མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྟོང་ཉེན་གྱི་ཤམ་བྷ་ལ། – བནྡེ་སྐྱབས་ཀྱིས་བསྒྱུར།

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཁུ་ལཱའོ་ཌེ་ཨར་པེ་ཡིས་བརྩམས། བནྡེ་སྐྱབས་ཀྱིས་བསྒྱུར།

མེག་མཱ་ཧོན་ས་ཐིག་(McMahon line )དང་ཉེ་བའི་བོད་ལྷོ་ངོས་མཐའ་མཚམས་སུ་རྒྱ་ནག་གིས་གཞུང་ལམ་གསར་སྐྲུན་བྱས་པ་དེ་རྒྱ་གར་གྱི་ས་མཚམས་བདེ་འཇགས་ལ་ཉེན་ཁ་ཆེ་བའི་རྩོད་རྙོག་གི་མགོ་བཙུགས་པ་རེད།

ལོ་རྙིང་པ་ཞིག་འདི་ལྟར་མཇུག་རྫོགས་ལ་ཉེ་བའི་དེ་རིང་རྒྱ་གར་ལ་མཚོན་ན། ༢༠༡༠ ལོའི་ཆེས་མི་ལེགས་པའི་གསར་འགྱུར་དེ་གང་རེད་ཅེས་དྲི་བ་ཞིག་འདོན་སྐབས། རྙོག་གླེང་ཅན་གྱི་ལྡི་ལི་རྒྱལ་སྤྱིའི་ལུས་རྩེད་འགྲན་ཚོགས་ཀྱི་ཐོག་མའི་གོ་སྒྲིག་བྱེད་ཕྱོགས་དང་དེའི་སྐབས་ཀྱི་ལྐོག་ཟ་རུལ་སུངས་ཀྱི་གནས་བབ། ཁྲིམས་མཐུན་མིན་པའི་ཆབ་སྲིད་པའི་ནག་ཉེས་ལས་འཇིགས་སྐུལ་རིང་ལུགས་པའི་གནས་བབ་བསྐྱར་གསོ་བྱུང་བ། དེ་བཞིན་མའོ་ཕྱོགས་གཏོགས་པའི་འཇིགས་རྒོལ་སོགས་གདམ་གསེས་དཀའ་བའི་རྩོད་རྙོག་གི་དྲིས་ལན་སྣ་ཚོགས་ཤིག་ཡོད་ངེས་རེད།

གང་ལྟར། ཁུ་སིམ་སིམ་ངང་གནས་ཚུལ་གཞི་རྒྱ་ཆེན་པོ་ཞིག་བྱུང་ཟིན་པ་དེ་ལོ་འདིའི་ནང་གི་རྒྱ་གར་གྱི་གསར་འགྱུར་ཆེས་མི་ལེགས་པ་དེ་རེད། དེ་ནི་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་གྱི་ས་འབྲེལ་མེ་ཏོག་རྫོང་ལ་རྒྱ་ནག་གིས་ཐད་ཀར་གཞུང་ལམ་འཛུགས་སྐྲུན་བྱས་པའི་གནས་ཚུལ་འདི་ཡིན། འདི་ནི་རྒྱ་གར་ལ་སེམས་ཁྲལ་བཟོ་བྱེད་ཀྱི་རྙོག་དྲ་ཞིག་ཡིན། འདི་ལོར་རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པོ་རྒྱ་གར་ལ་རྒྱལ་དོན་འཚམས་གཟིགས་སུ་འབྱོར་ཏེ། རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སཱིན་དང་མཇལ་འཕྲད་ཀྱི་དུས་དང་བསྟུན་ཏེ། བོད་ལྷོ་ངོས་ཀྱི་མཐའ་འཁོབ་ས་ཁུལ་ཏེ། མེ་ཏོག་རྫོང་བར་བཟོ་བཞིན་པའི་གཞུང་ལམ་གྱི་ས་འོག་ཕུག་ལམ་སྐོར་གྱི་གནས་ཚུལ་འགའ་རྒྱ་ནག་དབུས་བརྙན་འཕྲིན་ཁང་ CCTV ཁང་གིས་སྤེལ་ཡོད།  

མེ་ཏོག་རྫོང་ནི་རྒྱ་དཀར་ནག་གི་ས་མཚམས། མེག་མཱ་ཧོན་ས་ཐིག་ནུབ་ངོས་ཀྱི་སྤྱི་ལེ་འགའི་སར་ཆགས་ཡོད། གསར་ལམ་ཁག་གིས་སྣང་མེད་དུ་བཞག་ཡོད་ཀྱང་། གནད་དོན་འདི་རྒྱ་དཀར་ནག་གི་མཐའ་མཚམས་བདེ་སྲུང་གི་མཇུག་འབྲས་ལ་ཚོད་རྩིས་བྱ་དཀའ་བའི་གནད་དོན་ཞིག་ཆགས་ཡོད་ལ། བོད་ནས་རྒྱ་གར་ནང་བཞུར་གྱིན་པའི་ཡར་ཀླུང་གཙང་པོ་(Brahmaputra)ཡི་བཞུར་རྒྱུན་ལ་ཡང་འགོག་རྐྱེན་འཕྲད་ངེས་རེད། རྒྱ་ནག་དབུས་བརྙན་འཕྲིན་གྱིས་གནས་ཚུལ་སྤེལ་བའི་ནང་། “རྒྱ་མཚོའི་ངོས་ནས་མཐོ་ཚད་ལ་མི་ཊར་ ༤༧༠༠ ཡོད་པའི་དགའ་ལུང་ལ་རི་རྒྱུད་ཀྱི་མེ་ཏོག་རྫོང་གི་མང་ཚོགས་ཚོར་ཕན་ཚུན་འགྲུལ་སྐྱོད་ཀྱི་དཀའ་ངལ་ཆེ་བ་དང་། འགྲུལ་བཞུད་ཀྱི་གཞུང་ལམ་གསར་སྐྲུན་ཁྲོད་ས་འོག་ཕུག་ལམ་བཏོད་རྒྱུ་དེ་ལས་བཟོ་བ་ཚོར་ཡང་དཀའ་ངལ་ཆེན་པོ་ཆགས་ཡོད།” ཅེས་བརྗོད་ཡོད།

རྒྱ་རིགས་ལས་བཟོ་བ་ཅཱན་ཟེར་བ་ཞིག་གིས་བརྙན་འཕྲིན་དེར། “ ས་འོག་ཕུག་ལམ་བཏོད་ཐུབ་མ་ཐག་ང་ཚོར་དགའ་ཚོར་དང་སྤྲོ་སྣང་གི་མིག་ཆུ་བཞུར་ངེས་ལ། དཀའ་ངལ་དང་ཆིག་སྒྲིལ་གྱི་ཚོར་སྣང་མངོན་འགྱུར་གྱིས་ཕན་ཚུན་འཐམ་འཁྱུད་ཀྱང་བྱ་ངེས་ཡིན།” ཞེས་དང་། བུ་ཆུང་ཞེས་པའི་ས་གནས་བོད་རིགས་དམག་མི་གཅིག་གིས། “ མེ་ཏོག་རྫོང་ནི་མཚོ་བོད་མཐོ་སྒང་ན་ཁེར་རྐྱང་དུ་ཆགས་པའི་མཚོ་གླིང་ལྟ་བུ་དང་། རྒྱ་ནག་རྒྱལ་ཁོངས་ཀྱི་རླངས་འཁོར་འགྲོ་སྐྱོད་མི་ཐུབ་པའི་རྫོང་གཅིག་པུ་དེ་ཆགས་ཡོད། མེ་ཏོག་རྫོང་གི་མང་ཚོགས་ཚོས་ཕྱི་རོལ་གྱི་ཅ་དངོས་རིགས་རྒྱབ་ལ་ཁུར་ཏེ་རྐང་ཐང་ལ་སྐྱེལ་འདྲེན་བྱེད་ཀྱི་ཡོད། ང་ཚོས་ས་འོག་ཕུག་ལམ་འདི་གང་མགྱོགས་བཟོ་ཚར་རྒྱུའི་རེ་བ་བྱེད་ཀྱི་ཡོད། འདི་ཚར་ན་མེ་ཏོག་རྫོང་གི་མི་མང་ཚོའི་འགྲུལ་བཞུད་སྟབས་བདེ་རུ་འགྲོ་རྒྱུ་མ་ཟད་ཕྱི་མི་ཚོ་ཡུལ་འདིའི་མཛེས་ལྗོངས་ལ་གཟིགས་སྐོར་དུ་ཡོང་ཐུབ་ངེས་རེད།” ཅེས་བརྗོད་འདུག

གཅིག་བྱས་ན་མེ་ཏོག་རྫོང་ནི་ཐད་ཀར་རྒྱ་ནག་ནང་གི་གཞུང་ལམ་དང་སྦྲེལ་ཐག་མེད་པའི་ས་གནས་གཅིག་པུ་དེ་ཡིན་པ་བདེན་སྲིད་ཀྱང་། འགྲོ་གྲོན་དང་ནུས་ཤུགས་འདི་འདྲའི་ཕོན་ཆེན་བཏང་བ་དེ་ས་གནས་མི་གྲངས་ ༡༡༠༠༠ ཙམ་གྱི་བདེ་དོན་དང་ཁེ་ཕན་ཆེད་དུ་ཡིན་པ་མི་སུ་ཞིག་གིས་ཡིད་ཆེས་བྱེད་ཐུབ།

སྤྱི་ལེ་ ༡༡༧ ཡོད་པའི་མེ་ཏོག་རྫོང་གི་གཞུང་ལམ་དེ་ཧྲང་ཧེ་རྒྱལ་ཡོངས་གཞུང་ལམ་ཨང་ ༣༡༨ ནས་རྒྱ་གར་གྱི་ས་མཚམས་ལ་མཐུད་རྒྱུ་ཡིན་འདུག ཧྲང་ཧེ་ནས་མགོ་བཙུགས་ཏེ་རྒྱ་ནག་ཊེ་ཅང་གྲོང་ཁྱེར་དང་། ཨན་ཝེ། ཧུའུ་པེ། ཁྲོན་ཆིན། སི་ཁྲོན་ཞང་ཆེན་སོགས་བརྒྱུད་ནས་བོད་ཤར་ཕྱོགས་ཀྱི་ས་ཁོངས་ལི་ཐང་དང་འབའ་ཐང་། སྨར་ཁམས། སྤོ་བོ་རྫོང་སོགས་བརྒྱུད་ལྷ་ས་དང་། ལྷ་ས་ནས་འགྲམ་བར་བཟོས་ཡོད།

རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་བརྗོད་གསལ་ལྟར་ན། འཛུགས་སྐྲུན་བྱེད་བཞིན་པའི་གཞུང་ལམ་དེར་ཁྱོན་ཟམ་པ་ཆེ་ཆུང་ ༢༩ དང་ས་འོག་ཆུ་ཡུར་ ༢༢༧ རྒྱག་འཆར་ཡོད་འདུག་ལ། གཞུང་ལམ་ཐད་འཁེལ་བའི་རི་ལ་ཨུ་ཁུང་བསྟོད་དགོས་པའི་ས་འོག་སྦུགས་ལམ་གྱི་རིང་ཚད་སྤྱི་ལེ་ ༣ །༣ ཡིན་འདུག གཞུང་ལམ་འཛུགས་སྐྲུན་འདི་ཡར་ཀླུང་གཙང་པོའི་གྲོག་རོང་མང་པོ་བརྒྱུད་དགོས་ཀྱི་ཡོད་པ་དང་། དེའི་ས་བབ་ཀྱི་ཚད་མཐོ་ཤོས་ནས་དམའ་ཤོས་བར་མི་ཊར་ ༣༡༠༠ ཙམ་ཡིན་སྟབས། གཙང་པོའི་བཞུར་ལམ་དང་ཡང་ན་གཞུང་ལམ་གང་རུང་གི་ཁ་ཕྱོགས་བསྒྱུར་དགོས་ཀྱི་ཡོད། ད་ལྟ་མེ་ཏོག་རྫོང་བར་དུ་རྒྱུགས་ཆུ་ ༦ ལྷག་བརྒལ་དགོས་ཀྱི་ཡོད་སྐོར་རྒྱང་སྲིང་བྱས་སོང་།

གཞུང་ལམ་འཛུགས་སྐྲུན་འདིའི་ཐད་ཨ་སྒོར་ས་ཡ་ ༡༥༠ ལྷག་གི་འགྲོ་སོང་བཏང་སྟེ། འཛམ་གླིང་ཡང་ཐོག་གི་འཆར་གཞི་ལྡན་པའི་ལས་གཞི་འདི་ ༢༠༡༢ ལོར་སྤོ་བོ་རྫོང་གི་མཐའ་མའི་གཞུང་ལམ་འབྲེལ་མཐུད་བྱ་འཆར་ཡིན་པ་དང་། རྒྱ་ནག་ཞཱིན་ཧ་གསར་ཁང་གིས་གནས་ཚུལ་ཕྱིར་བསྒྲགས་བྱས་པར། ཉིང་ཁྲི་རྫོང་ས་གནས་སུ་འཁེལ་བའི་ས་ངོས་རིང་ཚད་སྤྱེ་ལེ་ ༩༠ ཙམ་ཡོད་པ་དེར་ས་འོག་ཕུག་ལམ་གྲུབ་རྗེས་དུས་ཡུན་གྱི་ཆ་ནས་ཧ་ཅང་སྟབས་བདེ་རུ་སོང་སྟེ། ཆུ་ཚོད་ཕྱེད་ཀའི་ནང་བགྲོད་ཐུབ་རྒྱུར་ཚོད་རྩིས་བྱས་ཡོད། སྤོ་བོ་ནས་སྤྱེ་ལེ་ ༢༠༠ ཙམ་གྱི་སར་ཡོད་པའི་ཉིང་ཁྲི་རྫོང་དུ་བོད་ནང་གི་གནམ་ཐང་ཆེ་ཤོས་གྲས་ཤིག་བརྒྱབ་ཡོད་ཅིང་། དེར་ལོ་ལྟར་ཡར་ཀླུང་གཙང་པོར་ལྟ་སྐོར་དུ་ཡོང་མཁན་ཡུལ་སྐོར་སྤྲོ་འཆམ་པ་ཁྲི་ཕྲག་མང་པོ་འདུ་འཛོམས་བྱེད་ཀྱི་ཡོད།

ས་འོག་ཕུག་ལམ་མགོ་འཛུགས་སྐབས་རྒྱ་ནག་གི་གསར་ལམ་ཁག་གིས་གནས་ཚུལ་གལ་ཆེན་ཞིག་འགོད་རྒྱུ་བརྗེད་ཡོད་པ་རེད། དེ་ནི་མེ་ཏོག་རྫོང་ཟེར་བའི་ས་གནས་དེ་ནི། དུས་རབས་དུ་མའི་རིང་ཁེར་རྐྱང་དུ་ལུས་པའི་ས་ཆ་ཁུག་ཀྱོག་ཅིག་ཡིན་ཞིང་། མི་སུ་འདྲ་ཞིག་གིས་ཡར་ཀླུང་གཙང་པོ་ནི་འབར་མ་དང་རྒྱ་གར་སོགས་ལྷོ་ཤར་ཨེ་ཤ་ཡའི་ནང་བཞུར་གྱིན་ཡོད་པ་ཤེས་རྟོགས་བྱུང་ཡོད་མེད་དེ་རེད།  དུས་རབས་བཅུ་དགུ་བའི་ནང་དབྱིན་ཇི་ཡིས་ཉེ་འཁོར་གླིང་ཆེན་ལ་དབང་བསྒྱུར་བྱ་ཆེད། ཡུལ་ལུང་དེ་དག་གི་ས་ཁུལ་རྣམས་ས་ཁྲར་འགོད་རྒྱུ་དེ་ལམ་ཀ་ཡག་ཤོས་ཤིག་ཏུ་མཐོང་ཡོད་མོད། གང་ལྟར་གནས་ཚུལ་དེ་གབ་ཚིག་ཅིག་ཏུ་ལྷག་པ་རེད། ཟུར་གསུམ་རྩིས་རིིག་གི་ས་ཞིབ་ཆེན་མོའི་སྐབས་ཀྱི་རྒྱ་གར་གྱི་སྔ་རབས་པའི་ས་ཞིབ་པ་ཚོས་ས་གནས་པཎ་ཌི་ཊ (Pundits) མང་པོ་ཧི་མ་ལ་ཡའི་རི་བརྒྱུད་ལ་ས་ཞིབ་བྱེད་པར་བཏང་ཡོད། དེ་ཚོའི་ཁྲོད་ཀྱི་འབྲས་ལྗོངས་ནས་ཡིན་པ་ཀེན་ཊུབ་ Kintup ཟེར་བ་ཞིག་ཡར་ཀླུང་གཙང་པོའི་བཞུར་རྒྱུན་འཚོལ་ཞིབ་བྱ་ཕྱིར་བོད་དུ་བསྐྱོད་པ་རེད།

ཀེན་ཌུབ་ཁོང་མེ་ཏོག་རྫོང་དུ་སླེབས་ཐུབ་མེད་ཀྱང་། ཁོས་བརྡ་རྟགས་བརྒྱབ་པའི་ཤིང་དུམ་འགའ་ཡར་ཀླུང་གཙང་པོའི་ནང་གཡུགས་ཏེ། ཤིང་དུམ་དེ་དག་ཆུས་ཁུར་ཏེ་རྒྱ་གར་ནང་བསླེབ་ཐུབ་མིན་ལ་ཚོད་ལྟ་བྱས་པ་རེད། སྟབས་མ་ལེགས་པ་ཞིག་ལ། སྐུ་ཞབས་ཀེན་ཌུབ་ལགས་ཀྱིས་རྟགས་བཏབས་པའི་ཤིང་དུམ་དེ་དག་རྒྱ་གར་ནང་མི་སུ་གང་གིས་ཀྱང་མཐོང་མྱོང་རབས་མ་བྱུང་། ས་ཞིབ་རི་འཛེགས་ཀྱི་ལོ་བཞིའི་རྗེས་ཏེ། ༡༨༨༤ ལོར་ཁོ་རང་ཕྱིར་འབྲས་ལྗོངས་སུ་འབྱོར་སྐབས་ཡར་ཀླུང་གཙང་པོ་དང་བྷིར་མཱ་པུ་ཊི་ར་ (Brahmaputra) གཉིས་གཙང་པོ་གཅིག་ཡིན་པ་ངོས་ཟིན་བྱུང་མེད། ལོ་འགའི་རྗེས་རྒྱ་གར་ས་ཞིབ་ཚན་པས་ཁོང་གི་བརྡ་རྟགས་བཀོད་ཡོད་པའི་ཤིང་དུམ་འགའ་རྒྱ་གར་བྷན་ངྒལ་(Bengal)ས་གནས་སུ་རྙེད་སོན་བྱུང་ཡོད་ལ། དུས་དེ་ནས་བཟུང་ཀེན་ཌུབ་ལགས་སྐད་གྲགས་ཆེན་པོ་ཆགས་ཡོད།

བོད་མི་ཚོར་མཚོན་ན། མེ་ཏོག་རྫོང་ས་གནས་དེ་ནི་བོད་ནང་གི་དྭངས་གཙང་ལྷད་མེད་ཀྱི་གནས་རི་རྩ་ཆེན་ཞིག་རེད། བོད་མི་ཚོས་ཡངས་ཤིང་རྒྱ་ཆེ་བའི་ཡར་ཀླུང་གཙང་པོའི་ཁུག་སོའི་ས་གནས་ནི་རྡོ་རྗེ་ཕག་མོའི་གནས་ཆེན་དུ་རྩི་ཞིང་། རྡོ་རྗེ་ཕག་མོ་ནི་བོད་ཀྱི་སྲུང་མ་ཞིག་རེད། ཁོང་ཚོའི་ཆོས་གཞུང་ལྟར་ན་མང་པོ་ཞིག་གིས་པདྨ་ཁུལ་དེ་ཤམ་བྷ་ལའི་གྲོང་ཁྱེར་དུ་འདོད་ལ། བཤད་སྲོལ་ལྟར་ན་དུས་རབས་བརྒྱད་པའི་ནང་། རྒྱ་གར་གྱི་གསང་སྔགས་པ་ཆེན་མོ་སློབ་དཔོན་པདྨ་འབྱུང་གནས་ས་འདིར་བྱོན་ཏེ། འདྲེ་སྲིན་སྡིག་པ་ཅན་ཚོ་དམ་ལ་བཏགས་ཤིང་། མ་འོངས་འབྱུང་འགྱུར་གྱི་མི་རབས་ཚོའི་སླད་དུ་བསྟན་བཅོས་མང་པོ་གཏེར་དུ་སྦས་ཡོད་ཚུལ་འདུག

ས་གནས་དེ་ནི་བོད་ཀྱི་ས་ཆ་གཞན་དང་མི་འདྲ་བར་ཆར་ཆུ་མང་ཞིང་། ཡར་ཀླུང་གཙང་པོའི་ཁུག་སོ་རུ་གཞན་ན་དཀོན་པའི་རྩི་ཤིང་མེ་ཏོག་རིགས་དང་། སྲོག་ཆགས་རིགས་སྣ་ཚོགས་མཐོང་རྒྱུ་ཡོད། ད་དུང་རྒྱུས་ལོན་ཞིབ་འཇུག་ཚད་ལོངས་པ་ཞིག་བྱུང་མེད་ཀྱང་། རྒྱ་ནག་གཞུང་གིས་ངོས་ལེན་བྱས་པ་ལྟར་ན། ས་དེ་ནི་བོད་ཀྱི་སྐྱེས་དངོས་ཚན་རིག་གི་ཐོན་རྫས་བརྒྱ་ཆ་ ༦༠ ཡི་འབྱུང་ཁུངས་ཡིན་པར་བརྗོད།

ངས་གོང་དུ་ ༢༠༡༠ ལོར་རྒྱ་གར་ལ་མཚོན་ན་ཆེས་མི་ལེགས་པའི་གསར་འགྱུར་ཞིག་གི་ཐད་དྲི་བ་བཏང་བ་དེ་ཡང་འདི་ལ་ཐུག་ཡོད། དེ་ནི་ཡར་ཀླུང་གཙང་པོའི་ཁ་བསྒྱུར་ཏེ། སྤྱི་ལེ་བརྒྱ་ཕྲག་གི་རི་རྒྱུད་མང་པོ་བརྒྱུད་དེ་རྒྱ་ནག་ནུབ་བྱང་གི་ཤིན་ཅང་དང་། ཀན་སུའུ་ཞང་ཆེན་ཕྱོགས་སུ་ཆུ་སྣ་དྲངས་པའི་ལས་གཞི་འཛུགས་སྐྲུན་གྱི་འཆར་འགོད་པ་དག་གིས་བརྗོད་ན། ཆུ་མཛོད་གློག་ཁང་གི་ལྟེ་བ་དེ་མེ་ཏོག་རྫོང་ས་གནས་སུ་རྒྱག་རྒྱུའི་འཆར་གཞི་བཏིང་ཡོད་ཚུལ་འདུག ཡར་ཀླུང་གཙང་པོའི་ཆུ་རྒྱུན་ནས་འཛམ་གླིང་སྟེང་གི་ཆུ་མཛོད་གློག་ཁང་ཆེ་ཤོས་ཤིག་འཁོར་རྒྱུག་བྱ་ཐུབ་པའི་ནུས་པ་ཡོད། ལྷོ་ཨེ་ཤ་ཡ་དང་ལྷག་པར་དུ་རྒྱ་གར་གྱི་ས་མཚམས་ལ་འཁེལ་བའི་ལས་གཞི་འདིར་སྣང་ཆུང་བྱེད་མི་རུང་། ལས་གཞི་འདི་ཆབ་སྲིད་ཀྱི་ཐག་གཅོད་ཅིག་ཆགས་རྒྱུ་ཡིན་པ་སྨས་མ་དགོས་ལ། གཞུང་ལམ་གསར་སྐྲུན་གྱི་ལས་གཞི་འདི་ལག་ལེན་བསྟར་ཕྱོགས་ཀྱི་ཐད་ནས་མནོ་བསམ་གཏོང་དགོས་པ་ཞིག་ཏུ་གྱུར་ཡོད་ལ། དེ་ནི་འཇིག་རྟེན་སྟེང་གི་གནས་རྩ་ཆེན་ཞིག་རྩ་བརླག་ཏུ་གཏོང་རྒྱུར་དམིགས་འབེན་ཙམ་དུ་མ་ཟད། རྒྱ་གར་སྟེང་ལ་བཟུང་བའི་དམག་དོན་རང་བཞིན་གྱི་ཐབས་ཇུས་ཤིག་ཀྱང་ཆགས་ཡོད།

རྒྱ་ནག་ཕྱོགས་ནས་འཛུགས་སྐྲུན་ལས་གཞི་འདི་བརྒྱུད་དེ་མདའ་གཅིག་གིས་བྱེའུ་གཉིས་གསོད་རྒྱུར་བསམ་བློ་གཏོང་གི་ཡོད་པ་རེད། འབྱུར་འགྱུར་ ༢༠༡༢ ལོའི་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་པེན་ནི་མའོ་ཙེ་ཏུང་གི་ཞི་དྲག་ཟུང་འབྲེལ་གྱི་ལྟ་བར་ཡིད་ཆེས་དང་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་ཞིག་ཡིན། མའོ་ལ་མཚོན་ན། དམངས་ནི་དུས་རྒྱུན་དམག་དོན་སྒྲིག་འཛུགས་ཀྱི་ལས་དོན་གལ་ཆེན་སྒྲུབ་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། དཔེར་ན། གནམ་ཐང་དང་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་ཞིག་ལ་མཚོན་ན། དམག་འཁྲུག་དུས་ཀྱི་དགོས་མཁོར་ཐུག་ཡོང་དུས་བེད་སྤྱོད་བྱ་ཆོག་ཆོག་ཡིན་པ་ལྟར་རེད།

ལོ་འགའི་གོང་ཞེ་ཅིན་པེན་ཀྲེ་ཅང་མངའ་སྡེའི་དམར་ཤོག་དྲུང་ཆེ་ཡིན་པའི་སྐབས་སུ་ཁོང་གིས། ང་ཚོས་དམག་མི་དང་མང་ཚོགས་བར་ཆིག་སྒྲིལ་རང་བཞིན་གྱི་ལྟ་བའི་ལངས་ཕྱོགས་ལག་བསྟར་བྱས་ཏེ། དམག་ཤུགས་དང་ས་གནས་གཞུང་གཉིས་ཀྱི་ནུས་པ་གཅིག་ཏུ་སྤུངས་ནས་རང་ཕྱོགས་ཀྱི་དམག་དོན་འཐབ་འཁྲུག་ལ་གྲ་སྒྲིག་ཧུར་བརྩོན་བྱས་ཏེ། རང་རྒྱལ་གྱི་དགྲ་བོར་ཁ་གཏད་གཅོག་དགོས། ཞེས་བརྗོད་ཡོད།  གང་ལྟར་ཐེངས་འདིའི་གཞུང་ལམ་གསར་བ་འཛུགས་སྐྲུན་བྱས་པ་འདི་ཁོ་རང་ཚོས་བཤད་པ་ལས་ལྷག་པའི་དགོས་མཁོ་ཞིག་ལ་དམིགས་ཡོད་པ་ནི་གསལ་བོ་རེད།

༼ གོང་གི་རྩོམ་ཡིག་འདི་ནི་ ༢༠༡༠ ཟླ་ ༡༢ ཚེས་ ༣༡ ཉིན་རྒྱ་གར་སྲོལ་འབྱེད་ The Pioneer ཚགས་པར་སྟེང་བཀོད་འདུག ཁུ་ལཱའོ་ཌེ་ཨར་པེ Claude Arpi ཁོང་ཧྥ་རན་སི་རུ་སྐྱེས་པའི་རྩོམ་པ་བོ་དང་གསར་འགོད་པ། ལོ་རྒྱུས་སྨྲ་བ། བོད་རིག་པ་ཞིབ་འཇུག་པ་བཅས་ཡིན་ཞིང་། རྒྱ་དཀར་ནག་དང་བོད། རྒྱ་གར་དང་ཧྥ་རན་སིའི་འབྲེལ་བ་བཅས་ཀྱི་སྐོར་ལ་ཆེད་དུ་ཉམས་ཞིབ་དང་རྩོམ་ཡིག་སྤེལ་མཁན་ཞིག་ཡིན། ༽

འབྲེལ་ཡོད་གསར་འགྱུར།

བོད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དང་ལྷ་སྡེ་མི་སྡེར་སྔོག་བཤེར་བྱས་ནས་༧གོང་ས་མཆོག་གི་སྐུ་པར་བཙན་འཕྲོག་བྱེད་བཞིན་པ། པར་དུས་བབ་ཀྱི་བསྒྲིགས།
Mobile App

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་མང་པོ་བཙན་འཕྲོག་བྱས་འདུག 

ཆུ་ཚོད་ ༡༡ སྔོན་ལ།
རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། ༢༠༢༥།༡༠།༢༡ པར་འབྲེལ་ཡོད་མཁོ་སྤྲོད་གནང་།
Mobile App

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

ཆུ་ཚོད་ ༡༣ སྔོན་ལ།
བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

༢༠༢༥/༡༠/༡༨
Zhang Youxia (front), newly-elected Vice Chairman of the Central Military Commission of the People's Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People's Congress (NPC) at the Great Hall of the People in Beijing. photo credit: Reuter
Mobile App

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

༢༠༢༥/༡༠/༡༨
མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་བརྟན་གསུམ་འདེགས་འབུལ་ཞུས། ༢༠༢༥།༡༠།༡༨ དུས་བབ་ཀྱི་པར།
Mobile App

མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།

༢༠༢༥/༡༠/༡༨
Richard Gere receiving the Human Rights First Visionary Award. Photo: ICT
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།

༢༠༢༥/༡༠/༡༧

མཆན། 2

  1. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    མེ་ཏོག་རྫོང་ལ་གཞུང་ལམ་གསར་སྐྲུན་བྱས་པ་དེས། ཡང་ཕ་ཡུལ་གཉིས་པ་རྒྱ་གར་ལ་རྒྱ་གཞུང་དང་རྒྱ་རིགས་ཆེན་པོས་འབྱུང་འགྱུར་སྲོག་ལ་བརྒོལ་བའི་ཐོ་བ་ཞིག་གནམ་ལ་འཕྱར་བཞག་པ་རེད། དྲུག་ཅུའི་ནང་གི་རྒྱལ་ཁབ་གཉིས་ཀྱི་དམག་འཁྲུག་ལས་ཕ་ཡུལ་གཉིས་པའི་དམག་ཤུགས་དང་མི་གཤིས་ལ་རྒྱུས་ལོན་བྱས་ཚར་སྟབས། ཕ་ཡུལ་གཉིས་པའི་མགོ་གནོན་དགོས་ན་ས་ལག་ཙམ་ལས་དེང་དུས་ཀྱི་མཚོན་ཆ་ཡོད་མེད་དང་མི་གྲངས་མང་ཉུང་ལ་རག་ལས་མེད་པའི་གནས་ལུགས་དེ་རྟོགས་ཚར་པ་རེད། ང་ཚོའི་ཕ་ཡུལ་གཉིས་པའང་ཡར་རྒྱས་སུ་འགྲོ་བཞིན་བའི་རྒྱལ་ཁབ་ཅིག་ཡིན་པས་དེང་རབས་ཡར་ཐོན་གྱི་དམག་གི་མཚོན་ཆ་ཡོད་པར་འདོད་བཞིན་པ་དང་ཡོད་ངེས་པའང་རེད་དེ། གཙོ་བོ་རྒྱ་རིགས་ཀྱི་མི་གཤིས་དང་རྒྱ་གར་གྱི་མི་གཤིས་གཉིས་ལ་ཁྱད་པར་ཡོད་པས་རྒྱའི་གདུག་རྩུབ་ཀྱི་དོ་ཟླ་མིན་སྟབས་ཕ་ཡུལ་གཉིས་པ་དུས་ནམ་ཡང་དེའི་རྐང་འོག་ན་ཡོད།

    Reply
  2. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    གནད་དོན་གལ་ཆེན་འདི་རིགས་ཀློག་མཁན་མང་པོ་མེད་པ་འདྲ། སྒྱུར་མཁན་ལ་རྗེས་སུ་ཡི་རང་ཞུ། འབྲི་མཁན་ལ་ལྷག་པར་ཐུགས་རྗེ་ཆེ་ཞུ་འོས།
    མེ་ཏོག་རྫོང་ལ་གཞུང་ལམ་བསྐྲུན་ན། །ཕན་གནོད་གང་ཆེ་བཤད་པར་དཀའ་ཡང།
    ཡར་ཀླུང་གཙང་པོའི་ཁ་ཕྱོགས་བསྒྱུར་ན། །རང་བྱུང་ཁམས་ལ་ཕོག་ཐུག་འབྱུང་ངེས།
    ཁ་བ་ཅན་ལས་ལྷག་པ་ཡི། ཁ་ལས་རྒུད་པ་གཞན་ཡང་མང།
    འཛམ་གླིང་འདི་ཉིད་མ་སྟོངས་ན། ཤམ་བྷ་ལ་ཉིད་སྟོངས་ཀྱང་བླ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese