགས་ལ་ནུས་ཤུགས་བསྐྱེད་རྒྱུའི་རྒོལ་གཏམ་དེ། དངོས་ཡོད་གནས་ལུགས་དང་ལྡན་པ་ཞིག་ཡིན་དགོས། ངས་མི་མང་ལ་དངོས་ཡོད་གནས་ཚུལ་དང་རྒྱུ་མཚན་གཞིར་བཞག་ནས། བཀའ་ཁྲིའི་འོས་མི་ཚང་མ་ལ་དཔྱད་ཞིབ་དང་རྒོལ་གཏམ་སྤེལ་དགོས་པར་ནན་བརྗོད་བྱེད་ཀྱི་ཡོད། དེས་ན་མི་མཐུན་ཕྱོགས་ཀྱི་ལས་འགུལ་དེའང་འོས་འགྲན་འདིའི་བརྒྱུད་རིམ་གྱི་ཆ་ཤས་ཆགས་ཀྱི་ཡོད་པ་རེད། གལ་སྲིད་རྒོལ་གཏམ་གང་ཞིག་ལ་གནས་ལུགས་ཡོད་ན་ངས་ཉན་ནས་དོ་སྣང་བྱེད་ཀྱི་ཡོད། གནས་ལུགས་མེད་ནའང་སུན་སྣང་སྐྱེས་ཀྱི་མི་འདུག ང་སྡོད་གནས་ཨ་རིའི་བྷོ་སུ་ཊོན་ལྟ་བུར་མཚོན་ན། ངས་སྤོབས་པ་ཆེན་པོའི་ཐོག་ནས་བརྗོད་ཐུབ་པ་ཞིག་ནི། ང་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་དང་དེའི་ནང་ནས་ལས་ཀྱི་སྣེ་མོ་བ་ཚོ་སྒེར་གྱི་ཐོག་ནས་ཡོང་གི་ཡོད་པ་དང་། ཁོང་རྣམས་ཀྱི་རྒྱབ་སྐྱོར་ཡི་གེ་དྲ་གནས་http://www.kalontripafortibet.org/Boston.aspx འདིའི་ཐོག་བཀོད་ཡོད་པས་སུ་ཞིག་གིས་ཀློག་ན་དགའ་བསུ་ཞུ་རྒྱུ་ཡིན། དེ་བཞིན་བོད་ཀྱི་ཚོགས་པའི་ལས་ཀྱི་སྣེ་མོ་བ་གང་ཟག་སྒེར་ http://bostontibet.org/contact.html འདིའི་སྐོར་འབྲེལ་བ་གནང་ནའང་འགྲིག

 

དྲི་བ། ཁྱེད་རང་བཀའ་བློན་ཁྲི་པའི་འོས་མིའི་ཐོག་ནས་ས་གནས་གལ་ཆེན་ཁག་ལ་སྐོར་སྐྱོད་གནང་ཡོད་པ་དེ། གཙོ་བོ་གང་གི་ཆེད་དུ་རེད་དམ།

ལན། གནད་དོན་དེ་དག་ལ་ཆ་མཚོན་ན། ང་བཀའ་ཁྲིའི་འོས་མི་ནང་འཛུལ་ཞུགས་ཀྱི་ལས་འགུལ་དང་། དེ་དང་འབྲེལ་ནས་ང་གཞིས་ཆགས་ཁག་དང་། འཛམ་གླིང་འདིའི་ནང་ཡོད་པའི་བོད་ཀྱི་ཚོགས་སྡེ་ཁག་ལ་སྐོར་སྐྱོད་ཕྱིན་པ་རེད། ངས་བོད་མི་རྒན་པ་དང་གཞོན་པ། སྐྱེས་པ་དང་བུད་མེད། དགེ་འདུན་པ་དང་བཙུན་མ་བཅས་མི་མང་གི་ཁྲོད་དུ། བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་འཕེན་འདི་དང་འབྲེལ་ནས་དོ་སྣང་བྱེད་དགོས་པའི་རིགས་ཡོད་པ་དང་།  དེའང་ལྷག་བསམ་རྣམ་དག་གི་ཐོག་ནས་བྱེད་དགོས་པ་རེད། དེས་ན་ང་ཚོའི་མང་གཙོའི་ལམ་ལུགས་སྲ་བརྟན་དང་ནུས་ཤུགས་དང་ལྡན་པ་ཞིག་ཆགས་ཀྱི་རེད། དེ་བཞིན་ང་ཚོའི་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་ལ་ནུས་ཤུགས་བསྐྱེད་ན། ང་ཚོའི་མང་གཙོའི་ལམ་ལུགས་འདིའི་ནང་གཞན་དག་འཛུལ་ཞུགས་ཡོང་གི་རེད།

 

དྲི་བ། བཀའ་ཁྲིའི་འོས་མི་ཚོའི་ཁྱབ་བསྒྲགས་ཀྱི་འགྲོ་སོང་གི་ཐད་ལ་སྒྲིག་གཞི་དགོས་སྐོར་སོགས་ཀྱི་བསམ་ཚུལ་བཤད་མཁན་འདུག་པས། ཁྱེད་རང་ལ་འདིའི་ཐད་དགོངས་ཚུལ་དང་འགྲོ་སོང་གི་སྐོར་གསུང་རྒྱུ་ཡོད་དམ།

ལན། སྤྱིར་བཏང་ངའི་ངོས་ནས་ཁྱབ་བསྒྲགས་ཀྱི་འགྲོ་སོང་བཏང་བ་ལ་མཚོན་ན། པར་རིས་སྦྱར་ཡིག་དང་དེབ་ཆུང་། དྲ་རྒྱ་དང་འོད་སྡེར་བཅས་རེད། དེ་དག་བཀའ་ཁྲིའི་འོས་མི་གཞན་དག་གིས་ཁྱབ་བསྒྲགས་གནང་པ་ལྟར་ངས་ཀྱང་བྱས་པ་རེད། ཁྱབ་བསྒྲགས་ཀྱི་ཁ་ཕྱོགས་ལ་འདིའི་རིགས་མེད་དུ་མི་རུང་བ་ཞིག་ཆགས་ཡོད་པ་རེད། ངའི་ཁྱབ་བསྒྲགས་ཀྱི་འགྲོ་སོང་གི་ཐད། པར་རིས་དང་དེབ་ཆུང་གཉིས་ཀྱི་སྦྱིན་བདག་མཇུག་ཏུ་བཀོད་ཡོད། དེ་བཞིན་དྲ་རྒྱ་ནི་ང་ལ་རྒྱབ་སྐྱོར་བྱེད་མཁན་དང་བླངས་བ་ཚོས་གསར་བཟོ་བྱས་པ་ཞིག་རེད། འོད་སྡེར་ལ་ཆ་མཚོན་ན། ངས་སཱ་ར་མཐོ་སློབ་ནས་མགོ་བཙུགས་ནས་ནོར་གླིང་མཐོ་སློབ་དང་། མཚན་ཉིད་སློབ་གྲྭ ཧུན་སུར། ཀོ་ལའི་གྷལ། སྦེལ་ཀོབ། མོན་གྷོ་སོགས་སུ་བོད་ཀྱི་ལས་འགུལ་གྱི་གནས་བབས་ཞེས་པ་ནུས་པ་བཅུའི་སྐོར་གཏམ་བཤད་བྱས་སྐབས། མི་མང་གིས་ཡིག་ངག་གཉིས་ཐོག་ནས་ནུས་པ་བཅུ་དེ་ཡིག་ཐོག་ཕབ་པའམ། ཡང་ན་འོད་སྡེར་གྱི་ལམ་ནས་ལྟ་ཐུབ་པ་བཟོས་ན་ཡག་པོ་ཡོད་ལུགས་བརྗོད་པ་ལྟར། ངས་མི་མང་གི་རེ་བ་བཞིན་འོད་སྡེར་བཟོ་རྒྱུ་བྱས་ཏེ། ཨ་རིའི་ནང་གི་ང་རང་གི་ངོ་ཤེས་ཨ་ཅག་ཅིག་ཡོད་པ་དེར་རེ་འདུན་ཞུས་པ་བཞིན་ཁོང་མོས་ནུས་པ་བཅུའི་སྐོར་གྱི་འོད་སྡེར་གཅིག་དང་། རྒྱལ་ཚོགས་ཀྱི་སྒོ་འགྲམ་དུ་བོད་དོན་ལས་འགུལ་སྐབས་བཤད་པའི་གཏམ་བཤད། ཨ་རིའི་གྲོས་ཚོགས་ནང་གི་གཏམ་བཤད་སོགས་འོད་སྡེར་བཟོས་པ་རེད། སྤྱིའི་ཆ་ནས་འོད་སྡེར་དེ་རིན་གོང་ཆུང་ཆུང་རེད། དཔེར་ན། སྤུས་ཀ་སྐྱོ་བ་ལ་ཨ་རིའི་པེ་ཤག་ ༥༠ དང་ཡག་པ་ལ་ཨ་སྒོར་༡ རེད། དེ་བཞིན། ཟླ་རེའི་ནང་བདུན་ཕྲག་གཉིས་གསུམ་ནང་རྟག་པར་ཕྱི་རུ་ཚོགས་འདུ་སོགས་སུ་འགྲོ་ཡི་ཡོད་པས། མཁས་དབང་གི་ཚོགས་འདུ་དང་། ཤེས་ཡོན་སྐོར། བོད་དོན་དང་འབྲེལ་བའི་ཚོགས་འདུ་སོགས་ལ་འགྲོ་སྐབས། ངའི་ལས་ཁུངས་ཧྭ་ཝར་ཌི་རང་ནས་འགྲོ་སོང་གཏོང་གི་ཡོད། ང་རྒྱ་གར་ནང་མང་ཆེ་བ་བོད་དོན་ཚོགས་འདུ་དང་འབྲེལ་ནས་འགྲོ་ཡི་ཡོད་རེད་ལ། ད་ལོའི་ཕྱི་ཟླ་ ༦ ནང་མོན་གྷོ་སོགས་སུ་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་འགྲོ་གྲོན་བཏང་བ་རེད། ཟླ་ ༨ པའི་ནང་St. Joseph College ནང་རྒྱ་གར་དང་རྒྱ་ནག བོད་ཀྱི་གནས་བབ་ཞེས་པར་གཏམ་བཤད་ཀྱི་ཆེད་དུ་སོང་བ་རེད། ཟླ་ ༩ པའི་ནང་དྷ་ས་དང་ལྡི་ལི། བདེ་སྐྱིད་གླིང་བཅས་ཀྱི་ནང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་འགྲོ་གྲོན་བཏང་བ་རེད། ཟླ་ ༡༡ པའི་མཇུག་དང་ ༡༢ པའི་ཟླ་འགོར་ཨིན་དྷོ་ནི་ཤ་ཡ་ནང་ཨེ་ཤ་ཡའི་ན་གཞོན་མགོ་འཁྲིད་ཚོའི་ཚོགས་འདུའི་སྐབས་དང་ཁེལ་ཡོད་ལ། དེ་བཞིན་ཉི་ཧོང་ནང་གཙུག་ལག་སློབ་གྲྭ་ཁག་ ༦ ཙམ་གྱི་ནང་བོད་དོན་དང་འབྲེལ་བའི་གཏམ་བཤད་ཀྱི་ཆེད་དུ་འགྲོ་དགོས་པས།  ཞོར་ལ་ཀ་རྡོར་སྒང་གསུམ་དང་ཏེ་རྫུ། མེ་ཡོས་བཅས་ཀྱི་ནང་སྐོར་སྐྱོད་བྱས་པ་ཡིན། སྐབས་དེའང་ས་གནས་དེ་དང་དེའི་གཞོན་ནུ་དང་བུད་མེད་ཚོགས་པ་སོགས་ཀྱིས་སྣེ་ལེན་གནང་སྟེ། སྡོད་ས་དང་ཞལ་ལག་བཅས་ལ་འགྲོ་སོང་གང་ཡང་མི་འདུག དེ་དང་འབྲེལ་ནས་རྒྱ་གར་གྱི་ས་ཁུལ་ཁག་ཏུ་ཡར་མར་འགྲོ་སྐབས། ཨ་སྒོར་ ༡༠༠ ཡིས་ཕར་ཚུར་མང་པོ་འགྲོ་ཐུབ་ཀྱི་འདུག སྤྱིར་འོས་མིའི་འགྲོ་གྲོན་གྱི་ཐད་ལ་དབུས་འོས་བསྡུ་ལས་ཁུངས་ཀྱིས་འགན་བཞེས་ནས་སྒྲིག་གཞི་བཟོས་ན།  ད་ལྟའི་སྐབས་དེ་འདྲ་ཞིག་རེད་དེ་ཕུགས་ལ་ཕན་གྱི་རེད་དྲན་གྱི་འདུག ཨ་རི་སོགས་དམངས་གཙོའི་རྒྱལ་ཁབ་སྟོབས་ཆེན་སོགས་ལ་འོས་མིའི་འགྲོ་གྲོན་གྱི་སྒྲིག་གཞི་ཡོད་པ་བརྗོད་མི་དགོས་ལ། མཐའ་ན་འབྲུག་རྒྱལ་ཁབ་ཆུང་ཆུང་དེ་ལའང་འོས་མིའི་འགྲོ་གྲོན་གྱི་སྒྲིག་གཞི་ཡོད་པ་རེད།

 

དྲི་བ། མཐའ་མཇུག་འབོད་སྐུལ་འདྲ་ཡོད་དམ།

ལན། ངས་སྔོན་མ་འོས་ཤོག་མ་ཚར་སྔོན་ལ། གཞིས་ཆགས་ཁག་དང་བོད་མི་ཡོད་སའི་ས་ཁུལ་བརྒྱ་ཆ་ ༧༥ ནང་སྐོར་སྐྱོད་ཐུབ་པ་བྱེད་ཀྱི་ཡིན་ཞེས་ཞུས་ཡོད་པས། ད་ལྟའི་སྐབས་མང་ཆེ་བར་སྐོར་སྐྱོད་ཟིན་པ་ཡིན། སྐོར་སྐྱོད་ཟིན་པའི་ས་གནས་ཁག་གི་ས་གནས་བུད་མེད་དང་གཞོན་ནུ། དེ་མིན་གྱི་གོ་སྒྲིག་གནང་མཁན་ཚོགས་པ་ཁག  དེ་དང་ཕྱོགས་མཚུངས་གང་ཟག་སྒེར་བཅས་ནས་རོགས་རམ་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། རྣམ་པ་ཚོའི་རྒྱབ་སྐྱོར་དེ་དང་འཚམ་པར་ང་ལངས་ཀྱི་ཡོད་པ་དང་། ངས་རང་ཉིད་ཀྱི་ནུས་ཤུགས་ཡོངས་རྫོགས་བཏོན་ནས། ཁྱེད་རྣམ་པའི་རེ་བ་བསྐོང་ཐབས་ཞུ་རྒྱུ་ཡིན་ཞེས་བརྗོད་འདོད་བྱུང་།

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

༢༠༢༥/༠༧/༠༥
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

༢༠༢༥/༠༧/༠༥
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༧/༠༥
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 48

  1. tsering khamlithang says:
    ལོ་ 15 སྔོན།

    དྲ་གྲོགས་ཚང་མ་ལ་བཀྲིས་བདེ་ལེགས། ཁྱེད་རང་ཚང་མས་བོད་དོན་ལ་ལྷག་བསམ་རྣམ་དག་ཡིན་པས་རང་དོན་མ་རེད་ཚང་མ་ལ་ཐུགས་རྗེ་ཆེ།

    Reply
  2. ཨ་མའི་བུ། says:
    ལོ་ 15 སྔོན།

    སྐྱེ་སར་དང་ལྷ་བཟང་གཉིས་ཀྱི་རྩོམ་འདི་རེད།
    རང་ཉིད་ཀྱིས་བཀའ་ ཁྲིའི་འོས་བླུགས་སའི་འོས་མི་དེ་ཇི་ཙམ་མཐོ་བོར་སླེབས་ཡོད་པ་དེའི་ཚོད་ཀྱིས་ རང་ལ་སྤྲོ་སྣང་ཞིག་དང་། དེ་དང་དེའི་ཁ་གཏད་ལྟ་བུ་ཕམ་པར་མཐོང་ཚེ་རང་བཞིན་གྱིས་ཁོང་དགོད་ཅིག་ཡོང་བཞིན་ པ་ནི། དེ་རིང་ཁ་སང་གི་བཙན་བྱོལ་སྤྱི་ཚོགས་ནང་སྐབས་ཐོག་གི་དོ་སྣང་བྱེད་ཡུལ་ཞིག་ ཡིན། འདི་ལྟར་བལྟས་ན། བཙན་བྱོལ་གྱི་གནས་སྟངས་དེ་ཧ་ཅང་ཉམས་ངན་གྱི་གནས་སུ་ལྷུང་ངེས་པ་དང་། འགྲོ་སྲིད་པའི་རྟགས་མཚན་ཁག་ཅིག་ད་ལྟའི་བཀའ་ཁྲིའི་འོས་བསྡུའི་ནང་མངོན་པར་ སླེབས་བཞིན་པ་དེ་ཡིན། ཨ་རིིར་གནས་སྡོད་བློ་བཟང་སེངྒེ་བཀའ་ཁྲིའི་འོས་མིར་ལངས་ནས་རང་གི་མིང་མཐོང་ ཙམ་གྱི་ཆེད། གང་ལ་ཡང་བསམ་ཤེས་མེད་པར། བཀའ་བློན་ཁྲི་པའི་མིང་ཙམ་ལ་འཐམ་ནས་སླེབས་བཞིན་པ་དེར་བོད་རིགས་ན་གཞོན་མང་པོ་ ཞིག་གིས་དགའ་བསུ་བྱེད་པ་ནི། མགོ་སྟོང་གིས་མགོ་སྟོང་བསུས་པ་ལས་གཞན་ཅི་ཡང་མིན་སྟབས། ང་ཚོ་ཀླད་པ་སྟོང་བའི་ལས་འགུལ་དེར་ཡིད་ཐང་ཆད། ངས་ནམ་རྒྱུན་བཙན་བྱོལ་སྤྱི་ཚོགས་འདི་ནས་སྐྱུག་བྲོ་བའི་ཟློས་གར་མང་པོ་ཞིག་ མཐོང་མྱོང་བའི་ལེ་ཚན་ཞིག་ནི། བཙན་བྱོལ་སྤྱི་ཚོགས་ཀྱི་མི་འབོར་བརྒྱ་ཆའི་མང་ཆེ་བ་ནི། བོད་དང་བོད་ཀྱི་ཆོས་དང་རིག་གཞུང་ཐད་རྒྱུས་ལོན་གང་ཡང་མེད་པར། ས་གནམ་གཉིས་ཀའི་བར་ནས་ཐལ་རྡུལ་དང་མཉམ་དུ་གུ་ཅོ་སྒྲོག་བཞིན་རླུང་ཐན་ཞིག་གིས་ ཁུར་ནས་འགྲོ་བཞིན་པའི་གནས་སྟངས་དེ་རེད། ངས་ཧ་ཅང་གསལ་ཁ་དོད་པོ་དང་། ལྷག་བསམ་རྣམ་དག་སྒོས་བོད་རིགས་ཚོར་རེ་འབོད་བྱེད་འདོད་པ་ཞིག་ནི། ང་ཚོའི་བསམ་བློའི་གོ་རྟོགས་དང་། ཤེས་ཡོན་གྱི་ཆུ་ཚད་མཐོར་འདེགས་གཏོང་ཐུབ་མཁན་ཞིག་དགོས་པ་ལས། ད་ལྟའི་བཀའ་བློན་ཁྲི་པ་ཞིག་གིས་རྒྱ་ནག་གཞུང་གི་ལག་ནས་རང་དབང་རང་བཙན་སོགས་ གང་ཡང་ལེན་མི་ཐུབ་པ་ནི་བརྗོད་མི་དགོས་པ་ཞིག་ཡིན་སྟབས། ང་ཚོས་མུ་མཐུད་རང་ཉིད་ཀྱི་མི་རིགས་སྲུང་སྐྱོབས་བྱེད་ཐབས་ལ་སྲི་ཞུ་སྒྲུབ་ ཐུབ་མཁན་ཞིག་བཀའ་ཁྲིར་འདེམས་དགོས་པ་ལས། ཀླད་པ་སྟོང་བའི་ཕོ་སར་ཞིག་བཀའ་ཁྲིར་འདེམས་པ་ནི། རང་རེ་མལ་ས་ནས་འཆི་ལམ་དུ་སྙེག་པའི་སྟ་གོན་ངོ་མ་རེད་ཅེས་ཤོད་འདོད་བྱུང་། བློ་བཟང་སེངྒེས་ཆེས་དགོད་བྲོ་བའི་སྐད་ཆ་འདི་ལྟ་བུ་ཞིག་བཤད་ཡོད་དེ། ང་ནི་བོད་ཀྱི་ཆོས་དང་རིག་གཞུང་ལ་རྒྱུས་ལོན་ཟབ་པོ་ཡོད། གང་ལགས་ཤེ་ན་ངའི་པ་ལགས་དང་། བཟའ་ཟླ་དེ་ཚོ་ཞལ་འདོན་འདོན་རྒྱུར་དགའ་བོ་ཡོད་ཅེས་བཤད་་་་་་སྐད་ཆ་འདིས་ནི་ རྩོད་གླེང་གང་ཡང་མི་དགོས་པའི་ཐོག་ནས་བློ་བཟང་སེངྒེའི་བོད་ཀྱི་ཆོས་དང་རིག་ གཞུང་གི་གོ་རྟོགས་གསལ་འདོན་བྱས་པ་རེད། དེར་བརྟེན་ངས་ནམ་ཡང་རང་ཉིད་བླུན་པོ་ཞིག་ལ་དབུ་ཁྲིད་བླུན་པོ་ཞིག་མི་ཡོང་བར་ རེ་སྒུག་བྱས་ནས་ཡོད།

    འཇམ་དབྱངས་ནོར་བུ་ཡིས་ བློ་བཟང་སེང་གེ་ཡིས་ཁོང་རྒྱ་ནག་གི་ཨོ་སྦ་མ་བྱེད་འདོད་ཡོད་ཅེས་པའི་གཏམ་བཤད་ འདི་མི་མང་ལ་གསལ་སྟོན་བྱེད་པ་ལ་ཐུགས་རྗེ་ཆེ། འདིས་མི་མང་ལ་ཁོང་གི་གཏམ་བཤད་ནང་གི་སྐྱོན་ཆ་ཡོད་པ་ཤེས་སུ་འཇུག
    ཨ་རི་མི་རིགས་ནག་པོས་ ཐོབ་ཐང་གི་རྩོད་པའི་ལས་འགུལ་ནང་ཞུགས་པ་དང། རང་གིས་གཅེས་པའི་ཨ་རིའི་ལུང་པའི་ནང་དུ་ཐོབ་ཐང་རྩོད་བཞིན་ཡོད། ཡིན་ན་ཡང། ང་ཚོ་བོད་ཀྱི་འཐབ་རྩོད་དེ་དེ་དང་མི་འདྲ་བ་ཡིན། བོད་མིའི་འཐབ་རྩོད་ནི་རྒྱལ་ཁབ་གཞན་གྱིས་དབང་བསྒྱུར་ལས་གྲོལ་ནས་ཆབ་སྲིད་དང་ རྒྱལ་ཁབ་ཀྱི་རང་དབང་ཐོབ་ཐབས་བྱེད་པ་དེ་ཡིན་པས་དེ་གཉིས་མི་འདྲ།
    བློ་བཟང་སེང་གེ་ཡིས་ འབྲེལ་བ་གཏན་ནས་་མེད་པའི་གནད་དོན་དེ་གཉིས་མཚུངས་བསྡུར་བྱས་པ་ནི་ཁོང་གི་ནོར་ འཁྲུལ་ཡིན། ཡིན་ན་ཡང་དེ་ལ་གནད་འགག་དེ་ཙམ་མེད། ནོར་འཁྲུལ་ནི་སུ་ལ་ཡང་ཡོང་སྲིད་པ་ཡིན། སྐྱོན་ཆ་ནི། ཁོང་གིས་རང་གི་ནོར་འཁྲུལ་ལ་ངོས་ལེན་གཏན་ནས་མི་བྱེད་པ་དེ་རེད། འདིས་ང་བསྟན་ཅེ་ན། ཁོང་ལ་འགོ་ཁྲིད་ཀྱི་ཉམས་མྱོང་ཞན་པ་མ་ཟད། དྲང་ བདེན་མེད་པ་དང། རང་སྐྱོན་ངོས་ལེན་བྱེད་ཐུབ་པའི་ནུས་པ་མེད་པ་བསྟན། རང་སྐྱོན་དེ་ལས་གྲོལ་བའི་ཕྱིར་དུ་ཁོང་གིས་རང་གི་ཨོ་སྦོ་མའི་གཏམ་བཤད་དེ་ འཆོབ་སླངས་པ་ཙམ་ཡིན་གྱི་གནད་འགག་ཆེན་པོ་མིན་ཟེར་ཡོད།
    གཞན་སུ་གཅིག་གིས་ཀྱང་ གནད་དོན་མ་གླེང་བའི་ཁོང་གི་སྐྱོན་ཆ་ནི་འདི་ཡིན། ང་ཚོ་བོད་ཀྱི་མའོངས་གནད་དོན་དེ་འཆོབ་སླང་ཡས་ཀྱི་གནད་དོན་ཅིག་ཨེ་ཡིན་ནམ། ང་ཚོ་བོད་ཀྱི་ནང་དུ་རིག་གཞུང་དང་སྐད་ཡིག ཐ་ན་མི་རིགས་བཅས་ལ་ཡང་འཆར་གཞི་ལྡན་པའི་ཐོག་ནས་གཏོར་བཤིག་ཐེབས་བཞིན་ཡོད། གནད་དོན་འདི་འཆོབ་སླང་ཡས་ཀྱི་གནད་དོན་ཅིག་ཨེ་རེད། ང་ཚོ་འཚོ་ཐབས་ཀྱི་ཆེད་དུ་རང་དབང་རྩོད་བཞིན་ཡོད། དེ་ཡང་དུས་ཚོད་རྫོགས་འགྲོ་བཞིན་ཡོད། གནད་དོན་འདི་འཆོབ་སློང་ཡས་གཅིག་རེད་འདུག་གམ།
    དེས་ན་བློ་སེང་ཁྱེད་ ཀྱིས་རང་སྐྱོན་ངོས་ལེན་བྱེད་དགོས། དེས་མ་ཚད། ཁྱེད་ལ་འཆི་སོན་ལ་ཐུག་པའི་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་བྱེད་ཐུབ་པའི་ཉམས་མྱོང་ མེད་པ་ཡང་ངོས་ལེན་བྱེད་དགོས།

    ཁ་བྱང་འདི་མ་རྗེད་རོགས།
    http://www.khabdha.org/?p=13559

    Reply
  3. ཨ་མའི་བུ། says:
    ལོ་ 15 སྔོན།

    སྙིང་ཉེ་བའི་ཀློག་པ་ པོ་རྣམ་པ་ལགས། སྤྱིར་བཏང་གི་ངས་ཅི་ཡང་མི་ཤེས་པ་དང་ང་ཚོས་ཁོར་ཡུག་གི་རྨོངས་བ་ཧ་ཅང་སྟུག་པ། མི་བུ་མང་མང་གི་བསམ་བློའི་མིག་ཁ་ཕྱེས་མེད་པ་སོགས་གཞི་བྱས་ཐོག སྐད་ཆ་དྲང་མོ་རེ་བཤད་ཀྱང་ནུས་པ་ཆེར་མེད་མོད་ང་ནི་རང་ཉིད་རང་གི་བསམ་བློའི་ ཆེད་དུ་གསོན་པ་ཞིག་ཡིན་ཕྱིར་དང་་་་་་།
    གོང་ཞུས་རྒན་ལྷ་བཟང་ཚེ་རིང་དང་སྐྱེས་སར་ཀླུ་སྒྲུབ་སོགས་དྲ་གྲོགས་ཁ་ཤས་ཀྱིས་ བཤད་པར་གནས་ལུགས་ཧ་ཅང་ཡོད་པར་སྙམ་ལ། འདི་ནི་དོན་དངོས་ཐོག་གཟབ་དགོས་ས་ཞིག་ཀྱང་རེད་འདུག གལ་སྲིལ་མི་རིགས་རང་གི་སྐད་ཡིག་གི་སྟེང་ནས་ཟིན་བྲིས་ཙམ་ཡང་འབྲི་མི་ནུས་པའི་ སྐྱེས་བུ་ཞིག་རྒྱལ་ཁབ་ཞིག་གི་བཀའ་ཁྲིར་བསྡད་པ་ཡིན་ན་མི་རིགས་གཞན་དང་རྒྱལ་ ཁབ་བཞན་གྱིས་ང་ཚོར་ཅི་ཞིག་ཟེར་རམ། ཐ་ན་རྒྱ་ནག་གཅིག་པུས་ཀྱང་་་་་་།
    ད་དུང་ད་ལོའི་ཉིན་ཞིག་ལ། བློ་བཟང་སེང་གེ་མཚན་ཉིན་གྲྭ་ཚང་གིས་གདན་ཞུས་ལྟར་ང་ཚོ་ཕྱི་དྲོའི་ཆུ་ཚོད་ལྔ་ པའི་སྟེང་མཚན་ཉིད་ཚོགས་ཁང་དུ་འཛོམས་ཤིང་ཆུ་ཚོད་གསུམ་ཙམ་དུ་གཏམ་བཤད་དང་བགྲོ་ གླེང་བྱས། མཐར་གྲྭ་བཙུན་ཞིག་གིས་བཀའ་འདྲི་ཞུ་རྒྱུར་་་ཁྱེདཀྱིས་རྩོམ་ཡིག་མང་པོ་འབྲི་ བཞིན་ཡོད་གསུང་པ་དེ་དག་བོད་ཡིག་གི་སྟེང་ནས་འབྲི་བཞིན་ཡོད་དམ་དབྱིན་ཇིའི་ སྟེང་ནས་འབྲི་བཞིན་ཡོད། ཡང་རྗེས་སོར་ང་ཚོའི་དུས་དེབ་དང་ཚགས་པར་གང་ཞིག་ལས་མཇལ་ཐུབ་པ་རེད་་་ཅེས་དྲིས་ པར་ཁོང་གིས་གསུང་དོན། དུས་བབ་དང་པང་ཆེན་སོགས་ལས་མཐོང་ཐུབ་ཀི་རེད་གསུང་པ་ལས་དྲི་བ་དང་པོ་དེར་ཁྱོན་ ནས་ལན་བརྒྱབས་མ་སོང་ལ་དེར་གནད་དོན་ཞིག་ཡོད་པ་ནི་ཁོ་རང་གི་གསང་པ་ཤོར་འགྲོ་ བས་ཡིན་པ་ནི་བདེན་པ་དང་དངོས་ཡོད་་ཡིན་པ་དེ་འོ།།

    http://www.khabdha.org/?p=13559

    Reply
  4. ཨ་མའི་བུ། says:
    ལོ་ 15 སྔོན།

    ཨ་རོགས་ཁ་བརྡའི་མཆན་འདི་མཐོང་ངམ།
    བློ་སེང་གིས་དཔུང་ བསྒྲིགས་མ་མྱོང་བ་རེད་ཨེ། སྔོན་མ་ལྡི་ལི་ལ་ཡོད་དུས། དཔུང་བསྒྲིགས་ནས། འཆི་མེད་ཚེ་རིང་ཁོང་ཚོར་དཀའ་ངལ་ག་ཚོད་བཟོས་སོང་། ཆུ་བཞི་སྒང་དྲུག་གསར་རྙིང་གི་རྙོག་དྲ་ལངས་དུས། ཡང་དཔུང་བསྒྲིགས་ནས་ཆུ་སྒང་གསར་བ་ཟེར་བ་དེའི་ནང་ལས་ཀ་བྱས་སོང་། ཨ་རི་ལ་དམིགས་བསལ་བྱས་ནས་བཏང་དོན་ག་རེ་རེད། ཆབ་སྲིད་འཁྲབ། དཔུང་བསྒྲིགས་པའི་སྟབས་ཀྱིས་བཏང་བ་རེད། ད་ཡང་འདི་ལ་དཔུང་བསྒྲིགས་ཡོང་གི་འདུག་ག
    ཁ་ནས་དཔུང་བསྒྲིགས་པར་ཡོང་ཡིན་ཞེས་མངོན་གསལ་དུ་བཤད་ནུས་དུས། ལྐོག་ལ་ག་ཚོད་བྱེད་ཀྱིན་ཡོད་མེད་ཤེས་ཐུབ་བ་ཞིག་རེད།

    Reply
  5. མི་ཉག་བཙན་པོ says:
    ལོ་ 15 སྔོན།

    དྲ་གྲོགས་གང་མང་ཞིག་གིས་དྲ་རྒྱ་བརྒྱུད་དགྲ་དགའ་གཉེན་རྡུང་གི་གཏམ་
    རྙིགས་སྣ་ཚོགས་ཤིག་སྤེལ་བ་ནི་བོད་པའི་སྤྱི་ཚོགས་ནང་། ཆོལ་གསུམ་གཅིག་སྒྲིལ་གཏོར་བཤིག་དང་ཕན་ཚུན་དཀྲུག་ཤིང་ཁོ་ན་ལས་
    དགེ་མཚན་གང་ཡང་མི་འདུག༎
    རྒྱ་དམར་གཞུང་གི་དམིགས་ཡུལ་དང་ལས་འཆར་ནང་གལ་ཆེ་ཤོས་ཤིག་ནི་བོད་མི་ནང་ཁུལ་དཀྲུག་ཤིང་དང་བོད་མི་ནང་གཅིག་སྒྲིལ་མེད་པ་བཟོ་རྒྱུ་དེ་ཡིན་པ་ནི་གསལ་པོ་རེད༎
    བོད་མི་རེ་ཟུང་ནས་ཆབ་སྲིད་ཀྱི་ལྟ་བ་ཅུང་ཟད་མི་མཐུན་པ་རྒྱུ་མཚན་དུ་བྱས་ནས་དགེ་མཚན་ཡོད་མེད་དང་རང་གནོད་གཞན་ཕན་གང་ཡོད་གང་ཡང་མི་སེམས་པར༎དགྲ་ཕྱོགས་ནས་འགྲོ་གྲོན་གཏོང་མི་དགོས་པ་དང་འབོད་སྐུལ་
    དང་བཙན་བཀའ་གཏོང་མི་དགོས་པར་དགྲ་དགའ་གཉེན་རྡུང་གི་གཏམ་འཆལ་དང་དགྲ་བོའི་དམིགས་ཡུལ་ལྟར།ལས་ངན་གང་མང་ཞིག་རྩམས་པ་དང་ལས་འབྲས་ལས་བརྒལ་བའི་ཧམ་བཤད་དཔེ་ན་མི་སྣ་རེ་ཟུང་ནས་བལ་ཡུལ་དུ་འོས་སྒམ་འཕྲོག་པ་ཡང་བོད་མིའི་ངན་བྱུས་དང་་བྱས་ངན་ཡིན་ཁུལ་བཤད་པ་ནི་
    ཚད་ལས་བརྒལ་བའི་དཀྲུག་ཤིང་དང་དེ་ལྟ་བུའི་སྐད་ཆ་ཁོངས་ལུང་མེད་པ་
    རྣམས་ཀྱིས་༸་གོང་ས་མཆོག་གི་ཐུགས་དགོངས་ཡང་དཀྲུག་གཉེན་ཡོད།་
    སྒྲུབ་པའི་མཆོད་པ་འབུལ་རྒྱུ་མེད་ན་ཡང་དེ་ལྟ་བུའི་དྲིན་ལེན་ལོག་འཇལ་གྱི་
    སྐད་ཆ་མ་བཤད་རོགས༎མི་ཚེ་རི་ལ་བསྐྱལ་ནས་རི་དྭགས་ངོས་མ་ཤེས་པ་
    མེད་ཞེས་པའི་དཔེ་ལྟར་མེ་ཚེ་ཕྱེད་ཀ་བལ་ཡུལ་སྐྱེལ་བའི་ཕྲན་གྱིས་བལ་ཡུལ་ཆབ་སྲིད་དང་རྒྱ་དམར་གྱིས་ནུས་ཤུགས་ལ་བརྟེན་ནས་བལ་ཡུལ་དུ་བོད་པ་ལ་འཕྲད་པའི་དཀའ་ངལ་རྣམས་ཞིབ་ཁྲ་དང་གསལ་པོ་ཤེས་ཀྱིས་ཡོད༎མ་ཟད་
    འདིའི་ལོའི་འོས་སྒམ་འཕྲོག་མཁན་ནི་རྒྱ་དམར་ཁོ་ནའི་ངན་ཤུགས་འོག་བྱུང་
    བ་ཞིག་རེད་མ་གཏོགས་
    གཞན་སུ་ལ་ཡང་དོགས་པ་མེད༎

    Reply
  6. ཨ་མའི་བུ། says:
    ལོ་ 15 སྔོན།

    ཨ་རོགས་ཚོ་ཁ་བརྡ་ནང་གི་མཆན་འདི་རྒྱུ་མཚན་ཞིག་མི་འདུག་གམ

    དགེ་བཤེས་ཐུབ་བསྟན་ སྦྱིན་པ་ལགས་ཀྱི་གསུང་ཚིག་རེ་རེ་ལ་ཞིབ་ཏུ་སེམས་པ་ན། དེ་ཡང་རྒྱུ་མཚན་མེད་པ་ཞིག་ག་ལ་ཡིན། འོན་ཀྱང་ང་རང་ཉིད་ཀྱི་ཐོག་མའི་སེམས་ནང་གི་གཏན་འབེབས་ནི་བློ་བཟང་སེང་གེ་ཡིན། རྒྱུ་མཚན། ལོ་ན་གཞོན་པ། རྒྱལ་སྤྱིའི་ཁྲིམས་དོན་ལ་མཁས་པ། ཤེས་ཡོན་ལྡན་པ། བློ་སྤོབས་ཆེ་བ། མི་རབས་གསར་བ་བཅས་རེ་རེ་ལ་རྒྱབ་ལྗོངས་ཡང་ཡོད། ངས་མི་རབས་གསར་བ་ཞེས་པའི་ཐ་སྙད་འདི་ངས་མུ་མཐུད་ཉར་བ་ན། སྐབས་འདིར་ངས་སོ་སོའི་མི་རིགས་དང་རྒྱལ་དོན་ལ་འགན་མ་འཁུར་བའི་ཞེན་ཁོག་ཅིག་ རེད་སྙམ་སོང་། དེ་བཞིན་ཞིབ་ཏུ་བསམ་བློ་བཏང་ན་བློ་སེང་ནི་ལོ་ན་གཞོན་སྟབས། ཁོང་ལ་འཇོན་ཐང་དང་ནུས་པ་ཡོད་ན་ཕྱིས་སུ་རིམ་གྱིས་གོ་སྐབས་སྤྲད་ཆོག་པ་ཞིག་ རེད། ལ་ལས་ཨོ་བྷ་མ་དང་བློ་སེང་གཉིས་བསྡུར་གྱིན་འདུག དེ་ནི་གླེན་རྟགས་ཤིག་ལ་ངེས་འཛིན་བྱེད་ཀྱིན་ཡོད། རྒྱུ་མཚན་ཁོང་གཉིས་ལོ་ན་གཞོན་པ་བདེན་ནའང་ཨ་རིའི་རྒྱལ་ཁབ་དང་བཙན་བྱོལ་བོད་ གཞུང་བསྡུར་ཐབས་ག་ལ་ཡོད། གལ་སྲིད་ཨོ་བྷ་མས་ནོར་འཁྲུལ་བྱུང་ནའང་ཨ་རིའི་སྲིད་གཞུང་ནི་སྔོན་ལྟར་བརྟན་ པོ་རེད། བློ་སེང་གིས་འགན་འཁུར་དགོས་པའི་བཙན་བྱོལ་བོད་གཞུང་དེ་ལོ་ངོ་བརྒྱ་ཕྲག་མང་ པོའི་ལོ་རྒྱུས་ཡོད་པའི་ཨ་རིའི་སྲིད་གཞུང་དང་བསྡུར་ཐབས་ཨེ་ཡོད། དེ་ང་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས་པ་ཞིག་རེད།
    དེ་ཡིན་དུས་ངས་ད་ལྟའི་སྐབས་འདིར་བཀྲས་མཐོང་ལ་ངེས་པར་ཏུ་བསམ་བློ་གཏོང་དགོས་ པ་ཞིག་ཆགས་སོང་། ཁོང་གི་མཉམ་མྱོང་། འཇོན་ཐང་། ཤེས་ཚད། ཞེ་སྤོབས། བྱས་རྗེས། ལྷག་བསམ་བཅས་ཁོའི་ཐོག་མའི་བྱིས་དུས་ནས་ད་ལྟའི་བར། བཙན་བྱོལ་བོད་གཞུང་དང་བོད་མིའི་བདེ་སྡུག་གི་ཆེད། རླབས་ཆེན་གྱི་ལས་དོན་མང་པོ་ཞིག་བསྒྲུབས་ཡོད་པ་མ་ཟད། དེ་རེ་རེ་ལ་གྲུབ་འབྲས་ཡང་རླབས་ཆེན་ཐོན་འདུག དེའི་སྟབས་ཀྱིས་ད་དུང་ཁོ་ལ་གོ་ཐོབ་ཡག་པོ་རེ་སྤྲོད་ཐུབ་ན། སྔོན་ལས་ལྷག་པའི་བྱས་རྗེས་རེ་འཇོག་ཐུབ་པའི་ཡིད་ཆེས་དང་རེ་བ་ཆེ། ང་ཚོས་སྐུ་དྲག་གི་མི་རྒྱུད་ཅིག་ལ་ཞེ་གནག་ནས་དྲིན་ཆེན་ལ་དྲིན་ལོག་གིས་སྣང་ མེད་དུ་བཞག་ན། ང་ཚོ་དེ་བོད་མི་རིགས་ལ་གྱོང་གུད་རེད།
    ངས་སྔོན་འགྲོའི་བཀའ་ཁྲིའི་འོས་བསྡུ་ནས་ད་བར་བསམ་བློ་བཏང་བ་མ་ཟད། དྲ་ཚིགས་ཁག་ཉུལ་ནས་མི་རེ་ཡི་ལོ་རྒྱུས་དང་བྱས་རྗེས་ལ་ཡང་བསམ་གཞིགས་མང་པོ་ བྱས། དེ་རིང་ང་རང་ཉིད་ཀྱི་འོས་ཤོག་གཅིག་པོ་དེ་བཀྲས་མཐོང་ལ་དབང་བ་ཡིན།

    http://www.khabdha.org/?p=13559

    Reply
  7. རྩེ་ཕྲུག། says:
    ལོ་ 15 སྔོན།

    བཀྲིས་བདེ་ལེགས

    Reply
  8. ཕོ་རྒོད། says:
    ལོ་ 15 སྔོན།

    ཨ་མའི་བུ་ཁྱེད་བཀྲོག་འདྲ་མིན་སྤྱི་ཚོགས་ནང་གླིང་མོས་བྱེས་པས་ཁྱེད་ཁེ་འཕེན་གང་ཡོད་དམ

    Reply
  9. ཨ་མའི་བུ། says:
    ལོ་ 15 སྔོན།

    ཨ་རོགས་བསྟན་འཛིན་བཀའ་ཁྲིའི་འོས་མི་གཞན་ཚོར་སྐྱོན་བརྗོད་བྱེད་དུས་ཁྱེད་ཀྱི་གང་ཡང་གསུངས་ཀྱི་མི་འདུག
    ད་རེབ་བློ་སེང་གི་སྐོར་་ལ་ཕྲན་བུ་རེ་བྲིས་དུས་ཁྱེད་སྨྱོ་གྲབས་བྱེད་ཀྱི་འདུག་རྒྱུ་མཚན་གང་ཡིན་ནམ།
    བློ་སེང་གི་སྒོར་མོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

    Reply
  10. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཅོ་རི་ལགས་ཕྲན་དུས་བབ་ནས་རྒྱང་ཕུད་བཏང་ཡོད་མེད་ཁྱེད་ཀྱིས་མཁྱེན་བྱུང་ངམ། ཉིད་ནས་་འོས་སྒོམ་བཙན་འཕྲོག་བྱས་པ་དེ་དང་མདོ་སྟོད་གཉིས་ཀྱི་བར་དུ་འབྲེལ་བ་ཡོད་མདོག་མདོག་ངས་བཤད་ཀྱིས་འདུག་མདོག་མདོག་ཞིག་བཤད་ཀྱི་འདུག་དེ་ནི་བདེན་པ་མིན། ངས་བཤད་པའི་འོས་ཤོག་དང་འགྲེལ་བའི་བསྐོར་བཤད་པའི་ཚིག་དུམ་དེའི་ནང་མདོ་སྟོད་ཞེས་པའི་མིང་ཚིག་གང་ན་འདུག་བསྟན་རོགས་གནང་གལ་སྟེ་དེ་ལྟར་སྟོན་རྒྱུ་མེད་ན་དཀྲུགས་ཤིང་རྒྱག་མཁན་དེ་ཁྱོད་ཁོན་ཡིན་པ་ལས་ང་མིན་པ་མཁྱེན་ངེས། ངས་འོས་ཤོག་བསྐོར་བཤད་པའི་ཚིག་རིགས་ཇི་བཞིན་འདི་ན་ཡོད། ༼ད་ཆ་བོད་མི་མང་པོའི་སེམས་ནང་དེ་སྔོན་བལ་ཡུལ་བོད་མའི་འོས་ཤོག་ཉེས་རྟོགས་པས་བཙན་འཕྲོག་བྱས་པ་དེ་དོགས་གཞིའི་གནས་སུ་གྱར་ཡོད་པ་དང་། དེ་ཡང་མཆོད་རྟེན་ཁུལ་དུ་བཀའ་བློན་བཀྲས་མཐོང་ལ་རྒྱབ་བསྐྱོར་ཤུགས་ཆེན་ཡོད་ཀྱང་དེ་དག་བཙན་འཕྲོག་བྱས་ཡོད་པས་དེ་ནི་རྟེན་དབང་གི་བྱུང་བ་ཞིག་ཡིན་ནམ་ཡང་ན་ངན་ཇུས་གང་ཞིག་ཡོད་དོགས་འཆར་སྣ་ཚོགས་ཡོངས་བཞིན་ཡོད་པ་ཡིན། དེ་ནི་ཧ་ཅང་དངངས་ཚབ་སྐྱེ་དགོས་པ་ཞིག་ཏུ་གྱུར།༽

    དྲི་རྒྱུ་གཞན་ཞིག་ལ་ཉིད་ཀྱང་ཆུ་སྒང་གསར་རྙིང་གཉིས་ཡོད་པའི་ཆུ་སྒང་རྙིང་པར་རྒྱབ་བསྐྱོར་དང་དེར་དབུས་ཆུ་སྒང་ངོས་འཛིན་གནང་མཁན་ཞིག་ཡིན་ས་རེད་དེར་རྟེན་ངེད་ཀྱི་བློ་བཟང་སེང་གེ་ལ་དྲི་བ་ཁ་ཤས་དྲིས་པའི་ནང་ཁྱོད་རང་གི་ལྟ་སྤྱོད་དང་མི་མཐུན་པའི་དྲི་བ་འདྲ་ཡོད་ན་དགོངས་དག། ངེད་ནས་ཆུ་སྒང་དབུས་རྒྱུན་ཆུ་སྒང་གསར་པར་ཆ་འཛིན་བྱ་བཞིན་ཡོད་པ་ལས་ཆུ་སྒང་རྙིང་པར་ཆ་འཛིན་བྱེད་ཀྱི་མེད་པ་ནི་ངེད་གཉིས་མི་མཐུན་པའི་འབྱུང་ཡིན་ལགས་ཆུ་སྒང་གསར་རྙིང་གཉིས་ཡོད་དུས་སུ་ལ་ཆ་འཇོག་དང་རྒྱབ་བསྐོར་བྱེད་མིན་ཡང་རང་དབང་ཡིན་པར་འདོད། སྤྱི་ན་ངེད་རང་བོད་འབངས་ཞིག་སོང་མ་འོངས་པའི་བཀའ་བློན་འོས་དམིགས་དེར་རང་ཉིད་ཀྱི་དོགས་འདྲི་དབང་ཡོད་པས་སེམས་ཕྲལ་བྱ་མི་དགོས།

    ནུབ་ཕྱོགས་ཡོད་པའི་བོད་མི་ཚང་མ་སྤུ་མེད་ཕག་པ་རེད་ཞེས་ངས་བརྗོད་ཀྱི་འདུག་ཟེར་དེ་འདྲ་ཞིག་ངས་རྩ་བ་ནས་བཤད་མེད་ལ་ཡོད་ཁྱོད་ཀྱི་གསལ་སྟོན་གནང་བ་ཡིན་སྐྱེས་སྦྱིན་མཆོག ངས་བཤད་པའི་སྐད་ནི་བསམ་རྒྱུ་དངུལ་དང་དྲན་རྒྱུ་སྒྲོག་ལར་ལས་མེད་པ། ཕ་མ་རྒས་འཁོག་ལ་གཉེན་བཀུན་མེད་པར་བཙན་བྱོལ་ནང་གི་རྒན་གསོ་ཁག་ལ་རྩིས་འབུལ་བྱེད་ཐུབ་ཙམ་བྱ་མཁན་་དག་ནི་སྤུ་མེད་ཕག་པ་ཡིན་ཞེས་བཤད་ཡོད་པ་ཡིན་བྱས་ན་ནུབ་ཕྱོགས་ལ་འཕེབས་མཁན་ཚང་མ་དེ་འདྲ་ཡིན་ནམ།

    Reply
  11. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བཟོད་པ་ལྷ་རྩེ་ལགས།
    བལ་ཡུལ་གྱི་བོད་མི་རྣམས་ལ་དགྲ་དམར་པོས་གནོད་ཤུགས་འོག་ཏུ་བལ་པོའི་གཉེན་རྟོགས་པས་འོས་སྒོམ་བཙན་འཕྲོག་བྱས་ཡོད་པ་དང་བོད་དོན་འཐབ་རྕོད་ཀྱི་ཆེད་དུ་འདུས་འཛོམ་བྱས་དབང་མེད་པར་མིག་ལྡན་ཀུན་གྱིས་མཁྱེན་གསལ་རེད།

    བལ་ཡུལ་བོད་མི་རྣམས་ཨ་རི་གཞུང་གིས་རང་དབང་ཡོད་ས་ཨ་རིའི་ལུང་པ་ནང་དུ་ལེན་གྱི་ཡིན་གསུངས་དུས་ཁྱོད་དང་ཁྱོད་འདྲ་བའི་མི་ངན་ཚོས་བོད་མིའི་རིག་གཞུང་དང་བཟང་སྤྱོད་ཉམས་རྒུད་འགྲོ་གི་འདུག་ཞེས་ཁ་ལ་ཁུར་ནས་དོན་དུ་བལ་ཡུལ་བོད་མི་རྣམས་དགྲ་དམར་པོའི་ནུས་ཤུགས་ཀྱི་འོག་ཏུ་བཅུག་གང་ཐུབ་བྱས་པ་རེད།

    བྱས་འབྲས་ངན་པ་འདི་དག་བརྟེན་ནས་འོས་བསྡུའི་རང་དབང་ཀྱང་ཤོར་བ་རེད། སྔོན་ནས་བལ་ཡུལ་ནང་གི་འབྲུག་པ་སྐྱབས་བཅོལ་བ་རྣམས་ཕྱིན་པ་ལྟར་ཨ་རིའི་ཕྱིན་ཡོད་པ་ཡིན་ན་འོས་བསྡུའི་རང་དབང་ཤོར་དོན་མེད་ལ་སློབ་སྦྱོང་གི་གོ་སྐབས་ཀྱང་ཡག་པོ་ཞིག་རག་ངེས་ཡིན།

    ཁྱོད་ཀྱིས་ནུབ་ཕྱོགས་བོད་མི་རྣམས་ཕག་པ་སྤུ་མེད་རེད་ཞེས་བཙན་བྱོལ་སྤྱི་ཚོགས་ནང་དུ་དཀྲུགས་ཤིང་བརྒྱབ་པའི་སྐད་ཆ་མང་པོ་བཤད་མྱོང་ཡོད་པར་དུས་བབ་བཀླགས་པ་པོ་ཀུན་གྱིས་མཁྱེན་གསལ་རེད། མ་ཟད་ཁྱོད་ཀྱིས་འོས་སྒོམ་བཙན་འཕྲོག་བྱས་པ་དེ་དང་མདོ་སྟོད་གཉིས་ཀྱི་བར་དུ་འབྲེལ་བ་ཡོད་མདོག་མདོག་བཤད་ཀྱི་ཡོད་རེད། སྐད་ཆ་འདི་དག་བཙན་བྱོལ་སྤྱི་ཚོགས་ནང་དུ་དཀྲུགས་ཤིང་རྫབ་ཆེན་ཞིག་བརྒྱབ་ཀྱི་ཡོད་པ་ངོས་ལེན་བྱས་ཀྱི་ཡིན།

    མ་ཟད་ཁྱོད་ཀྱིས་ཁ་བརྡ་དྲ་རྒྱའི་སྟེང་གི་གཏམ་འཁྱམ་ཞིག་ཁུར་ཡོང་ནས་མ་འོང་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་ལ་དྲི་བ་བཏང་མདོག་མདོག་བྱས་ཀྱི་ཡོད་རེད། བཀའ་བློན་ཅོ་ལྔ་བསྐོས་བཞག་བྱེད་ཀྱི་རེད་ཟེར་བའི་གཏམ་འཁྱམ་གྱི་མཆན་བུ་བཏབ་མཁན་ཁོ་རང་ལ་ཡང་གསལ་པོ་ལབ་ཀྱི་མི་འདུག་པས་རྫུན་གཏམ་ཡིན་པར་མངོན་སུམ་གྱི་གྲུབ།

    ཡང་བསྐྱར་ཁྱོད་ཀྱི་དཀྲིགས་གཏམ་ཞིག་ལ་སྡི་ལིའི་ཆུ་བཞི་སྒང་དྲུག་ཞེས་ལབ་སྟངས་ལ་ལྟོས་དང་། ཁྱོད་ཀྱི་ལབ་སྟངས་ལྟར་བྱས་དགོས་པ་ཡིན་ན་རྡ་སའི་བོད་གཞུང་དང་ཡུལ་བལ་གྱི་བོད་གཞུང་ཟེར་ནས་ལབ་དགོས་སམ། བཙན་བོད་གཞུང་གི་བཀའ་བློན་ཁྲི་པ་ལ་ཡང་རྡ་སའི་བཀའ་བློན་ཁྲི་པ་ཞེས་འབོད་དགོས་པ་རེད་པས།

    སྡི་ལི་ཡོད་པ་དེ་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་ཡིན་པར་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་སྤྱི་འཐུས་གྲོས་འཚོགས་བཅས་ཀྱི་ངོས་ལེན་གནང་གི་ཡོད། ཁྱོད་ཀྱི་སྡི་ལིའི་ཆུ་སྒང་ཟེར་བའི་སྐད་ཆ་འདིའི་རྒྱབ་ལྗོངས་སྤྱི་ཚོགས་དཀྲིགས་བསམ་པ་ལས་རྡོག་རྩ་གཅིག་སྒྲིལ་གྱི་དམིགས་ཡུལ་མེད་པར་གསལ་པོ་རེད།

    ངས་བྱས་ན་གདོང་དགྲ་བོས་མཐོང་དུས་དགའ་དགོས་པ་དང་གཉེན་ཕུ་ནུ་ཡིས་མཐོང་དུས་སྡུག་དགོས་པའི་དཀྲིགས་གཏམ་བཤད་མ་བསྡད་ཞེས་རེ་བ་ཡིན། ཐུགས་རྗེ་གཟིགས།

    Reply
  12. དགེའོ says:
    ལོ་ 15 སྔོན།

    དེ་རིང་ཡང་བློ་བཟང་སང་གེ་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ་འདོད།
    ཨ་མའི་བུ་ནམ་ཡང་སེམས་ཤུགས་མ་ཉམས་པ་བྱེད་དགོས་
    ཁོགས་རྒྱ་ཡངས་པོ་བྱེད་དགོས

    Reply
  13. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    ཨ་མའི་བུ་ཟེར་བ་མི་ངན་འདི་
    ངན་པར་ལམ་དུ་ཤོར་ནས་སྐྱག་པ་ལང་ནས་བཏང་མཁན་ཞིག་རེད་འདུག་།
    ཁོང་གིས་བློ་སེང་ཁ་ལ་འཁྱེར་ནས་ཆུ་སྒང་གསར་རྙིང་བར་དཀྲུག་ཤིག་དང་་།
    ཆོལ་ཁ་གསུམ་གྱི་མཐུན་ལམ་ལ་གནོད་པའི་བྱ་ངན་སོགས་།
    ཕུ་དཀྲུག་འདའ་དཀྲུག་མང་དག་བྱས་ཀྱིས་ཡོད་པས་།

    བོད་རིགས་སྤུན་ཟླ་སེར་སྐྱ་རྒན་གཞོན་ཚང་མས་ཡིད་གཟབ་གནང་གལ་ཆེ་བ་མཐོང་ངོ།
    དགེའོ་

    Reply
  14. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    དེ་སྔ་བལ་ཡུལ་ནང་བོད་པ་བཙན་བྱོལ་བ་དག་ལ་བསྡུ་འཛོམས་རང་དབང་ཅུང་ཡོད་ནའང་། སྤྱི་ལོ་ ༢༠༠༨ ལོ་ནས་བཟུང་ད་བར་བལ་ཡུལ་ནང་བོད་པ་བཙན་བྱོལ་བ་རྣམས་ལ་བསྡུ་འཛོམས་ཀྱི་རང་དབང་མེད་པ་མ་ཟད་བོད་པའི་མཐུན་མོང་མ་ཡིན་པའི་དུས་དྲན་ཁག་ལ་དྲགས་ཆགས་ཡོངས་སུ་སྤྲས་པའི་བལ་པོའི་ཉེས་རྟོགས་པ་དག་གི་བོད་པ་གནས་སྡོད་བྱེད་པའི་དགོན་པ་གྲྭ་ཚང་སོགས་མཐའ་བསྐོར་ནས་ཕྱི་ལ་མི་གཏོང་བ་སོགས་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་ཀྱང་།
    ཟླ་འདིའི་ཚེས་ཤར་ལ་བལ་ཡུལ་མདོ་སྟོད་མི་མང་གི་བསྡུ་འཛོམས་སྤྲོད་སྐྱིད་ཐུགས་དྲོ་ཟབ་རྒྱས་ཉིན་གསུམ་གཏང་ཡོད་པ་ཡིན། ཡ་མཚན་པ་ཞིག་ལ་བལ་ཡུལ་ཉེས་རྟོགས་པས་བཀའ་རྙོག་གཅིག་ཀྱང་བཤད་མེད། དེ་བས་ཀྱང་ཐུགས་སྤྲོ་དེར་ཤོ་སྦག་རྒྱན་འཛུགས་ཤུགས་ཆེན་བྱས་རྐྱེན་ནེ་སྒོར་འབུམ་བཅོ་ལྔ་བཅུ་དྲུག་ཤོར་བ་བྱུང་ཡོད་པས་དེ་དག་༸གོང་ས་མཆོག་གི་བཀའ་དང་ཡོངས་སུ་འགལ་བ་ཞིག་ཡིན་པས་དེ་དག་ལ་ངེས་པར་ཟབ་དགོས་པ་མ་ཟད། ད་ཆ་བོད་མི་མང་པོའི་སེམས་ནང་དེ་སྔོན་བལ་ཡུལ་བོད་མའི་འོས་ཤོག་ཉེས་རྟོགས་པས་བཙན་འཕྲོག་བྱས་པ་དེ་དོགས་གཞིའི་གནས་སུ་གྱར་ཡོད་པ་དང་། དེ་ཡང་མཆོད་རྟེན་ཁུལ་དུ་བཀའ་བློན་བཀྲས་མཐོང་ལ་རྒྱབ་བསྐྱོར་ཤུགས་ཆེན་ཡོད་ཀྱང་དེ་དག་བཙན་འཕྲོག་བྱས་ཡོད་པས་དེ་ནི་རྟེན་དབང་གི་བྱུང་བ་ཞིག་ཡིན་ནམ་ཡང་ན་ངན་ཇུས་གང་ཞིག་ཡོད་དོགས་འཆར་སྣ་ཚོགས་ཡོངས་བཞིན་ཡོད་པ་ཡིན། དེ་ནི་ཧ་ཅང་དངངས་ཚབ་སྐྱེ་དགོས་པ་ཞིག་ཏུ་གྱུར།

    Reply
  15. ཨ་མའི་བུ། says:
    ལོ་ 15 སྔོན།

    ཨ་རོགས་ཚོ་བློ་སེང་གིས་བཀོད་རྒྱུའི་བདེ་སྲུང་བཀའ་བློན་ད་ལྟ་ཨ་རི་ལ་འདུག

    Reply
  16. ཨ་མའི་བུ། says:
    ལོ་ 15 སྔོན།

    ཨ་རོགས་བློ་སེང་ཁྱེད་ཀྱིས་ཧམ་བཤད་བདག་ཧོན་ཐོར་ ༼༡༩༩༧ ལོར་ངས་ཨ་རིའི་ནང་འབུམ་རམས་པའི་སློབ་སྦྱོང་བྱེད་སྐབས། ཨ་རིའི་ནང་དུས་ཡུན་རིང་པོར་སྡོད་དགོས་པས། ཨ་རིའི་བྷོ་སི་ཊོན་བོད་རིགས་ཚོགས་པའི་ནང་དཔྱ་དངུལ་ཕུལ་བ་རེད། དེ་ནས་ངའི་བཟའ་ཟླ་དང་ངེད་གཉིས་ཀས་ཆད་ལྷག་མེད་པར་ས་གནས་འདི་རང་ལ་ཕུལ་བ་རེད།༽
    ཁྱེད་ཀྱི་དཔྱ་དངུལ་ག་ཚོད་སྤྲད་ཡོད་མེད་ག་དུས་སྤྲད་ཡོད་མེད་སྐོར་ལ་བདག་གིས་ཉིན་ཤས་རྗེས་སུ་རྒྱས་ཤིང་རྒྱས་པ་ཞིག་ཁྱེད་རྣམ་པའི་འདྲེན་བྱེད་དབང་པོར་བཤམས་རྒྱུ་ཡིན།
    བདག་་གིས་མུ་ཐུད་ནས་བློ་སེང་གི་སྐོར་ལ་ཞིབ་འཇུག་བྱ་དང་བྱེད་བཞིན་ཡོད།
    རྗེས་སུ་་་་་་་་་་་་།

    Reply
  17. བེ་རུ་བཀྲ་ཤིས says:
    ལོ་ 15 སྔོན།

    བློ་བཟང་སང་གེ་ལགས། བཀྲ་་ཤིས་བདེ་ལེགས། ཕ་བཟང་གི་བུ་ཁྱེད་ཀྱི་གསུངས་བ་བཞིན། བོད་རང་བཙན་མྱུར་དུ་རག་ནས་༸གོང་ས་མཆོག་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལ་རུ་མྱུར་ཕེབས་་ཡོང་བའི་སྨོན་འདུན་ཞུ།

    Reply
  18. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    མཁས་དབང་མཆོག་ལ་དྲི་བ་ཞིག་ཡོད། ཉིད་ནས་བཀའ་བློན་གྱི་ཐུགས་འགན་མ་བཞེས་གོང་ནས་བཀའ་བློན་ཕྱག་རོགས་བཅོ་ལྔ་བསྐོས་འཚར་བའི་གནས་ཚུལ་ཞིག་ཁ་བརྡ་དྲྭ་བའི་མཆན་བུའི་ནང་བཀོད་འདུག་པས་དེ་དག་སུ་དང་སུ་ཡིན་གསུངས་མཆོག་གམ།
    ད་ལྟའི་ཆར་བོད་གཞུང་ནང་བཀའ་བློན་བརྒྱད་ལས་མེད་ཀྱང་བཀའ་བློན་བཅོ་ལྔ་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
    ཉིད་ཀྱི་ལོ་རྒྱུས་ལ་ཞིགས་ན་དེ་སྔ་ལྡི་ལི་ཆུ་སྒང་གི་དྲུང་ཆེ་ནང་གནང་མྱོང་ཡོད་ཀྱང་ཉིད་ནས་དེའི་སྐོར་མི་མང་ལ་རྩ་བ་ནས་མི་ཤོད་པའི་རྒྱུ་མཚན་གང་ཡིན་ནམ།
    ཉིད་ཀྱི་སློབ་སྟོན་པ་གཙོ་བོ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་ཡིན་བཞིན་ཏུ་ད་དུང་མི་མང་ལ་ཟབ་གདོང་རིན་པོ་ཆེ་ཉིད་ཀྱི་སློབ་སྟོན་པ་ཞུ་ཡུལ་ཡིན་ཞེས་གསུངས་དགོས་པའི་རྒྱུ་མཚན་གཙོ་བོ་གང་ཡིན་ནམ

    Reply
  19. ཨ་མའི་བུ། says:
    ལོ་ 15 སྔོན།

    བློ་སེང་གིས་བོད་ནས་ སླེབས་པའི་མི་ཞིག་ཀྱང་བཀའ་བློན་དུ་འདེམས་རྒྱུ་ཡིན་ཞེས་པའི་བོད་ནས་ཕེབས་པའི་ བཀའ་བློན་ནི་དགའ་ལྡན་གྲྭ་བག་གྲོ་ལགས་རེད།
    དེ་མིན་བུད་མེད་ཡོད་པ་ ཞེས་པའི་བུད་མེད་གཅིག་ནི་ད་ལྡ་སྤྱི་འཐུས་ལས་ཐོག་པ་ཞིག་རེད། བུད་མེད་གཞན་པ་དེ་ད་ལྟ་ཕྱི་རྒྱལ་ལ་འཚོ་སྡོད་བྱེད་ཀྱི་ཡོད་རེད།
    ད་དུང་ངས་ཁོང་གིས་བཀའ་བློན་གཞན་པ་སུ་སུ་ཡིན་མིན་ངས་ཞིབ་འཇུག་བྱེད་བཞིན་ཡོད།
    རྗེས་སུ་་་་།

    Reply
  20. ཐོགས་མེད says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ་ལ་ཞུ་རྒྱུ་་་་་ང་ཚོའི་རྒྱལ་ཁབ་ཀྱི་བཀའ་ཁྲི་༢༠༡༡་ལོ་ཁོང་རྣམ་པ་གསུམ་པོ་གང་རུང་ངེས་པར་བཤད་མི་དགོས་པ་རེད་་་་དེས་ན་སོ་སོས་གང་འདོད་ལྟར་་་འོས་བླུག་པ་ལས་ཁོང་རྣམ་པ་གསུམ་ལ་དུས་རྟག་ཏུ་སྐྱོན་བརྗོད་མ་གནོངས་རོགས་ཡག་ཀྱང་འདྲ་སྡུག་ཀྱང་་འདྲ་མདོར་ན་བོད་ཀྱི་བཀའ་ཁྲི་ནི་ཁོང་གང་རུང་དུ་ངེས་པར་ཤེས་གསལ་རེད།་་་་་་སྐྱོན་ཆུང་ངུ་ཙམ་ཡང་མེད་པའི་བཀའ་ཁྲི་གཅིག་གལ་སྲིད་ཡོད་ན་ཁྱོད་རང་གིས་དང་པོ་ནས་མ་དཔྱད་པར་གང་ཡིན་་་་་་་ཐུགས་རྗེས་གཟིགས་་་གཞན་གྱི་ཕུན་ཚོགས་ལ་ཕྲག་དོག་མ་གནོངས་མ་རོགས་་་་་་་་་་་་་་་བོད་ཀྱི་རང་རྟགས་མ་སྟོན་རོགས་་་་་་་
    འཇིག་རྟེན་ཡོངས་ཀྱི་མ་ཤེས་གང་།་དེ་ནི་ཐུབ་པའི་ལྟ་བུའི་མངོན།

    Reply
  21. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ་ང་ཚོས་མཆན་སྤེལ་དུས་ངོ་མ་བསམ་བློ་ཡག་པོ་ཞིག་གཏོང་རོགས་ག་དུས་ཡིན་ཡང་ཁ་ཆགས་སྣ་རལ་ཁོ་ན་བརྗོད་ན་དགོས་པ་དང་རྒྱུ་མཚན་ཅི་ཡོད་དམ།

    ང་རང་ཚོ་བོད་པས་བོད་པའི་མ་འོངས་པའི་བཀའ་ཁྲི་ཞིག་ནག་པོ་བཟོས་ཐབས་ཁོ་ན་བྱས་ན་དེ་ནི་དགྱ་གུང་ཁྲན་ལ་མཁོ་བའི་གཏམ་ཞིག་མ་རེད་དམ། རྗེས་སུ་གུང་ཁྲན་ཏང་གིས་ལག་ཆ་དེ་འཁྱེར་ནས་ང་ཚོར་ཚུར་རྒོལ་བྱེད་ངེས་རེད་སྙམ།

    Reply
  22. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    ཨ་མའི་བུ་ཟེར་བ་འདིའི་སྒོར་ག་ཚོད་རག་པ་ཡིན་ནམ་།
    སྤྱི་ཚོགས་ནང་ཕུ་དཀྲུག་འདའ་དཀྲུག་མང་དག་བྱེད་ཀྱི་འདུག་།

    Reply
  23. yama says:
    ལོ་ 15 སྔོན།

    ཨ་མའི་བུ་ཁྱོད་རངགིེས་བློ་སེང་ནས་ལྡི་ལི་ཆུ་བཞི་སྒང་དྲུག་གིས་ཆེད་མངག་ཕོ་གསར་དྲུག་བདུན་ཞིག་ལ་དངུལ་སྤྲད་དེ་ བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་འདྲ་པར་དེར་མཐོང་རྒྱུ་མེད་པ་བཟོས་ཡོད་ཞེས་པའི་སྐད་ཆ་དེར་དཔང་རྟགས་ཡོད་དམ་།ནང་ཁུངས་མ་དཀྲུག་ན་བཟང་།

    Reply
  24. ཨ་མའི་བུ། says:
    ལོ་ 15 སྔོན།

    ངས་བཀའ་ཁྲིའི་འོས་མི་ ཁོང་གཉིས་ཀྱི་སྐོར་ལ་མང་པོ་ཞིག་ཀློག་སྟེ་བསམ་གཞིགས་ཀྱང་མང་པོ་ཞིག་བྱས་པ་ཡིན། བློ་བཟང་སེང་གེ་ལྟ་བུ་མཚོན་ན། ང་ཚོ་བོད་རིགས་ཤིག་དངོས་གནས་ཧར་ཝར་ཌེ་གཙུག་ལག་ལ་ཁྲིམས་ཀྱི་སློབ་ཐོན་བྱུང་པ་ ནི་ཧ་ཅང་གི་ཡག་པོ་རེད་བསམ། ཡིན་ན་ཡང་ཁོང་རང་གི་སྟག་ཏུ་འུར་ཤོབ་ཆེན་པོ་བཤད་འདུག དཔེར་ན་ཁོང་རང་གི་ངོ་སྤྲོད་དེབ་ལྗང་ཁུ་དེའི་ནང་ལ་ཡང་དབུས་གཞོན་ནུ་ལྷན་ཚོགས་ ཀྱི་རྒྱུན་ལས་ཆུང་ཤོས་ཡིན་ཟེར་བ་དང་༢༠༠༣་ལོར་སྔོན་དུས་སུ་གང་གིས་གོ་སྒྲིག་ བྱེད་མ་མྱོང་༸གོང་ས་མཆོག་དང་རྒྱ་ནག་གི་མཁས་དབང་དབར་མཇལ་འཕྲད་ཀྱི་གོ་སྒྲིག་བྱས་ཟེར་བ་སོགས་མང་པོ་ཞིག་བྲིས་འདུག དེ་དག་དངོས་ཡོད་གནས་ཚུལ་མ་རེད།

    བློ་བཟང་སེང་གེ་ལགས་དངོས་ཡོད་ཀྱི་གནས་ཚུལ་རྡ་ས་ཆོས་བཞི་སྒང་དྲུག་ཆེ་ལོ་གཅིག་དང་ཕྱེད་ཀ་ཙམ་བྱས་མྱོང་བའི་ཁོང་རང་གིས་མི་བཤད་པ་མ་ཟད་དེབ་ལྗང་ཁུ་དེའི་ནང་ལ་ཡང་རྩ་བ་བཀོད་མི་ འདུག

    ལྡི་ལི་མན་ཇུ་ཁྲི་ལི་སོགས་ལ་བཀའ་ཁྲི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་འདྲ་པར་གྱང་ སྡེབས་སོགས་ལ་རྩ་བ་ནས་མཐོང་རྒྱུ་མེད། ལྡི་ལི་ཆུ་བཞི་སྒང་དྲུག་གིས་ཆེད་མངག་ཕོ་གསར་དྲུག་བདུན་ཞིག་ལ་དངུལ་སྤྲད་དེ་ བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་འདྲ་པར་དེར་མཐོང་རྒྱུ་མེད་པ་བཟོས་ ཡོད། དེའི་ཐོག་ནས་ང་ཚོས་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་དང་བློ་བཟང་སེང་གེའི་བར་གྱི་ འབྲེལ་བ་བསམས་གཞིགས་ཤིག་མ་བྱས་རང་བྱས་འཁེལ་སོང།

    Reply
  25. ཨ་མའི་བུ། says:
    ལོ་ 15 སྔོན།

    ང་ནི་བློ་བཟང་སེང་གེ་བཀའ་ ཁྲིར་བདམས་པ་ཡིན་ན་ཞེས་ནི་རེད། ན་ནིངས་གྲོས་ཚོགས་ནང་ལ་དཔུང་ཁག་བསྒྲིགས་ཏེ་གྲོས་ཚོགས་ཚུགས་མི་ཐུབ་པ་དགྲ་དགའ་སྙིང་སྡུག་བཟོས་སོང། ད་ལོ་བཀའ་ཁྲི་དཔུང་ཁག་སྒྲིག་མཁན་ཞིག་འདེམས་པ་ཡིན་ན། ན་ནིངས་ཀྱི་གནས་ཚུལ་ལྟར་ཡོང་རྒྱུར་ངེས་པས། ང་ཚོས་བསམ་བློ་་་་་་་་་་་་་་་་།

    Reply
  26. ཨ་མའི་བུ། says:
    ལོ་ 15 སྔོན།

    གྲོགས་པོ་ཚོ་ཁྱེད་ཚོས་༼ང་རང་མི་གཅིག་ཡིན་པ་ཡིན་ནའང་འདིར་དཔུང་སྒྲིག་པ་སླེབས་པ་ཡིིན༽ཞེས་པ་དེ་ཐེངས་གཅིག་ཉོན་དང་དེ་ནས་ཨ་ཕོ་བློ་སེང་མི་གང་འདྲ་ཡིན་མིན་ལ་བསམས་གཞིགས་སམ་བློ་སྟོབས་གསར་བ་ཞིག་སྟེར་ངེས།

    དྲ་རྒྱའི་ཁ་བྱང་ནི་འདི་རེད། http://www.khabdha.org/?p=13559

    Reply
  27. Ngawang Norbu says:
    ལོ་ 15 སྔོན།

    ༄༅། །ཨ་མའི་བུ་ཞུ་བ་ཁྱེད་ལ་དྲི་བ་ཞིག་ཡོད། དྲི་བ་ནི། ཁྱེད་རང་གིས་གོང་དུ་བསམ་ཚུལ་ལམ་ཡང་ན་རྐྱོན་འཛུག་ག་རེ་ཡིན་ཀྱང་ལྡི་ལི་”ཆོས་བཞི་སྒང་དྲུག་”ཟེར་བ་དེ་ཆོས་བཞི་དེ་ག་རེ་ག་རེ་རེད་གསུངས་རོགས་གནང་། དེ་ནི་སློབ་སྦྱོང་གསར་པ་ཞིག་རག་ངེས་རེད། “ཆུ་”བཞི་སྒང་དྲུག་ནི་ཤེས་ཀྱི་ཡོད། ཡིན་ན་ཡང་”ཆོས་བཞི་”གོ་མྱོང་མེད།

    Reply
  28. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཨ་མའི་བུ་ལགས་་་་ཁྱེད་རང་་མཁས་དབང་ བློ་སེང་ལགས་ཀྱིས་ཁོང་རང་གཏམ་བཤད་ཉན་དུ་གང་སར་ཕྱིན་པ་ཡིན་ན་
    ཁྱེད་ཀྱི་དོག་པ་དེ་ཁོང་ལ་བཀའ་འདྲི་མི་གནང་བར་ཅི་ཡིན་ནམ

    ད་འཆར་གཏམ་བཤད་དེ་མི་སེམས་མ་དཀྲུག་ན་བཟང་།

    Reply
  29. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    http://www.kalontripafortibet.org དགོངས་པ་མ་ཚོམས། ཀློག་ཀླད་ཀྱི་སྐྱོན་རེད་འདུག། ད་ངའི་བོད་ཡིག་མཐོང་སོང

    Reply
  30. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    གང་ལྟར་ཀྱང་མཐའ་མའི་འོས་གཞིའི་ནང་མི་གསུམ་རང་རེད། མང་མེད་ལ་ཉུང་ཡང་མི་འདུག།འོན་ཀྱང་དེའི་ནང་གཞོན་རབ་པ་གཅིག་ལས་མེད་པ་བློ་ཕབ་པ་ཞིག་རེད། དེ་རིང་ལས་དཀའ་མེད་ཐག་ཆོད་ནས་མཁས་དབང་བློ་སེང་ལགས་ལ་དྲི་བ་བཅུ་ཞེས་པ་འདི་ལ་བལྟ་བཞིན་ཡོད། དྲི་བ་༣་ལན༼ རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱབ་སྐྱོར་འཚོལ་ཐབས། རྒྱ་གར་དབུས་གཞུང་གི་རྒྱབ་སྐྱོར་རྒྱུན་གནས་ཐུབ་ཐབས་དང༽
    དྲི་བ་༤་བའི་ནང་༼འབྱུང་འགྱུར་གྱི་ལོ་ ༥༠ ནང་ང་ཚོས་གཞན་རྟེན་གྱི་བསམ་བློ་དོར་ནས་རང་མགོ་རང་ཐོན་ཆགས་པ་བྱ་དགོས།༽ཞེས་གསུངས་འདུག་ན། དྲི་བ་གཅིག་ཡོད་་་་་་་མཁས་དབང་ཁྱེད་འབྱུང་འགྱུར་གྱི་བཀའ་ཁྲིར་སླེབ་ནརྒྱ་གར་གཙོའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་རྒྱབ་སྐྱོར་འཚོལ་ཐབས་བྱེད་རྒྱུ་ཡིན་ནམ་ཡང་ན་གཞན་རྟེན་གྱི་བསམ་བློ་དོར་དེ་མི་རྐྱང་རྟ་རྐྱང་གི་རང་མགོ་རང་ཐོན་བྱེད་རྒྱུ་ཡིན།

    དྲི་བ་༦་པའི་དཔྱ་དངུལ་ལག་དེབ་ཀྱི་ཁྲལ་སྤྲད་ཡོད་སྐོར་གསུངས་སྟངས་ལ་། དཔྱ་ཁྲལ་སྤྲད་པ་དེ་རང་ཉིད་ཀྱི་མདུན་ལམ་གྱི་རྒྱུད་རིམ་ཆེད་དུ་ཡིན་པ་ལས་གཞན་མི་འདུག་ཀྱང་། དེབ་སེར་པོའི་ཐོག་འགྲུམ་འགྲིལ་བྱེད་བཞིན་པ་དེ་ལ་ཡི་རིང་ཞུ་གིན་ཡོད།

    Reply
  31. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    བློ་སེང་ཁྱེད་རང་བཀའ་ཁྲི་ཐོབ་རྒྱུ་བོད་རིགས་སྤུན་སྲིང་གཞོན་ཀུན་གྱིས་འདོད་པ་ཡིན་ནོ།།

    Reply
  32. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    ཨ་མིའི་བུ་ལགས་།
    ཁྱེད་ཀྱིས་རྙོག་གླེང་དེ་ཆུ་སྒང་གསར་རྙིང་དཀྲུག་ཤིག་རང་ལས་།
    བོད་གཞུང་ལ་ཕན་ཐོག་དང་བློ་སེང་ལ་སྐྱོན་བརྗོད་བྱས་ཁུལ་ཧཧཧཧ།

    བླུག་དང་མ་བླུག་སོ་སོའི་རང་དབང་རེད་ལོ་
    ཨུག་ཚུག་རྒྱབ་མཁན་སུ་ཡང་མེད་ཧཧཧཧཧཧོ།

    Reply
  33. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    མཁས་པ་མཁས་པའི་ནང་དུ་མཛེས་།
    ཟེར་བ་བཞིན་དུ་མཁས་དབང་བློ་སེང་མཆོག་མ་འོང་བཀའ་ཁྲིའི་འགྲེན་རྩོད་ལས་རྒྱལ་ཁ་ཐོབ་པའི་སྨོན་འདུན་ཞུ་།

    Reply
  34. ཨ་མའི་བུ། says:
    ལོ་ 15 སྔོན།

    ཁ་བརྡ་དྲ་ཁང་ནས་བཤུས།
    http://www.khabdha.org/?p=14322#comments
    ༢༽ དོན་གྲུབ་ཚེ་རིང་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢༠ གི་ཆུ་ཚོད་ ༠ སྐར་མ་ ༠༦

    ང་ཡང་ད་ལོའི་བཀའ་ ཁྲི་དེ་མི་རབས་གསར་བ་གཞོན་སྐྱེས་ཤིག་དགོས་ཀྱི་འདུག་ཞེས་འུར་སྒྲོག་མཁན་གྱི་ གྲས་ཤིག་ཡིན། དེ་མ་ཟད་གང་ཟག་གཞན་དང་སློབ་མ་ཁག་ལ་འབོད་སྐུལ་བྱ་མཁན་ཞིག་ཀྱང་ཡིན། དེ་རྗེས་དྲ་ལམ་ཁག་ཏུ་མཁས་དབང་བློ་སེང་ལགས་ལ་རྒྱབ་སྐྱོར་བྱ་མཁན་དང་་དགག་བྱ་ བྱེད་མཁན་མང་བོ་གྲོག་ཚང་བརྡོལ་བ་ལྟར་རིམ་བཞིན་ཐོན་སོང་། དེར་བརྟེན་ངས་མཁས་དབང་བློ་སེང་གི་སྐོར་ལ་ཞིབ་འཇུག་ཕྲན་བུ་ཞིག་བྱས་པ་ཡིན། ཁོང་རང་མི་འུར་ཤོབ་ཚ་བོ་དང་ལྡི་ལི་ཆོས་བཞི་སྒང་དྲུག་དང་འབྲེལ་བ་ཡོད་མཁན་ ཞིག་རེད་འདུག
    ལྡི་ལི་ཆོས་བཞི་སྒང་དྲུག་གི་གཙོ་བོ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་ལགས་རེད།
    རྒྱུ་མཚན་དུ་མ་ཞིག་བརྟེན་ཏེ་ངའི་རིན་བྲལ་གྱི་འོས་ཤོག་དེ་ད་མཁས་བློ་བཟང་སེང་གེ་ལ་བླུགས་ཀྱི་མིན།

    ཡིན་ནའི་བདག་མཁས་དབང་ བློ་སེང་ལགས་ཀྱིས་ཁོང་རང་གཏམ་བཤད་ཉན་དུ་གང་སར་ཕྱིན་པ་ཡིན་ཁོ་ཆོས་བཞི་སྒང་ དྲུག་གསར་པའི་དྲུང་ཆེ་བྱ་མྱོང་བའི་རྩ་བ་ནས་གསུང་གིན་མི་འདུག
    དེར་མ་ཟད་ཁོང་རང་ངོ་སྤྲོད་དེབ་ལྗང་ཁུ་དེའི་ནང་ལའང་བཀོད་མི་འདུག

    དེའི་རྒྱུ་མཚན་ཞིག་གསུང་རོགས་གནང།

    Reply
  35. ཨ་མའི་བུ། says:
    ལོ་ 15 སྔོན།

    བློ་སེང་ཁྱེད་རང་གི་བོད་ནས་སླེབས་པའི་མི་ཞིག་བཀའ་བློན་ནང་ལ་བཀོད་ཀྱི་ཡིན་ཞེས་བརྗོད་ཀྱི་འདུག བོད་ནས་སླེབས་པའི་མི་དེ་དགའ་ལྡན་བག་གྲོ་རེད་ཟེར་གྱི་འདུག་དེ་གནས་རེད་དམ། ལན་ཁ་གསལ་བརྗོད་རོགས།

    Reply
  36. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོས་བོད་པའི་རིན་ཐང་ཅན་གྱི་མིང་ཚིག་དེ་བེད་སྤྱོད་གང་བྱུང་མི་གཏོང་རོགས།

    Reply
  37. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    དུབ་བབ་ཚང་གི་བློ་སེང་གི་དྲི་བ་རྙིང་པ་རྣམས་དང་མཁས་དབང་ཁོང་གི་འདྲ་པར་ཁྱབ་བསྒྲགས་གནང་བར་དགོས་པ་རྒྱུ་མཚན་ཡོད་ད་ཡོད།

    བློ་བཟང་སེང་གེ་ཟེར་བའི་མཁས་དབང་དེ་བོད་ཀྱི་ཐུན་མིན་རིག་གཞུང་རིག་གནས་ཆེ་ཁག་དང་ཆུང་ཁག་གང་ལ་མཁས་པ་རེད། ཁོང་བོད་པའི་མཁས་དབང་རེད་ད།
    གལ་ཏེ་ཁོང་ངའི་ས་ཆར་སླེབས་ཏེ་མི་མང་ལ་དྲི་བ་དྲི་ལན་གནང་ཚེ་ངས་ཁོང་ལ་དྲི་བ་ཞིག་ཡོད་པ་ནི་དུས་བབ་དྲ་སྟེང་དུ་ཁྱེད་ཀྱི་མིང་ཅན་ནས་རྩོམ་བྲིས་སམ་བསམ་ཚུལ་བོད་ཡིོག་ཐོག་ཡོད་པའི་བོད་དྲུང་སུ་རེད་ཅེས་པ་དེ་རེད།

    Reply
  38. གླང་དར་མ། says:
    ལོ་ 15 སྔོན།

    ལྷག་བསམ་དང་ཤེས་ཡོན་གཉིས་ལྡན་གྱི་མཁས་དབང་མཆོག་རྣམ་པར་རྒྱལ་བར་སྨོན། བོད་རྒྱལ་ལོ།

    Reply
  39. ལྗང་གཞོན། says:
    ལོ་ 15 སྔོན།

    མཁས་དབང་ཟེར་མཁན་གྱི་མི་འདི་ཚོས། མཁས་དབང་ངམ་མཁས་པའི་དབང་བོ་ཞེས་པའི་ཚིག་དོན་ཙམ་ལའང་གོ་ཤེས་ཤིག་ཡོད་ན། ཁོ་ཚོའི་ཁ་ན་ཅི་འདྲའི་མཁས་དབང་མང་བ་ལ།

    བོད་ཀྱི་ཡིག་རྨོངས་པའི་གྲོང་སྡེ་ཚོའི་ནང་དུ་ཁ་བེད་ལྕེ་བདེ་ཅན་གྱི་སྡེ་དཔོན་དང་གཏམ་བཤད་ལ་བྱང་ཆ་ཡོད་པ་ཚོར་མཁས་པ་ཟེར་བ་ལྟར། བཙན་བྱོལ་དུ་ཆེས་སྦྱོང་བ་ཁོང་ལྟ་བུ་ལ་མཁས་དབང་ཟེར་བ་གཉིས་ཅི་འདྲའི་ཡིད་སྐྱོ་བའི་གནས་ཤིག་རེད་ཨང་།

    Reply
  40. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བློ་སེང་ལགས་བཀའ་ཁྲི་ཐོབ་པའི་སྨོན་འདུན་ཡོད། བཀྲ་ཤིས་བདེ་ལེགས། །

    Reply
  41. རིག་འཛིན། says:
    ལོ་ 15 སྔོན།

    མཁས་དབང་ཁྱེད་ལ་སླད་མེད་ཀྱི་འཚམས་འདྲི་ཞུ་བཞིན་ཡོད་དྭ།

    Reply
  42. མཁས་མཁས། says:
    ལོ་ 15 སྔོན།

    བསམ་ཤེས་ཅན་ཞིག་དང་བོད་དོན་ལ་སེམས་ཁུར་ཡོད་མཁན་ཞིག་ཡིན་ན་དགའ་བ་དང་ཡི་རང་བསྔགས་བརྗོད་འོས་པའི་གནས་སུ་མཐོང་ངེས་་་་་་་་་་་་་་་་
    འབྱུང་འགྱུར་གྱི་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཡོད་་་་་་་་་་་་

    Reply
  43. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    མཁས་དབང་མཆོག་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  44. མི་ཉག་བཙན་པོ says:
    ལོ་ 15 སྔོན།

    མཁས་དབང་མཆོག་གི་བཀའ་ལན་རྣམས་ཀྱིས་མཁས་དབང་ཁོང་གི་སློབ་སྦྱོང་དང་སེམས་ཤུགས།སྤོབས་པ་དང་མཐོང་རྒྱ་སོགས་ཀྱིས་ཤེས་ཡོན་ཧ་ཅང་ཟབ་པོ་ཡོད་པ་མཚོན་པ་བརྟེན།བསམ་ཤེས་ཅན་ཞིག་དང་བོད་དོན་ལ་སེམས་ཁུར་ཡོད་མཁན་ཞིག་ཡིན་ན་དགའ་བ་དང་ཡི་རང་བསྔགས་བརྗོད་འོས་པའི་གནས་སུ་མཐོང་ངེས་རེད།
    མ་འོང་འབྱུང་འགྱུར་གྱི་ལོ་ལྔ་ནང་མཁས་དབང་ཁོང་གི་བཀའ་ཁྲིའི་མཚན་
    ཐོག་ནས།བོད་མི་དམངས་ལ་ཕན་པའི་ཕྱག་ལས་གནང་ཐུབ་པའི་ཡིད་ཆེས་
    དང་རེ་བ་ཡོད་པ་ནི་ཕྲན་ཙམ་ག་ལ་ཡིན། འོན་ཀྱང་དགོངས་འཆར་ཡོད་པ་བཞིན་ལས་དོན་རྣམས་ལེགས་འགྲུབ་ཡོང་
    ཐུབ་མིན་ནི་ཁོག་གི་ཕྱག་སྦྲེལ་བཀའ་སློན་རྣམ་པ་དང་མི་དམངས་ཀྱི་དངོས་
    ཚབ་སྤྱི་འཐུས་རྣམས་ཀྱིས་ལྷག་བསམ་དང་དྲང་བདེན་ལ་འབྲེལ་བ་ཡོད་པ་དང་དེ་དག་གིས་རྒྱབ་སྐྱོར་དང་ཐག་གཅོད་ལ་རང་ལས་པས།་འབྱུང་འགྱུར་གྱི་སྤྱི་འཐུས་ནི་ཤིན་ཏུ་ནས་གལ་ཆེ་བ་ལགས་ན་མི་དམངས་རྣམས་ཀྱིས་དེ་བཞིན་
    དགོངས་པ་བཞེས་ཕྱོགས་མ་ནོར་བ་གནང་དགོས༎

    Reply
  45. ཕོ་རྒོད། says:
    ལོ་ 15 སྔོན།

    མཁས་དབང་མཆོག་ལ་བཀྲིས་བདེ་ལེགས་ཞུ།

    Reply
  46. ལྷུན་འགྲུབ། says:
    ལོ་ 15 སྔོན།

    མི་གཉིས་ཀྱི་ནང་ནས་སྐབས་འདིར་ཤིན་ཏུ་འོས་པ་དེ་ཁྱོད་རང་རེད་། ང་ཚོའི་འོད་རང་གི་
    ཁྱོགས་སུ་ཡོད་པས། དུས་ནམ་ཡང་ མགོ་མ་འཁོར། དཔའ་མ་ཞུམ་། གསོན་ཤུགས་ཅན་གྱི་
    ན་གཞོན་ལགས།

    Reply
  47. ཤག་སྒང་པ། says:
    ལོ་ 15 སྔོན།

    དྲི་བ་འདི་རྣམས་བློ་བཟང་མཆོག་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་འདུག མ་འོངས་པའི་བཀའ་ཤག་གི་སྒྲོམ་གཞི་ཡང་ཁ་གསལ་ཙམ་འདུག ཕལ་ཆེར་བཀའ་ཁྲི་ཁོང་ཉིད་དུ་ངེས་པས་ད་དུང་ང་ཚོར་དུས་ཚོད་ཡོད་པས། ང་ཚོས་ད་དུང་མང་ཙམ་གླེང་དགོས་པ་གལ་ཆེན་དུ་མཐོང་།

    Reply
  48. མདོ་སྨད་པ་རིག་རྒོད། says:
    ལོ་ 15 སྔོན།

    མཁས་དབང་མཆོག་ལ་བཀྲ་ཤིས་བདེ་ལེགས་དང།

    དྲ་བ་ཁག་ལ་གནད་འཁེལ་གྱི་གྱིས་བཀའ་ལེན་བྱུང་འདུག་པས་
    ཕྲན་རང་འདོད་བློ་ཡོངས་སུ་ཚིམ་།
    འབྱུང་འགྱུར་གྱི་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཡོད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese