མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློ་སེང་འཚོལ་སྟངས། – རྟ་མགྲིན་རྡོ་རྗེ།

བོད་ཀྱི་དུས་བབ།
༢༠༡༡/༠༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

 

བར་ལམ་ནས་བཀའ་ཁྲིའི་འོས་གཞི་ཚ་ཚ་འུར་འུར་ངང་བགྲོ་གླེང་གནང་བཞིན་པ་དང༌། དེ་ལས་ཀྱང་བཀའ་ཁྲིའི་འོས་མི་བློ་བཟང་སེང་གེའི་སྐོར་ལ་བསམ་ཚུལ་རྩོམ་ཡིག་ཁག་ཅིག་རིམ་ཅན་དུ་འབྱུང་བཞིན་པ་ནི། ཆུ་མ་འོང་གོང་གི་རགས་དང༌། དགྲ་མ་འོང་གོང་གི་དོགས་ཀྱི་དཔེ་ལྟར་གོ་བརྡ་ཞིག་ཡིན་པ་དང༌། གོ་བརྡ་འདི་དག་ནི་ཅིས་ཀྱང་དྭངས་གཙང་ལྷད་མེད་ཀྱི་གོ་བརྡ་ཞེ་གཅིག་ཡིན་པར་སྨོན།

 

ཡིན་ནའང་ཁག་ཅིག་རང་ཉིད་ཕྱོགས་གཅིག་ཁོ་ནར་ལྷུང་བའི་དབང་གིས་གཞན་གྱི་བསམ་ཚུལ་ལ་མི་ཉན་པ་དང་གནས་ལུགས་མི་ལྟ་བ་མ་ཟད། མིག་ཡ་གཅིག་གིས་མཐོང་ཞིང་རྣ་བ་ཡ་གཅིག་གིས་བླགས་པ་ཐམས་ཅད་ཚད་མར་རློམ་པ་དང་འབྲེལ། རང་ཉིད་ཀུན་ཤེས་ལྟ་བུའི་རང་མཐོང་མྱོས་འགྱུར་གྱིས་བཟི་སྟེ་གང་ཅིའི་གནས་བབ་ལ་མི་བསམ་པར་མཐོ་རྒྱག་དམའ་རྒྱག་གི་ཚིག་མཚོན་མཆན་བུ་འདེབས་རྐྱང་བྱེད་ལ། དེས་ཆགས་སྡང་གི་གཞིར་གྱུར་ཏེ་སྤྱི་ཚོགས་ཕུ་དཀྲུག་མདའ་དཀྲུག་གིས་མཚོན་བོད་མིའི་ཡ་རབས་བཟང་སྤྱོད་ཉམས་དམས་དང༌། མཐུན་སྒྲིལ་གོང་བུའི་ནུས་པ་གཏོར་གཞིའི་སྣ་འདྲེན་ཞིག་ཆགས་པའི་ཚུལ་རྣམས་འདས་པའི་གནས་སྟངས་ཁག་ནས་མཐོང་ཆོས་བྱུང་སྟབས། ཤོད་ན་འདོད་པ་མང་པོ་ཞིག་ཕན་ལས་གནོད་ཆེ་བར་དོགས་ནས་ཁོང་དུ་མིད་དེ་ཁ་རོག་གེ་བསྡད།

 

འོན་ཀྱང་མར་མེ་རླུང་གིས་ཁྱེར་ན་འཛུམ་དམུལ་དམུལ། ལྷ་བཤོས་ཁྱི་ཡིས་ཟོས་ན་འཛུམ་དམུལ་དམུལ་ཞེས་པའི་ངང་ཚུལ་དེ་ཡང་རྣམ་པ་ཀུན་ཏུ་མི་རིགས་པས། རང་གིས་རང་ཉིད་དང་དེ་ལས་མི་རིགས་ཤིག་ལ་འགན་ཁྱེར་བའི་བློས་བསླངས་ཀྱི་འདུན་པ་ཁོ་ནས་འབྱུང་འགྱུར་བཀའ་ཁྲིའི་སྟེགས་བུ་ཐོབ་པར་རེ་བ་ཆེན་པོ་ཡོད་པའི་བློ་བཟང་སེངྒེ་འཚོལ་དུ་འགྲོ་རྒྱུ་ཡིན།

 

ངས་གོང་དུ་བརྗོད་པ་བཞིན་བློ་སེང་འཚོལ་སྟངས་འདི་ནི། སོ་སོ་རང་ཉིད་དང༌། བོད་རྒྱ་ཆེ་མི་དམངས། བློ་སེང་ཁོང་ཉིད་བཅས་ཚང་མའི་ཐད་གོ་སྐོན་ཉེན་བརྡ་ཞིག་ལས་གཞན་གང་གི་ཕྱོགས་སུ་ལྷུང་མེད་ཅེས་གསལ་འདེབས་དང་ཆབས་ཅིག་ཞུ་འདོད་པ་ནི། བཀའ་ཁྲི་ནི་གང་ཟག་སྒེར་བ་ཞིག་དང༌། བཀའ་ཁྲིའི་བཞུགས་སྟེགས་ནི་བོད་རྒྱ་ཆེ་མི་དམངས་ཀྱི་ཡིན་སྟབས། ཅིས་ཀྱང་བཀའ་ཁྲིར་བཞེངས་མི་དེས་བོད་རྒྱ་ཆེ་དམངས་ཀྱི་ངོ་ཚབ་ཡང་དག་ཅིག་མཚོན་ཐུབ་དགོས་པ་དེ་རེད།

 

འོ་ན་བློ་སེང་གིས་བོད་རྒྱ་ཆེ་མི་དམངས་ཀྱི་ངོ་ཚབ་རྣལ་མ་ཞིག་མཚོན་ཐུབ་ཀྱི་ཡིན་ནམ། ད་རེས་བློ་སེང་ལ་འོས་ཤོག་གྲངས་འབོར་མང་པོ་ཞིག་སླེབས་པའི་གཞི་རྩ་གཙོ་བོ་གཅིག་ནི། ྋགོང་ས་མཆོག་གིས་གཞོན་སྐྱེས་ཤིག་བཀའ་ཁྲིར་འཁོད་པའི་རེ་བ་དང༌། དེ་ལས་ཀྱང་ང་མེད་པ་ལྟར་འཛིན་སྐྱོང་གི་ལས་དོན་ཚགས་ཚུད་པ་བྱེད་དགོས། ནམ་ཞིག་ང་མེད་པ་ཆགས་ཚེ་དེ་དུས་འཛིན་སྐྱོང་གི་ལས་དོན་མུ་མཐུད་སྙུགས་བསྲིངས་ནས་འགྲོ་ཐུབ་རྒྱུ་ཡོད་པ་ཞིག་བྱ་དགོས་ཚུལ་ལམ་སྟོན་རིམ་པར་གནང་བ་དང༌། ལྷག་པར་རྒྱ་མིས་ཏཱ་ལའི་བླ་མ་མེད་པའི་རྗེས་བཙན་བྱོལ་བོད་གཞུང་ཚར་འགྲོ་བའི་རྨི་ལམ་དེ་དག་གིས། བོད་མི་ཤེས་ལྡན་པ་མང་པོ་ཞིག་གིས་བློ་སེང་ལ་རེ་བ་ཆེན་པོ་བཟུང་བ་ནི། བློ་སེང་ལ་འོས་ཤོག་གི་གྲངས་འབོར་ཡོངས་ཁུངས་ཀྱི་ཆ་ཤས་གཙོ་བོ་གཅིག་ཡིན།

 

དེ་བཞིན་ཆ་ཤས་གཞན་ཞིག་ནི་བོད་ཀྱི་སྲིད་གཞུང་འདི་ནི་སྤྱི་ཚོགས་རྙིང་བའི་གཞུང་འཛིན་ལམ་སྲོལ་ཞིག་ལ་ངོས་འཛིན་དང་འབྲེལ། བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་ལམ་སྲོལ་རྙིང་བས་བོད་ཀྱི་རྒྱལ་ཁམས་འདི། ད་ལྟའི་གནས་སྟངས་འདིར་སྐྱེལ་བར་འདོད་པའི་མི་རབས་གསར་བ་སྟེ་ཞོགས་དུང་སོགས་ཀྱི་རྗེས་སྐྱོང་པ་ཁག་ཅིག་གི་ཨ་གསར་ཁྲོད་ནས་ཀྱང་འོས་ཤོག་མི་ཉུང་བ་ཞིག་སླེབས་ཡོད།

 

ཡང་ཆ་ཤས་གཞན་ཞིག་ཆོལ་ཁའི་ཕྱོགས་ཞེན་ཁོ་ནར་ཤི་སྦར་འཐམ་པ་ལས་བློ་མིག་ཆེ་ཙམ་གདང་རྒྱུ་མེད་པའི་རིགས་ཤིག་ནས་ཡོང་ཡོད། འདི་གསུམ་ནི་ཐེངས་འདིའི་བློ་བཟང་སེངྒེ་ལ་འོས་ཤོག་ཡོང་ཁོངས་ཀྱི་ཆ་ཤས་གཙོ་བོ་གསུམ་ཡིན་པ་དང༌། ད་དུང་གཞན་ཟེར་རྗེས་འབྲང་དང༌། ལུང་མ་བསྟན། བསམ་ཚུལ་ཉི་ཚེ་བ་སོགས་ནས་ཀྱང་འོས་ཤོག་གང་འཚམས་ཡོང་ཡོད་མོད། གོང་གསལ་གསུམ་ནི་རྣམ་རིག་གསལ་བའི་འོས་ཤོག་ཡོང་སྟངས་ཤིག་ལ་བརྟེན་དེ་གསུམ་རི་བོ་གསུམ་ལ་དཔེ་མཚོན་ན། བློ་སེང་འདི་རི་བོ་གང་ཞིག་གི་རི་སུལ་དུ་ལྷུང་རྒྱུ་ཡིན་ནམ།

 

གལ་ཆེ་ཤོས་ནི་རྗེས་སོར་བློ་སེང་འདི་བཀའ་ཁྲི་ཆགས་ཚེ་འོས་ཤོག་ཡོང་ཁུངས་འདི་གསུམ་གང་གི་རྗེས་སུ་འགྲོ་ལྡོག་བྱེད་མིན་དེ་མ་ཡིན་ནམ། ངས་དྲན་སོས་པ་ཞིག་ལ་འདས་པའི་ལོ་བཅུ་གོང་ཙམ་དུ་ནོར་གླིང་རིག་གཞུང་གཅེས་སྐྱོང་ཁང་དུ་ཆོས་སྲིད་སྲུང་འབྲེལ་གྱི་བགྲོ་གླེང་འདུ་ཚོགས་ཤིག་གི་སྐབས། བློ་སེང་གི་གཏམ་བཤད་ཅིག་ཏུ་དངོས་ཤུགས་གཉིས་ནས་སྲོལ་རྒྱུན་རིག་གཞུང་གིས་ལན་ཚུལ་དང་སྲོལ་རྒྱུན་རིག་གཞུང་རྗེས་ལུས་ཡིན་ཚུལ་ཞིག་ཞེ་འདོད་དུ་ཡོད་པ་སྐབས་དེར་དངོས་སུ་མིག་མཐོང་ལག་ཟིན་བྱུང་སྟབས། སྔ་ལོའི་འབྲུག་དོང་དེ་འདི་ལོའི་འབྲུག་དོང་ཡིན་མིན་མི་ཤེས་ཀྱང་རི་སུལ་གཉིས་པ་དེར་ལྷུང་སྲིད་པའི་བག་ཆགས་སམ་དན་རྟགས་ཤིག་གསལ་བོ་ཡོད་པ་ཡིན། 

 

དེ་ལས་ཀྱང་ཉེན་ཚབས་ཆེ་བ་ཞིག་ནི་ཉིན་ཤས་གོང་གློག་འཕྲིན་ཞིག་འབྱོར་བའི་ནང༌། བློ་སེང་རྡོར་གླིང་ཁུལ་དུ་སྐོར་སྐྱོད་སྐབས་ཀྱི་དྲི་བ་དྲིས་ལན་གྱི་བརྙན་འཕྲིན་ཚན་པ་ཞིག་ཡོད་པ་དང༌། ཚན་པ་དེའི་ནང་ལོ་རབས་བརྒྱད་ཅུའི་ནང་བློ་སེང་རྡོར་གླིང་སེན་ཇོ་སེབ་མཐོ་སློབ་འགྲིམས་སྐབས། བློ་སེང་དང་ད་ལྟ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྫ་ཡུལ་བློ་བཟང་སྙན་གྲགས། དངོས་གྲུབ་ཚེ་རིང་ཞེས་པའི་མི་གསུམ་རྡོར་གླིང་ས་གནས་གཞོན་ནུའི་སར་ཆེད་བཅར་གྱིས་མདོ་སྟོད་གཞོན་ནུ་ཚོགས་པ་འཛུགས་རྒྱུ་བསམ་ཚུལ་བཏོན་ཏེ་རྙོག་གླེང་བྱུང་སྟབས། མཐའ་མའི་ཐག་གཅོད་དེ་ཉིན་གཉིས་ཀྱི་རྗེས་སྐབས་དེའི་རྡོར་གླིང་གཞིས་གོ་སྐུ་ངོ་རྨ་བྱས་མི་ཆོག་ཚུལ་བརྗོད་དེ་ཕྱིར་འཐེན་བྱ་དགོས་བྱུང་བའི་གནས་ཚུལ་གསལ་བོ་ཞིག་ཡོད་པ་རེད།

 

གོང་གསལ་ནི་ཁུངས་མེད་བསྙོན་འཛུགས་ཤིག་མ་ཡིན་པར་སྐབས་དེའི་རྡོར་གླིང་ས་གནས་གཞོན་ནུ་ཚོགས་གཙོ་དཔལ་འབྱོར་དང༌། ཚོགས་གཞོན་བོད་གཞུང་གཏན་སློབ་ཀྱི་སློབ་དགེ་འབྲུག་རྒྱལ། དྲུང་ཆེ་ཉི་མ་བསམ་དཀར། དངུལ་གཉེར་བྱམས་པ་བསྟན་འཛིན། རྩིས་པ་ཚེ་རིང་རྡོ་རྗེ་བཅས་ཡིན་ཞིང་མི་ངོ་སྐོར་ཞིག་ད་དུང་སྐུ་འཚོ་བཞུགས་ཡིན་སྟབས་དོགས་འདྲི་གནང་ན་མཁྱེན་ངེས་དང༌། དེ་ལས་ཀྱང་ཁུངས་བཙུན་པ་ཞིག་ལ་གནད་དོན་དེ་སྐོར་དྲི་བ་དྲིས་ལན་སྐབས་ཀྱང་བློ་སེང་གིས་ཡིན་སྲིད་པ་རེད་ཅེས་ལན་འདེབས་གནང་བ་དེ་ནི་བདེན་པའི་དཔང་པོ་ཞིག་རེད།

 

གནས་ཚུལ་འདི་དང་ཁད་རིང་བའི་ཆ་ནས་བལྟས་ན། ལི་ཐང་བརྟན་བཞུགས་དེ་ཡིན་ལ། སྐབས་དེར་བློ་སེང་གིས་ང་གཅིག་པུ་ཡིན་ནའང་དཔུང་བསྒྲིགས་པར་ཡོང་བ་ཡིན་ཞེས་ཚིག་ཐག་ཆོད་པོ་དང༌། འདི་དང་ཁད་མི་རིང་བའི་ཆ་ནས་བལྟས་ན་ད་ལྟའི་བཀའ་བློན་ཁྲི་བའི་འོས་གཞི་འདི་ཡིན་པ་རེད། དེ་གཉིས་ཀྱིས་བློ་སེང་གི་སེམས་འགྱུ་ན་ཕྱོགས་ཞེན་ཀྱི་ནད་རྟགས་ཤིག་ཡོད་པ་གསལ་བོར་མཚོན་ཐུབ་པ་དང༌། ནད་རྟགས་འདིས་ངས་བལྟས་ན་བློ་སེང་འདི་དངོས་ཤུགས་བརྒྱུད་གསུམ་ནས་རི་སུལ་གསུམ་པ་དེར་ཤོར་སྲིད་པའི་ཉེན་ཁ་ཆེ་བར་མཐོང༌། གལ་སྲིད་བློ་སེང་འདི་རི་བོ་ཕྱི་མ་གཉིས་གང་རུང་ཞིག་གི་རི་སུལ་དུ་ལྷུང་ཚེ། ད་གཟོད་ང་ཚོའི་མགོ་ཐོག་ལ་སྤྲིན་པ་ནག་པོ་ཞིག་བབས་པ་རེད་ལ། སྤྲིན་ནག་དེ་རང་གིས་ཐོབ་ཐང་འོས་ཤོག་གཅིག་པུ་དེ་སྤྱད་ནས་བླུས་པ་མ་ཡིན་ནམ། བོད་མི་ཚོ་བསམ་བློ་ཞིབ་ཏུ་ཐོངས། བློ་སེང་ཞིབ་ཏུ་འཚོལ།

 

འབྲེལ་ཡོད་གསར་འགྱུར།

Front Slider

༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཐུགས་དགོངས་དང་དེའི་གལ་གནད་སྐོར་ལ་གླེང་མོལ།

༢༠༢༥/༠༧/༢༦
Mobile App

དྷ་ས་ཁུལ་གྱི་ཁང་རྙིང་དག་ལ་ཀ་བ་ཡོད་མེད་སོགས་ཞིབ་འཇུག་གནང་གལ་ཆེ་སྐོར་བརྗོད་སོང་།

༢༠༢༥/༠༧/༢༥
༧གོང་ས་མཆོག་ནས་ཟངས་དཀར་དུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ།༢༠༢༥།༠༧།༢༥ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

བོད་ནང་དུས་ལོག་བྱུང་སྐབས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་པར་ཧ་ཅང་ཕན་ཐོགས་བྱུང་ཞེས་གསུངས།

༢༠༢༥/༠༧/༢༥
དྲ་འབུས་སིམ་འཛུལ་བྱས་པའི་བོད་ཀྱི་ཐེབས་རྩའི་དྲ་རྒྱ།
Mobile App

གོ་སྟོན་སྐབས་མཉེན་ཆས་རྫུན་མ་བཟོས་ཏེ་བཙན་བྱོལ་བོད་མིར་འཇབ་རྒོལ་བྱས་ཡོད།

༢༠༢༥/༠༧/༢༥
Newcastle Lord Mayor Ross Kerridge and Chinese Consul General Wang Yu.
Mobile App

རྒྱ་ནག་གཞུང་ཚབ་པས་གནས་མཁར་གསར་གྱི་བོད་མི་དང་ཐའེ་ཝན་གྱི་མི་མང་ལ་རོགས་རམ་གནང་རྒྱུ་མེད་པའི་ངན་སྐུལ་བྱས།

༢༠༢༥/༠༧/༢༥
Mobile App

བོད་མི་མང་སྤྱི་འཐུས་ཁག་ཅིག་ཞུ་གཏུག་བྱས་པའི་གནད་དོན་ཐོག་གསར་འགོད་གསལ་བསྒྲགས་བྱས་སོང་།

༢༠༢༥/༠༧/༢༥

མཆན། 24

  1. གངས་རྒོད says:
    ལོ་ 15 སྔོན།

    གང་ལྟར་ང་ཚོར་དགོས་རྒྱུའི་བཀའ་བློན་ཁྲི་པ་འདི་བོད་མི་ས་ཡ་དྲུག་གི་ཚབ་མཚོན་ཡིན་སྟབས་༸གོང་ས་མཆོག་གི་དགོང་གཞི་བསྒྲུབ་ཐུབ་པའི་ཐོག་ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་རིགས་མེད་པའི་མི་ཞིག་ཡོང་བར་སྨོན།།།།།

    Reply
  2. རྟ་མགྲིན་རྡོ་རྗེ། says:
    ལོ་ 15 སྔོན།

    བཀུར་འོས་ལྷ་སྡེ་གནམ་ལོ་ཡག་ལ།

    ལས་དོན་ཙག་ཙིག་གིས་དེ་རིང་མིན་དྲ་ཚིགས་ཁ་འབྱེད་རྒྱུ་མ་བྱུང༌།གྲོས་ལན་དུས་ཐོག་འབུལ་མ་ཐུབ་པར་དགོངས་སེལ་ཞུ།རྩ་བས་ཞོགས་དུང་སོགས་ཀྱི་གཞི་རྩའི་བསམ་བློ་ལ་དོགས་པ་དེ་ཙམ་མེད།མིག་སྔའི་རང་རེའི་གནས་སྟངས་སམ་ལས་དབང་ལ་མ་བཟོད་སྟབས།མི་རིགས་རིང་ལུགས་གཙོ་འདོན་གནང་བ་ལས་སྲོལ་རྒྱུན་རིག་གཞུང་ལ་ཞེ་གཏིང་ནས་སྡང་ཀྱིན་མེད་པ་ཤེས་ཀྱི་ཡོད།འོན་ཀྱང་འདི་ནས་ཁག་ཅིག་གིས་གནད་དོན་ཇི་བཞིན་མ་ཤེས་པར་རི་བོང་ཅལ་འདྲོགས་བྱེད་བཞིན་མཆིས།ཁ་ནས་རྙིང་ཧྲིལ་གོག་ཟད་དང་ཀླད་རྙིང་མཁྲེགས་འཛིན་སོགས་རང་དགར་འབོད་ཚིག་ཅི་རིགས་བསྒྲགས་ཏེ་འདས་པའི་ལོ་རྒྱུས་ལ་ཅི་མི་སྙམ་པའི་སྡང་ཟུག་ཆེ།དེའི་ཁོར་ཡུག་ཁྱབ་རྒྱ་ཆེ་རུ་ཕྱིན་ན་དེ་ཡང་ཉེན་ཁའི་རྩ་བ་ཞིག་ལ་ཐུག་ཡོད།མ་གཞི་གནད་དོན་འདི་དང༌།སྲོལ་རྒྱུན་རིག་གནས་ཀྱི་འདུ་ཤེས་ཐད་བཟུང་བའི་ཞོགས་དུང་སོགས་ཀྱི་བསམ་བློའི་སྐོར་ལ་ཤོད་སྙིང་འདོད་པ་ད་དུང་ཡོད་ཀྱང༌།དེ་དག་རྗེས་སོར་ཁོམ་སྐབས་དང་བསྟུན་ནས་གླེང༌།ཁྱེད་ཀྱིས་གསལ་བཤད་ཅིག་བྱས་པ་དེས་མི་དེ་དག་ལ་གོ་རྟོགས་སྐྱེད་པའི་རེ་བ་ཡོད།

    གནད་དོན་གཉིས་པའི་ཐད་ཚོགས་པ་བཙུགས་མ་བཙུགས་དེ་གཅིག་པོའི་ངོ་བོའི་ཐོག་ནས་ལྟ་བཞིན་མེད།ཁྱེད་རང་སྤྱི་ཚོགས་ཉམས་ཞིབ་ཐད་རྒྱུས་མྱོང་ཆེ་བ་ཞིག་རེད།ལོ་རབས་བརྒྱད་ཅུའི་ནང་བཙན་བྱོལ་སྤྱི་ཚོགས་ནང་ཁུལ་གྱི་འགལ་ཟླ་དང༌།དེའི་ཤུགས་རྐྱེན་རྣམས་ཕྱོགས་གང་ནས་སླེབས་མིན་ཁྱེད་ཀྱིས་མི་མཁྱེན་པ་ག་ལ་སྲིད།སྐབས་དེ་འདྲ་ཞིག་ལ་དབུས་བོད་ཀྱི་གཞོན་ནུ་ཚོགས་པ་དང༌།ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ་ཡོད་བཞིན་མདོ་སྟོད་གཞོན་ནུ་ཚོགས་པ་ཞིག་འཚང་ཁ་རྒྱག་དགོས་སམ།འདས་པའི་དཀའ་རྙོག་ཁག་ཅིག་ལུང་པ་གཅིག་གི་ཉིན་སྲིབ་དང་ཆུ་རྙོག་གཅིག་གི་ཆུ་རྒྱུན་མིན་པ་ཁྱེད་ལ་གདེང་ཚོད་ཡོད་དམ།གང་ལྟར་ང་ཚོས་གྲ་སྒྲིག་སྡུག་ས་དང་རེ་བ་ཡག་ས་ནས་བརྒྱག་དགོས་པ་དེ་གནད་ཀྱི་དོན་པོ་དེ་ཡིན་པར་འདོད།

    Reply
  3. tsering tashi says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་བརྫུན་སྐྱལ་གྱི་རྫུན་ཏམ་འདི་ཡོད།
    ༢
    དྲི་བ་གཉིས་པ་དེ་བློ་བཟང་ སེང་གེ་ལགས་སུ་ཁྱོད་ཀྱིས་སྔོན་ཆད་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ཨ་རིའི་ནང་གི་མི་རིགས་ནག་པོ་བཞིན་གནས་དགོས་ལ་ ཉིན་ཞིག་བོད་མི་ཞིག་གིས་རྒྱ་ནག་གི་སྲིད་འཛིན་གྱི་གོ་ས་འཛིན་ཐུབ་བམ་ཞེས་པའི་ བསམ་ཚུལ་འདོན་མྱོང་ཨེ་ཡོད་ལགས་ཞེས་དྲི་བ་བཀོད་པར།
    ཁོང་གིས་དེ་འདྲ་ཞིག་རྩ་བ་ ནས་གསུངས་མྱོང་མེད་ཚུལ་དང་འཇམ་དབྱངས་ནོར་བུ་ལགས་ ཀྱིས་ཁོང་རྒྱ་ནག་གི་ཨོ་བྷ་མ་བྱེད་རྒྱུ་ཡིན་ལབ་པ་དེ་རྫུན་མ་རེད།ཡང་གཅིག་བཤད་ ན་བོད་དེ་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ནས་རང་སྐྱོང་ལ་རྩོད་ལེན་བྱེད་ དགོས་ཞེས་ཐོག་མར་གོང་ས་མཆོག་གིསགསུངས་པ་མ་རེད་དམ་ཟེར།
    སྐབས་དེར་འོག་གི་ཉན་མཁན་སློབ་མ་ཞིག་ཡར་ལངས་ནས་བློ་བཟང་སེང་གེ་ལགས་ཀྱིས་བཀའ་མོལ་དེ་འདྲ་ཞིག་གནང་མྱོང་བ་དངོས་གནས་རེད།བདེན་དཔང་“བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་”ཀྱི་ དྲ་ཐོག་ཏུ་ཁོང་གི་གསུང་བཤད་སྒྲ་འཛིན་འཁོར་ཐག་ཚང་མ་དངོས་སུ་བཞག་འདུག་ཅེས་ ཁུངས་སྐྱེལ་སོང་ལ།དེ་ལ་ཁོང་གིས་གཏམ་བཤད་དེ་ཨ་རིའི་མི་རིགས་ནག་པོའི་སྲིད་ འཛིན་ཐོག་མ་ཨོ་བྷ་མར་སྲིད ་འཛིན་གྱི་རྒྱལ་ཁ་ཐོབ་ལ་ཉེ་བའི་བདུན་ཕྲག་གཉིས་ལྷག་གི་སྔོན་ཡིན་པས།དུས་ཚོད་ དང་གནས་སྟངས་ལ་བལྟས་ནས་བཤད་པ་ཞིག་ཡིན་ལ་སྐབས་དེའི་ནང་དོན་ཡང་དངོས་གནས་མིན་ ཞེས་ལན་བསྐྱོན་སོང་།
    ༣ དྲི་བ་གསུམ་པ་དེ་བློ་བཟང་སེང་གེ་ལགས་ཀྱིས་སྔོན་ཆད་འགྲོ་བ་མིའི་ཐོབ་ཐང་གི་ བསྒྲགས་གཏམ་དེབ་ཆུང་དེ་བོད་ཡིག་ཏུ་བསྒྱུར་གནང་བ་མ་ཟད།བོད་ཀྱི་དུས་བབ་སོགས་ སུ་བོད་ཡིག་ཐོག་བྲིས་པའི་རྩོམ་ཡིག་རེ་ཟུང་ཡང་སླེབས་སོང་བས་དེ་དག་ཁོང་རང་ ཉིད་ཀྱིས་དངོས་སུ་བྲིས་པ་ཡིན་མིན་དྲིས་ལ།
    ཁོང་གིས་བོད་ཡིག་ནང་བྲིས་ པའི་རྩོམ་ཡིག་དེ་དག་ཁོང་རང་ཉིད་ཀྱིས་དངོས་སུ་བྲིས་པ་མིན་ཡང་འབྲི་མཁན་ལ་ནང་ དོན་ཞུ་དག་བྱེད་རོགས་སོགས་བྱས་པ་ཡིན།ཁོང་གི་བོད་ཡིག་ཤེས་ཚད་དེ་འདྲའི་སྐྱོ་ བོ་མིན་ལ་བོད་ཡིག་ཀློག་ཡག་པོ་ཐུབ་ཀྱིན་ཡོད་པར་མ་ཟད་བོད་སྐད་ཀྱང་ཡག་པོ་བཤད་ ཤེས་ཀྱིན་ཡོད་གསུངས་སོང་།

    Reply
  4. སངས་རྒྱས་རྡོ་རྗེ། says:
    ལོ་ 15 སྔོན།

    དེང་སྐབས་མང་པོ་ཞིག་གིས་བཀྲས་མཐོང་གིས་གཞུང་དངུལ་སྒེར་སྤྱོད་བྱས་པའི་སྐོར་བཤད་དུས་སྒོར་འབུམ་དགུ་མ་གཏོགས་ཤེས་ཀྱི་མི་འདུག་ཀྱང་དོན་དངོས་ཐོག་སྒོར་འབུམ་༧༠༠རེད་འདུག་པ་མ་ཟད།
    དེས་མ་ཚད་པའི་གཞུང་དངུལ་མང་པོ་བཟོས་འདུག་པ་ནི་འདི་ལྟར་རེད།
    གཅིག
    དོན་དངོས་པོ་དེ་ནི་ཁོང་གིས་དེ་སྔོན་དགེ་གཤེས་དབང་རྒྱལ་གྱིས་དོན་གཅོད་ཁང་འཛུགས་པའི་སླད་དུ་གཞུང་ལ་ཕུལ་བའི་ཨ་རི་ན་ཡོད་པའི་ཁང་བ་དེ་ཚོང་ནས་རིན་བབ་ཆ་ཚང་བཟོས་ཡོད་པ་རེད།
    ཡང་དོན་གཅོད་ཁང་རྒྱག་པའི་སླད་དུ་ཞལ་འདེབས་སློང་ནས་ཨ་སྒོར་ག་ཚད་རག་ཡོད་པ་ཚང་མ་ལ་རྩིས་ཁྲ་གཏན་ནས་མེད་པར་བྱས་ཡོད།
    གཉིས།
    ཐེ་ཝན་གསར་འགོད་པ་ཏིས་ཏིས་ཟེར་བ་བརྒྱུད་ཐེ་ཝན་ན་གསང་མིང་དངུལ་འཛིན་བཟོས་ནས་དངུལ་མང་པོ་ཞིག་བོད་གཞུང་གིས་ལེན་པ་ཡིན་མདོག་གིས་བོད་སོག་ལས་ཁུང་ནས་བླངས་ཏེ་ཨ་རིར་བཏང་ནས་སྒེར་གྱི་ཁང་བ་ཉོས་ཡོད་པ་རེད།
    གསུམ།
    ཨ་རི་བ་མེ་ཀོལ་ཟེར་བ་ཞིག་གིས་དྲིལ་བསྒྲགས་དང་བདེ་སྲུང་གི་སླད་དུ་བཏང་པའི་ཨ་སྒོར་འབུམ་གཅིག་དེ་ཡང་ཁོ་རང་གི་བཟོས་པ་རེད།
    བཞི་བ།
    ལ་དྭགས་ན་ར་ཡི་ཁ་ལོའི་ཚོང་རྒྱབ་སྐབས་༧་གོང་ས་མཆོག་གིས་བཀའ་ཡིན་ཟེར་ནས་མི་མང་མགོ་སྐོར་བཏང་ནས་རིན་བབ་ཧིན་སྒོར་འབུམ་༤༥་ལོན་པ་རྣམས་ཁོ་རང་གི་བཟས་པ་རེད།
    ལྔ་བ།
    གྲོས་ཚོགས་ནང་བརྡ་དེད་བྱས་དུས་ནང་སྲིད་ནས་ལ་དྭགས་མི་མང་ལ་སྐྱོབ་གསོ་སྒོར་འབུམ་༡༠་བཏང་ཡོད་པ་རྣམས་སྒེར་གྱི་འངུལ་འཛིན་ཐོག་བསྒྱུར་ནས་ཁོ་རང་གི་བེད་སྤྱད་པ་རེད།
    དྲུག་པ།
    ༧གོང་ས་མཆོག་གི་མཚན་ཐོག་ནས་ཉི་ཧོང་ནས་འངུལ་འཛིན་ཁག་ལྔའི་ནང་ཧིན་སྒོར་འབུམ་༥༤་ལྷག་འབྱོར་བ་དེ་ཡང་ཁོ་རང་གི་བཟས་པ་རེད།
    བདུན་པ།
    ཁོ་རང་དཔལ་འབྱོར་བཀའ་བློན་བྱེད་སྐབས་སྒོར་འབུམ་༧༠༠རྩིས་ཆད་བྱུང་ཡོད།
    དེ་ལྟར་ཁོ་རང་གི་མི་ཚེ་གཅིག་གི་གཟའ་ཟླ་ཡང་ཕྱི་རྒྱལ་བ་ཡིན་པས་ཁོས་བུ་ཕྲུག་རྣམས་ཀྱིས་བོད་སྐད་ཤེས་གི་མེད་པ་རེད།
    དེ་ལྟ་བུའི་མི་ཞིག་ང་ཚོ་བོད་ཀྱི་བཀའ་བློན་ཁྲི་བ་ལ་ཐོན་པ་ཡིན་ན་བོད་ཀྱིས་བསོད་ནམས་རྫོགས་ཚར་བ་མ་རེད་དམ།
    སྐུ་ཚེ་རིང་།
    ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་་་ཨ་ཨ་ཨ་ཨ་ཨ་ཨ་ད་ག་རེ་བྱེད་དགོས་རེད།
    ད་དུང་ཁོ་ལ་རྒྱབ་སྐྱོར་བྱེད་མཁན་དེ་ཚོ་ངོ་མ་གང་དྲན་གི་ཡོད་ན་བསམ་གི།

    Reply
  5. གངས་ཆབ། says:
    ལོ་ 15 སྔོན།

    རྟ་འགྲིན་རྡོ་རྗེ་ལགས་ཀྱིས་གསུངས་སྟངས་ལ་བལྟས་པ་ཡིན་ན།
    ཉེས་སྐྱོན་གང་ཡང་མེད་པའི་མཁས་དབང་བློ་སེང་ལྟ་བུར་སྐབས་གསུམ་པའི་བཀའ་ཁྲིའི་འོས་ཆོས་མི་ལྡན་མཁན་ཞིག་ཡིན་ན།
    འོ་ན།བཀྲས་མཐོང་མཆོག་གིས་དེ་སྔོན་བཙན་བྱོལ་བོད་གཞུང་གི་གཞུང་དངུལ་འབུམ་བདུན་བརྒྱ་ཙམ་ལྐོག་ཟ་བྱས་བཞག་པ་དེའི་ཆེད་དུ་བཀྲས་མཐོང་ལ་བཙན་བྱོལ་མི་མང་རྣམས་པས་གཟེངས་རྟགས་ལེགས་སྐྱེས་སུ་བསྐྱར་དུ་བཀའ་ཁྲི་འདེམས་དགོས་ཀྱི་ཡོད་པ་འདྲ།ཧ་ཧ་ད་ཡིན་ན་ཡག་པོ་འདུག
    ཡང་བསྐྱར་བཀྲས་མཐོང་གིས་འབུམ་ཇི་ཙམ་ཞིག་ལྐོག་ཟ་བྱ་ངེས་ཡིན་ནམ།
    ད་ཡིན་ན་ཚང་མས་གཟབ་ཙམ་གནང་ན་མ་གཏོགས་ཞེན་ཁོག་དང་ཕྱོགས་ལྷུང་ཅན་དེ་ཚོས་བོད་མི་རིགས་དང་རྩ་དོན་ཁ་ལ་ཁྱེར་ནས་ང་ཚོ་བོད་མི་མང་རྣམས་གཡོ་འོག་ཏུ་འཇུག་རྒྱུ་ཡིན་པ་ཐེ་ཚོམ་མི་འདུག།

    Reply
  6. གནས་ཚང་། says:
    ལོ་ 15 སྔོན།

    ༡༽ ལྷ་སྡེ་གནམ་ལོ་ཡག་ནས།

    སྤྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༢༢ གི་ཆུ་ཚོད་ ༢ སྐར་མ་ ༠༠ ཁ་བརྡ་ཚང་།

    རྩོམ་ཡིག་ཆ་ཚང་ཀློག་ཟིན། དྲང་མོར་བཤད་ན། རྩོམ་དོན་དང་དབྱེ་ཞིབ་ཡག་པོ་གནང་འདུག
    ཡིན་ནའང་། དོན་དག་གཉིས་ཀྱི་སྒང་ལ་གྲོས་བསྡུར་བྱེད་དགོས་བསམ་བྱུང་།

    ༡ ༼ཞོགས་དུང་སོགས་ཀྱི་རྗེས་སྐྱོང་པ་ཁག་ཅིག་གི་ཨ་གསར་ཁྲོད་ནས་ཀྱང་འོས་ཤོག་མི་ཉུང་བ་ཞིག་སླེབས་ཡོད།༽
    ༢༼ བློ་སེང་དང་ད་ལྟ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྫ་ཡུལ་བློ་བཟང་སྙན་གྲགས།དངོས་གྲུབ་ཚེ་རིང་ཞེས་པའི་མི་གསུམ་རྡོར་གླིང་ས་གནས་གཞོན་ནུའི་སར་ཆེད་བཅར་གྱིས་མདོ་སྟོད་གཞོན་ནུ་ཚོགས་པ་འཛུགས་རྒྱུ་བསམ་ཚུལ་བཏོན།༽

    སྔ་མར་མཚོན་ན། བོད་ཀྱི་སྤྱི་ཚོགས་ནང་གོ་ལོག་ཆེན་པོ་ཞིག་ཐེབས་ཡོད། དོན་ལ་བཤད་སྟངས་ཙམ་མ་གཏོགས་ཞོགས་དུང་སོགས་ཀྱིས་དེང་སྐབས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གསུང་བཞིན་པའི༼རང་ཉིད་རང་གི་མགོན་ཡིན༽པ་གཙོར་འདོན་གྱིས་ནང་ཆོས་དག་ཐེར་བྱེད་ཀྱིན་པ་ལས་ཐ་གཅིག་ཏུ་བསྙོན་འབྱིན་བྱས་མེད། ཡིན་ནའང་། མ་འདྲ་ས་གང་ཡིན་ཞེས་ན། རྒྱལ་བ་རིན་པོ་ཆེ་ནས་ཆོས་ལུགས་ཀྱི་ངོ་བོ་གཙོར་འདོན་གནང་བཞིན་པ་དང་། ཞོགས་དུང་བཅས་ཀྱིས་མི་རིགས་རིང་ལུགས་གཙོར་འདོན་བྱེད་ཀྱིན་ཡོད། དེ་བས། སྐུ་ཞབས་ཞོགས་དུང་ནི་བོད་དོན་སེལ་ཐབས་སུ་བཞེངས་པའི་རྟུལ་ཕོད་ཅན་ཞིག་ལས་ནང་ཆོས་བསྣུབས་མཁན་དུ་བཞེངས་མེད། གཙོ་བོ་ཆོས་པ་ཚོས་ནང་ཆོས་ངོས་འཛིན་དང་ལག་ལེན་ནང་ཇི་ལྟར་འཇུག་མིན་ལ་ཐུག་ཡོད། འདིའི་སྒང་ནས་ལྟ་སྐབས། སྐྱ་ཆད་སྔོ་སྡུག་གི་དུས་འདིར་བོད་མི་ཚོས་མཐུན་སྒྲིལ་བྱེད་འོས་པའི་སྟོབས་ཤུགས་མཐའ་དག་རང་ནོམ་དུ་ལེན་རྒྱུ་ལས་བསལ་འདེམས་ཀྱི་ཆུ་ཚོད་ལྷག་མེད།

    ཕྱི་མར་མཚོན་ན། བློ་སེང་དང་བློ་སྙན། དངོས་ཚེ་སོགས་ཀྱིས་སྔར་མདོ་སྟོད་གཞོན་ནུ་ཚོགས་པ་འཛུགས་གྲབས་གནང་བ་ཙམ་གནད་དོན་མ་རེད། དཔེར་ན། ཆོལ་ཁ་གསུམ་ལ་གཞོན་ནུ་ཚོགས་པ་ཡོད་ཆོག་གི་རེད་ལ། དེ་བཞིན་དབུས་གཞོན་ལྷན་སྲ་བརྟན་དང་ཚགས་ཚུད་ཀྱི་རྨང་གཞིར་གྱུར་ཡོད། གལ་སྲིད་དེ་ལྟ་མ་རེད་ཟེར་ན། ཆོལ་ཁ་གསུམ་གྱི་སྐྱིད་སྡུག་དང་ཆོལ་ཁུང་སྐྱིད་སྡུག་གང་ཡིན་ནའང་བརྒྱ་ཆའི་དྲུག་ཅུ་ཙམ་མཐུན་ཕྱོགས་སུ་འཁོར་ཡོད་པས། དེ་དང་ངོ་བོ་གཅིག་མཚུངས་སུ་ལྟ་ཆོག་པར་འདོད། ཕྱོགས་གཞན་ཞིག་ནས་བཤད་ན། མི་སུ་ཞིག་ཡིན་ནའང་། ནང་མི་ནས་ཚོ་བ། དེ་ནས་སྡེ་བ་དང་ཆོལ་ཁ། དེ་ནས་སྤྱི་དོན་སྒང་གོམ་པ་རིམ་བགྲོད་ཀྱིས་ཡོང་ཞིག་རེད་མ་གཏོགས་དང་ཐོག་ནས་སྤྱི་དོན་སྒང་བསམ་བློ་གཏོང་མཁན་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་ན་རིམ་ལས་བྱུང་མི་སྲིད་པ་ཞིག་རེད། དེའང་གཞན་མ་ཡིན་པར་དམིགས་བསལ་ལས་འགན་དང་སྦྱོང་བརྡར་གྱིས་བསྐྲུན་ཡོད་པ་ཞིག་ཡིན། འདིའི་ཆ་ནས་བཤད་ན། གལ་སྲིད་བློ་སེང་ལགས་བཀའ་ཁྲིར་གདམ་པ་ཡིན་ན། ཁོང་གིས་རང་ཉིད་འཚར་ལོངས་བྱུང་བའི་གོ་རིམ་ཆ་ཚང་དོ་མཉམ་དུ་བསྐུལ་འདེད་བྱེད་སྲིད་པ་ཐེངས་འདིར་བཀའ་ཁྲིའི་འོས་མིར་བཞེངས་སྟངས་ལས་གསལ་བོ་ཆགས་ཡོད། རྒྱུ་མཚན་ནི་བཀའ་ཁྲིའི་བཞུགས་ཁྲི་བོད་མི་བྱིངས་ཀྱི་ཡིན་པ་དང་ལོ་ལྔ་ཚན་རེ་ནང་དུ་བསྐྱར་འདེམས་གནང་བཞིན་པ་ཤེས་གསལ་རེད་ལ། ལོ་རྒྱུས་གསར་བ་ཞིག་གི་ཤོག་ལྷེ་སྒང་གོམ་པ་གསར་བ་ཞིག་གི་ཡིག་ཆུང་ཕབ་ཐུབ་མིན་ཡང༼དོ་མཉམ་སྲིད་ཇུས༽ཤིག་ལ་རག་ལས་ཡོད་པ་མཁྱེན་གསལ་རེད།

    ༢༨༽ ལྷ་སྡེ་གནམ་ལོ་ཡག་ནས།

    སྤྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༢༢ གི་ཆུ་ཚོད་ ༡༩ སྐར་མ་ ༥༧ ཁ་བརྡ་ཚང་།

    ཕྲན་གྱིས་ལོ་རྒྱུས་ཐོག་ཉམས་ཞིབ་ཐབས་ཆག་ཅིག་རྒྱུན་བསྲིངས་ཀྱིན་པས། ཆུ་སྒང་གསར་རྙིང་གི་རྩོད་རྙོག་འདི་འདུམ་ཟིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། རྒྱུ་མཚན་ནི་ལི་ཐང་ཨ་ཐར་ལགས་མ་གྲོངས་པའི་ཡར་སྔོན་ཁོང་གིས་གཙོས་པའི་མི་དྲུག་རྒྱལ་བ་རིན་པོ་ཆེ་ལ་དགོངས་དག་ཐུགས་བདེན་སླད་མཇལ་དུ་ཡོང་བ་དངོས་སུ་མཐོང་མཁན་ཞིག་ཡིན་པར་མ་ཟད། སྔར་ཐའེ་ཝན་བོད་སོག་ལྷན་ཁང་གི་ལྷན་དུ་གྲོས་ཆོད་ཅིག་འཇོག་རྩིས་བྱས་པ་དེའང་དེ་ནས་མཇུག་གྲིལ་སོང་བ་ཞིག་ཡིན་འོས་ལ། སྐབས་དེ་ཤེད་ནས་ལྟོས་ས་ལྟོས་འཇོག་གིས་ཆུ་སྒང་གསར་རྙིང་ཡང་གཅིག་སྒྲིལ་གྱི་སྒང་ལ་ཡོང་ཡོད།

    (གོང་གི་མཆན་འདི་དག་བརྒྱུད་བཤུས་ཡིན་པས། མཆན་འདེབས་མཁན་ལ་དགོངས་འགལ་མེད་པ་ཞུ་ཡི་ཡིན། བར་གནས་ནས་སྐད་ཆ་དྲང་པོ་གསུངས་འདུག་པར་ཐུགས་རྗེ་ཆེ། གུས་པ་གནས་ཚང་ནས)

    Reply
  7. གོང་དཀར་ངག་རྣམ། says:
    ལོ་ 15 སྔོན།

    འོན་ཏེ།
    བཀའ་ཁྲིའི་སྐོར་ལ་གང་ཤེས་པ་དེ་བཤད་སྦྱངས་བྱེད་དགོས་་ཀྱང་།
    ཕར་ཕྱོགས་ནས་བཏང་བའི་སྐབས་འཚོལ་བ་དེ་ཚོར་ཡང་ཡང་ལྟ་དགོས་་རེད་དཱ།
    གཟིག་ལྤགས་བཀབ་པའི་བོང་བུས་ཐམས་ཅད་སྐྱེལ་གྱི་རེད་།།།།།།།

    ང་དང་ཟམ་གདོང་བླ་མའི་ཞེད་ས་དེ་འདི་ཡིན།

    Reply
  8. tsering tashi says:
    ལོ་ 15 སྔོན།

    རྟ་མགྲིན་རྡོ་རྗེ་ལགས་བཀའ་དྲིན་ཆེ་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག།

    Reply
  9. ཐིག says:
    ལོ་ 15 སྔོན།

    ཨ་ཁ་ཁ། གནའ་ནས་ད་བར་བོད་མི་ཚོས་རང་ཉིད་ལས་འཇོན་པ་ཞིག་ཡོང་པར་་མཐོང་དུས། དེ་ཉིད་མེད་པར་བཟོ་པར་ཐབས་ཇུས་ཡོད་ཚད་གཏོན་པའི་གཤིས་ངན་དེ་ད་དུང་ཡང་དོར་མི་འདུག། ངོ་མ་ཡ་ང་།་ངོ་མ་ཡ་ང་།་ངོ་མ་ཡ་ང་།་ངོ་མ་ཡ་ང་།

    Reply
  10. རིགས་བཟང་། says:
    ལོ་ 15 སྔོན།

    དྲ་གྲོགས་ཚྭ་སྒང་ཕོ་ཉ་གཙོས་འདིར་མཆན་བུ་བཀོད་མཁན་རྣམ་པ།
    ཐོག་མར་རང་ཉིད་ཀྱིས་ཡིག་ནོར་ལ་བདག་པོ་རྒྱོབས་དང་། དེ་རྗེས་རང་ཉིད་ལ་གཙང་སྦྲ་ཡག་ཐག་ཅིག་གནང་རོགས།

    Reply
  11. གནས་ཚང་། says:
    ལོ་ 15 སྔོན།

    དྲ་མཁན་འོད་ཡུག་པའི་འཁྱམས་པོའི་བཤད་སྟངས་དེ་རྦད་དེ་ནོར་བ་རེད། དང་པོ། རྒྱ་ནག་གི་ལག་པར་ཟམ་གདོང་རིན་པོ་ཆེ་ནས་རྔ་མ་སྤྲད་ཚར་ཡོད་པས། རྔ་མ་དེ་ཇི་ལྟར་མ་ཚ་མ་ན་བར་ཚུར་ལེན་པའམ། ལེགས་ལམ་དུ་འཇུག་དགོས་ན་བློ་སེང་ལས་དྲག་ག་ཞིག་མེད།
    གཉིས་པ། རྒྱ་ནག་མི་རྒན་དེ་དག་གི་རྒྱབ་ལྗོངས་དང་ལངས་ཕྱོགས། བྱེད་སྟངས་ཆ་ཚང་སྔོན་ནས་ཤེས་ཡོད་པས། ད་གསར་བ་ཞིག་ཡོང་རྒྱུ་དེ་ཧ་ཅང་གི་གལ་ཆེན་རེད།
    གསུམ་པ། ཉམས་མྱོང་ཞེས་པ་དེ་བློ་འདོན་ལྷན་ཚོགས་ལ་ཐུག་ཡོད་པ་ཞིག་ཡིན་ཙང་བློ་འདོན་པ་གདམ་ཤེས་མིན་ལ་ཐུག་ཡོད་པ་ལས་གཞན་མིན།

    Reply
  12. གཡུ་རལ་བཀྲ་རྒྱམ། says:
    ལོ་ 15 སྔོན།

    བཤད་འདོད་པ་དང་འབྲི་འདོད་པ་ལེགས་ན་ཡང་ཁ་བདེ་བོ་་རང་མི་འདུག། འགོ་མཇུག་བར་གསུམ་འདས་མ་ད་གསུམ་ཚང་མ་་རྐང་ཆགས་ལག་ཆགས་རེད།
    ཁ་ཕྱིར་འཁོར་ནས་རླུང་མཁྲིས་བད་ཀན་གསུམ་ལ་དབྱེ་ཞིབ་བྱེད་རོགས་གནང་།

    Reply
  13. མིག་ཆུ། says:
    ལོ་ 15 སྔོན།

    ཨ་རོགས་་་་་རྟ་མགྲིན་རྡོ་རྗེ་ལགས་ཁྱོད་ཀྱི་རྩོམ་ཡིག་གི་མགོར་་ངོ་མ་ལྷག་བསམ་ཡོད་མདོག་མདོག་དང་ཕྱོགས་ལྷུང་གི་ལྟ་ཚུལམེད་མདོག་མདོག་སྟོན་ཅི་ཐུབ་བྱས་འདུག་ལ།རྩོམ་གྱི་མཇུག་ཆད་ལྟའི་འདམ་རྫབ་ཀྱི་ཁྲོད་ཟུག་འདུག་་་་་་་་ད་དུང་ཁྱོད་ཀྱིས་བཀའ་བློན་ཁྲི་པའི་འོས་བསྡུ་སྐོར་ལ་ཞིབ་འཇུག་གང་འཚམ་བྱས་ཡོད་མདོག་བརྗོད་ཚིག་སྤེལ་འདུག་་་་དབྱིན་ཇིའི་ནང་གི་རྩོམ་ཡིག་དེ་དག་ཁྱོད་ཀྱིས་ཆ་ཚང་ཞིག་ཀློག་ཨེ་ཚར།་་་་བློ་བཟང་སེང་གེ་ལ་ཆོལ་ཁའི་ཞེན་ཁོག་ཡོད་པ་སུས་ཀྱང་བསྙོན་དུ་མེད།་་ཁྱོད་ཀྱང་གནད་འགག་ཐུག་དུས་ཆོལ་ཁའི་ཞེན་ཁོག་ཡོད་ངེས་པ་སུས་ཀྱང་མ་གླེང་ཀྱང་ཧ་གོ་ཚོད་རེད།

    Reply
  14. ཨ་ཕོ་མཐུ་ཆེན། says:
    ལོ་ 15 སྔོན།

    རེད། རེད། བཀའ་ཁྲིའི་འོས་དམིགས་སུ་ཕེབས་པ་ཚོར་སྐྱོན་ཆེ་ཆུང་ག་རེ་ཡོད་ཀྱང་ཐེར་འདོན་དང་། ཡོཏྣ་ཆེ་ཕྲ་ག་རེ་ཡོད་ཀྱང་འཕྱར་དགོས། དེ་ནི་དུས་སུ་བབས་པ་དང་འོས་པ་ཞིག་ལས་སྐྱོན་མཚང་འབྲུ་བ་དང་ངོ་བསྟོད་བྱེད་པའི་་སྐྱོན་དུ་ནམ་ཡང་མི་འགྲོ། འོས་ཤོག་གཅིག་པུ་དེ་འོས་སྒམ་ནང་དུ་འཕངས་རྗེས་སྐད་ཅ་འདྲ་མིན་ཤོད་ཀྱིན་བསྡད་ན་ཕྱིས་དྲགས་པ་རེད།

    ངས་ཁ་སང་བཤད་པ་ཡིན། བཀའ་བློན་འོས་དམིགས་གསུམ་གདན་འདྲེན་ཞུས་ནས་བགྲོ་གླེང་བྱས་པའི་བརྙན་འཕྲིན་ཁག་ནང་ཞིབ་ཕྲ་བལྟས་པ་ཡིན། ཡང་ལྗིད་བལྟས་སྐབས་ཡང་ཤོས་སུ་གྱུར་པ་ནི་བློ་སེང་རེད། ཁ་གཡང་ཡག་པོ་སྒྲོག་གི་འདུག རྐུབ་བཀྱག་སྒང་ལ་སླེབས་རྗེས་་་་་ཨའུ་་་་ངས་བལྟས་ན་འཇོན་མཁན་ཞིག་མ་རེད་བསམ་པ་ཞིག་བྱུང་། སྐུ་དྲག་གི་སྐྱེ་རྒྱུན་ཡིན་ཀྱང་རུང་མིན་ཡང་རུང་། ན་རྒས་པ་ཡིན་ཡང་རུང་མིན་ཡང་རུང་། རྒས་པོ་ཟུང་གིས་བཤད་པའི་གཏམ་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་ལ་ཡི་རངས་ཤིང་མངོན་པར་བསྟོད་དགོས་པ་ཞིག་ཏུ་འདུག་ཅེས་སྨྲ་བར་སྤོབས།

    Reply
  15. བེ་རུ་བཀྲ་ཤིས says:
    ལོ་ 15 སྔོན།

    གྲོགས་པོ་་ཚོ་ཕྱོགས་ལྷུངམ་གནང་རོག་ཐུགས་རྗེས་གཟུགས་བོད་སྤྱི་ལ་ཕན་པ་ཞིག་བསམ་བློ་བཏང་རོག་

    Reply
  16. བློ་བཟང་ཕུན་ཚོགས། says:
    ལོ་ 15 སྔོན།

    གོང་གི་གྲོགས་པོ་ཞིག་གིས་བཤད་པ་བཞིན་
    མི་སུ་ཞིག་ཡིན་ཡང་གཞན་ལ་རྒྱབ་སྐྱོབས་
    བྱེད་དུས་བྱེད་མ་ཤེས་ན་ཕན་ལས་གནོད་ཆེ་གི
    དེ་ལས་ཀྱང་ནང་ཁུ་མཐུན་སྒྲུབ་ལ་ཡང་འགན་མི་འཁུར་མཁན་མཐོང་གི

    Reply
  17. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    དྲང་པོ་དང་བདེན་པའི་བདེན་ཐུག་དང་ཁ་རེ་ཁ་ཐུག་གིས་སྐད་ཆ་བཤད་ན་བློ་སེང་བཀའ་ཁྲིར་མི་འོས་ལ་དེ་བས་ཁོང་བཀའ་ཁྲིར་འོས་འཕེན་གྱིས་རྒྱལ་ཁ་འཐོབ་ཚེ་དེ་ནི་རྒྱ་ནག་གཞུང་ལ་དགོས་རྒྱུའི་ལག་ཆ་སྤུས་དག་པ་ཞིག་རེད་ལ་ངེད་བོད་མི་ཚང་གི་མགོ་ཐོག་སྤྲིན་པ་ནག་པོས་གཡོག་ཏེ་ནག་འཐོམས་མེར་ཚང་མ་ཧང་སང་དགོས་པ་ཞིག་ཆགས་རྒྱུ་མ་ཟད་རྒྱལ་བ་ཁོང་ཡང་སྐབས་དེར་ཐུགས་འཕམས་ཡོང་ཡོང་རྒྱུ་ལས་གདོན་མི་བཟའ་བས་དེའི་ཕྱིར་བསམ་ཡོད་རྣམས་ཀྱིས་བསམ་བློ་མཐོང་། ཁོ་ལ་ཡོད་པ་ནི་སློབ་ཆེན་གྱི་ལག་ཁྱེར་ཙམ་རེད། དོན་དུ་དགོས་པའི་ལྷག་བསམ་དང་། རྒྱལ་ཞེན། ཉེ་རིང་མེད་པའི་མི་ཞིག་གཏན་ནས་མིན་པས་ཚང་མས་གྲ་སྒྲིགས་ལེགས་པོ་བྱོས། ཅི་སྟེ་ཁོང་བཀའ་ཁྲིར་འཐོབ་ཚེ་གཞུང་ཞབས་རྣམས་པ་ཡང་ཉོབ་ཏེ་རང་བཞིན་གྱིས་རང་གཞུང་འདི་ཉམས་གུད་འགྲོ་རྒྱུ་ཉག་གཅིག་རེད།་

    Reply
  18. ཚྭ་སྒང་ཕོ་ཉ། says:
    ལོ་ 15 སྔོན།

    རྩོམ་འབྲི་བ་དང་མཆན་འགོད་པ་དག་ལ་མཚམས་འདྲི་ཞུ་བ་སྒྲགས།
    ལི་ཐང་གཏན་བཞུགས་སྐབས་སུ་བློ་སེང་གིས་ང་མི་གཅིག་ཡིན་ནའང་འདིར་དཔུང་བསྒྲིགས་ནས་ཡོང་བ་ཡིན་ཞེས་བརྗོད་ཡོད་པ་གསལ་པོ་རེད། ཡིན་ན་ཡང་ལས་དོན་གང་གི་ཆེད་དུ་དཔུང་བསྒྲིགས་ཡོད་མེད་དང་། ད་དུང་སྐད་ཆ་དེ་བཤད་དགོས་པའི་རྒྱབ་ལྗོངས་མཁྱེན་པའི་ཐོག་ནས་སྐད་ཆ་བཤད་དགོས་པ་ལས། བརྙན་སྡེར་དེའི་ཚན་པ་ཆུང་ཆུང་ཞིག་བླང་ནས་ཁོས་ང་དཔུང་བསྒྲིགས་ནས་ཡོང་བ་ཡིན་ཞེས་བཤད་འདུག་ཞེས་སྐྱོན་བརྗོད་བྱས་པ་ནི་བློ་ཆུང་བྱས་པས་རྩེད་མོ་རང་རེད། རང་ཅག་གངས་ཅན་པ་ཡོངས་ཀྱི་ཁོག་པའི་སྙིང་དང་སྤྲལ་བའི་མིག་ལྟར་བུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་སྐལ་རྒྱལ་གཏན་པའི་ཆེད་དུ་དཔུང་བསྒྲིགས་པ་དེ་མ་འོས་པ་ཞིག་ལ་ངོས་འཛིན་བྱས་པ་ནི་སྐྱོན་བརྗོད་བྱེད་མ་ཤེས་པའི་སྐྱོན་ཡིན་པ་ལས་སེམས་སྟེང་ནས་དེ་འདྲ་ཞིག་ངོས་འཛིན་མེད་པའི་རེ་བ་ཡོད། བོད་མི་སུ་ཡིན་རུང་༧གོང་ས་མཆོག་སྐུ་ཚེ་རྟེན་པའི་ཆེད་དུ་དཔུང་བསྒྲིགས་འདོད་མེད་ན་དེ་ནི་ནོར་འཁྲུལ་ཡིན་པས་ངེས་པར་དུ་དེའི་སྐབས་དཔུང་སྒྲིགས་དགོས། བློ་སེང་གིས་སྐད་ཆ་དེ་བཤད་དགོས་པའི་རྒྱབ་ལྗོངས་ལ་བསམ་བློ་གཏང་ན། སྤྱིའི་དེང་གི་དུས་འདིར་དོལ་རྒྱལ་རྗེས་འབྲང་པ་ཁག་གཅིག་གིས་༧གོང་ས་མཆོག་དང་བོད་སྤྱིའི་རྩ་དོན་དག་ལ་རྒྱབ་འགལ་བྱས་ནས་རྒྱ་ནག་དམར་པོ་དང་ངན་འབྲེལ་བྱེད་ཀྱི་ཡོད་པ་ཡོངས་གྲགས་དང་བྱེ་བྲག་ལི་ཐང་མི་མང་ནང་ཁུལ་དོལ་རྒྱལ་རྗེས་འབྲང་པ་མང་པོ་ཡོད་པར་སྤྱི་ཚོགས་ཐོག་གསལ་པོ་ཡིན་པ་རྟེན། བློ་སེང་ཁོ་རང་མི་གཅིག་ཡིན་རུང་དོལ་ཚོགས་དང་འབྲེལ་མེད་ཐོག་༧གོང་ས་མཆོག་སྐུ་ཚེ་གཏན་པའི་ཆེད་དུ་དཔུང་བསྒྲིགས་པ་ཡིན་ཟེར་ཀྱི་ཡོད་པ་གསལ་པོ་རེད། ཡིན་ན་ཡང་བཀའ་དྲིན་ལ་བསམ་ཤེས་མེད་པ་དྲིན་ལས་ལོག་འཇལ་བྱེད་མཁན་དེ་དག་གིས་རང་ཉིད་བློ་སེང་ལ་མི་དགའ་བའི་རྒྱུ་མཚན་ནམ་ཡང་ན་གང་ཟག་གཞན་ཞིག་གི་ཆེད་ཡིན་མིན་མི་ཤེས་ཀྱང་དངོས་ཡོད་ལ་ལོག་བཤད་བྱས་པ་དག་གསལ་པོ་མ་བཟོས་ན་མི་མང་མགོ་བོ་རྨོང་བའི་རྒྱུ་ལས་མ་འདས་པའི་གུས་པས་མ་བཤད་ཐབས་མེད་བྱུང།

    གུས་པའི་མཆན་འདི་དེ་སྔོན་གཅིག་བཀོད་ཀྱང་དུས་བབ་ཀྱིས་མི་འགོད་དགོས་དོན་གསུང་རོག་ཞུ།

    Reply
  19. རིགས་བཟང་། says:
    ལོ་ 15 སྔོན།

    ངས་བལྟས་ན་བཀྲས་མཐོང་དང་བློ་སེང་གཉིས་ཐོག་མར་སྤྱི་འཐུས་སུ་འདོམས། དེ་ནས་རིམ་བཞིན་གྱིས
    བཀུར་འོས་པ་ཞིག་ནི་བཀའ་ཟུར་བཀྲ་ཤིས་དབང་འདུས་རེད་ལགས།
    ཨེ་བདེན་མི་བདེན་ཁྱེད་ཅག་གིས་རྣམ་དཔྱོད་ལ་རེག་ལས་སོ།།

    Reply
  20. གནས་ཚང་། says:
    ལོ་ 15 སྔོན།

    བློ་སེང་འཚོལ་སྟངས་འདི་འདྲ་ཞིག་ཡིན་ཆོག་གི་རེད་དེ། མཇུག་བསྡུ་སྟངས་དེ་ཕྱོགས་ལྷུང་གི་ཚིག་རེད། མཆན་འདེབས་མཁན་དག་ཀྱང་རིས་སུ་ཆད་མཁན་རྐྱང་རེད་འདུག དེ་ལས་བཀའ་ཁྲིར་བཞེངས་མཁན་སུ་ཞིག་ཡིན་ན་ཡང་ཚང་མ་ལོས་དང་ཐོག་ནས་སྐད་ཆ་འདྲི་དགོས་ཀྱི་འདུག

    ༡ ཁྱོད་ལ་འོས་ཤོག་འཕངས་ན་སུ་ལ་འགན་འཁུར་གྱི་ཡིན། བོད། ཡང་ན། ཆོལ་ཁ། སྒེར་བ།

    ༢ ལས་འགན་མ་འགྲུབ་ན་འགན་རང་འཁུར་བྱེད་ཀྱི་ཡིན་ནམ། ཡང་ན། མི་མང་གི་མགོར་གཡུགས་ཀྱི་ཡིན། དཔེར་ན། ཟམ་གདོང་རིན་པོ་ཆེ་ནས་རྩ་བའི་བླ་མ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་ཡི་མགོར་དེད་ཡོད་པ་རེད།

    Reply
  21. ཉི་ཟླ་སྐར་གསུམ། says:
    ལོ་ 15 སྔོན།

    མི་ཁག་ཅིག་ནི་བློ་སེང་ལ་སྐྱོན་འཛུགས་བྱེད་རྒྱུ་མ་རག་པ་འདྲ་པོ་འདུག་།
    ད་ནི་ཕལ་ཆེར་བློ་སེང་ལི་ཐང་བ་ཡིན་པས་བཀའ་ཁྲི་མི་འོས་ལབ་རན་འདུག་།།
    དེ་མིན་ཁུང་ལུང་ཡོད་པ་ནི་བཤད་རྒྱུ་མི་འདུག། མི་ཚང་མ་སོ་སོའི་ཁུངས་གཏོགས་ལ་ཞེན་
    ཁོག་མེད་པ་སུ་ཡོད་། སྐུ་ངོས་བཀྲས་མཐོང་སྔར་བཀའ་ཁྲིའི་ལས་ཡུན་མ་ཚར་སྔོན་དུ་ནང་
    མིའི་ཆེད་དུ་བཀའ་ཤག་གི་ལས་ཀ་བཞག་ཡོད་པ་ཁང་གིས་གསུངས་པ་དེ་ཨེ་གོ་། དེ་ལ་ག་རེ་བཤད་རྒྱུ་ཡོད་། བོད་མི་ལ་ཤ་ཞེན་མེད་པས་ཡིན་ནམ་། གཞན་ཞིག་ཡིན་བཤད་རོགས་

    Reply
  22. སྤེན་རྡོར། says:
    ལོ་ 15 སྔོན།

    ༼ ང་མི་གཅིག་ཡིན་རུང་དཔུངས་བསྒྲུག་ཏུ་ཡོང་བ་ཡིན ༽ ཞེས་པའི་སྐད་ཆ་འདིའི་ཐད། ཉེན་འཆར་ཨ་རིའི་བོད་སྐད་བརྙན་འཕྲིན་གྱི་ཀུན་གླེང་ལས་རིམ་ནང་ཁོང་གིས། སྐད་ཆ་དེ་ནི་ལུ་ཐང་བརྟན་བཞུགས་ཀྱི་མཇུག་ཏུ་གངས་སྐྱིད་སྤྱི་ཐབ་ནང་གཞུང་ཞབས་ཚོར་གསོལ་ཚིགས་ཅིག་འདེགས་འབུལ་ཞུས་སྐབས་ཡིན་སྐོར་དང་། སྐབས་དེར་གཞུང་ཞབས་ཆེ་ཕྲ་ཚང་མ་ཡོད་ཀྱང་མི་གཅིག་ཀྱང་ཀྱང་སྐད་ཆ་དེ་འགྲིག་མ་སོང་ཟེར་མཁན་མ་བྱུང་ཟེར་ཡང་། དེ་ནི་སྒྲུབ་བྱེད་ཡང་དག་པ་ཞིག་དང་དོགས་དཔྱོད་མཐའ་སངས་པ་ཞིག་མ་རེད།
    གོ་ཐོས་སུ་སྐབས་དེར་བློ་བཟང་སེང་གེ་ཡི་སྐད་ཆ་དེའི་དབང་གིས་གངས་སྐྱིད་ཀྱི་གཞུང་ཞབས་ཚོའི་ཁྲོད་གླེང་སློང་ཤུགས་ཆེན་བྱུང་རབས་འདུག་ལ། གསོལ་ཚིགས་དེའི་ཐོག་ནས་ཀྱང་མི་མང་པོ་ཞིག་ཕྱིར་ཐོན་ཏེ་སོང་ཡོད་རབས་གོ་སོང་།

    Reply
  23. lakpatsering says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱེད་མཁན་སྐོར་ཞིག་གིས་བློ་བཟང་སེང་གེ་ལ་གནོད་སྐྱེལ་གྱིན་འདུག སྤྱི་ཚོགས་ནང་གི་མི་མང་པོ་ཞིག་ལ་ཤུགས་རྐྱེན་ངན་པ་འཇོག་གི་འདུག དཔེར་ན། བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱེད་མཁན་ཁག་ཅིག་གིས་ངེས་པར་དུ་བློ་བཟང་སེང་གི་ལ་བཀའ་ཁྲིའི་རྒྱལ་ཁ་འཐོབ་དགོས་པའི་ཨུ་ཚུགས་རྒྱག་པ་དང་། ཤུགས་དྲག་པའི་སེམས་ཚོར་དེའི་འོག་ནས་མི་གཞན་ལ་སྐྱོན་བརྗོད་དང་། གཞི་མེད་ཉེས་འཛུགས་བྱེད་པ། དེ་བཞིན། བློ་བཟང་སེང་གེ་ཡི་ཆེ་བ་བརྗོད་པའི་ཁུལ་ཡིན་ཡང་། རྗོད་སྟངས་མི་ཤེས་པར་མི་མང་པོ་ཞིག་བློ་བཟང་སེང་གེ་ལ་དོགས་པ་ཟ་བ་དང་མི་དགའ་བ་ཆགས་པ་སོགས་ཇེ་མང་ལ་འགྲོ་བཞིན་འདུག

    Reply
  24. ཚེ་དབང་བསོད་ནམས། says:
    ལོ་ 15 སྔོན།

    ངས་བསམ་ན། མི་མང་པོ་ཞིག་གིས་བློ་སེང་ལ་འོས་ལྡུག་དོན། བློ་སེང་གི་ཁྱད་ཡོན་མང་པོ་ཞིག་མཐོང་སྟེ་བླུགས་པ་ཡིན་མིན་མི་ཤེས་མོད། སྐུ་དྲག་མི་དྲག་དང་། བླ་སྤྲུལ་སེར་མོ། བཀའ་ཟུར་སྤྱི་ཟུར་སོགས་མི་རྙིང་ཀོག་ཧྲིལ་དང་། ཀླད་རྙིང་མཁྲེགས་འཛིན་ཅན་མང་པོ་ཞིག་གི་བྱ་སྤྱོད་ལ་ཉོབ་དྲགས་པའི་ཡིན་པ་གདོན་མི་ཟ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese