སུའུ་ཌན་དབྱིན་ཇིའི་འོག་ནས་ ༡༩༥༦ ལོར་རང་བཙན་ཐོབ་རྗེས་སུའུ་ཌན་བྱང་མ་ཨ་རབ་མི་རིགས་དང་ཁ་ཆེ་ཆོས་ལུགས་པ་དག་གིས་ལྷོ་ཁུལ་གྱི་ཨ་ཧྥི་རི་ཀའི་མི་རིགས་ལ་གཉའ་གནོན་དང་མི་རིགས་དབྱེ་འབྱེད་ཀྱིས་དྲན་གཡོག་ལམ་ལུགས་ལག་བསྟར་བྱས་ཏེ། སུའུ་ཌན་ལྷོ་བྱང་གཉིས་བར་དུས་རབས་ཕྱེད་ལྷག་རིང་ནང་འཁྲུག་བྱུང་སྟེ། མང་ཚོགས་ས་ཡ་གཉིས་ལྷག་ཤི་རྨས་བྱུང་ཡོད།
མཐར་ ༢༠༠༥ ལོར་ལྷོ་བྱང་གཉིས་གྲོས་མོལ་ཐོག་ཞི་བའི་གྲོས་མཐུན་ལ་མིང་རྟགས་བཀོད་དེ། ལྷོ་བྱང་གཉིས་མཉམ་གནས་དང་། ཡང་ན་སོ་སོར་རང་བཙན་བྱ་རྒྱུའི་རང་ཐག་རང་གཅོད་ཀྱི་དབང་ཆ་ཡོད་ཅེས་བཀོད་ཡོད་སྟབས། སུའུ་ཌན་ལྷོ་ཁུལ་མི་མང་ཕལ་ཆེ་བས་རང་བཙན་ལ་འོས་ཤོག་བླུགས་ཏེ་ ༢༠༡༡ ལོའི་ཟླ་ ༡ པོའི་ནང་མཐའ་མའི་ཐག་གཅོད་བྱ་རྒྱུ་བྱུང་ཡོད་པ་རེད།
གཟའ་འཁོར་འདིའི་རེས་གཟའ་ཉི་མའི་ཉིན་ནས་ཉིན་བདུན་རིང་མང་མོས་འོས་བསྡུ་བྱས་ཏེ། སུའུ་ཌན་ལྷོ་ཁུལ་མང་ཚོགས་ལ་རང་བཙན་ཐོག་བསྐྱོད་རྒྱུ་ཡིན་ནམ། ཡང་ན་སྔར་བཞིན་སུའུ་ཌན་ལྷོ་བྱང་གཉིས་གཅིག་གྱུར་འོག་སྡོད་རྒྱུའི་མཐའ་མའི་ཐག་གཅོག་བྱ་རྒྱུ་དང་། འོས་བསྡུ་འདི་ནི་སུའུ་ཌན་ལྷོ་ཁུལ་གྱི་མང་ཚོགས་ཀྱི་འདོད་མོས་ལྟར། འབྱུང་འགྱུར་སུའུ་ཌན་ལྷོ་བྱང་གཉིས་གཅིག་གྱུར་འོག་སྡོད་རྒྱུ་ཡིན་ནམ། ཡང་ན་སོ་སོར་རྒྱལ་ཁབ་རང་བཙན་བྱ་རྒྱུ་གང་ཡིན་མང་མོས་འོས་བསྡུ་བྱ་གཏན་འཁེལ་བ་ཞིག་ཡིན་འདུག
སུའུ་ཌན་ལྷོ་ཁུལ་གྱི་དཔལ་འབྱོར་གནས་བབ་ཧ་ཅང་སྐྱོ་བོ་ཡིན་ལ། འབྲི་ཀློག་ཤེས་པའི་མང་ཚོགས་ཀྱི་བརྒྱ་ཆ་ ༡༥ ཙམ་དང་། འབྲིང་རིམ་སློབ་མཐར་ཕྱིན་པ་བརྒྱ་ཆ་ ༢ ཙམ་ལས་ཟིན་མེད་སྟབས། འདས་པའི་ཟླ་གཉིས་རིང་འོས་བསྡུའི་དེབ་སྐྱེལ་གྱི་ལས་རིམ་ཐོག་དཀའ་ངལ་ཆེན་པོ་ཕྲད་ཡོད་འདུག་ལ། ད་ཆར་བདེ་སྐྱེལ་ཟིན་པ་ས་ཡ་ ༤ ཙམ་ཡོད་པ་དང་། དེ་དག་ལས་མི་ཆིག་འབུམ་ཆིག་ཁྲི་ལྷག་སུའུ་ཌན་བྱང་ཕྱོགས་སུ་གནས་སྡོད་སུའུ་ཌན་ལྷོ་ཁུལ་གྱི་མི་དང་། མི་ ༦༠༠༠༠ ཙམ་ཨ་རི་གཙོས་ཕྱིའི་རྒྱལ་ཁག་ཏུ་ཡོད་པའི་སུའུ་ཌན་ལྷོ་བ་ཡིན་འདུག
སུའུ་ཌན་ལྷོ་ཁུལ་གྱི་མང་ཚོགས་ཕལ་ཆེ་བ་ཡིག་རྨོངས་པ་ཡིན་སྟབས། འགེང་ཤོག་སྟེང་རི་མོ་གཉིས་བྲིས་ཡོད། ལག་པ་རྐྱོང་པ་དེས་ལྷོ་ཁུལ་ལ་རྒྱལ་ཁབ་རང་བཙན་དགོས་ཀྱི་ཡོད་པའི་མཚོན་རྟགས་དང་། ལག་པ་གཉིས་མཉམ་དུ་འཐམ་ཡོད་པ་དེས་ལྷོ་བྱང་གཉིས་མཉམ་གནས་དགོས་པའི་མཚོན་རྟགས་ཡིན་འདུག
གསར་འགོད་པ། བནྡེ་སྐྱབས།