མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམངས་གཙོའི་གོམ་འགྲོས། – ལྷ་སྡེ་གནམ་ལོ་ཡག

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་གཞུང་དང་དམངས་གཙོའི་འཕེལ་རིམ་རོབ་གླེང་།

                                 

གསལ་བཤད། རྩོམ་ཡིག་འདི་ནི་ཨོ་སི་ཁྲི་ལི་ཡའི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༦ ནས་ ༩ ཉིན་བར་ཨོ་སི་ཊི་ལི་ཡ་དང་ནེའུ་ཟི་ལན་ཌི་ཁུལ་གྱི་མཐོ་སློབ་ཁག་འགྲིམ་བཞིན་པའི་བོད་རིགས་སློབ་མ་དང་། སློབ་མཐར་ཕྱིན་ཟིན་པའི་བོད་རིགས་གཞོན་སྐྱེས་སྐོར་ཞིག་བཅས་ལ་ཟབ་སྦྱོང་ཞིག་མགོ་འཛུགས་བྱས་ཡོད་པའི་སྟེང་། ཕྱི་ཚེས་ ༨ ཉིན་ལྷ་སྡེ་གནམ་ལོ་ཡག་གིས་༼ བཙན་བྱོལ་བོད་གཞུང་དང་དམངས་གཙོའི་འཕེལ་རིམ་རོབ་ཙམ་གླེང་བ། ༽ ཞེས་པའི་བརྗོད་གཞིའི་ཐོག་ཟབ་ཁྲིད་གནང་རྒྱུར་གྲ་སྒྲིག་བྱས་པའི་དཔྱད་རྩོམ་ཡིན་འདུག

 

ད་རེས་ཀྱི་བརྗོད་གཞི་གཙོ་བོ་བཙན་བྱོལ་བོད་གཞུང་དང་དམངས་གཙོའི་འཕེལ་རིམ་ཡིན་ཙང་། ཐོག་མར་ཚང་མས་བརྗོད་གཞི་འདི་དང་འབྲེལ་བའི་གནད་དོན་འགར་བསམ་བློ་གཏོང་རོགས།

༡ བོད་པ་བཙན་བྱོལ་བ་ཆགས་ནས་ད་ལོ་བར་ལོ་ག་ཚད་སོང་ཟིན་པ་སུས་ཤེས་ཀྱི་ཡོད།

༢ བཙན་བྱོལ་བོད་མིའི་དམངས་གཙོའི་དུས་དྲན་གྱི་ཉིན་མོ་ག་དུས་འཁེལ་ཡོད་པ་ཤེས་མཁན་ཡོད་དམ།

༣ ད་ལོ་བཀའ་སྤྱིའི་འོས་འདེམས་ཀྱི་ཆ་ཤས་བླངས་ཡོད་མཁན་ག་ཚད་ཡོད། ཕྱག་བརྐྱངས་རོགས།

ཐོག་མར་བཙན་བྱོལ་བོད་གཞུང་ངོ་སྤྲོད་དང་། དེ་ནས་དམངས་གཙོའི་འཕེལ་རིམ། གཞན་དྲི་བ་དྲིས་ལན། མཐའ་འཇུག་ལས་འཆར་བཟོ་འགོད་བཅས་ཁག་བཞིར་དབྱེ་ནས་ཟབ་སྦྱོང་མགོ་འཛུགས་ཞུ་རྩིས་ཡིན།

 

བཙན་བྱོལ་བོད་གཞུང་འཆད་སྐབས། དོན་དག་གཉིས་ལ་བསམ་བློ་མི་གཏོང་རང་གཏོང་ཆགས་ཀྱི་ཡོད། དང་པོ། བཙན་བྱོལ་བོད་གཞུང་འདི་བཞིན་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་རྒྱུན་མཐུད་ཡིན་པའི་ཁར། དེ་ལས་འཕྲོས་པའི་ལོ་རྒྱུས་ཀྱི་གནས་བབ་དྲ་མ་ཉམས་པར་རྒྱུན་མཐུད་བྱས་དང་བྱེད་ཀྱིན་པར་འདོད་མཁན་ཁག་ཅིག་དང་།  གཉིས་པ། ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ ཚེས་ ༢༧ ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་དེའི་སྲིད་བློན་ཀྲའོ་ཨེན་ལེས་མིང་རྟགས་བཀོད་པའི་༼ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ ༽ ཟེར་བའི་ནང་༼ ངོ་ལོག་གི་འཁྲུག་ཟིང་མཐར་ཕྱིན་རྩ་མེད་བཟོ་རྒྱུ་དང༌། མེས་རྒྱལ་ལ་ངོ་ལོག་དང་གོང་བུ་གཅིག་གྱུར་གཏོར་བཤིག་གཏོང་མཁན་བོད་ས་གནས་སྲིད་གཞུང་དེ་མེད་པ་བཟོ་རྒྱུ་བཅས་ཀྱི་ལས་འགན་བོད་དམག་ཁུལ་ཁང་གིས་འཁུར་དགོས་པ། བོད་ས་གནས་སྲིད་གཞུང་གི་འགན་དབང་རྣམས་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ལག་ལེན་བསྟར་རྒྱུ༽ <<གསར་བརྗེ་དྲན་ཐོ>> ( ༡༩༥༩ ནས་ ༡༩༨༩ ཤོག་ལྷེ་ ༢༠༩ ཕྱི་ལོ ་ ༡༩༨༩ ལོའི་ཟླ་ ༣ བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་གིས་པར་བསྐྲུན་བྱས།) འ དིར་བརྟེན་ནས་བཙན་བྱོལ་བོད་གཞུང་དེ་བཞིན༼ཏཱ་ལའི་རུ་ཚོགས༽ལས་བོད་གཞུང་གི་ངོ་བོར་བསྡད་མེད་པར་འདོད་མཁན་ཁག་ཅིག་བྱུང་ཡོད་པ་འདི་གཉིས་ཡིན།

 

འོན་ཀྱང་འདས་པའི་བཙན་བྱོལ་གྱི་མི་ལོ་ ༥༠ ལྷག་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། རྒྱ་ནག་འདུ་བའི་ཕྱི་རྒྱལ་གྱི་སྲིད་གཞུང་ཁག་ལ་ངོས་ལེན་ཡོད་མེད་ལ་མ་བལྟོས་པར་བོད་མི་རང་ངོས་ནས་རང་ཉིད་ཀྱི་གཞུང་ངོ་མ་དེ་ཡིན་པར་ཡིད་ཆེས་བཅངས་ཡོད་པར་མ་ཟད། རིམ་པས་ཆེས་མཐོ་ཁྲིམས་ཞིབ་ཁང་དང་བཀའ་ཤག  སྤྱི་འཐུས་ལྷན་ཚོགས་བཅས་དམངས་གཙོའི་ཀ་བ་གསུམ་གྱིས་གྲུབ་པའི་གཞུང་ཞིག་བསྐྲུན་ཐུབ་ཡོད་པའི་ཁར། འོས་བསྡུ་ལྷན་ཁང་། གཞུང་ཞབས་འདེམས་བསྐོ་ལྷན་ཁང་། རྩིས་ཞིབ་ལྷན་ཁང་བཅས་རང་དབང་ལྡན་པའི་སྡེ་ཚན་ཁག་དང་། བཀའ་ཤག་གིས་བདེ་སྲུང་། ཕྱི་སྲིད། ནང་སྲིད། ཤེས་རིག དཔལ་འབྱོར། འཕྲོད་བསྟེན་བཅས་ལྷན་ཁང་ཁག་ཏུ་དབྱེ་ནས་འཛིན་སྐྱོང་གནང་ཡོད་པས།  ཕྱི་རྒྱལ་མང་ཚོགས་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུའང་དེ་ག་ནང་བཞིན་ངོས་ལེན་གཙང་མ་གནང་ཡོད་ཅིང་། དེ་ནི་བཙན་བྱོལ་བོད་མིའི་ངོས་ནས་བོད་གཞུང་དེ་བཞིན་བོད་ཀྱི་གནད་དོན་གཙང་སེལ་ཡོང་ཐབས་ཀྱི་སྲོག་ཤིང་དུ་བསྐྲུན་ཐུབ་ཡོད་པ་ཞིག་རེད། སྒོས་སུ་དུས་རབས་ཉི་ཤུ་བའི་ལོ་རབས ༨༠ནས་བཟུང་། བོད་ནས་ཚེ་སྲོག་རྒྱན་ལ་བཙུགས་ནས་ཧི་མ་ལ་ཡ་བརྒལ་ཏེ་བཙན་བྱོལ་དུ་ཕེབས་མཁན་ལོ་རེ་བཞིན་ཇེ་མང་དང་ཕར་བསྐྱོད་ཚུར་བསྐྱོད་ཀྱི་འགྲོ་འོངས་ཟམ་མ་ཆད་པར་བརྟེན་ནས་བཙན་བྱོལ་བོད་གཞུང་གི་ཤུགས་རྐྱེན་བོད་ནང་སླེབས་ཐུབ་ཡོད་ལ། ལྷག་པར་དུ་ཤེས་ཡོན་པའི་ཁྲོད་དུ་༼ སྲིད་དོན་རྒྱལ་རབས ༽ དང་ ༼ བོད་ཀྱི་གནས་བབ ༽ གཙོས་ལོ་རྒྱུས་དཔྱད་བརྗོད་ཁག་དང་། རྒྱལ་བ་རིན་པོ་ཆེ་ཡི་བཀའ་སློབ་གཙོས་སྲིད་དོན་ཁྱབ་བསྒྲགས་ཁག་གིས་གཡོ་ཡོམ་ཞིག་བསླངས་ཐུབ་ཡོད། འདི་ནི་ང་རང་ལོ་རྒྱུས་ཀྱི་བརྒྱུད་རིམ་འདིའི་ཁྲོད་ནས་ཡོང་ཡོད་མཁན་ཞིག་ཡིན་པའི་མྱོང་བ་དང་དངོས་མཐོང་གཉིས་ཀ་གཞི་གཅིག་ཏུ་གྲིལ་བའི་ཕྱོགས་བསྡོམས་ཙམ་ཡིན།

 

ད་ལྟ་ང་ཚོའི་མདུན་ལ་ལྷགས་ཡོད་པའི་དྲི་བ་གཉིས་ནི།

༡ བོད་ཀྱི་གནད་དོན་འདི་བཞིན་གཙང་སེལ་མ་ཡོང་བའི་ཡར་སྔོན་བཙན་བྱོལ་བོད་གཞུང་དེ་བཞིན་བོད་གཞུང་གི་ངོ་བོར་སྲུང་འཛིན་གནང་གི་ཡིན་ནམ། ཡང་ན། གནད་དོན་ཐག་གཅོད་མ་ཡོང་བའི་ཡར་སྔོན་ནས་སོ་སོས་ངོས་ནས་བོད་གཞུང་དེ་བཞིན་སྒྲིག་འཛུགས་ཀྱི་ངོ་བོར་འཕོ་འགྱུར་གཏོང་གི་ཡིན། 

༢ གལ་སྲིད་བོད་ཀྱི་གནད་དོན་ཐག་གཅོད་མ་ཡོང་བའི་ཡར་སྔོན་བཙན་བྱོལ་བོད་གཞུང་དེ་བཞིན་སྒྲིག་འཛུགས་ཀྱི་ངོ་བོར་འཕོ་འགྱུར་བྱུང་ན་གནོད་པ་ག་རེ་འདུག་གམ།

དྲི་བ་འདི་གཉིས་ཕྱོགས་གཅིག་ཏུ་དྲིལ་ནས་བལྟ་སྐབས། པེ་ཅིན་གྱིས་སྔར་བྲེལ་འཚུབ་ཀྱིས་དགའ་ལྡན་ཕོ་བྲང་གི་མཚན་གནས་བསྡུ་གསོག་རྒྱག་པར་དམིགས་པའི<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ>>ཟེར་བ་གཏོང་དོན་གཙོ་བོ་ཁྲིམས་མཐུན་གྱི་དབང་བསྒྱུར་ཡོང་ཐུབ་ལ་རྩོད་ལེན་བྱས་ཡོད་པ་དང༌། དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བའི་དཀྱིལ་སྟོད་ཙམ་ལ<<གྲོས་མཐུན་དོན་ཚན་བཅུ་བདུན>>ཟེར་བའི་ནང་ཁ་གསལ་བཀོད་མེད་བཞིན་དུ་༼ བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང༽ཟེར་བ་འཛུགས་དོན་ཡང་དེར་ཐུག་ཡོད།

 

དེ་ནི་༼དང་པོ། ཏཱ་ལའི་བླ་མ་དང་བོད་གཞུང་གི་དབང་ཆ་ཇེ་ཆུང་དུ་གཏོང་ཐབས་སུ་བོད་མི་ནང་ཁུལ་སྲིད་དོན་དང་ལུང་ཚན་མི་མཐུན་པའི་འཐེན་འཁྱེར་བེད་སྤྱོད་བྱས་པར་མ་ཟད། བྱེད་ཐབས་དེ་དག་སྒྲིག་འཛུགས་ལྟ་བུར་བཟོས་ཡོད། གཉིས་པ། པེ་ཅིན་དབུས་གཞུང་གི་སྒྲིག་འཛུགས་སྡེ་ཚན་སྣ་ཚོགས་དང༌། དེ་དག་གི་སྟངས་འཛིན་འོག་སྡེ་ཚན་གསར་པ་དེ་དག་ལ་དོན་དམ་གྱི་དབང་ཆ་སྤྲད་དེ། བོད་ནང་ཡོད་བཞིན་པའི་བོད་གཞུང་གི་སྒྲིག་འཛུགས་སྡེ་ཚན་ཁག་དང་མཉམ་གཤིབ་ཏུ་བཙུགས་ཏེ་བོད་གཞུང་གི་དངོས་ཡོད་དབང་ཆ་རྣམས་ནུས་མེད་དུ་བཟོས། གསུམ་པ། སླར་བོད་མིའི་སྲིད་དོན་དང་ཆོས་ཕྱོགས་ཀྱི་སྒྲིག་འཛུགས་ཁག་གི་དབང་ཆ་ཇེ་ཆུང་དུ་གཏོང་ཐབས་སུ་སྤྱི་ཚོགས་དང་དཔལ་འབྱོར་གྱི་ལམ་ལུགས་ལ་བཅོས་བསྒྱུར་གྱི་ལམ་ནས་བོད་མིའི་སྤྱི་ཚོགས་ཀྱི་རྨང་གཞིར་འགྱུར་བ་གཏོང་ཐབས་བྱས༽<<བོད་ཀྱི་གནས་བབས>>( ཤོག་ལྷེ་ ༢༦༧ )ཡོད་པ་ནང་བཞིན་སྔར་ཡོད་ཁྲིམས་མཐུན་གྱི་གཞུང་ཞིག་གི་ངོ་ཚབ་གཞུང་གཞན་ཞིག་གིས་བྱེད་པར་ག་ལེར་གོམ་པ་རིམ་བགྲོད་བྱེད་ཀྱིན་པ་ཞིག་རེད།

 

གནད་དོན་འདི་ནི་ལོ་ངོ་སུམ་བརྒྱ་ལྷག་གི་རིང་བོད་མི་ཕལ་ཆེ་བས་ཆོས་སྲིད་གང་རུང་གི་ངོས་ནས་དགའ་ལྡན་ཕོ་བྲང་ལ་བརྩི་འཇོག་དང་མོས་པ་ཐོབ་ཡོད་པའི་རང་བྱུང་ཁྲིམས་མཐུན་གྱི་གནས་བབས་ལ་གཡོ་འགུལ་གཏོང་མ་ཐུབ་པའི་མཚོན་རྟགས་སུ་བལྟ་ཆོག་པར་མ་ཟད། བོད་ལ་ <<གྲོས་མཐུན་དོན་ཚན་བཅུ་བདུན>>ཟེར་བ་འཇོག་དགོས་བྱུང་པའི་དམིགས་བསལ་གྱི་ཐོབ་ཐང་ཡང་དགའ་ལྡན་ཕོ་བྲང་ལས་མ་བྱུང་པ་མེད་པས། རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་དགའ་ལྡན་ཕོ་བྲང་ལྷ་ས་ནས་ལྷུན་རྩེ་རྫོང་དང༌། དེ་ནས་རྒྱ་གར་ནང་བཙན་བྱོལ་ལ་འབྱོར་ཐུབ་པ་བྱུང་བ་ནི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་དང༌། བོད་ཀྱི་རང་དབང་སླར་གསོའི་ལས་འགུལ་ཐད་ཀྱི་གོམ་སྟབས་གལ་ཆེ་ཤོས་དེ་རྒྱག་ཐུབ་ཡོད་པ་དང་བོད་མིའི་རང་དབང་སླར་གསོ་བྱེད་ཐུབ་རེག་བར་དུ་རང་བྱུང་ཁྲིམས་མཐུན་གྱི་ནུས་པ་ཞིག་འདོན་ཐུབ་ཀྱི་ཡོད་པར་བརྟེན་ནས་པེ་ཅིན་གཞུང་གིས་བྲེལ་འཚུབ་ཀྱིས་ཕྱོགས་གཅིག་ཡིན་མིན་ལ་མ་འཛེམས་པར་དགའ་ལྡན་ཕོ་བྲང་གི་མཚན་གནས་བསྡུ་གསོག་རྒྱག་རྒྱུའི་འཆར་གཞི་བརྩམས་པ་ཞིག་ཡིན་མོད། ཁྲིམས་ལུགས་ཀྱི་སྒང་ནས་ཕྱོགས་གཅིག་ཁོ་ནའི་བྱ་སྤྱོད་ལ་ག་དུས་ཀྱང་ངོས་ལེན་མེད་པ་དང༌། ཁྲིམས་སྟེང་གི་ངོས་ལེན་ཞེས་པ་ཕྱོགས་གཉིས་ཀར་མོས་མཐུན་ཡོད་དགོས་ཀྱི་ཡོད་པས། དེང་སྐབས་མི་ཁ་ཤས་ཀྱིས་ཕྱི་ལོ་ ༢༠༠༡ ལོའི་བཀའ་ཁྲི་ཐད་འདེམས་གནང་བ་ནས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བླ་མའི་སྲིད་དབང་དང་དགའ་ལྡན་ཕོ་བྲང་མཇུག་སྒྲིལ་བ་ཡིན་ཞེས་གསུངས་སོང་ལབ་ཀྱི་འདུག་ལ། དོན་དངོས་སུ་སྐབས་དེར་ང་རང་གིས་བོད་གནས་ཉམས་ཞིབ་ཁང་དུ་ལས་ཀ་བྱེད་ཀྱི་ཡོད་ཙང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ནས་ཡོངས་ཁྱབ་ཏུ་དགའ་ལྡན་ཕོ་བྲང་མཇུག་སྒྲིལ་དགོས་མིན་ལ་བསམ་ཞིབ་བྱེད་རྒྱུ་ཡིན་ཞེས་གསུངས་བ་མ་གཏོགས་རྒྱལ་བ་རིན་པོ་ཆེ་ནས་མང་ཚོགས་ཁྲོད་དེ་འདྲ་ཞིག་གསུངས་མྱོང་མེད་པས། འདིའི་ཐད་དེང་ཕྱིན་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད། རྒྱུ་མཚན་ནི་སྐད་ཆ་འདིའི་རིགས་ལ་པེ་ཅིན་སྲིད་གཞུང་མཉེས་བོ་ཡོད་པའི་ཁར། བོད་པ་རང་ངོས་ནས་བོད་ཀྱི་གནད་དོན་ཐག་གཅོད་མ་ཡོང་གོང་དུ་རང་སྲོག་བཅད་པའང་ཡིན་པས། ལེ་བདའ་བྱེད་ས་དང་ཁག་འགེལ་ས་ལྷག་མེད་པ་ནི་བཤད་མ་དགོས་པ་ཞིག་རེད།

 

ད་ལྟ་དམངས་གཙོའི་འཕེལ་རིམ་གྱི་སྐོར་ནས་ཡིན། སྤྱིར་རྒྱ་ནག་ཆེན་པོའི་བསམ་བློ་ཡོད་མཁན་གྱི་མི་སུ་ཞིག་ཀྱང་གྲངས་ཉུང་མི་རིགས་ལས་ཆེས་ཞེད་སྣང་སྐྱེས་ཡུལ་གཙོ་བོ་སྟེ། མི་རེ་ངོ་རེ་ནས་༼རང་ཉིད་ལ་རག་ལས་པའི་གནད་དོན་ཐག་གཅོད་བྱེད་པའི་འདུ་ཤེས་ ༽སྐྱེད་སྲིང་གིས་དོན་འཁྱོལ་བྱེད་ཐུབ་པ་བྱུང་བ་ཡིན་ན། ད་གཟོད་བོད་ཀྱིས་མཚོན་པའི་རང་དབང་སླར་གསོ་བྱེད་པར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པའི་མི་རིགས་ཁག་ལ་རང་དབང་སླར་གསོ་མི་བྱེད་རང་བྱེད་ཀྱི་ཉིན་མོ་ཞིག་སླེབས་རྒྱུ་ཡོད་པ་དེ་ཡིན། སྟབས་འགྲིག་པ་ཞིག་ལ་དེང་གི་ཆར་བཙན་བྱོལ་སྤྱི་ཚོགས་ནང་ལག་བསྟར་བྱེད་ཀྱིན་པའི་བཀའ་ཁྲི་ཐད་འདེམས་ཀྱི་དམངས་གཙོའི་གོམ་བགྲོད་འདིས་མ་འོངས་བོད་ཀྱི་གཞི་རྩའི་ཐོབ་ཐང་སླར་གསོར་རྨང་གཞི་འདིང་ཐུབ་ཡོད་པར་མ་ཟད། རྒྱལ་བ་རིན་པོ་ཆེ་མཆོག་སྐུ་བཞུགས་རིང་ལག་ལེན་གྱིས་འཁོར་བསྐྱོད་དོན་འཁྱོངས་ཀྱི་ལམ་ནང་འཇུག་ཐུབ་པ་བྱུང་ཚེ་བོད་པ་མི་རེ་ངོ་རེ་ལ་རང་ཉིད་ལ་རག་ལས་པའི་གནད་དོན་མཐའ་དག་ཐག་གཅོད་ཀྱི་འདུ་ཤེས་ཀྱང་བསྐྲུན་ཐུབ་ཡོད་པ་དེ་ཡིན། དེ་བས། བཙན་བྱོལ་དམངས་གཙོའི་འཕེལ་རིམ་ལ་ཕྱི་མིག་ལྟ་རྒྱུའང་ལོ་རྒྱུས་མེ་ལོང་དང་མ་འོངས་པར་སྐྱ་ཐིག་འགོད་པའི་དོན་དག་རླབས་ཆེན་ཞིག་ཡིན།  ངས་གཤམ་དུ་བཙན་བྱོལ་དམངས་གཙོ་འཕེལ་རིམ་ཁག་གསུམ་དུ་དབྱེ་ནས་འཆད་རྩིས་ཡིན།

 

དང་པོ།  ༡༩༦༠ ནས ༡༩༩༠ ལོའི་བར་དབང་འཛིན་དམངས་གཙོའི་དུས་རིམ།

ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༡༢ ནས་ཕྱི་ལོ་ ༡༩༦༠ ལོའི་ཟླ་ ༡ ནང་། རྒྱལ་བ་རིན་པོ་ཆེ་ནས་རྒྱ་གར་རྡོ་རྗེ་གདན་ནས་གསུང་ཆོས་བསྩལ་བ་དང་། ཕྱོགས་མཐའ་ཁག་གི་བོད་མི་བཙན་བྱོལ་བ་མང་ཆེ་བ་འདུ་འཛོམས་གནང་ཐུབ་ཡོད་ལ། སེར་སྐྱ་མི་མང་ཚོགས་འཛོམས་ཀྱིས་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བླང་དོར་ཞུ་བྱའི་མནའ་གན་མཐུ་མོ་ཆེ་འབུལ་ལམ་ཞུ་སྐབས། རྒྱལ་བ་རིན་པོ་ཆེ་མཆོག་ནས་དམངས་གཙོའི་ལམ་སྲོལ་གྱི་གལ་ཆེན་རང་བཞིན་ངོ་སྤྲོད་དང་འབྲེལ་ནས་ཆོལ་ཁ་གསུམ་ནང་ཆོལ་ཁུངས་རེ་ནས་སྤྱི་འཐུས་གསུམ་རེ་དང་། ཆོས་བརྒྱུད་རེ་ནས་སྤྱི་འཐུས་གཅིག་རེ་གདམ་ཐོན་དགོས་པའི་བཀའ་བསྩལ་དོན་བཞིན་ལོའི་དེའི་ཟླ་ ༩ ཚེས་ ༢ ཉིན་བཙན་བྱོལ་སྤྱི་འཐུས་ལྷན་ཚོགས་ཐོག་མ་དེ་བཞིན་ངྷ་རམ་སཱ་ལ་ནས་དབུ་བརྙེས་ཡོད། ཉིན་འདི་ནི་རྗེས་སུ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་དམངས་གཙོའི་ཉིན་མོ་ཡིན་པ་དང་། བཙན་བྱོལ་བོད་མིར་མཚོན་ན། ལམ་ལུགས་འདི་བཞིན་འོག་ནས་བརྩོན་ལེན་གནང་བ་ཞིག་མ་ཡིན་པར་གོང་ནས་མར་ལ་གསོལ་རས་ཀྱི་ལམ་ནས་བསྩལ་བ་ཞིག་ཡིན། འདི་ལ་བཤད་སྟངས་མ་འདྲ་བ་ཁ་ཤས་ཡོད་སྲིད་མོད། དོན་ལ་དོན་དག་གཉིས་ཐུག་འདུག

༡ རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་ཐག་ཆོད་པོ་དང་དཀྱེལ་ཡངས་ཀྱི་བསམ་བློར་ཐུག་ཡོད་པས། མནའ་བཟའ་མཁན་ཁ་ཤས་ཀྱིས་ཐའེ་ཝན་ནང་སྡོད་པའི་བཀའ་ཤག་ལས་ཁུངས་ཟེར་བ་བཙུགས་ཏེ་ངོ་རྒོལ་བྱུང་བ་ལས་ར་འཕྲོད་ཐུབ་ཡོད།

༢ དུས་བབ་ཀྱི་དགོས་དབང་དང་སྐྱབས་ཡུལ་རྒྱ་གར་ལུང་བ་དམངས་གཙོའི་སྤྱི་ཚོགས་སུ་གོམ་སྟབས་བསྒྱུར་ཟིན་པའི་ཤུགས་རྐྱེན་ཡང་ཐེབས་ཡོད་ལ། གཙོ་བོ་རྒྱ་གར་གྱི་ཆེད་མཁས་པ་གདན་འདྲེན་གྱིས་རྩ་ཁྲིམས་ཟིན་བྲིས་གཞོག་འདེགས་གནང་ཡོད་པའི་སྒང་ནས་ཀྱང་ཤེས་ཐུབ།

སྐབས་དང་པོའི་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༡༩༦༠ ལོའི་ཟླ་ ༩ ཚེས་ ༣ ཉིན་ནས་ཕྱག་ལས་གནང་མགོ་ཚུགས་ཡོད་པ་དང་། བཀའ་ཤག་དང་ལྷན་དུ་གྲོས་མོལ་གྱིས་གཞུང་གི་ད་ཕན་གྱི་ལམ་སྲོལ་དང་མཛད་ཕྱོགས་སོགས་ལ་དགེ་སྐྱོན་དང་ནོར་འཁྲུལ་ཅི་ཡོད་ཞིབ་འཇུག་དང་། འབྱུང་འགྱུར་མཛད་ཕྱོགས་ཇི་དགེ ད་ཡོད་ལས་ཁུངས་ཁག་རྒྱ་སྐྱེད་དང་། ལས་བྱེད་གསར་བསྐོ་གནང་ཕྱོགས་སོགས་ཉིན་བདུན་རིང་བོད་མི་མང་སྤྱི་འཐུས་རྣམས་དང་། ནང་སྲིད་ལས་ཁུངས། ཕྱི་སྲིད་ལས་ཁུངས། དཔལ་འབྱོར་འདུ་འགོད་ལས་ཁུངས་བཅས་ཡོད་མུས་ཐོག་ཤེས་རིག་ལས་ཁུངས་འཕར་འཛུགས་གནང་རྒྱུ་དང་བཅས་ལས་ཁུངས་ཆེ་ཁག་ལྔ་དང་། ཡན་ལག་ལས་ཁུངས་བཞི་བཅས་ཀྱི་གཙོ་འཛིན་དང་། འགན་འཛིན། དྲུང་ཆེ་བཅས་སྐབས་དེར་ལས་བྱེད་དང་མི་མང་ཁོངས་ནས་གང་འོས་ཕོ་མོ་དབྱེར་མེད་སྤྱི་འཐུས་རྣམས་ནས་མང་མོས་འོས་བསྡུ་འཆར་ཕུལ་ཕྱིར་བསྩལ་མི་གྲངས་ཉི་ཤུ་རྩ་དགུ་སྡེབ་གཅིག་གསར་མཇལ་དམ་འབུལ་ཞུས་པ་དང་། སྤྱི་འཐུས་རྣམས་འཆར་ཅན་ཟླ་རེར་ལྷན་ཚོགས་ཐེངས་གཉིས་དང་། འཕར་ཚོགས་ཇི་དགོས་སྐབས་འཕྲལ་གནང་རྒྱུ་དང་། སྔ་འཕྲོས་ལས་དོན་རྒྱུས་མངའ་ཤེས་རྟོགས་དང་། ཉམས་མྱོང་གསོག་ཆེད་ལྷན་ཁང་ཁག་ལ་འཐུས་མིའི་ངོ་བོའི་ཐོག་ནས་མཉམ་ཞུགས་གནང་རྒྱུ་སོགས་ཀྱི་གྲོས་ཆོད་དང་། འཆར་གཞི་ཁག་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྙན་སྒྲོན་འབུལ་ཞུས་ཀྱིས་ཆོག་མཆན་ཕྱག་རྟགས་སྤྱི་སྨིན་བསྩལ་བ་དང་། ད་ཕྱིན་གཞུང་གི་སྲི་ཞུའི་ལས་བྱེད་ཐད་ཕ་བུ་བརྒྱུད་འཛིན་བྱེད་པ་སོགས་ཀྱི་ལམ་སྲོལ་རྙིང་པ་དེ་རིགས་མིན་པར་རང་གི་ལྷག་བསམ་དང་། ཤེས་ཡོན་གནས་ཚད་ཀྱི་ཆ་རྐྱེན་ཚང་ན་ལུང་ཚན་དང་། ཕོ་མོ་རིགས་རུས་སོགས་ཀྱི་དབྱེ་བ་མེད་པར་ཞུགས་ཆོག་པ་སོགས་ཀྱི་སྒྲིག་འཛུགས་གནང་བ་དང་། ལས་བྱེད་བཀོད་སྒྲིག་ལེགས་བཅོས་གནང་བའི་གནས་ལུགས་ཁག་བཅས་བོད་མིའི་སྡོད་སྒར་ཡོངས་ལ་དྲིལ་བསྒྲགས་མཛད།  དེ་ལྟར་དེང་གི་བར་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་བའི་བར་རིམ་བརྒྱུད་གནང་བ་ཞིག་ཡིན།

 

ཕྱི་ལོ་ ༡༩༦༣ ཟླ་ ༣ ཚེས་ ༡༠ ཉིན། ཕོ་བྲང་ཚོམས་ཆེན་དུ་༸གོང་ས་མཆོག་དབུ་བཞུགས་ཐོག་བཀའ་བློན་རྣམ་པ་དང་། ཕྱག་རོགས། བོད་མི་མང་སྤྱི་འཐུས། འགན་འཛིན། དྲུང་ཆེ་ཡན་གྱི་མཛད་སྒོའི་སྟེང་༸གོང་ས་མཆོག་ནས་བཀའ་སློབ་དང་སྦྲགས་རྩ་ཁྲིམས་རིན་པོ་ཆེ་ནང་ཁུལ་དུ་གསལ་བསྒྲགས་དང་། དེ་ནས་ ༡༩༦༣ གསུམ་བཅུའི་དུས་དྲན་ཐེངས་བཞི་པའི་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་མཆོག་ནས་མ་འོངས་པའི་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་འཛམ་གླིང་ཡོངས་ལ་གསལ་བསྒྲགས་བསྐྱངས་པ་དང་། བོད་མི་ཀུན་ལ་རྩ་ཁྲིམས་དགོངས་དོན་ཞུ་སྒོའི་བཀའ་སློབ་ཕེབས་དགོངས་སུ་ ༼ ད་རེབ་རྩ་ཁྲིམས་ཟིན་བྲིས་རྒྱས་པ་ཞིག་འགྲེམས་སྤེལ་བྱས་ཡོད། རང་རེས་ཆོས་སྲིད་གཉིས་ལྡན་གྱི་མང་གཙོ་ཞིག་བྱེད་པ་ལ་མང་གཙོ་ཞེས་པའི་གོ་དོན་ལེགས་པར་ཤེས་དགོས། དཔེར་ན། མང་ཞེས་པ་རིགས་རུས་དང་། སྟོབས་འབྱོར་གྱིས་དབྱེ་བའི་མི་ཉུང་ཤས་ཤིག་མ་ཡིན་པར། ལས་ངལ་རྩོལ་ལ་བརྟེན་ཞིང་། རིགས་དམའ་བ། གྲལ་གྱི་མཐའ་ན་གནས་པའི་མང་ཚོགས་རྣམས་ཡིན་ལ། གཙོ་ཞེས་པ་ནི། དེ་དག་གཙོ་བོར་འཛིན་པའམ། དེ་རྣམས་དོན་གྱི་བདག་པོར་འཛིན་པའི་དོན་ཡིན། འོན་ཀྱང་ཡུལ་གྱི་བདག་པོར་གྱུར་ཏེ་ལས་འགན་འཁུར་བ་ལ་སློབ་སྦྱོང་ལེགས་པར་བྱས་ཏེ་རང་རང་ཡོན་ཏན་གྱི་གནས་ཚད་དང་། བསམ་བློའི་གོ་རྟོགས་ཇེ་ཆེར་གཏོང་དགོས་པ་ཤིན་ཏུ་གལ་ཆེ། དེ་ལྟ་མིན་པར་མང་གཙོ་ཞེས་པའི་ཚིག་ཙམ་ལ་ཞེན་ནས་ཅི་ཡང་མི་ཤེས་པར་གང་བྱུང་བྱས་ན་དཀའ་ངལ་དང་། གྲ་མ་འགྲིགས་པ་ཞེ་གཅིག་ལས་ཡོང་རྒྱུ་མེད་སྐོར་གྱི་བཀལ་སློབ་ལམ་སྟོན་བསྩལ་ཡོད། ༽ ཕྱི་ལོ་ ༡༩༦༥ ལོར་ལས་བྱེད་ཁོངས་སུ་གཞུང་རྙིང་པའི་ལས་བྱེད་སྔོན་ཡོད་རྣམས་ཀྱི་གོ་མིང་ཛ་ཐའི་ཟེར་བ་སོགས་དེང་དུས་ཀྱི་གནས་ཚུལ་དང་མི་འཚམས་པའི་གོ་མིང་ཇི་ཡོད་རྨང་ནས་ཕྱིར་བསྡུ་བསྐྱངས་པའི་གསལ་བསྒྲགས་གནང་། འདིར་ཞུ་རྒྱུ་གཞན་ཞིག་ནི། བོད་ནང་དུ་ཟ་༼ དམངས་གཙོ ༽བཀོལ་གྱི་ཡོད་པ་དང་བཙན་བྱོལ་ནང་༼ མང་གཙོ༽བཀོལ་བཞིན་ཡོད་མོད། གོང་གི་རྒྱལ་བ་རིན་པོ་ཆེ་ཡི་དམངས་གཙོའི་ཚིག་འགྲེལ་ལ་ལྟ་སྐབས་༼ དམངས་སམ་འབངས་མི༽ལ་གོ་དགོས་པ་གསལ་སྟོན་གནང་འདུག

 

དེ་སྔོན་བོད་གཞུང་ལྷན་ཁང་མ་ལག་ཁོངས་གཏོགས་དང་བཅས་པའི་ལས་དོན་ཞིབ་འཇུག་སླད་སྤྱི་འཐུས་རྣམས་དང་། བཞུགས་སྒར་དུ་ཡོད་པའི་ལས་བྱེད་ཆེ་ཕྲ་བཅས་ནས་ཟླ་དྲུག་རེའི་མཚམས་ལས་བསྡོམས་ཚོགས་འདུ་རེ་གནང་མུས་དེ་དག ༡༩༦༩ ལོ་ནས་བཟུང་ཕྱོགས་མཐའི་གཞིས་མགོ་བདེ་དོན་དང་། ས་ཁུལ་སོ་སོའི་འཐུས་མི་བཅས་ཡོད་པའི་ལོ་འཁོར་ཚོགས་ཆེན་རེ་གནང་རྒྱུའི་འཆར་ཕུལ་བཀའ་འཁྲོལ་དགོངས་དོན་ལྟར་གཏན་འབེབས་མཛད་པ་དང་། ༼ ཕྱི་ལོ་ ༡༩༧༢ ལོར་ཝ་ར་ཌྷ་སི་ཁུལ་གནས་འཁོད་བོད་མི་རྣམས་ནས་ཁུར་དུ་བླངས་ཏེ་བོད་རང་བཙན་ལས་དོན་སྒྲུབ་ཕྱོགས་ཐོག་འཆར་གཞི་དོན་ཚན་བཅུ་འཁོད་སྙན་འབུལ་དང་འབྲེལ་རྒྱ་ཆེའི་མང་ཚོགས་ལ་འབོད་སྐུལ་སྐོར་སྐྱོད་ཆོག་འཐུས་ཞུས་བསྩལ་ལྟར་བགྱིས་ཏེ། ལོ་དེའི་ཕྱི་ཟླ་ ༧ པའི་ནང་སྤྱི་འཐུས་ལྷན་ཚོགས་ནས་དབུ་འཁྲིད་གནང་བའི་ཕྱོགས་མཐའི་རང་འགུལ་མི་མང་ཁུངས་སོ་སོའི་མི་འཐུས་རྒྱས་འཛོམས་ཀྱིས་བོད་རང་དབང་བདེན་པའི་ལས་འགུལ་གྱི་སྔོན་འགྲོའི་ཚོགས་འདུ་ཐེངས་དང་པོ་དེ་ཚོགས་པ་དང་། ཚོགས་འདུ་དེའི་ཐོག་ནས་འཛམ་གླིང་འཐུས་མིའི་རྒྱལ་ཁབ་ཚོར་བོད་དོན་བདེན་པའི་རྒྱབ་སྐྱོར་དགོས་པའི་འབོད་བསྐུལ་སྙན་ཞུ་དང་། ལྷག་པར་གནས་ཡུལ་རྒྱ་གར་གཞུང་ལའང་བཙན་བྱོལ་བོད་གཞུང་ངོས་བཞེས་གནང་དགོས་པའི་རྒྱུ་མཚན་སྙན་ཞུ། གཞན་ཡང་བོད་མི་མང་ནས་རང་གི་གཞུང་ལ་རང་ཉིད་ཀྱིས་བརྩི་བཀུར་རྒྱབ་སྐྱོར་གསལ་པོར་ཞུ་ཕྱིར་བོད་མི་རེ་ནས་ཟླ་རེར་གནས་ཡུལ་གང་དེའི་སྒོར་རེ་བཅས་འབུལ་རྒྱུ་ཞུས་ཏེ། བོད་མིའི་རང་དབང་དངས་བླངས་སྤྱི་དངུལ་རྒྱལ་དོན་དཔྱ་ཁྲལ་ཞེས་མིང་བཏགས་པ་བཅས་དོན་ཚན་བརྒྱད་འཁོད་ཀྱི་གྲོས་ཆོད་སྣོན་འཇོག་ཞུས་པ་དང་འབྲེལ་བོད་རང་དབང་བདེན་པའི་ལས་འགུལ་གྱི་སྒྲིག་གཞི་གསར་དུ་གཏན་འབེབས་གནང་བ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐད་ཀའི་བཀོད་སྒྲིག་འོག་བོད་མི་འདུ་སྡོད་ས་གནས་ཁག་ནང་བོད་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་ཆུང་ཁག་དགུ་བཅུ་གོ་དྲུག་ཡོད་པ་དང་། ཚོགས་མི་གྲངས་ ༥༠༢ ཡོད། ༽(བཙན་བྱོལ་བོད་གཞུང་དྲ་བ།)

 

ཕྱི་ལོ་ ༡༩༧༣ ཟླ་ ༨ ཚེས་ ༢༥ ཉིན་བཙན་བྱོལ་བོད་གཞུང་གི་སྲི་ཞུའི་ལས་བྱེད་བཀོད་སྒྲིག་གསར་པའི་སྒྲིག་གཞི་གཏན་འབེབས་དང་འབྲེལ་གསལ་བསྒྲགས་བསྐྱངས།

༡༩༧༤ ལོར་བཀའ་དགོངས་བཞིན་བྱེས་འཁོད་གཞུང་མང་གི་ད་ལྟའི་གནས་སྟངས་ལ་གཞི་བཅོལ་ཏེ་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུའི་ཡིག་ཆ་ནས་ལེགས་ཆ་ལེན་འོས་བླངས་ཐོག་སྤྱི་འཐུས་གདམ་བྱ་འདེམས་བྱེད་ཀྱི་སྒྲིག་གཞི་གསར་དུ་གཏན་འབེབས་གནང་སྟེ། ལོ་དེའི་ཟླ་ ༡༡ ཚེས་ ༢༡ ཉིན་གཏན་འབེབས་དང་འབྲེལ་ཡོངས་ཁྱབ་གསལ་བསྒྲགས་ཀྱང་གནང་།

༡༩༧༥ ལོར་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་ ༦ པའི་ཐོག་བཀའ་བསྡུར་བྱུང་བ་ལྟར། ཕྱི་ཟླ་ ༩ ཚེས་ ༢ ཉིན་བོད་ཀྱི་རང་དབང་མང་གཙོའི་དུས་ཆེན་བརྩི་སྲུང་མཛད་རྒྱུར་གཏན་འབེབས་ཀྱིས་དབུས་དང་ཕྱོགས་མཐའི་ལས་ཁུངས་ཁག་གི་ལས་བྱེད་རྣམས་གཞུང་འབྲེལ་གུང་སེང་གནང་རྒྱུའི་གསལ་བསྒྲགས་གནང་ཡོད།

སྤྱི་འཐུས་སྐབས་དྲུག་པའི་དུས་སུ་ཆོས་བརྒྱུད་སྤྱི་མཚུངས་ལྟར་གཡུང་དྲུང་བོན་གྱི་ཆོས་འཐུས་ ༡༩༧༧ ཟླ་ ༡༠ ཚེས་ ༥ ཉིན་ནས་བཟུང་གསར་བསྐོ་བསྐྱངས་འདུག་ལ།

༡༩༧༤ ལོ་ནས་བཟུང་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ནས་སྤྱི་འཐུས་འོས་བསྡུ་གནང་ཕྱོགས་ཆོལ་གསུམ་སོ་སོ་མ་ཡིན་པར་ཆོལ་གསུམ་འོས་ཤོག་མཉམ་བསྡུ་གནང་རྒྱུར་དགོས་གལ་ཆེ་སྐོར་ཞུ་སྙན་རིམ་ཕུལ་ལ་བརྟེན ༡༩༨༡ ལོར་ཆེས་མཐོའི་རྒྱུན་ལས་ལྷན་ཚོགས་ཐོག་བཀའ་བསྡུར་གྱིས་སྐབས་བརྒྱད་པའི་འོས་བསྡུ་གཞོན་ནུའི་ལྷན་ཚོགས་ཀྱི་བསམ་འཆར་ཞུས་པ་ལྟར་གནང་རྒྱུར་མང་མོས་ཐག་གཅོད་བྱུང་སྟེ་ཆོལ་གསུམ་སྤྱི་འཐུས་འོས་བསྡུ་མཉམ་བླུག་བྱ་རྒྱུའི་བསྒྱུར་བཅོས་སོང་བའི་གསལ་བསྒྲགས་དབུས་འདེམས་བསྐོ་ལྷན་ཚོགས་ནས་བསྐྱངས་པར། མདོ་སྟོད་མི་དམངས་ཀྱི་ཕྱོགས་ནས་སྤྱི་འཐུས་འོས་བསྡུ་གནང་ཕྱོགས་སྔར་ལམ་ལྟར་ལེགས་པའི་བསམ་ཚུལ་རིམ་བྱུང་ལ་བསྐྱར་དུ་བཀའ་བསྡུར་གནང་སྟེ། སྤྱི་འཐུས་སྐབས་བརྒྱད་པ་འདི་འོས་བསྡུ་ཆེན་མོ་ཐེངས་གཅིག་གིས་འཐུས་རྒྱུར་དེ་ཐོག་ཕྱག་རྟགས་རིན་པོ་ཆེ་སྤྱི་སྩལ་དགོངས་དོན་གནང་རྒྱུ་ཐུགས་གཏན་འཁེལ་བ་མ་ཟད། གྲངས་ཚད་ཀྱང་རྒྱས་བསྡུས་གནང་འོས་གནང་ཡོད།

སྤྱི་འཐུས་སྐབས་བརྒྱད་པ་འདི་ལོ་གཉིས་འཕར་འགྱངས་གནང་སྟེ། དེ་ནས་བཟུང་སྤྱི་འཐུས་ཀྱི་ལས་ཡུན་ལོ་ལྔར་ཐུགས་གཏན་འཁེལ་དོན་ ༡༩༨༥ ཟླ་ ༧ ཚེས་ ༨ ཉིན་ཡོངས་ཁྱབ་གསལ་བསྒྲགས་སྩལ།

 

གཉིས་པ།  ༡༩༩༡ ནས ༢༠༠༠ ལོའི་བར་ཕྱེད་དབང་འཛིན་དམངས་གཙོའི་དུས་རིམ།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་བཙན་བྱོལ་བོད་གཞུང་གི་ལས་དོན་ཞུ་སྒོའི་ཐོག་སྟངས་འཛིན་དབང་བསྒྱུར་བྱེད་པའི་ཁྲིམས་གཞི་བླ་ན་མེད་པ་དེ་རེད་ལ། དེ་ནི་རྩ་ཁྲིམས་བསྐྱར་བསྒྲིགས་ཚོགས་ཆུང་ཆེད་འཛུགས་ཀྱིས་འཆར་ཟིན་བཏབ་པ་བརྒྱུད་དེ། སྤྱི་འཐུས་ལྷན་ཚོགས་སུ་སྙན་སེང་དང་འབྲེལ་བཀའ་བསྡུར་ཞུས་མཐར་ཕྱི་ལོ་ ༡༩༩༡ ཟླ་ ༥ ཚེས་ ༢༩ ཉིན་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལས་ཁུར་དམ་འབུལ་མཛད་སྒོའི་མཇུག་ཏུ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཆོག་མཆན་བསྩལ་ཏེ་རྩ་འཛིན་གསལ་བསྒྲགས་དང་སྦྲགས་ཞུ་སྒོའི་བཀའ་སློབ་ཞིབ་རྒྱས་ཤིག་བསྩལ་ཁོངས་དམིགས་བཀར་ཁྲིམས་བཟོ་དང་འབྲེལ་བའི་ཕེབས་དགོངས་སུ། མ་འོངས་པའི་རྩ་ཁྲིམས་དེ་རྩ་དོན་དེ་དག་བསམ་བློའི་འཁྱེར་སོའམ། སྲིད་བྱུས་ལ་བཟུང་ནས་བཟོ་རྒྱུ་ཡིན། ད་ལྟ་བར་བརྒལ་དུས་སྐབས་ལ་རྩ་འཛིན་བྱེད་རྒྱུའི་བཅའ་ཁྲིམས་འདི་ཡང་དེ་དང་འགྲོས་མཐུན་པའི་གོམ་རིམ་དང་པོའི་ཡིག་ཆ་ཞིག་ཡིན། ཡང་ཟླ་ཚེས་ཐད་ཡིག་ཆ་ཁག་གཞན་ཞིག་ཏུ་ཕྱི་ལོ་ ༡༩༩༡ལོའི་ཟླ་ ༦ཚེས་ ༢༨བཀོད་འདུག

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན། བཙན་བྱོལ་བོད་གཞུང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་ལ་བརྩི་སྲུང་ཞུ་བ་དང་ཆབས་ཅིག བོད་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་གྱི་བརྩི་མཐོང་། དེ་བཞིན་ཕོ་མོ་དང་རིགས་རུས། ཆོས་ལུགས། སྐད་ཡིག སྤྱི་ཚོགས་ཀྱི་འབྱུང་ཁུངས་སོགས་ཀྱི་དབྱེ་འབྱེད་མེད་པར་ཚང་མར་ཐོབ་ཐང་དང་། རང་དབང་འདྲ་མཉམ་དུ་སྤྱོད་ཆོག་པའི་འགན་ལེན་གནང་ཡོད་པར་མ་ཟད།  ཁྲིམས་ལུགས་དབང་འཛིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་ཀྱི་འོས་དམིགས་༸གོང་ས་ཆེན་པོས་བསྩལ་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་མོས་མཐུན་དང་གསལ་བསྒྲགས་དགོས་པ་བཅས་མང་གཙོའི་ཀ་བ་གསུམ་སྟེ་ཁྲིམས་བཟོ་ལྷན་ཚོགས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་། འཛིན་སྐྱོང་བཀའ་ཤག་བཅས་ཀྱི་འགན་དབང་ལྗིད་མཉམ་དབྱེ་གསེས་གསལ་འབྱེད་བཟོ་གནང་དང་། གཞན་ཡང་རང་དབང་ལྡན་པའི་ལས་ཁུངས་གསུམ་སྟེ་འོས་བསྡུ་ལས་ཁང་དང་། གཞུང་ཞབས་འདེམས་བསྐོ་ལྷན་ཁང་། རྩིས་ཞིབ་ལས་ཁང་གསུམ་སྒྲིག་འཛུགས་བསྐྱངས་ཡོད།

 

བཀའ་ཤག་གི་བཀའ་བློན་ཁྲི་པ་དང་། བཀའ་བློན་འོས་འདེམས་བྱ་ཕྱོགས་སྐོར། ༸གོང་ས་མཆོག་གིས་སྐབས་བཅུ་གཉིས་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པར་དེ་སྔ་ཕྱི་ལོ་ ༡༩༩༨ ཟླ་ ༩ ཚེས་ ༡༦ ཉིན་གསུང་འཕྲིན་ཕེབས་དགོངས་སུ། ༼ ཕྱི་ལོ་ ༡༩༩༠ ཕན་བཙན་བྱོལ་བོད་གཞུང་གི་བཀའ་བློན་རྣམས་འདི་ནས་ཐད་བསྐོས་བྱས་པ་དང་། ༡༩༩༡ ཟླ་ ༦ ཚེས་ ༡༤ ཉིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་པའི་དོན་ཚན་ ༢༡ ནང་བཀའ་བློན་འོས་འདེམས་བྱེད་ཕྱོགས་སྐོར་འོས་ཤོག་ཇི་བྱུང་རྩ་འབོར་གྱི་བརྒྱ་ཆ་བདུན་ཅུ་ལོངས་པ་དགོས་རྒྱུ་གསལ་བ། དངོས་སུ་ལག་བསྟར་སྐབས་བརྒྱ་ཆ་མ་ལོངས་པའི་རྐྱེན་གྱིས་ ༡༩༩༣ ལོར་བསྐྱར་བཅོས་ཀྱིས་བཀའ་བློན་འོས་གཞི་ངོས་ནས་མིང་འདོན་བྱ་རྒྱུ་གསལ་བ་ལྟར་ད་བར་ལག་བསྟར་བགྱིས་པ་དེ་ལྟར་ཡང་། ཕྱོགས་གཅིག་ནས་འོས་གཞིའི་མི་འགྲོ་འདོད་པ་ཁེངས་པ་ཞིག་རྙེད་སོན་ཡོང་མིན་དང་། གཉིས་ནས་སྤྱི་མཚུངས་མང་གཙོའི་འགྲོ་སྟངས་ཀྱི་ཆ་ནས་ཀྱང་བདེ་མིན་བཅས་ལ་བརྟེན། སླད་མང་གཙོའི་རྒྱལ་ཁབ་ཁག་ནང་ཡོད་མུས་ཡོངས་གྲགས་ཀྱི་འགྲོ་སྟངས་དང་ཉེ་བ་བཀའ་བློན་ཁྲི་པའི་འོས་དམིགས་གསུམ་ངོས་ནས་དམིགས་འཛུགས་བགྱིས་པར་སྤྱི་འཐུས་རྣམས་ནས་གསང་བའི་འོས་བསྡུའི་ཐོག་ནས་མི་གཅིག་འདེམས་སྒྲུག་གིས་མང་མོས་འོས་ཐོན་བྱུང་བ་དེས་བཀའ་བློན་ཁྲི་པ་བྱ་རྒྱུ་དང་། ཁྲི་པ་དེས་རང་ཉིད་ཀྱི་ལས་རོགས་བཀའ་བློན་འོས་དམིགས ༡༤ ལས་མི་ཉུང་བ་ཞིག་མིང་བཏོན་གྱིས་དེར་སྤྱི་འཐུས་ནས་འོས་ཤོག་འཕངས་ཏེ་མང་མོས་འོས་ཐོན་རྩེ་བཏོག་གིས་བདུན་ལ་གཏན་འབེབས་བྱ་འོས་སྙམ༽ཞེས་གསལ་བ་ལྟར་རེད།

 

གསུམ་པ། ༢༠༠༡ ནས་དེང་གི་བར་ཀྱི་ཐད་འདེམས་དམངས་གཙོའི་དུས་རིམ།

༸གོང་ས༸རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༠༡ ཟླ་ ༣ ཚེས་ ༡༥ ཉིན་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གཉིས་པའི་ཚོགས་དུས་བཅུ་གཅིག་པར་གྲོས་ཚོགས་སུ་ཆིབས་སྒྱུར་གྱིས་བཀའ་སློབ་བསྩལ་ཁོངས། བཀའ་བློན་ཁྲི་བ་དེ་བཞིན་མང་ཚོགས་ནས་ཐད་ཀར་འོས་འདེམས་བྱེད་པའི་བསྒྱུར་བཅོས་བཏང་བ་རེད། འདི་ནི་ཐོལ་བརྒལ་རང་བཞིན་གྱི་དམངས་གཙོའི་གོམ་བགྲོད་ཆེན་པོ་ཞིག་ཡིན་པར་མ་ཟད། ཉུང་མཐར་དམིགས་བསལ་ཁྱད་ཆོད་གསུམ་ལྡན་པ་གཤམ་གསལ།

༡ ༼ ༧རྒྱལ་བ་རིན་པོ་ཆེ་མེད་པ་ལྟ་བུའི་བསམ་བློ་བཏང་དགོས་ཀྱི་ཡོད་པ་དང་། ལས་ཀ་བྱེད་དགོས་ཀྱི་འདུག༽ཅེས་ནམ་རྒྱུན་རྒྱལ་བ་རིན་པོ་ཆེ་ནས་གསུངས་ཀྱི་ཡོད་པ་སྤྱི་དང་སྒོས་སུ་བོད་པ་མི་རེ་ངོ་རེ་ནས་འགན་རང་ལེན་དང་སྤྱི་འགན་ཁུར་ལེན་གྱི་ལམ་ནང་བསྐུལ་འདེད་གནང་ཡོད་ཅིང་། ནང་ཆོས་ཀྱི་བསྟན་དོན་ལྟར་རང་ཉིད་རང་གི་མགོན་ཡིན་ཞེས་པའི་དགེ་བསྐུལ་རང་བརྟེན་གྱི་ལམ་སྟོན་བླ་ན་མེད་པར་གྱུར་ཡོད།

༢ དེང་དུས་དམངས་གཙོའི་ལམ་སྲོལ་དང་ཡོངས་སུ་མཐུན་པར་མ་ཟད། མི་སྒེར་བའི་ནུས་པ་སྒྲིག་འཛུགས་ཀྱི་ནུས་པ་ལས་ཆུང་བ་ཡོད་པས། བཙན་བྱོལ་བོད་གཞུང་འདི་བཞིན་བོད་ཀྱི་གནད་དོན་ཐག་གཅོད་མ་ཡོང་བའི་ཡར་སྔོན་སྲ་ཐག་ཐག་ཅིག་བསྡོད་ཐུབ་པའི་གཞི་རྟེན་བསྐྲུན་ཟིན་པ་དང་། ༼ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད༽ཅེས་པའི་བོད་རང་ལུགས་ཀྱང་འབུར་དུ་ཐོན་ཐུབ་ཡོད།

༣ ཐད་འདེམས་བཀའ་ཁྲི་ལོ་ལྔ་ཚན་རེ་ནང་དུ་བསྐྱར་དུ་གདམ་གྱི་ཡོད་པས། མང་ཚོགས་ཀྱི་འདོད་པ་མ་ཁེངས་ཚེ་སླར་ཡང་འདོད་བློ་བསྐྲུན་ཐུབ་མཁན་ཞིག་གདམ་ག་བྱེད་ཆོག་གི་ཡོད་པས། མི་ནུས་པ་ཅན་མང་བོ་ཞིག་ལ་ལམ་ཁ་བསྐྲུན་ཡོད་ལ། དེ་དག་གིས་རྒྱལ་བ་རིན་པོ་ཆེ་ནང་བཞིན་གྱི་ནུས་པ་ཐོན་ཁག་པོ་ཡིན་ནའང་། ལྟོས་ས་ལྟོས་འཇོག་གིས་མང་མོས་རྩེ་བཏོག་ཡིན་པས། གནད་དོན་ཆེ་ཕྲ་གང་ཅིའི་ཐད་ཐག་གཅོད་ཀྱི་དབང་ཤུགས་ཡོངས་སུ་འཛོམས་ཡོད།

 

མཇུག་བསྡུ་བའི་ལས་འཆར་བཟོ་འགོད།

གོང་ནས་བཙན་བྱོལ་བོད་གཞུང་དང་དམངས་གཙོའི་འཕེལ་རིམ་རོབ་ཙམ་ངོ་སྤྲོད་བྱས་ཟིན་པའི་ཁུལ་ཡིན། ད་ལྟ་དྲི་བ་དྲིས་ལན་འགོ་འཛུགས་བྱེད་ཆོག དེ་ནས་བཙན་བྱོལ་བོད་གཞུང་གི་ཕྱི་འབྲེལ་དང་ཤེས་ཡོན་སློབ་གསོ། ནང་སྲིད་གསུམ་གྱི་མ་འོངས་ལས་འཆར་ཐད་ཚན་ཆུང་བགོས་ནས་ལས་འཆར་བཟོ་འགོད་བྱེད་རྩིས་ཡིན་ལ། ལྷན་རྒྱས་རྒྱ་མཚོ་ཆེན་པོའི་གླིང་དུ་སློབ་གཉེར་གནང་བཞིན་པའི་མཐོ་སློབ་དང་མཐོ་འབྲིང་གི་སློབ་ཕྲུག་ཤ་སྟག་ཡིན་ཙང་། གོ་སྐབས་འདི་བཟུང་ནས་རང་ཉིད་ཀྱི་རྣམ་དཔྱོད་འདོན་འོས་པར་མ་ཟད། ལས་འཆར་དེ་བཞིན་སྐུ་ངོ་དོན་གཅོད་མཆོག་ལ་ཐད་ཀར་འབུལ་བའི་གོ་སྐབས་ཀྱང་ལྷགས་ཟིན་པས། གཅིག་བྱས་ན་མ་འོངས་བཀའ་ཤག་གསར་བར་ཐུགས་ཕན་གསོ་བའི་རྒྱུ་རུ་མི་འགྱུར་བའི་ངེས་པའང་མེད་སྙམ།  དེ་བས། ཚན་ཆུང་གསུམ་དུ་བགོ་རྒྱུ་ཡིན་ལ། གཅིག་གཉིས་གསུམ། གཅིག་གཉིས་གསུམ་རིམ་བརྒྱུད་ཀྱིས་གཅིག་གི་རིགས་ཚན་ཆུང་གཅིག་དང་། གཉིས་ཀྱི་རིགས་ཚན་ཆུང་གཅིག གསུམ་གྱི་རིགས་ཚན་ཆུང་གཅིག་བཅས་སུ་དབྱེ་རོགས། དེ་ནས་ཚན་ཆུང་རེ་ནས་ཚན་གཙོ་རེ་གདམ་ནས་སྙན་བསྒྲོན་ཞུ་རོགས། ཚན་གཙོའང་ཆུང་ཆུང་ཞིག་རེད་མ་འདོད་ཨ། ཚན་གཙོ་རེ་རེའང་མ་འོངས་པའི་བཀའ་ཁྲི་རེ་རེར་སླེབས་སྲིད་པ་དང་། དེའི་ཐད་སོ་སོའི་ངོས་ནས་ཀྱང་ང་རང་གིས་ཅིག་ལས་ཀི་ཡིན་བསམ་པའི་ཨུ་ཚུགས་དང་ཤེས་ཡོན། དྲང་ཚུགས་ལྡན་དགོས་པ་སྔོན་འགྲོའི་ཆ་རྐྱེན་ཡིན་པ་མ་བརྗེད་པ་གནང་རོགས། ཐུགས་རྗེ་ཆེ།

 

ལས་འཆར་བཟོ་འགོད།

དང་པོ། ཕྱི་སྲིད་ཐད་ཀྱི་ལས་འཆར་བཟོ་འགོད།

དེང་སྐབས་བོད་ཀྱི་གནད་དོན་དཀའ་ངལ་ཆེན་པོ་གཉིས་ལ་འཕྲད་ཡོད།

༡ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ཏུ་ཐག་གཅོད་ཡོང་ཐབས་ལ་ལམ་འགྲོ་བྱུང་མེད་པ།

༢ རྒྱ་ནག་དེ་བཞིན་དཔལ་འབྱོར་ཐད་ལོ་རེ་རེ་བཞིན་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་ཙང་དཔལ་འབྱོར་ལ་གྱོང་གུད་ཐེབས་ཀྱིན་པའི་དེ་རིང་རྒྱའི་ཤུགས་རྐྱེན་རྒྱལ་ཁབ་ཡོངས་ལ་ཐེབས་བཞིན་པ་དང་། དེ་དང་མཉམ་དུ་སྲིད་དོན་གྱི་དགོས་འདུན་ཡང་མཉམ་བསྲེས་བྱས་ཡོད་པས། བོད་དོན་དྲིལ་བསྒྲགས་དང་ཐག་གཅོད་ཡོང་བར་ཚད་ངེས་ཅན་ཞིག་ནས་བཀག་རྒྱ་བྱེད་ཐུབ་ཡོད།

གནས་སྟངས་འདིའི་འོག་ནས་ང་ཚོས་བོད་ཀྱི་གནད་དོན་དེ་བཞིན་ཐག་གཅོད་ཡོང་ཐབས་ཀྱིས་མཚོན་པའི་འཛམ་གླིང་ནང་དྲིལ་བསྒྲགས་ཇི་ལྟར་བྱེད་འོས་པའི་ཐད་ལྷན་རྒྱས་ནས་ལས་འཆར་ཞིག་བཟོ་རོགས་གནང་།

 

གཉིས་པ། ཤེས་ཡོན་ཐད་ཀྱི་ལས་འཆར་བཟོ་འགོད།

དེང་སྐབས་བཙན་བྱོལ་སྤྱི་ཚོགས་ཁྲོད་བརྒྱ་ཆའི་བདུན་ཅུའམ་བརྒྱད་ཅུའི་ཡིག་རྨོངས་སེལ་ཟིན་ནའང་ཆེད་ལས་པ་ཐོན་པ་ཧ་ཅང་གི་ཉུང་ཤས་ཤིག་ཡིན་པ་དང་། བོད་ནང་སྲིད་ཇུས་རྐྱེན་བྱས་ཆེད་ལས་མི་སྣ་ཡོང་བའང་ཁ་ཤས་ཤིག་ཡིན། འདི་ལ་འཕྲལ་ཕུགས་གཉིས་སུ་དབྱེ་འོས་པར་སྙམ།

༡ ཕུགས་ཀྱི་ཆ་ནས་བལྟ་སྐབས། གལ་སྲིད་མ་འོངས་པར་བོད་མིར་རང་དབང་ཐོབ་པའི་ཉིན་མོའང་ང་ཚོར་རང་ཁ་རང་གསོའམ་ལས་རིགས་སྣ་ཚོགས་ཁྲོད་ཆ་ཤས་ལེན་པའི་ནུས་པ་ལྡང་ངེས་ཤིག་མེད་སྟབས། འདིའི་ཐད་ཆེད་ལས་པ་ཇི་ལྟར་གསོ་སྐྱོང་བྱེད་འོས་པ་དང་།

༢  འཕྲལ་གྱི་ཆ་ནས་བོད་དོན་སེལ་ཐབས་གལ་འགེངས་ཤིན་ཏུ་ཆེ་བས། ཁྲིམས་ལུགས་དང་གསར་འགྱུར་བརྒྱུད་ལམ་སོགས་ཀྱི་ཆེད་ལས་པ་ཇི་ལྟར་གསོ་སྐྱོང་གནང་རྒྱུའང་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན།

གོང་གསལ་འཕྲལ་ཕུགས་གཉིས་ཐད་བཙན་བྱོལ་བོད་གཞུང་གིས་ཇི་ལྟར་གཞོག་འདེགས་གནང་དགོས་པར་ལས་འཆར་ཞིག་བཟོ་རོགས་གནང་།

 

གསུམ། ནང་སྲིད་ཐད་ཀྱི་ལས་འཆར་བཟོ་འགོད།

དེང་སྐབས་བཙན་བྱོལ་སྤྱི་ཚོགས་ཀྱི་གཞིས་སྒར་ཆེ་ཁག་ཚང་མ་རྒྱ་གར་དང་བལ་ཡུལ། འབྲུག་རྒྱལ་ཁབ་ནང་ཡོད་ཅིང་། འཚོ་རྟེན་གཙོ་བོ་ཚོང་ལས། རྨོ་འདེབས་ཙག་ཙིག སྦྱིན་བདག་གསུམ་ལ་བརྟེན་ཡོད་མོད། དབུལ་ཕྱུག་གི་ཧེ་བག་ཆེ་བ་དང་ཉམས་ཐག་མང་ཆེ་བར་སྦྱིན་བདག་ཕར་ཞོག་ཚོང་ལས་ཀྱང་མ་རྩ་མ་འདང་བའི་དཀའ་ངལ་འཕྲད་མུས་སུ་ཡོད་པར་མ་ཟད། སློབ་གྲྭ་ཆེན་མོ་སློབ་མཐར་ཕྱིན་རྗེས་ལས་མེད་ཆགས་ཟིན་པའི་ན་གཞོན་ཡང་ཉུང་ཉུང་ཞིག་མིན། དེའི་ཁར་གསར་འབྱོར་བ་ལས་མེད་ཀྱང་མང་ནས་མང་དུ་འགྲོ་བཞིན་པས། ལྷན་རྒྱས་ནས་གནས་སྟངས་འདི་གཞིར་བཟུང་སྟེ། ཁྱོད་རང་ཚོས་སློབ་སྦྱོང་གནང་ཡུལ་རྒྱལ་ཁབ་ཁག་གི་ཉམས་མྱོང་དང་སྦྲགས་ནས་གནད་དོན་ཐག་གཅོད་ཡོང་ཐབས་ཀྱི་ལས་འཆར་ཞིག་བཟོ་རོགས།

ཀློག་མཁན་སྤྱི་ནས་ལས་འཆར་ཁག་གསུམ་འདིའི་ཐད་བསམ་ཚུལ་ལྷུག་སྩོལ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན་པར་མ་ཟད། བརྗོད་གཞི་རང་སྟེང་གི་མ་འདུ་བ་སོགས་ལ་ཡོ་བསྲང་གནང་བར་རེ་བ་བྱེད་ཀྱི་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

ཆུ་ཚོད་ ༡༩ སྔོན་ལ།
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

ཆུ་ཚོད་ ༡༩ སྔོན་ལ།
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

ཆུ་ཚོད་ ༢༣ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 4

  1. གནས་ཚང་། says:
    ལོ་ 14 སྔོན།

    མདོར་དྲིལ་ནས་བཤད་ན། རྒྱལ་བ་རིན་པོ་ཆེ་ནས་དམངས་གཙོའི་གསོལ་རས་གནང་བ་དང་བསྟུན་ནས་བོད་ཀྱི་གནད་དོན་གཙང་སེལ་གྲུབ་མཚམས་བཙན་བྱོལ་བོད་གཞུང་རང་ངོས་ནས་སྒོ་རྒྱག་རྒྱུའི་དུས་ཚོད་གསལ་བསྒྲགས་བསྐྱངས་ཡོད་པས། དེ་ནི་དགའ་ལྡན་ཕོ་བྲང་མཇུག་གྲིལ་བའི་དུས་ཚོད་གཏན་འཁེལ་གནང་བ་ཞིག་ཀྱང་ཡིན། དེ་བས། ཁོང་གིས་བོད་ཀྱི་གནད་དོན་གཙང་སེལ་མ་གྲུབ་པའི་ཡར་སྔོན་ཐད་འདེམས་བཀའ་ཁྲི་ལ་དབུ་བློན་གྱིས་འཁུར་འོས་པའི་ལས་འགན་ཆ་ཚང་ཕུལ་རྒྱུར་བགྲེས་ཡོལ་ཞུ་རྒྱུའི་ཡིན་ཞེས་པ་ལས་དགའ་ལྡན་ཕོ་བྲང་སྒོ་རྒྱག་རྒྱུའི་སྐོར་གསུངས་མེད། ཡང་ཅིག་བཤད་ན། འདི་ལས་ཡེ་ཤེས་དབྱིངས་དཔྱད་གཞན་མེད་ལ་བཙན་བྱོལ་བོད་མིས་སྔ་རྗེས་སུ་ཐོབ་ཐང་འདི་ཁོང་ལ་ཕུལ་ཟིན་པ་ཞིག་ཀྱང་ཡིན།

    ༼ལྷ་སྡེ་གནམ་ལོ་ཡག་གིས་བཏབ་པའི་ཁ་བརྡ་ཚང་གི་མཆན་ལས་དྲངས།༽

    Reply
  2. བློ་བཟང་དཔལ་ལྡན། says:
    ལོ་ 14 སྔོན།

    {བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ནས་ཡོངས་ཁྱབ་ཏུ་དགའ་ལྡན་ཕོ་བྲང་མཇུག་སྒྲིལ་དགོས་མིན་ལ་བསམ་ཞིབ་བྱེད་རྒྱུ་ཡིན་ཞེས་གསུངས་བ་མ་གཏོགས་རྒྱལ་བ་རིན་པོ་ཆེ་ནས་མང་ཚོགས་ཁྲོད་དེ་འདྲ་ཞིག་གསུངས་མྱོང་མེད་པས། འདིའི་ཐད་དེང་ཕྱིན་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད། རྒྱུ་མཚན་ནི་སྐད་ཆ་འདིའི་རིགས་ལ་པེ་ཅིན་སྲིད་གཞུང་མཉེས་བོ་ཡོད་པའི་ཁར། བོད་པ་རང་ངོས་ནས་བོད་ཀྱི་གནད་དོན་ཐག་གཅོད་མ་ཡོང་གོང་དུ་རང་སྲོག་བཅད་པའང་ཡིན་པས། ལེ་བདའ་བྱེད་ས་དང་ཁག་འགེལ་ས་ལྷག་མེད་པ་ནི་བཤད་མ་དགོས་པ་ཞིག་རེད།}
    <ྋགོང་ས་མཆོག་གི་བཀའ་ལན། ངོས་ནས་དང་ཐོག་དྲི་བ་འདི་འདོན་མཁན་ཁོང་ལ་སངས་རྒྱས་ཀྱི་བཀའ་བསྟན་འགྱུར་ཕྲན་བུ་ཀློག་རོགས་ཞེས་བརྗོད་འདོད་བྱུང་། རྒྱ་གར་དུ་བླ་མའི་ཡང་སྲིད་ངོས་འཛིན་བྱེད་པའི་ལུགས་སྲོལ་བྱུང་མེད། དེ་བཞིན་ཐའེ་ལན་ཌི་དང་འབར་མ། རྒྱ་ནག་སོགས་ནང་པའི་ལུང་པ་མང་པོ་ཞིག་ལ་བླ་མའི་ཡང་སྲིད་ངོས་འཛིན་བྱེད་སྲོལ་དར་མེད། སྐྱེས་བུ་དམ་འདི་དང་འདིའི་སྐུ་སྐྱེ་རེད་ཅེས་བརྗོད་དེ་ངོས་འཛིན་བྱེད་སྲོལ་ཡོད་པ་ལས། བླ་མའི་ཡང་སྲིད་ངོས་འཛིན་གྱིས་སྤྲུལ་སྐུ་ཟེར་བའི་ལུགས་སྲོལ་དེ་མེད། བོད་དུ་ཐོག་མར་ཕྲུ་གུ་ཆུང་ཆུང་ཞིག་གིས་སྐྱེ་བ་སྔོན་མ་ཧ་ཅང་གསལ་པོ་དྲན་ཏེ་ར་འཕྲོད་གསལ་པོ་བྱུང་བར་བརྟེན་ཡང་སྲིད་དུ་ངོས་འཛིན་བྱས་པ་རེད། དེའི་རྗེས་ག་ལེར་ག་ལེར་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ་དེ་སྤྱི་ཚོགས་ནང་གི་གྲལ་རིམ་ལྟ་བུ་ཆགས་གྲབས་བྱས་པ་རེད། དེར་བརྟེན། ངོས་ནས་ཡོངས་གྲགས་བྱས་ཏེ་སྤྲུལ་སྐུ་དང་བླ་མ་གཉིས་ལ་ཁྱད་པར་ཡོད། བླ་མ་ཡིན་ལ་སྤྲུལ་སྐུ་མ་ཡིན་པ་དང་། སྤྲུལ་སྐུ་ཡིན་ལ་བླ་མ་མ་ཡིན་པ། ཡང་གཉིས་ཀ་ཡིན་པ་ཡང་ཡོད་ཅེས་བཤད་ཡོད། སོ་སོས་སློབ་སྦྱོང་དང་ཉམས་ལེན་བྱས་ཏེ་ཚད་ལོངས་པ་ཞིག་ཡོད་པ་དེ་ལ་བླ་མ་ཟེར་གྱི་ཡོད། སྤྲུལ་སྐུ་ནི་དེ་འདྲའི་སློབ་སྦྱོང་གི་ཚད་ལོངས་པ་ཞིག་མེད་ཀྱང་བླ་མ་གོང་མ་ཚོའི་མིང་གི་ཐོག་ནས་སྤྱི་ཚོགས་ནང་གྲལ་རིམ་གྱི་ཐོབ་ཐང་ཡོད་སྟབས། རང་ཉིད་ལ་བླ་མའི་ཡོན་ཏན་གང་ཡང་མ་ཚང་བར་ཞབས་འདྲེན་ཞུ་མཁན་མང་པོ་ཡོང་གི་ཡོད། དེ་འདྲ་ཡིན་དུས་ངོས་ཀྱིས་ལོ་བཞི་བཅུ་ཙམ་གྱི་གོང་ནས་ང་ཚོ་བོད་ཀྱི་སྤྱི་ཚོགས་ནང་སྤྲུལ་སྐུ་ངོས་འཛིན་བྱེད་རྒྱུ་ཏོག་ཙམ་ཚོད་འཛིན་བྱ་དགོས་པ་དང་། ཚད་ལོངས་པ་དེ་འདྲ་མ་གཏོགས་གཞན་ཚད་ལྡན་མིན་པ་དེ་འདྲ་མང་དྲགས་ན་ཡག་པོ་མི་འདུག་ཅེས་བརྗོད་མྱོང་། ངོས་ནས་སྤྲུལ་སྐུའི་སྐོར་དོ་སྣང་བྱེད་པ་དེ་ནི་བསྟན་པའི་ཞབས་འདེགས་སྒྲུབ་པའི་ཆ་རྐྱེན་ཞིག་ཏུ་བརྩི་ཡི་ཡོད། ཏཱ་ལའི་བླ་མའི་ཡང་སྲིད་ལ་མཚོན་ན་ཕྱི་ལོ་ ༢༠༠༡ ལོར་མི་མང་གིས་འོས་བསྡུ་བྱས་ཏེ་ཆབ་སྲིད་ཀྱི་མགོ་ཁྲིད་བསྐོས་པ་ནས་བཟུང་སྟེ། ལོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་ཏཱ་ལའི་བླ་མའི་ཆོས་སྲིད་གཉིས་ཀྱི་མགོ་ཁྲིད་ཀྱི་འགན་འཁུར་བའི་དུས་ཚོད་རྫོགས་པ་རེད།>

    Reply
  3. རིགས་བཟང་། says:
    ལོ་ 14 སྔོན།

    ལྟེ་ཁྲག་འཐོར་ས་མདོ་སྨད་ཕྱུག་མོ་ལྗོངས།།
    བྱ་གཞག་འོད་སྣང་ནུབ་ཕྱོགས་ཡུལ་ནས་འཚེར།།
    ཕུགས་འདུན་གསེར་ཐག་རིང་མོ་བོད་ལ་བཅངས།།
    ལྷ་སྡེ་བུ་ལོ་ཁྱེད་ཀྱི་ཟླ་ལ་སུ།།

    Reply
  4. གནམ་ལྕགས། says:
    ལོ་ 14 སྔོན།

    བཤད་ནོ་ད་ཡག་གི་ར། མང་གཙོ་ར་མང་གཙོ་ཟེར་དུས་ང་མགོ་ནང་ནི་ཞིག་རེད་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese