མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བློན་ཁྲི་པའི་བགྲོ་གླེང་ལ་དཔྱད་པ། – ཐུབ་བསྟན་དབྱིག་གཉེན།

བོད་ཀྱི་དུས་བབ།
༢༠༡༡/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

བཀའ་བློན་ཁྲི་པའི་དངོས་གཞིའི་འོས་བསྡུའི་བརྒྱུད་རིམ་ནང་མང་ཚོགས་ཀྱི་མདུན་སར་བཀའ་བློན་ཁྲི་པའི་འོས་མི་གསུམ་གྱི་བགྲོ་གླེང་ཚོགས་འཛོམས་དང་པོ་དེ་ཨ་རིའི་གྲོང་ཁྱེར་ཆེ་མོ་ནེའུ་ཡོག་གྲོང་ཁྱེར་དུ་གོ་སྒྲིག་གནང་ཐུབ་པ་དེ་ལ་ལྟ་ཕྱོགས་གཉིས་ཡོད། གཅིག་ནི་གྲོང་ཁྱེར་དེ་ཨ་རིའི་གྲོང་ཁྱེར་ནང་ནས་དཔལ་འབྱོར་དང་ཚོང་རའི་ཐོག་སྐད་གྲགས་ཆེ་བའི་གྲོང་ཁྱེར་ཞིག་ཡིན་ནའང་། དེར་འཛམ་གླིིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསྟི་གནས་ཡོད་པ་མ་ཟད། རྒྱལ་ཚོགས་ནང་རྒྱ་ནག་གི་གཞུང་ཚབ་ཆེ་མོའི་ལས་ཁུངས་ཀྱང་ཡོད། གྲོང་ཁྱེར་དེར་བཀའ་བློན་ཁྲི་པའི་འོས་མི་ཚོའི་བར་བགྲོ་གླེང་གོ་སྒྲིག་གནང་ཐུབ་པ་དེས་བཙན་བྱོལ་ནང་བོད་མི་ཚོས་འཛམ་གླིང་སྤྱི་མཚུངས་ཡར་ཐོན་ཅན་གྱི་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་བཞིན་པ་དེ་རྒྱ་ནག་གི་གཞུང་ཚབ་ལ་བརྡ་གཏོང་ཐུབ་པ་བྱུང་ཡོད། དེ་ནི་བཙན་བྱོལ་བོད་མིའི་མང་གཙོའི་གཟི་བརྗིོད་དེ་རེད། གཉིས་ནི་གྲོང་ཁྱེར་དེ་ནི་བྱང་ཨ་རིའི་ནང་བོད་མིའི་འདུས་སྡོད་ཆེ་ཤོས་དེ་ཡིན་པས་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་བཀའ་བློན་ཁྲི་པའི་འོས་བསྡུར་མཉམ་ཞུགས་བྱ་རྒྱུར་བོད་མི་ཚོ་གྲ་སྒྲིག་ཡིན་པ་དེ་ར་འཕྲོད་བྱས་ཡོད། དེར་བརྟེན་གོ་སྒྲིག་གནང་མཁན་ཚོར་ལེགས་གསོལ་དང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

 

འོན་ཀྱང་བགྲོ་གླེང་གོ་སྒྲིག་གནང་ཕྱོགས་ལ་ད་དུང་ཡར་རྒྱས་གཏོང་དགོས་པའི་གནད་དོན་མང་པོ་མཐོང་བྱུང་། དེ་དག་ནི་རང་ཉིད་ཀྱིས་བགྲོ་གླེང་དེ་དྲ་རྒྱའི་ཐོག་མཐོང་བའིི་འཆར་སྒོ་ཙམ་ཞིག་ཡིན་པ་ལས་དངོས་སུ་བགྲོ་གླེང་ཚང་འཛོམ་ཐོག་བཅར་ཐུབ་མེད་སྟབས། ས་གནས་ཀྱི་དངོས་ཡོད་གནས་སྟངས་ཇི་བཞིན་ཞུ་ཐུབ་མེད། བགྲོ་གླེང་དངོས་གཞི་མགོ་འཛུགས་མ་གནང་གོང་ས་གནས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་བཀའ་བློན་ཁྲི་པའི་འོས་མི་གསུམ་གྱི་ལོ་རྒྱུས་ངོ་སྤྲོད་གནང་བར་རྒྱས་བསྡུས་ལ་ཁྱད་པར་འདུག རྒྱུན་སྲོལ་ལ་ཆབ་སྲིད་ཀྱི་བགྲོ་གླེང་ཚང་འཛོམས་འདི་འདྲར་ངོ་སྤྲོད་ཀྱི་ལོ་རྒྱུས་གང་ཐུབ་ཀྱིས་ཐུང་བ་གསུང་ཐུབ་ན་དེར་དགེ་མཚན་ཡོད་ཅིང་། མང་དྲགས་ན་འཆད་ལྷག་གི་སྐྱོན་ཡོང་གི་ཡོད། ལྷག་པར་ཆབ་སྲིད་ཀྱི་འགྲན་སྡུར་འདི་ལྟ་བུར་འོས་མིའི་ལོ་རྒྱུས་མང་ཚོགས་ལ་འགྲེལ་བཤད་བྱས་ན། དེས་མིའི་བསམ་བློན་ཤུགས་རྐྱེན་བྱེད་ཉེན་ཡོད་པས་དེ་རིགས་མ་འོངས་པར་འཛེམ་དགོས་པ་གལ་ཆེ་མཐོང་།

 

ནེའུ་ཡོག་གི་བཀའ་བློན་ཁྲི་པའི་བགྲོ་གླེང་གོ་སྒྲིག་གནང་མཁན་དང་གཙོ་སྐྱོང་བ་གཉིས་ལ་བགྲོ་གླེང་གི་འགྲོ་ལུགས་དང་སྒྲིག་སྲོལ་ཡིག་ཐོག་ཏུ་མེད་པ་ལྟ་བུ་མཐོང་བྱུང་། འོས་བསྡུའི་བགྲོ་གླེང་གོ་སྒྲིག་གནང་སྐབས་བགྲོ་གླེང་གི་འགྲོ་ལུགས་དང་སྒྲིག་སྲོལ་གང་ཡིན་སྔ་ས་ནང་གཏན་འཁེལ་ཟིན་དགོས་པ་མ་ཟད། སྒྲིག་སྲོལ་དེར་བགྲོ་གླེང་ནང་ཞུགས་མཁན་ཚོའི་མོས་མཐུན་གནང་དགོས་པ་དེ་གལ་ཆེན་པོ་རེད། སྒྲིག་སྲོལ་གསལ་པོ་མེད་པའི་རྐྱེན་གྱིས་དྲི་བ་དང་པོ་མགོ་འཛུགས་ཟིན་པ་དང་བགྲོ་གླེང་གཙོ་སྐྱོང་བ་དང་བཀའ་བློན་ཁྲི་པའི་འོས་མི་བློ་བཟང་སེང་གེ་ལགས་གཉིས་རྩོད་པ་བྱུང་སོང་། དེ་ནི་བགྲོ་གླེང་གཙོ་སྐྱོང་བས་ཐག་གཅོད་གནང་སྟངས་ཀྱི་སྐྱོན་རེད་སྙམ། ལན་འདེབས་ཀྱི་དུས་ཚོད་གཏན་འཁེལ་བྱས་པའི་ནང་ལན་གསུང་མཁན་གྱིས་ཚིག་དོན་གང་གསུངས་ཀྱང་། དེར་བགྲོ་གླེང་གཙོ་སྐྱོང་གིས་བཀག་འགོག་གནང་བ་དེ་བཟང་སྤྱོད་དང་འགལ་བ་རེད་སྙམ། གལ་སྲིད་དྲི་བའི་ལན་ཏག་ཏག་མ་གནང་བ་ཡིན་ན་བགྲོ་གླེང་གཙོ་སྐྱོང་བས་དྲི་བ་གཉིས་པ་གཏོང་རྒྱུའི་ལམ་སྲོལ་བཟོ་དགོས་པ་དང་། དེ་རིགས་སྔ་ས་ནས་བགྲོ་གླེང་གི་འགྲོ་ལུགས་དང་སྒྲིག་སྲོལ་ནང་གསལ་པོ་འཁོད་དགོས།  སྤྱིར་བཏང་ཆབ་སྲིད་ཀྱི་བགྲོ་གླིང་དང་བཅར་འདྲི་བཅས་ལ་སྲིད་དོན་མི་སྣ་ཚོས་སོ་སོའི་འདོད་ཕྱོགས་ཀྱི་གནས་ཚུལ་དེ་ཨུ་ཚུགས་ཀྱིས་གསུང་སྲོལ་ཡོད་པ་དང་། མང་ཚོགས་ལ་གནས་ཚུལ་དེ་གསལ་པོ་ཆགས་ཐབས་ལ་ལན་དྲང་པོ་གསུང་གི་མེད་ན་ལན་གསལ་པོ་ཐོབ་ཐབས་ལ་བགྲོ་གླེང་གཙོ་སྐྱོང་བ་དང་བཅར་འདྲི་ཞུ་མཁན་ཚོས་གུས་བཀུར་ལྡན་པར་འདྲི་བ་གཉིས་པ་བཏང་སྟེ། ལན་འདེབས་གསལ་པོ་དང་དྲང་པོ་ཞིག་ཐོབ་ཐབས་གནང་དགོས། དེའི་འདྲའི་གནས་སྟངས་བྱུང་ན་ཆབ་སྲིད་པ་ཚོ་ཁོང་ཁྲོ་ལངས་པ་སོགས་ཅི་རིགས་ཡོང་གི་ཡོད་ཀྱང་། དེར་བཟོད་གསོལ་ཞུ་རྒྱུ་ལས་མ་འདས།

 

ནེའུ་ཡོག་གི་བགྲོ་གླེང་དེར་གཙོ་སྐྱོང་བས་འོས་མི་གསུམ་ལ་དྲི་བ་གཅིག་རིམ་བཞིན་བཀའ་འདྲི་གནང་སྐབས་འདྲི་བའི་ཚིག་དོན་ལ་འགྱུར་བ་ཡང་ཡང་འགྲོ་བ་དང་། དྲི་བའི་ནང་འགྲེལ་བཤད་རྒྱས་བསྡུས་ཀྱིི་སྐྱོན་བྱུང་སོང་སྙམ། དྲི་བའི་ངོ་བོ་གཅིག་ཡིན་ནའང་། འོས་མི་སོ་སོར་དྲི་བ་དེ་བསྐྱར་ཟློས་གནང་སྐབས་ཚིག་ལྷག་དང་། འགྲེལ་བཤད་མི་འདྲ་བ་གནང་སྟེ་ལན་གནང་མཁན་ཚོས་གོ་བ་མི་འདྲ་བ་བཞེས་ཏེ་ལན་འདེབས་གནང་སོང་། དཔེར་ན། ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་གནད་དོན་ཐོག་བློ་བཟང་སེང་གེ་ལགས་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་གཉིས་ཀྱིས་སྐུ་ཕྲེང་བཅུ་པའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་སྐོར་ལན་གནང་ནའང་། བཀྲ་ཤིས་དབང་འདུས་ལགས་ཀྱིས་༧གོང་ས་མཆོག་གི་སྐུ་ཁམས་དང་འབྲེལ་བའི་ལན་འདེབས་གནང་སོང་བ་དེ་ནི་བགྲོ་གླེང་གཙོ་སྐྱོང་གིས་འོས་མི་གསུམ་སོ་སོར་དྲི་བ་གནང་སྐབས་འགྲེལ་བཤད་ཀྱི་ཚིག་བརྗོད་མི་འདྲ་བ་བྱུང་བ་ལ་བརྟེན་ནས་རེད་སྙམ།

 

སྤྱིར་བཏང་འོས་བསྡུའི་བགྲོ་གླེང་གནང་སྐབས་དྲི་བ་གཏོང་མཁན་གྱིས་ཡིག་ཐོག་དྲི་བ་གཅིག་འགྱུར་བཏང་ན་ལེགས་ཤོས་དང་དྲང་ཤོས་ཡོང་གི་ཡོད། སྐབས་རེར་བོད་མིའི་བསམ་བློར་བགྲོ་གླེང་ནང་དྲི་བ་གཏོང་སྟངས་དང་བཅར་འདྲི་གླེང་མོལ་ཞུ་སྐབས། དྲི་བ་གཏོང་སྟངས་ལ་ཁྱད་པར་ཡོད་པ་དེ་གསལ་པོ་མ་རྟོགས་པར་གནང་ཕྱོགས་གཅིག་འགྱུར་གནང་གི་འདུག དེ་ནི་སྐྱོན་རེད། འོས་བསྡུའི་བགྲོ་གླེང་སོགས་ཆབ་སྲིད་ཀྱི་བགྲོ་གླེང་ནི་ཤིན་ཏུ་ཚོར་སྣང་སྐྱེན་པ་དང་དྲི་བ་སོ་སོར་ལན་འདེབས་གནང་རྒྱུའི་དུས་ཚོད་རྒྱས་བཅད་ཡོད་པར་བརྟེན། ཐད་ཀར་དྲི་བ་གཏོང་བ་ལས་དེའི་ནང་འགྲེལ་བཤད་སོགས་གང་ཉུང་གནང་དགོས་པ་དེ་གཞི་རིམ་གྱི་དགོས་མཁོ་ཞིག་རེད་སྙམ། འདྲི་བའི་ལན་འདེབས་གནང་རྗེས་གསལ་བཤད་གནང་རྒྱུར་གོ་སྐབས་གཅིག་འགྱུར་གནང་དགོས་པ་དང་། གསལ་བཤད་ཐེངས་གཅིག་ལས་མང་བའི་གོ་སྐབས་གནང་ན་མི་རུང་། དཔེར་ན་ནེའུ་ཡོག་གི་བགྲོ་གླེང་ནང་དེ་འདྲའི་གནས་སྟངས་ཐེངས་གཅིག་གཉིས་བྱུང་སོང་སྙམ། དེ་ནི་བགྲོ་གླེང་ལ་གཏམ་བཤད་གནང་རྒྱུར་དུས་ཚོད་ཆ་སྙོམ་བཟོས་པ་དང་རྒྱབ་འགལ་ཡིན་པ་མ་ཟད། དེས་རྩོད་པ་རྒྱག་རྒྱུར་ཉེན་ཡོད། དེ་ནས་བགྲོ་གླེང་གི་སྒྲིག་སྲོལ་དང་ལམ་ལུགས་གསལ་པོ་མ་བཟོས་པའི་སྐྱོན་གཅིག་ནི་ལན་འདེབས་གནང་མཁན་གྱི་གོ་རིམ་ལ་བགྲོ་གླེང་མགོ་འཛུགས་ཟིན་རྗེས་བློ་བཟང་སེང་གེ་ལགས་ཀྱིས་དགོངས་ཚུལ་གསུངས་རྗེས་འགྱུར་བ་གཏོང་དགོས་བྱུང་སོང་བ་དེ་རེད། ལན་གནང་མཁན་སྔ་རྟིང་ཇི་ལྟར་གཏན་འཁེལ་གནང་དགོས་པ་བཅས་བགྲོ་གླེང་གི་སྒྲིག་སྲོལ་ནང་གསལ་ཡོད་པ་བཞིན་གཏན་འཁེལ་གནང་བ་ཡིན་ན། བགྲོ་གླེང་གནང་བཞིན་པའི་མུར་དགོངས་ཚུལ་གསུང་དགོས་ཆགས་རྒྱུ་མིན་པ་མ་ཟད། དེ་འདྲའི་གནས་ཚུལ་བྱུང་བ་དེས་བགྲོ་གླེང་གི་དྲང་ཚུགས་ལའང་འདྲི་བ་ཡོང་ངེས་ཡིན།

 

གཞི་རྩའི་བགྲོ་གླེང་གོ་སྒྲིག་གནང་བ་མ་ཟད། དེ་ཡང་དྲ་རྒྱའི་བརྒྱུད་འཛམ་གླིང་ཕྱོགས་མཐར་གཟིགས་ཐུབ་པའི་ཆ་རྐྱེན་བཟོས་པ་བཅས་ནི་བོད་མིའི་མང་གཙོའི་བརྒྱུད་རིམ་གོང་འཕེལ་གཏོང་རྒྱུར་གལ་ཆེའི་གཞོག་འདེགས་ཡིན་པས་བསྔགས་འོས་སུ་གྱུར། འོན་ཀྱང་ལས་དོན་ཇི་འདྲ་ཞིག་བརྩམས་ནའང་། སྤུས་ཚད་ལྡན་པ་གནང་ཐབས་ལ་འབད་བརྩོན་གནང་དགོས་པ་དེ་ཤིན་ཏུ་གལ་ཆེ་རེད་སྙམ། གལ་སྲིད་མ་འོངས་པར་བགྲོ་གླེང་དེ་རིགས་གོ་སྒྲིག་གནང་མཁན་ཡོད་ཚེ། དྲ་རྒྱའི་ནང་གྷོ་གྷིལ་བརྒྱུད་དེ་ཨ་རིའི་སྲིད་འཛིན་འོས་མིའི་བགྲོ་གླེང་གནང་སྟངས་སྐོར་དྲ་རྒྱ་མང་པོ་ཡོད་པ་འཚོལ་ཞིབ་གནང་སྟེ། གནས་ཚུལ་མང་པོར་སློབ་སྦྱོང་གནང་རྒྱུ་ཡོད་པས་ངེས་པར་གོ་སྒྲིག་གནང་མཁན་ཚོས་གོ་སྒྲིག་གནང་ཕྱོགས་ལ་སློབ་སྦྱོང་གནང་དགོས་པ་མ་ཟད། བགྲོ་གླེང་གཙོ་སྐྱོང་གནང་མཁན་ཚོས་ཀྱང་དེ་ནས་སློབ་སྦྱོང་གནང་ནས་ཡར་རྒྱས་གཏོང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།

 

བགྲོ་གླེང་གོ་སྒྲིག་གནང་སྐབས་གཅིག་འགྱུར་གྱི་འགྲོ་ལུགས་དང་སྒྲིག་སྲོལ་ཡོད་དགོས་པ་དེ་མེད་དུ་མི་རུང་བའི་དགོས་མཁོ་ཞིག་ཡིན་པ་དང་། དེ་ཡང་དངོས་གཞིའི་བགྲོ་གླེང་མགོ་འཛུགས་མ་གནང་གོང་འོས་མི་ཚོས་མོས་མཐུན་ཁས་ལེན་ཞུས་ཏེ། གཏན་འབེབས་གནང་དགོས་པ་ནི་ཧ་ཅང་གལ་ཆེ་བ་རེད། དཔེར་ན། ནེའུ་ཡོག་གྲོང་ཁྱེར་ནང་བགྲོ་གླེང་གནང་སྐབས་ལན་འདེབས་གནང་མཁན་སྔ་རྟིང་སུ་ཡིན་འོས་མི་གསུམ་སྡིངས་ཆར་ཕེབས་ཟིན་རྗེས་རྒྱན་དཀྲུགས་གནང་བ་དེ་ཤིན་ཏུ་མི་འོས། དེ་བཞིན་དྲ་རྒྱ་བརྒྱུད་བགྲོ་གླེང་རྒྱང་སྲིོང་གནང་གི་ཡོད་པར་བརྟེན་པར་ཆས་འཛུགས་སྟངས་ཡང་གཅིག་མཚུངས་བཟོ་ཐབས་ཀྱི་འབད་བརྩོན་གནང་དགོས་པ་ཡིན། དཔེར་ན། ནེའུ་ཡོག་གི་བགྲོ་གླེང་ལ་བརྙན་པར་ལེན་མཁན་ཚོར་པར་ཆས་གཅིག་ལས་མེད་པ་དེ་གཡོན་ངོས་སུ་བཞག་འདུག་པ་དེས་བློ་བཟང་སེང་གེ་ལགས་པར་ཆས་དང་ཉེ་བོ་ཡོད་པ་དེས་གསལ་པོ་མངོན་ཐུབ་ནའང་། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་པར་ཆས་ནས་ཐག་རིང་ཙམ་ཡོད་པར་བརྟེན་ཞལ་རས་གསལ་པོ་མཐོང་མི་ཐུབ་པ་མ་ཟད། སྐབས་རེར་ཞལ་རས་ཀྱི་ཕྱོགས་གཅིག་མ་གཏོགས་གསལ་པོ་མ་མཐོང་བ་སོགས་སྐྱོན་ཆ་འདུག གཅིག་བྱས་ན་དེ་དག་གནད་འགག་ཆེན་པོ་ཡིན་པར་ངོས་འཛིན་གནང་མེད་སྲིད་ཀྱང་། དྲ་རྒྱ་གཟིགས་མཁན་ཚོར་ཁྱད་པར་ཆེན་པོ་ཡོང་གི་ཡོད། རྒྱང་སྲིང་གི་ལས་རིགས་ལ་མཁས་པ་ཚོས་པར་ཆས་འཛུགས་སྟངས་ལ་ཁྱད་པར་ཆེན་པོར་ངོས་འཛིན་གནང་གི་ཡོད་མ་ཟད། སྡིངས་ཆར་གློག་འོད་རིགས་སྒྲིག་སྟངས་ཀྱིས་ཁྱད་པར་ཆེན་བཟོ་ཡི་ཡོད་པར་ངོས་འཛིན་བྱས་ཏེ། གྲ་སྒྲིག་གི་ལས་དོན་དེ་ཚོར་དུས་ཚོད་མང་པོ་གཏོང་སྲོལ་ཡོད།

མ་འོངས་པར་ད་དུང་བཀའ་བློན་ཁྲི་པའི་བགྲོ་གླེང་རིམ་པར་གོ་སྒྲིག་གནང་འཆར་ཡོད་ངེས་པར་བརྟེན། ད་ལམ་ནེའུ་ཡོག་ཏུ་གོ་སྒྲིག་གནང་བའི་བཀའ་བློན་ཁྲི་པའི་འོས་མི་གསུམ་གྱི་བགྲོ་གླེང་གི་གནས་ཚུལ་རྣམས་དཔེ་མཚོན་ཙམ་དུ་ཞུས་ནས་མ་འོངས་པར་གོ་སྒྲིག་གནང་ཕྱོགས་ལ་ཕན་ཁྱད་ཅུང་རེ་ཡོང་རེ་ཐོག་བསམ་ཚུལ་འདི་སྤེལ་བ་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 4

  1. རྒྱ་སྟག་དཀར་པོ says:
    ལོ་ 15 སྔོན།

    ཕྱོགས་འཛིན་གྱི་རྣམ་རྟོག་ཉུང་ལ་མཁྱེན་བརྩེའི་བློ་མིག་གསལ་བའི་ན་གཞོན་སྤོབ་པ་ཅན་ཞིག་བཀའ་བློན་དུ་ཡོངས་བ་ཤོག

    Reply
  2. བསེ་རུ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོའི་ཐུགས་ལ་ངེས་དགོས་པ་ནི།
    ཐོག་མར་རང་ཉིད་ཀྱིས་ད་ལྟ་བར་བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་ཅི་ཞིག་བྱས་འདུག་གམ། ད་ལྟ་ག་རེ་བྱེད་ཀྱིན་འདུག་གམ། མ་འོངས་པར་ཅི་ཞིག་བྱ་རྩིས་འདུག་གམ། གང་ཞིག་བྱ་ཐུབ་ས་རེད་དམ་ཞེས་རང་ཉིད་ཀྱིས་རང་ཉིད་ལ་དྲི་བ་བཏང་། དེ་ནས་ལན་འདེབས་ཐུབ་ཀྱིན་འདུག་དང་མི་འདུག་གཟིགས་ཏེ། ཐོག་མར་རང་ཉིད་ཀྱང་རྒྱ་མར་འདེགས་རྒྱུ་དེ་གལ་ཆེན་པོ་མ་རེད་དམ།
    ལྷག་པར་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་སྟབས། བཀའ་ཁྲིའི་འོས་མི་སུ་དང་གང་ཞིག་འོས་མིན་དེ་བློ་གཟུར་བོར་གནས་པའི་ཐོག་ནས་རང་ཉིད་ཀྱི་འོས་ཤོག་གཅིག་པུ་དེ་འཕྲོ་བརླག་མི་འགྲོ་བ་ཞིག་དང་། རང་ཉིད་ཀྱི་འོས་མི་དེར་ཡིད་ཆེས་བློས་འགེལ་ཐོག་ནས་འོས་བླུག་དགོས་པ་ཡིན། དེ་ལྟར་བྱུང་ན་རང་ཉིད་ཀྱི་ལས་འགན་ཡང་འགྲུབ་པ་ཡིན་ལ། བོད་མི་རིགས་ཀྱི་སྤྱི་ཚོགས་འགན་ཁུར་ཞིག་ཀྱང་ཁྱེད་ཀྱིས་བསྒྲུབས་ཡོད་སྟབས། ཁྱོད་ཀྱང་བློ་བདེ་བག་ཕེབས་ངང་གནས་ཐུབ་ངེས་རེད།

    སྤྱིར་བོད་མིའི་སྤྱི་ཚོགས་ཀྱི་གོམས་གཤིས་ཤིག་ལ་བོད་པ་གང་རུང་ཞིག་གི་མགོ་བོ་གཟེངས་སུ་ཐོན་གྱི་འདུག་ན། དེའི་མགོར་དབྱུག་པ་གཞུ་རྒྱུ་དེ་བོད་མིའི་རང་གཤིས་ལྟ་བུར་གྲུབ་འདུག་སྙམ། དེ་ལྟའི་དཔེ་མཚོན་ནི་སོ་སོས་ཐུགས་བསམ་བཞེས་དང་། གཡས་གཡོན་ཉེ་འབྲེལ་སོགས་ག་ས་གང་ནས་མཐོང་ངེས་རེད། ད་དུང་ཆོལ་ཁ་དང་ལུང་ཚན་སེམས་ཁོང་གི་གཅེས་འཛིན་གོང་བུར་གྱུར་ཏེ། བོད་སྤྱི་ཡི་བདེ་སྡུག་ཐོག་དགོངས་བཞེས་མི་གནང་བར་གང་དྲན་དྲན་ཐོག་རང་གི་ཕྱོགས་གཏོགས་བྱེ་བྲག་པ་གཅིག་ལ་ཤི་འཐམ་རོ་འཐམ་བྱེད་མཁན་དེ་ཚོས་སྤྱི་ཚོགས་འདིའི་ཞི་བདེ་ལྷིང་འཇགས་དཀྲོག་གིན་འདུག དྲ་ངོས་སུ་མཆན་བུ་གང་དང་ཅི་ཞིག་འདེབས་མི་འདེབས་དེ་རང་དབང་རེད། འོན་ཀྱང་རང་དབང་ལ་ཡང་ཚད་གཞི་གཅིག་ཡོད་ངེས་རེད། ཁ་ནས་གང་ཐོན་བཤད་ཅིང་བོད་མི་ནང་ཁུལ་ཚིག་གི་མཚོན་ཁ་བསྐོར་ན། ར་སྤུས་བཟོས་པའི་འུར་རྡོ་ར་ཡི་མགོ་ཐོག་ཏུ་ལྷུང་བའི་དཔེ་ལས་མ་འདས་པས་དེ་དོན་ཐུགས་ལ་འཇོག་རོགས།
    བཀའ་བློན་གྱི་འོས་གཞི་སུ་ཡིན་རུང་དེ་དང་དེའི་སྐྱོན་ཡོན་གླེང་ཆོག་ཀྱང་གླེང་སྟངས་དེ་ཡང་རང་ཉིད་མི་ཞིག་ཡིན་པ་གཞིར་བཞག་སྐད་ཆ་ཤོད་དགོས་ལ། རང་ཉིད་ཀྱིས་ཉིད་ལ་ཞུ་དག་གཏོང་གིན་ད་གཟོད་གཞི་ནས་གཞན་དག་གླེང་ན་འོས་ཤིང་འཚམ་པ་ཞིག་མ་རེད་དམ། ང་ནི་བོད་མི་སྤྱིར་བཏང་བ་ཞིག་ཡིན་པའི་ངོས་ནས་རང་ཉིད་ཀྱི་སེམས་ཚོར་ཞིག་འདིར་ཤོད་ཀྱིན་ཡོད་པས། སེམས་ཚོར་དེ་སེམས་ཚོར་དུ་གཟིགས་རོགས།

    Reply
  3. འདྲེ་ལག་རིང་། says:
    ལོ་ 15 སྔོན།

    མྱི་དགའ་བའི་གཏམ་་ལ་འདྲ་རྒྱུ་མེད།

    Reply
  4. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    དྲི་བའི་ནང་དོན་གཅིག་ཡིན་ཡང་དྲི་བ་གཏོང་ཕྱོགས་མི་འདྲ་བ་ནི་སྐད་ཡིག་གི་སྒྱུ་རྩལ་དང་ཐུན་མིན་གྱི་ཁྱད་ཆོས་རེད། རང་མི་རིགས་ཀྱི་སྐད་ཡིག་གི་སྟེང་ནས་དྲི་བ་བཏང་བའང་མགོ་མ་འཚོས་པ་ན་བཀའ་ཁྲིའི་འོས་ཁོངས་སུ་བཞུགས་པའི་ཆ་རྐྱེན་གང་ཡོད། 

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese