མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤངས་སྟོན་ཚངས་ཐིག – བློ་བཟང་སྦྱིན་པ།

བོད་ཀྱི་དུས་བབ།
༢༠༡༡/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྣམ་སྤེལ་ཚང་དེ་ལྷག་བསམ་དཀར་བ་ཡིས། །འཁོར་འདས་དབྱེ་བའི་ཉེན་བརྡ་ལན་གཅིག་བཏང་། །

༄༅། །ཞྭ་སེར་བསྟན་པའི་གཙུག་ནོར་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་ཀྱིས་དབུས་གདན་སའི་སྲོག་ཤིང་མཁན་ལས་ཟུར་ལྷན་རྒྱས་ཀྱི་༸ཞབས་དྲུང་དུ།

ཞུ་ཧམ་སྙན་བསུན་དུ་མ་དགོངས་པར་དཔྲལ་བ་ཞབས་ལ་གཏུགས་ཏེ་ཕྱག་བཅས་ཞུ་གསོལ་འདེབས་སྙིང། ལྷ་དགོངས་སུ་མངལ་གསལ་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་རྣམས་ནི་སྤྱིར་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་སྤྱི་དང་། ཁྱད་པར་དུ་ཕྱི་རུ་ཉན་ཐོས་སྤྱོད་པ་ཞི་ཞིང་དུལ་བ་དང་། ནང་དུ་རིམ་གཉིས་ཀྱི་རྣལ་འབྱོར་ལ་གཞོལ་བའི་ལྟ་སྤྱོད་གཙང་མའི་རིང་ལུགས་འཛིན་པའི་བླ་རབས་རིམ་བྱོན་གྱི་གནས་གཞི་ཡིན་པ་དང་། གདན་ས་ཆེན་པོ་དེ་དག་ཏུ་བསླབ་པ་སློབ་གཉེར་གནང་བཞིན་པའི་དགེ་འདུན་པ་རྣམས་ནི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་འཁོར་བའི་བྱ་གཞག་ལ་སྙིང་པོ་མེད་པར་གཟིགས་ཏེ་བསྟན་འགྲོའི་དོན་ཆེན་འཁུར་འགན་བཞེས་མཁན་སྐྱབས་གནས་ཀྱི་ཡུལ་ཞིག་ལ་དད་ལྡན་ཀུན་གྱིས་ངོས་འཛིན་བརྩི་བཀུར་ཞུ་གི་ཡོད་པ་ལྟར། ད་ཕན་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཐོག་རླབས་ཆེན་གྱི་མཛད་རྗེས་ཁ་ཡོད་ལག་ཡོད་རང་གཞན་སྐྱེ་བོ་ཀུན་གྱི་མིག་གི་སྤྱོད་ཡུལ་དུ་གྱུར་པ་དེར་སུའི་ཕྱོགས་ནས་ཀྱང་སྐྱོན་འདོགས་བྱས་པའི་ལག་ཆར་མ་སོང་བ་དགོས་རྒྱུ་ནི་གནད་ཀྱི་སྙིང་པོ་ཡིན་པ་དེ་ལྟར་ཡང།  གནའ་རབས་བོད་ཀྱི་གཏམ་དཔེར། ཆོས་རར་ཆོས་དང་། གཞས་རར་གཞས། ཞེས་བཤད་སྲོལ་ཡོད་པ་བཞིན་ཆོས་སྲིད་ཀྱི་མི་སྣ་གཙོ་བོའི་འགན་ཁུར་ཐ་དད་དུ་ཡོད་རུང་། ད་རེས་སྐབས་འདིའི་བཀའ་ཁྲིའི་འོས་གཞི་དང་འབྲེལ་བའི་གནང་ཕྱོགས་ཐོག་ཆོས་སྒར་ཁག་ནང་དམ་ཆོས་འདུལ་བའི་བཅས་ཁྲིམས་དང་། དགེ་འདུན་གྱི་ནང་ཁྲིམས། འཇིག་རྟེན་ཡ་རབས་ཀྱི་བཟང་སྤྱོད་བཅས་དང་མི་མཐུན་པའི་གནང་ཕྱོགས་ཇི་སྙེད་ཅིག་བྱུང་ཚོད་འདུག་པ་ནང་དོན་མཁྱེན་རྟོགས་སླད་དཔེ་མཚོན་རེ་ཟུང་སྙན་གསེང་ཞུ་རྒྱུར།

གང་ཟག་སོ་སོའི་འོས་ཤོག་སུ་ལ་འཕེན་དང་མི་འཕེན་རང་ཐག་རང་གཅོད་བྱེད་པའི་རང་དབང་དང་ཐོབ་ཐང་རང་ཉིད་ལ་སོ་སོའི་ལག་ཏུ་ཡོང་རུང་། དགོན་གྲྭའི་ནང་འོས་གཞིར་ཡོད་པའི་མི་སྣ་བྱེ་བྲག་པ་ཡོང་དུ་བཅུག་སྟེ་གཏམ་བཤད་ཀྱི་གོ་སྐབས་གནང་ནས་དགོན་སྡེ་གྲྭ་ཚང་སྲིད་དོན་གྱི་ཁྲོམ་ར་ལྟ་བུ་བཙོག་པ་བཟོས་པ་དང་། གདན་སའི་ཁོར་ཡུག་ནང་འོས་གཞིར་ཡོད་པའི་མི་སྣའི་ངོ་སྤྲོད་སྦྱར་འགྲེམས་དང་ཕར་ཕྱོགས་པོའི་ཡིག་ཆ་དབྲལ་བ། གྲྭ་པས་ཁྱིམ་པ་མི་ནག་གི་རྐུབ་གཡོག་རྒྱུགས་ཏེ་གཞིས་ཀེམ་ཁག་གང་སར་རྒྱབ་སྐྱོར་འོས་ཤོག་སྐུལ་སློང་དུ་བསྐྱོད་པ། གྲྭ་པས་འདོད་ཕྱོགས་ཀྱི་བཀའ་ཁྲིའི་འོས་གཞི་བཏོན་པ། འོས་གཞིར་ཡོད་པའི་གང་ཟག་བྱེ་བྲག་པའི་རྒྱབ་སྐྱོར་དུ་གཅིག་བསྟོད་གཅིག་སྨད་ཀྱི་རྩོམ་ཡིག་སྤེལ་བ་དང་གཏམ་བཤད་བྱས་པ། ཕྱོགས་གཏོགས་དཔུང་བསྒྲིགས་ཀྱིས་ཤུགས་སྣོན་བྱས་པ་སོགས་ཁག་གཅིག་གིས་དེང་དུས་གསར་བརྗེའི་ཁུར་ལེན་ལ་བསྙད་དེ་ཧོལ་རྒྱུགས་ཀྱིས་གནའ་རབས་བཟང་པོའི་བསམ་སྤྱོད་དང་བྲལ་བ། འགའ་ཞིག་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པའི་རྣམ་དཔྱོད་ཀྱིས་མི་ལྡེང་བར་གཞན་ཟེར་རྗེས་སུ་འབྲངས་པ། ཁ་ཤས་ཤེས་བྱའི་གནས་ལ་འཕུར་ལྡིང་གི་གཤོག་རྩལ་མ་སྙོབས་པ། ལ་ལས་རང་རེའི་གནས་སྟངས་ངོ་མ་ངོས་མ་ཟིན་པ་དང་རྒྱབ་ལྗོངས་ཀྱི་གནས་ཚུལ་མ་རྟོགས་པ་སོགས་ཕྱོགས་རིས་འཐེན་འཁྱེར་གྱི་རྣམ་པ་སྔར་བས་མངོན་གསལ་ཇེ་ཆེར་ཐོན་པར་བརྟེན། མང་ཚོགས་ཀྱི་ཁྲོད་དུ་གདན་ས་ཁག་སུས་ཁ་ལོ་བསྒྱུར་ཐུབ་པའི་འོས་མི་དེར་འོས་འཐོབ་རྒྱུར་ངེས་པ་རེད། ཅེས་ཁ་རྒྱུན་དུ་ཆགས་པ་དང་འབྲེལ། གྲྭ་ཚང་འདི་སྐུ་ངོ་གླང་ཆེན་ལགས་ཀྱི་ཕྱོགས་གཏོགས་རེད། དགོན་པ་འདི་ཨ་ཕོ་སྟག་གི་རྒྱུགས་ཁྱི་རེད། ཁང་ཚན་འདི་ཨ་ལྕེ་ཝ་མོས་བེད་སྤྱོད་བྱེད་ས་རེད། མི་ཚན་འདི་ཨའུ་ནེ་ཙོ་དང་ལག་སྦྲེལ་རེད། ཟེར་བ་ལྟ་བུ་འཕགས་པའི་དགེ་འདུན་གྱི་སྡེ་ཕྱོགས་སུ་ལྷུངས་པའི་ཡུལ་ཞིག་ཏུ་ངོས་འཛིན་བྱེད་པ་འདི་དག་འཕྲལ་ཕུགས་ཀྱི་ཁེ་གྱོང་ཇི་བཞིན་མི་རྟོགས་པའི་མྱོང་རྒྱུས་མེད་པའི་གྲྭ་པ་ཉུང་ཤས་ཀྱིས་ཧོལ་རྒྱུགས་བྱས་པའི་བྱ་ལས་ཤིག་ལས་མ་འདས་ཀྱང་། གདན་ས་སྤྱིར་མཐོང་ཕྱོགས་བཟོས་པ་རེད། ལྷག་བསམ་སེམས་ཁུར་ཅན་གྱི་མི་སྣ་ཕལ་མོ་ཆེས་༸སྐྱབས་མགོན་ཐུགས་རྗེའི་བདག་ཉིད་ཀྱིས་ཐུགས་རེ་དང་བཅས་མང་གཙོ་གསོལ་རས་གནང་བ་དེ་བྱིས་པའི་ལག་ཏུ་མཚོན་ཆ་སྦྱིན་པ་ལྟ་བུ་བྱུང་སོང་སྙམ་པའི་བློ་ཕམ་དང་བཅས་སེམས་འཚབ་ཡོང་གཞིའི་རྒྱུ་དེ་ཆོས་བྱེད་དགེ་འདུན་པར་གཏན་ནས་མ་ཕོག་པ་ཅིས་ཀྱང་དགོས་གལ།

དེ་ཡང། སངས་རྒྱས་ཆོས་དང་དགེ་འདུན་སྡེ། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས་པ་ལྟར། སྐྱབས་གནས་དཀོན་མཆོག་གསུམ་ལ་མཚོན་ན། བདག་སོགས་ལས་ཉོན་སྡིག་སྒྲིབ་དབང་གིས་སངས་རྒྱས་མཇལ་བའི་བསོད་ནམས་ནི་མེད། ཆོས་ཀྱི་གོ་རྟོགས་ཉམས་ལེན་བྱེད་པའི་བློ་གྲོས་ཀྱིས་ཕུང། ཟླ་གྲོགས་དགེ་འདུན་པ་ཉེ་རིང་ཆགས་སྡང་དབང་དུ་སོང་ཚེ། ཡར་འདྲེན་སུ་ལ་བཅོལ་དགོས་སམ།

སྤྱིར་བཏང་དགེ་འདུན་པས་ད་མུས་བཞིན་བོད་བསྟན་སྲིད་མི་རིགས་རང་དབང་དང་བཅས་པ་སྤྱིའི་བདེ་རྩ་དང་འབྲེལ་བའི་ལས་འགུལ་ཞུ་ཕྱོགས་ཐད་། ཞི་ཞིང་དུལ་བའི་ངང་ཚུལ་ཐོག་འཕྱར་གྲུ་མཉམ་འདེགས་ཀྱི་ཐུགས་འགན་མཉམ་ལེན་ཐོག་སྤྱི་ཚོགས་ནང་དྲང་དང་མ་དྲང་། འགོ་འདྲེན་ལྟག་སྒོ་བརྒྱུད་པ། ལྐོག་ཟ་རུལ་སུངས་བྱས་པ། ཆོས་ལུགས་ལུང་ཚན་སྐོར་ལབ་རྙོག སྤྱི་དོན་འཐུས་ཤོར། མཐོ་ལ་སྤྲེལ་ལད་དང་། དམན་ལ་མཐོང་ཆུང་ཐུབ་ཚོད་སོགས་ཚུལ་མིན་གྱི་གནས་ཚུལ་ལྷག་ཚེ། བློ་གཟུ་བོར་གནས་པའི་ཐོག་ནས་ཐེར་འདོན་དང་སྦྲགས་ཁུངས་ལུང་རྒྱུ་མཚན་དང་བཅས་པའི་ཐོག་ནས་དགེ་འདོན་ཡོ་བསྲང་གི་དགོངས་འཆར་ལྷུག་པོ་གནང་བའི་འོས་བབ་སྐྱེ་བོ་ཕལ་པ་ལས་ལྷག་པ་ཡོད། འོན་ཀྱང་ཆོས་མིན་གྱི་བྱ་བྱེད་མང་བའི་རྙོག་འཛིངས་ནང་གསུམ་ལྡན་འདུལ་བ་འཛིན་པས་ཐེ་བྱུས་གནང་དྲགས་ན། སྔར་གྱི་ལོ་རྒྱུས་རིམ་པའི་ནང་གནས་རྙོག་བྱུང་བ་བཞིན་ཕུགས་སུ་བསྟན་པ་དེ་འཛིན་དང་བཅས་པར་ཤིན་ཏུ་གནོད་ཚབས་འབྱུང་དོགས་དང།

ལྷག་དོན་འདི་ལོ་རི་བོ་དགེ་ལུགས་པའི་སྤྱི་འཐུས་ཀྱི་འོས་གཞིའི་ནང་། དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་༼ད་ལྟ་བཀའ་བརྒྱུད་སྤྱི་འཐུས་འོས་གཞི་ཨང་གསུམ་པ་ཡིན།༽ དང་། ཆུ་སྒང་ཚོགས་གཙོ་བོན་འཐུས་གཡུང་དྲུང་རྒྱལ་མཚན་༼ད་ལྟ་མདོ་སྟོད་སྤྱི་འཐུས་འོས་གཞི་ཨང་དྲུག་པ་ཡིན།༽ གཉིས་དགེ་འཐུས་འོས་གཞིའི་ཁོངས་ཨང་རིམ་མཐོ་གྲས་སུ་སླེབས་ཡོད་ཚོད་ཀྱང་། དོ་བདག་སོ་སོ་རང་ངོས་ནས་ཕྱིར་འཐེན་གནང་སྐད་འདུག ཆོས་ལུགས་ཀྱི་སྤྱི་འཐུས་ཆོས་ལུགས་དེ་གའི་ཆོས་བྱེད་གྲྭ་བཙུན་གཉིས་ལས། མི་སྐྱས་འོས་འཕེན་བྱེད་པའི་ཐོབ་ཐང་མེད། ཁོང་གཉིས་ཀར་གུས་པ་སྒེར་ངོས་ནས་ཁབ་སྐུད་ཙམ་གྱི་རྩོད་པ་དང་། མི་དགའ་བ་སྡང་ཟུག་བྱེད་པའི་གནས་དོན་ཅི་ཡང་མེད། ཁོང་གཉིས་དགེ་འཐུས་འོས་གཞིར་འདེམས་བསྒྲུགས་བྱས་པ་དེ་ཁོང་གཉིས་ཀྱི་སྐྱོན་ཆ་མིན། འདེམས་བསྒྲུགས་གནང་མཁན་གྱི་བསམ་སྤྱོད་ལ་སྐྱོན་ཞུགས་པའི་རྟགས་རེད། གདན་སའི་ཁོངས་གཏོགས་ཆོས་དང་ཆོས་མིན་གསུང་མཁན་གྱིས་འདི་ལྟའི་གནས་སྟངས་ནི་སྤྱིར་གཞུང་སར་གནས་དུས་ཚོད་རྩིས་ཀྱིས་ཁབ་སྙུང་ནང་འགྲོ་བྱས་པ་དང་། ཡང་སྒོས་དགེ་ལུགས་པའི་བསྟན་པ་དེ་འཛིན་དང་བཅས་པར་ཁྱད་གསོད་ཞབས་འདྲེན་དུ་འགྲོ་གཞིའི་བྱ་སྤྱོད་འདི་རིགས་ཀྱིས་དགེ་ལྡན་བསྟན་ལ་རྨ་འབྱིན་པའི་ཡུལ་ཆགས་ཉེན་ལ་བརྟེན་དམིགས་བསལ་གྱི་ཐུགས་སྣང་ཡོང་བའི་གསོལ་འདེབས་དང་།

དགོངས་གསལ་འདས་པའི་མི་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་དུས་ཡུན་ནང་། བོད་འབངས་ཀྱི་སྤྱི་མཐུན་གྱི་ལས་ངན་སྤྱི་དང་། ལྷག་པར་ཆབ་སྲིད་ཀྱི་ལས་ཀྱི་སྣེ་མོར་གཏོགས་པ་འགའ་ཤས་ཀྱིས་བྱས་ཤིང་བསགས་པའི་རྣམ་སྨིན་ད་ལྟ་གཞིས་བྱེས་བོད་མི་ཡོངས་ཀྱིས་མྱངས་དང་མྱོང་བཞིན་པ་འདི་དང་། ད་ལྟ་རང་ཅག་གི་སྒོ་གསུམ་ཚུལ་མིན་མ་རབས་ཀྱི་བྱ་སྤྱོད་དང་། སྤྱི་མཐུན་གྱི་ལས་གསོག་སྟངས་བཅས་པར་གཞིགས་ན། འབྱུང་འགྱུར་བོད་འབངས་ཀྱི་གནས་སྟངས་གང་འདྲ་ཆགས་ཡོང་སྙམ་པའི་དངངས་སྐྲག་དང་། རང་རེ་རྣམས་ལ་ཀུན་སྙོམས་ཉི་མ་ལྟར་མཛད་མཁན་བླ་ན་མེད་པའི་དབུ་ཁྲིད་འདི་འདྲ་ཞིག་ཡོད་པ་དེ་ཡང་བོད་མིའི་བསོད་ནམས་ཀྱིས་འཆུན་ཨེ་ཡོང་སྙམ་པའི་རི་བོང་གནམ་རྡིབ་ཀྱི་སེམས་ངལ་སྐྱེ་གཞི་ཞར་བྱུང་སྙན་བསྐུལ་དུ་གསོལ་བ་འདི་ཐོག་ལའང་དགོངས་བཞེས་ཟབ་ནན་གནང་སྐྱོང་།

སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྐྱོན་མེད་དུ་གནས་སྐབས་སུ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ་ལས། བསྟན་པ་ཉམས་དམས་པའི་སྐབས་ལ་ཁྲིམས་སྣེ་གཅིག་བསྲུངས་པ་ཕན་ཡོན་ཆེ་བར་གསུངས་པ་ལྟར། ད་ལྟ་བླ་མ་དགེ་བའི་བཤེས་གཉེན་སྐྱེས་ཆེན་བགྲེས་སོང་མང་པོ་འཚོ་ཞིང་གཞེས་པའི་སྐབས་འདིར་འདས་པའི་ཉམས་མྱོང་ལ་གཞི་བཅོལ་ཏེ། སླད་ཕྱིན་ཁྱབ་ཁོངས་དགོན་སྡེ་ལེ་ལག་དང་བཅས་པར་སྐབས་འཚོལ་བ་ཆབ་སྲིད་འཁྲབ་སྟོན་པ་རྣམས་ཀྱི་འཁྲབ་སྟོན་བེད་སྤྱོད་བྱེད་པའི་སྡིངས་ཆ་ལྟ་བུར་མི་འགྱུར་བ་སྔོན་འགོག་དང་། ཆབ་སྲིད་ལ་དོ་སྣང་བྱེད་པ་དང་། ཆབ་སྲིད་ནང་དངོས་སུ་འཛུལ་ཞུགས་བྱེད་པ་གཉིས་ཀྱི་དབར་ཁྱད་པར་ཆེན་པོ་ཡོད་པས་ཆབ་སྲིད་ནང་འཛུལ་ཞུགས་མི་ཆོག་པ།

གདན་སའི་ཁོར་ཡུག་ལ་གཞུང་འབྲེལ་མིན་པའི་འདུ་འཛོམས་དང་ཡིག་ཆ་སྦྱར་འགྲེམས་གཏན་ནས་མི་ཆོག་པ། མདོར་ན་དགོན་པ་གྲྭ་ཚང་ཁག་ཕར་ཕྱོགས་དང་ཚུར་ཕྱོགས་ཟེར་བའི་དབྱེ་མཚམས་མཐའ་གཉིས་སུ་མ་ལྷུངས་པ་དཀྱིལ་དུ་གཙང་མར་གནས་ཐབས་བཅས་ཀྱི་ཐོག་ནས་ཐུགས་རྒྱུས་མངའི་གནང་ཕྱོགས་སྟངས་འཛིན་ཡོང་བའི་ལྷག་བསམ་ཟོལ་མེད་ཀྱི་བསམ་འཆར་འདི་བཞིན། ངག་གཏམ་དྲང་པོར་སྨྲས་ན་ཕལ་ཆེར་ཁྲོ། །སེམས་བཟང་གཏིང་ནས་དཀར་ན་སྐྱོན་དུ་བརྩི། །གསུངས་པ་ལྟར་དངོས་བདེན་གྱི་སྐད་ཆ་སྙན་དབང་དུ་མི་འཇེབས་ཀྱང་། དོན་ལ་ཕན་པའི་ཡིད་ཆེས་དང་བཅས་ཁ་ཚ་དགོས་གཏུགས་ཀྱིས་སྙན་སྐུལ་མི་འབུལ་ཀ་མེད་བྱུང་སོང་བས་དགོངས་འགལ་གྱི་རྣམ་པ་སྐད་ཅིག་ཀྱང་མེད་པ་ཞུ་རྒྱུ་དང་།

དེ་ཡང་གནང་ཕྱོགས་ཐད། འདས་པ་ལས་མ་འོངས་པ་གཙོ་ཆེ་བར་བརྟེན། རིང་མིན་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆ་ཚང་གྲུབ་མཚམས་ཙམ་ནས་གོང་གི་གནས་ཚུལ་ལ་གཞིགས་པའི་ཕྱིས་འབྱུང་གནང་ཕྱོགས་གང་དགའ་ཅི་ལེགས་དགོངས་བཞེས་བཀའ་བསྡུར་གནང་འོས། དེ་མིན་རླུང་རྟ་དང་ལམ་འགྲོ་མེད་དུས་ལྟོ་ལ་མར་བཟས་ཀྱང་། རྐན་ལ་རུས་པ་ཟུག་ཉེན་གྱི་དཔེ་ལྟར་དོན་མེད་བརྒྱུད་སྐུལ་བྱེད་མཁན་ལ་ལན་ཁག་ཕོག་ཉེན་དུ་མངོན།

གོང་དུ་སྙན་གསོལ་ཞུས་པ་འདི་དག་རང་ཉིད་ཀྱིས་དངོས་སུ་མཐོང་བ་མེད་ཀྱང་། ས་ཁུལ་མི་འདྲ་ནས་མི་མི་གཅིག་པའི་བརྒྱུད་ནས་གནས་ཚུལ་ཁག་འགའ་ཐོས་པ་རྩེ་མཐུན་ལྟ་བུ་འདུག་པར་གཞི་བཅོལ་བྱས་ཁུལ་ཡང་ཐག་རིང་གཏམ། ཕྱེད་བདེན། ཕྱེད་མི་བདེན། ཟེར་བ་ལྟར་གལ་ཏེ་བདེན་འབྲེལ་མིན་ཚེ་དམིགས་བསལ་གྱི་དགའ་ཚོར་དཔག་མེད་ཡོང་རྒྱུ། རང་ཉིད་རི་བོ་དགེ་ལུགས་པའི་རྗེས་འཇུག་གྲལ་མཐར་གནས་པ་ཞིག་ཡིན་ཡང་། ཁ་ཕོར་བཙོག་ཀྱང་ཨ་ཕའི་ལྟོ་ཕོར་རེད། ཟེར་ནས་རྨོངས་ཞེན་གྱིས་སྐྱོན་ཆར་མཐོང་ཐོས་རིགས་བཀབ་ན། གནས་སྐབས་རྣ་བར་འཇམ་ཡང་ཕུགས་སུ་རང་དྲིན་རང་ཆུང་དུ་འགྱུར་དོགས་ཀྱིས་རྒྱབ་བཤད་ལྐོག་ལབ་མ་བྱས་པར་ནང་ཚོགས་ཤ་ཚའི་ཚུལ་དུ་གང་བསམ་ནང་སྙན་ཞུས་པ་འདི་བཞིན། གལ་སྲིད་བདག་སྤྲོད་ཆ་འཛིན་གནང་རིན་མཆིས་པ་ཞིག་མ་གཟིགས་ཚེ་དབྲལ་ཏེ་གད་སྙིགས་ནང་གཡུག་པ་ལས་འོས་མེད་པས་དེ་དོན་མཛད་ཕྱོགས་གང་འགབ་དགོངས་རྒྱ་ཆེ་བཞེས་ཡོད་པ་རྣམ་མངའ་མཁྱཻན། ཨ་རི་ནས་སྐྱབས་འོག་པ་གཞུང་ཞབས་བགྲེས་ཡོལ་བ་རྣམ་སྤེལ་ཚང་བློ་བཟང་སྦྱིན་པས་ ༢༠༡༡ ཟླ་༡ ཚེས་༡ ལ་ཕྱག་བཅས། ཕུལ་བའི་ཞུ་སྙན།

གོང་གི་སྙན་ཞུ་འདི་ལྷག་བསམ་དཀར་ལ་ཕྱོགས་རིས་ཀྱི་དྲི་ནག་གིས་མ་གོས་པ་སྐུ་སྒེར་དྲུང་ཟུར་སྐུ་ངོ་བློ་བཟང་སྦྱིན་པ་མཆོག་ནས་ཆེན་པོ་ཁག་ལ་ཕུལ་བའི་སེམས་གཏམ་བླ་མེད་ཅིག་རེད་འདུག ཚང་མས་དཔྱད་གཞིར་མཛོད། 

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

ཆུ་ཚོད་ ༢༠ སྔོན་ལ།
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

ཆུ་ཚོད་ ༢༠ སྔོན་ལ།
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 37

  1. ཡུལ་གྱར་གྱི་མཚེར་ས says:
    ལོ་ 14 སྔོན།

    རྣམ་སྤེལ་ཚང་དེ་གཞན་དབང་བཀོད་བྱུས་འོག །འགལ་འདུའི་ལྕི་བའི་སྒྲག་གཏམ་ཐེངས་གཅིག་སྤེལ། ཁྱེད་ཀྱི་རྩོམ་ཡིག་འདིར་ཚིག་སྦྱོར་གྱི་ཆ་ནས་སྙན་ཆ་ཆེ་ཡང་ནང་དོན་གུས་པ་ལྡོག་ཕྱོགས་སུ་ལང་པར་འདོད། ཐོག་མར་དྲི་བ་ཞིག་ལ། གལ་སྲིད་ཁྱེད་ཀྱིས་འོས་བསྡུའི་ངན་ཁག་ཡོང་བར་དོགས་ན་འོས་བསྡུ་གྲུབ་རྗེས་རྩོམ་འདི་མ་སྤེལ་བ་གང་ཡིན་ནམ། བཀྲ་ཤིས་བདེ་ལེགས

    Reply
  2. མདོ་སྨད་པ་རིག་རྒོད། says:
    ལོ་ 14 སྔོན།

    ཚེ་རིང་བཀྲ་ཤིས་ལགས།
    དཔལ་འབྱོར་གྱི་སྐོར་དེ་་་བཀྲས་མཐོང་གིས་ལན་གསལ་པོ་བྱས་ཟིན་ན་
    འགྲིག་གི་རེད།

    ཡིན་ནའང། དེ་རིང་མོན་གྷོ་རུ་བགྲོ་གླེང་མ་ཕེབས་པ་དེ་
    སྔོན་བཀའ་ཁྲིའི་་སྐབས་སྒེར་དོན་གྱི་ཆེད་དུ་་ཨ་རི་ལ་ཕེབས་པ་
    དང། གཅིག་མཚུངས་ཡང་མོན་གྷོ་མི་མང་ལ་མཐོང་ཆུང་གིས་
    སྒེར་དོན་གྱི་ཆཻད་དུ་གང་ཕེབས་པ་རེད་དམ

    Reply
  3. tsering tashi says:
    ལོ་ 14 སྔོན།

    ཁྱེད་ཀྱིས་འདྲི་འདོད་པའི་སྐད་ཆ་འདིའམ་དྲི་བ་ཆོ་མེད་དེར་སྐུ་ངོ་རང་གིས་ལན་གསལ་བོ་བསྐྱོན་ཡོད་པ་དང་། དེས་མ་འཐུས་ན་བོད་གཞུང་བཀའ་ཤག་གི་ངོས་ནས་ལན་གསལ་ཐག་ཆོད་པ་ཞིག་བརྒྱབས་ཡོད་པ་དེ་དག་གིས་ཀྱང་ཁྱེད་ཀྱི་འདོད་བློ་མི་ཁེངས་ན། ད་ནི་ཁྱེད་རང་ལ་ལམ་ཁ་གཞན་ཞིག་ཡོད་པ་ནི། རང་ཉིད་ཀྱིས་མངོན་ཤེས་བསྒྲུབས་ཏེ་སྐུ་ངོ་ཁོང་གི་མི་ཚེའི་བྱ་གཞག་ལ་བརྟགས་དཔྱད་ཞིབ་མོ་བྱ་རྒྱུ་ལས་གཞན་གང་ཡང་མེད་དོ།།

    དེ་ནི་ཁྱེད་ཀྱིས་རྒྱང་འཕེན་པ་ཇི་བཞིན་གཞན་གྱིས་བཤད་པར་བློ་ཡིད་མི་ཆེས་པར་རང་ཉིད་ཀྱིས་མ་མཐོང་བར་ཁས་མི་ལེན་པའི་ཆ་ནས་མངོན་ཤེས་བསྒྲུབ་ན་མ་གཏོགས། ཁྱེད་ཀྱི་རྣམ་རྟོག་དེ་སེལ་བའི་ལན་རྒྱག་མཁན་ཞིག་གཞར་ཡང་མི་རྙེད་དོ།།

    ཁྱེད་དང་ཁྱེད་འདྲ་བ་སུ་འདྲ་ཞིག་ཡིན་ཡང་རང་ཕྱོགས་འདི་ཁོ་ན་རྒྱལ་བའི་ཆེད་དུ། གཞན་ཕྱོགས་ཀྱི་མི་ཚེའི་དཀའ་སྡུག་ཁྲོད་དུ་བོད་མི་རིགས་ལ་བཞག་པའི་ཕྱག་རྗེས་གང་མང་ཞིག་སུབ་ཀྱང་གསུབ་མི་ནུས་པ་དག། ཁྱེད་ཀྱིས་གླེང་ཕྱོགས་ཆུང་ཆུང་ཞིག་ཁ་ནང་དུ་འཕྲེད་དུ་བཟུང་ནས་ཆེན་པོ་ཞིག་ཡིན་མདོག་གིས་དཀར་པོ་ཞིག་ནག་པོར་བཟོ་འདོད་པ་ནི་སྟོང་བསམ་ཆེན་མོ་རེད་དོ།།

    དཔྱོད་ཤེས་ཀྱི་རྒྱ་མས་ཚད་ཐིག་ལ་མི་ལེན་པར། གཡག་ཞར་གྱིས་རྩྭ་བཟའ་བ་ལྟར་ལབ་བརྡོལ་གྱི་སྐད་ཆ་གང་མང་ཞིག་བཤད་པར་བརྩོན་པ་ནི། ཕྱོགས་གཅིག་ནས་སྐུ་ངོ་བཀྲས་མཐོང་ལ་ངན་སྨྲས་བྱེད་པའི་སྣང་ཚུལ་ཞིག་མཐོང་ན་ཡང་། ཕྱོགས་གཞན་ཞིག་ནས་བོད་མི་མང་དང་། བོད་མི་མང་མགོ་ཐོག་གི་བཙན་བྱོལ་བོད་གཞུང་ཡང་མིག་ནང་ལ་མ་བཞག་པའི་འདུ་ཤེས་ཤིག་ཡོངས་སུ་སྐྱེ་འཇུག་ཏེ། བཙན་བྱོལ་བོད་གཞུང་གི་དབུས་འོས་བསྡུ་ལས་ཁུངས་ཀྱིས་བཀའ་ཁྲིའི་འོས་མི་གསུམ་གཏན་འཁེལ་ཞིང་ཡོངས་བསྒྲགས་བྱས་ཟིན་པའི་ཁྲོད་ན་ཁྱེད་ཅག་གིས་ནག་པོ་རུ་བཞེངས་བསྐྲུན་བྱེད་འདོད་པའི་སྐུ་ངོ་བཀྲས་མཐོང་མཆོག་ཡོད་པ་མ་ཟད། ཁོང་གི་ཞབས་འོག་ནས་གནམ་ལ་འདེགས་མཁན་གྱི་བོད་མི་དེ་འདྲ་མང་པོ་ཞིག་ཡོད་པས་སོ།།

    ཁྱེད་ཚོས་སྐུ་ངོ་ཁོང་ལ་ཚ་འདྲི་གཏིང་འདྲི་བྱེད་སྟངས་ལ་བལྟས་ན། བཙན་བྱོལ་བོད་གཞུང་དབུས་འོས་བསྡུ་ལས་ཁུངས་ཀྱིས་མ་ཡོང་བ་དང་། ཁོང་གི་རྒྱབ་སྐྱོར་བ་དེ་འདྲ་མང་པོ་ཞིག་ནོར་སོང་བ་དང་འཁྲུལ་སོང་བའི་འདོད་ཚུལ་ཞིག་ཁྱེད་ཅག་གི་ཁོག་ན་མེ་རླབས་བཞིན་འབར་གྱིན་ཡོད་ནའང་། ཁ་ནས་དུ་བ་མ་གཏོགས་མི་འབྱིན་པ་ནི། ངས་གོང་ན་བཤད་པའི་ཁ་ཡག་ཁོག་རྩུབ་དེ་ལས་མ་འདས་སོ།།

    Reply
  4. མདོ་སྨད་པ་རིག་རྒོད། says:
    ལོ་ 14 སྔོན།

    གཙོ་བདག་ལ་མཆན་འདི་དྲ་ངོས་སུ་ངེས་འགོད་ཡོད་པར་ཞུ།

    Reply
  5. མདོ་སྨད་པ་རིག་རྒོད། says:
    ལོ་ 14 སྔོན།

    བློ་བཟང་སྦྱིན་པ་དང། བཀྲས་མཐོང་གཉིས་ལ་ནི་བཙན་བྱོལ་སྤྱི་ཚོགས་ནང་དུ་
    དཔལ་འབྱོར་གྱི་ཉེས་སྐྱོན་ཆེ་བའི་མི་སྣ་ཡི་གྲས་སུ་ཚུད་ཡོད།
    འོན་ཀྱང། ཁོང་གཉིས་ཀྱིས་ཧམ་པ་རི་ཙམ་འཁྱེར་ནས་ད་དུང་ཡང་བཀའ་ཛྷྲིའི་འོས་གཞིའི་ནང་དུ་ཡོད།
    ཡིན་ནའང་མང་ཚོགས་ཀྱིས་དེ་ལ་དཔག་པའི་ལན་འདེབས་གསལ་པོ་ཞིག་ནི་སྔོན་འགྲོའི་འོས་ཤོག་གིས་ལམ་ནས་གསལ་སྟོན་བྱས་ཟིན།

    དེ་ལ་བློ་སྦྱིན་གྱིས་ཁོང་ཁྲོའི་ཚིག་ངན་གྱི་སྨྱོ་ལབ་འདི་མ་བྱས་བསྡད་མ་པ་ཚཞིག་ཆགས་བཞིན་ཡོད།

    བཀྲས་མཐོང་་་་་་ཡང་ཁ་ཁོག་མི་མཚུངས་པའི་འོས་ལངས་པ་ཞིག་རེད།
    གང་ཡིན་ཞེ་ན། མི་མང་ཧ་ཅང་གིས་འདུས་བསྡོད་ཆེ་བའི་ས་ཁུལ་ཏེ།
    ལྷོ་ཕྱོགས་མུན་གྷོ་རུ་་་མང་གཙོ་ཚོགས་པས་གོ་བསྒྲིག་འོག་བགྲོ་གླེང་བྱེད་འཆར་ཡང།
    བཀྲས་མཐོང་གློ་བུར་དུ་ཕྱིར་འཐེན་བྱས་འདུག།
    དེ་ནི་མོན་གྷོ་་མང་ལ་མཐོང་ཆུང་དངྲ ཡང་ན། རང་གི་ནག་ཉེས་ལས་གཡོ་ཐབས་ཙམ་མ་རེད་དམ།
    ཁོང་ལ་སྔོན་འགྲོའི་སྐབས་་་་་བློ་སེང་་་ལས་ཧེ་བག་ཆེ་བའི་འོས་ཕམ་ཉེས་ཀྱི་རྐྱེན་རྩ་དེ་རང་ཉིད་ཁྱབ་སྒྲགས་ཆུང་བའི་གནས་སྟངས་ཡིན་ཚུལ་ཡང་ཡང་བསྒྲགས་བཞིན་པ་དེ་
    ལྟར་ཡིན་ན་དེ་རིང་གོ་སྐབས་འདི་འདྲ་ཕུལ་ཡང་མ་ཡོང་ཅི་ཡིན་ནམ།

    Reply
  6. བཀྲིས་ says:
    ལོ་ 14 སྔོན།

    སྐུ་ངོས་བློ་བཟང་སྦྱིན་པས་གསུངས་པ་ལ་བདེན་ཆ་ཆེན་པོ་འདུག གྲྭ་པ་ཚོས་འོས་ཤོག་བླུགས་དུས་དོ་སྣང་མ་བྱས་པར་བླུགས་བཞག་གི་རེད། མཚམས་རེ་བང་སྒྲིག་ནས་བླུག་གི་རེད་ལ། མཚམས་རེ་སོ་སོའི་གྲོགས་པོ་དེ་འདྲ་ཡང་བླུག་གི་རེད་ཟེར། ད་དུང་ཁྱིམ་པ་དེ་འདྲས་འོས་ཤོག་གི་མཚམས་དགོན་པའི་ནང་ཡོང་ནས་ཁང་ཚན་ཧྲིལ་པོ་ཁ་བསྒྱུར་ཐབས་བྱེད་ཀྱི་འདུག་ཟེར། གྲྭ་པ་ཚོས་མི་དེ་འདྲ་སླེབས་ན་མདོ་དབུས་ཁམས་པ་སུ་ཡིན་ལ་མ་བལྟོས་པར་རྡོ་ཞུས་ནས་ཕུད་རོགས། གལ་ཏེ་འོས་བླུགས་དུས་མི་ཡག་པོ་ཡོད་པ་སོ་སོས་ཤེས་པ་དེ་བླུགས་མ་ཤེས་པ་དེ་ཚོ་བཞག་ན་འགྲིགས། ཁ་ལག་ཟ་བ་བཞིན་དུ་ཆ་ཚང་ཟ་དགོས་མེད།

    Reply
  7. Lobsang Tenpa says:
    ལོ་ 14 སྔོན།

    ངས་བློ་བཟང་སྦྱིན་པ་ལ་རྒལ་ལན་གཏོང་མཁན་ཚོར་རྒྱབ་སྐྱོར་ཡོད། རྒྱུ་མཚན་མང་བོ་འདིར་འདྲེན་མི་དགོས་པ་བྱོས། ང་ཁོ་ལ་རྒྱུས་མངའ་ཡོད་དེ་ཡིད་ཆེས་རྩ་བ་ནས་མེད། ཁོ་རང་དགེ་འདུན་པ་ལ་བསླབ་བྱ་གཏོང་འོས་མི་ཞིག་ལ་རྩ་བ་ནས་ངོས་ལེན་མེད། རྣམ་དཔྱོད་ཤེས་རབ་ཡོད་མཁན་སུས་ཀྱང་དེ་ངོས་ལེན་མེད་པར་ཡིད་ཆེས།

    Reply
  8. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    སྐུ་ངོ་བློ་བཟང་སྦྱིན་པ་མཆོག་ནས་རྒྱལ་བསྟན་ཆབ་སྲིད་སྙིང་བཅངས་ཐོག་བཀའ་སློབ་གསེར་འདྲ་བ་ཞིག་གནང་འདུག་ཀྱང་བོང་བུའི་རྣ་བར་གསེར་དང་ས་རྡོ་དབྱེར་བ་མེད་ཟེར་བ་ཇི་བཞིན་ང་ཚོའི་སྤྱི་ཚོགས་འདིར་ཕྱོགས་བཞེན་དབང་གཙན་པས་བདེན་རྫུན་དབྱེ་བ་བརྗོད་པའི་བློ་སྟོབས་མེད་པར་རང་དང་ལྟ་བ་མི་མཐུན་པའམ་ལུང་ཚན་མི་མཐུན་པ་ཞིག་གིས་གཏམ་བརྗོད་བདེ་རྫུན་གང་བྱས་ཀྱང་དེ་ལ་ངོ་རྒོལ་དང་། རང་དང་ལྟ་བ་སོགས་མཐུན་ན་དེས་གང་བཤད་གང་བྱས་ཚང་མ་ལེགས་པར་འཛིན་པའི་ཤེས་ཡོན་ཅན་དུ་རློམས་པའི་མི་འདི་རྣམས་སྙིང་རྗེའི་ཡུལ་དུ་སྒོམ་རྒྱུ་ལས་བྱ་ཐབས་གང་ཡང་མེད་པ་འདི་སེམས་པ་སྐྱོ་དགོས་པ་ཞིག་རང་རེད་མི་འདུག་གམ་དྲྭ་གྲོགས་དག་གིས་གསུངས་དང་།

    Reply
  9. སྤགས་ཤར། says:
    ལོ་ 14 སྔོན།

    སྐུ་ཟུར་བློ་བཟང་སྦྱིན་པ་ལགས་ཀྱིས་ཤ་ཚའི་ཁོག་གི་གཏམ་ངན་ཞེས་པ་བཞིན་སྙན་ཞུ་ཡག་པོ་ཞིག་བྲིས་གནང་མཛད་འདུག་ཐུགས་རྗེ་ཆེ། དེ་བཞིན་ཟམ་གདོང་རིན་པོ་ཆེ་མཆོག་གི་གདན་ས་ཁག་ཏུ་མ་འོངས་ཆབ་སྲིད་མི་སྣའི་བེད་སྤྱོད་གཏོང་ཡུལ་ས་ཆ་ཞིག་ཏུ་མི་བསྒྱུར་རྒྱུའི་ཡིད་ཟབ་བྱེད་དགོས་སྐོར་གསུངས་པ་དང། གོང་དུ་སྨ་དྷི་དང་ཨ་མའི་བུ་གཉིས་ཀྱི་མཆན་བཀོད་དོན་བཞིན་རྣམ་གྲོལ་གླིང་དང་། སེ་ར། བི་རི་གཞིས་ཆགས་ཁག་ཏུ་འོས་བསྡུའི་སྐབས་མི་གཅིག་གི་འོས་གཉིས་གསུམ་བླུགས་པ་དངོས་བདེན་རེད་འདུག དེའི་ཐོག་དབུས་འོས་བསྡུ་ལྷན་ཁང་ངོས་ནས་མ་འོངས་དེ་དོན་མི་ཡོང་བའི་སྔོན་འགོག་གནང་གལ་ཆེ།

    Reply
  10. མདོ་སྨད་པ་རིག་རྒོད། says:
    ལོ་ 14 སྔོན།

    ངས་ངོ་མ་བཤད་ན།
    བློ་བཟང་སྦྱིན་པ་་་་་ལ་སྔོན་འགྲོའི་འོས་ཤོག་ཐོག་ཏུ་ཕམ་ཁ་ཆེན་པོ་ཞིག་བྱུང་བ་དེ་
    འདུས་བསྡོད་མང་བའི་གདན་སའི་དགེ་འདུན་པས་རྒྱབ་སྐྱོར་ཉུང་བ་མཐོང་ནས་སྐྱོན་བརྗོད་བྱས་པ་ཞིག་མ་རེད་དམ།
    གང་ཡིན་ཞེ་ན། ཁོང་སྔོན་འགྲོའི་འོས་གཞིའི་ནང་དུ་འཛུལ་བཞིན་པའི་སྐབས་སུ་གདན་སར་ཆབ་སྲིད་ཀྱི་ཡོ་ལངས་ཤིན་དུ་ཆེ་ཡང་དེ་དུས་ཁོང་གི་་་ཁ་དེ་རྡ་རྒོག་འདྲ་པོ་ཞིག་བཙུམ་ནས་བསྡད་མ་སོང་ངམ།

    རྒྱུ་མཚན་གཞན་ཞིག་ནི། ཁོང་སྐུ་སྒེར་དུང་ཆེ་བྱས་་སྐབས་བ་ཀྲས་མཐོང་་་བསྟན་འཛིན་དགེ་བྱེད་་་་སོགས་ཀྱིས་རྐུན་མིང་བཏགས་ནས་ཕྱིར་འབུད་བྱས་པའི་ཉེས་མིང་དག་ཐབས་ཀྱིས་
    སྐུ་དྱགས་ཀྱི་རིགས་ལ་ངོ་སྲུང་བྱེད་ཀྱི་ཡོ༩ད་པར་གསལ་པོ་རེད།

    Reply
  11. སྨར་དྷཱིཿཟེར། says:
    ལོ་ 14 སྔོན།

    ཤེལ་དཀར་ལྷག་པ་ལགས་ཀྱི་སྐད་ཆ་དེ་དངོས་གནས་ཡག་པོ་འདུག ལྷག་པ་ལགས་གང་ཡོད་པ་དེ་སྨྲ་ཕོད་པའི་སྙིང་སྟོབས་ཅན་ཞིག་རེད་འདུག ཕྱོགས་གང་སར་རྒྱུས་མངར་ཡང་ཞེ་དྲག་འདུག མུ་འཐུད་དུ་གསུང་རོགས།

    Reply
  12. སྨར་དྷཱིཿཟེར། says:
    ལོ་ 14 སྔོན།

    བསྟན་འཛིན་འཕགས་པ་ཟེར་བ་དེ་ཕག་པ་རང་རེད་འདུག་དངོས་ཡོད་གནས་ཚུལ་ལ་དཔྱད་པ་གཏན་ནས་མ་གཏང་བ་མིར་སྐྱོན་བརྗོད་བྱེད་པ་དེ་ཞབས་འདྲེན་རེད། སྦེར་སོགས་ལ་མི་གཅིག་གིས་འོས་གཉིས་བླུགས་པ་དེ་དངོས་ཡོད་རེད། བླུགས་སྟངས་འདི་ལྟར་རེད། སྔོན་མ་དཔྱལ་ཁྲལ་ལག་དེབ་བདེ་སྐྱེལ་བྱེད་དངོས་སུ་འོས་བླུགས་ཁ་དོ་བདག་ཕྱིར་རྒྱ་སོགས་ཕྱིན་ཟིན་པ་རྣམས་ཀྱི་འོས་ཚབ་བླུགས་པ་རེད། གང་ལྟར་མི་གཅིག་འོས་གཉིས་བླུགས་སོང་། ས་གནས་ཀྱི་འོས་བསྡུ་འགན་འཛིན་དེ་ཚོ་ཅི་གང་བཤད་ཀྱི་མི་འདུག ད་དུང་ཅོན་ཏ་ར་ལ་ཡང་དེ་མཚུངས་བྱུང་འདུག འོས་བསྡུ་ལས་ཁང་གིས་དེའི་སྐོར་ཐག་ཅད་གསལ་པོ་མ་གནང་བ་དེ་མུར་འཇོག་ན་ཁོ་བོས་ཀྱང་དེ་མཚུངས་ལག་སྟར་བྱ་ངེས་ཡིན།

    Reply
  13. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    དཔོན་མི་ངན་ཁ་ལ་གཏམ་ངན་། བྱ་ཁ་ཏའི་ཁ་ལ་སྐད་ངན་། ཟེར་བ་དེ་བདེན་པ་ལོས་ཡིན།
    སེམས་ཀྱི་ཆུ་ཚད་འདི་ལས་མེད་པའི་ང་ཚོ་ལ་ལས་བྱེད་གཅིག་ཡོད་ན་མང་དྲག་རེད་།

    Reply
  14. གཞི་དྲང་ says:
    ལོ་ 14 སྔོན།

    ༄༅། །མཆོག་ཏུ་བཀུར་འོས་པའི་རྣམ་དཔྱོད་རྩལ་གྱིས་ཕྱུག་པའི་སྐུ་དྲུང་ཟུར་བློ་བཟང་སྦྱིན་པ་མཆོག་གིས་སྐུ་ངལ་འཛེགས་མེད་ཐོག་དངོས་ཐོག་བདེན་འཚོལ་གྱིས་རྨོངས་གཉིད་སེལ་བའི་འཇིགས་ཞུམ་མེད་པའི་གཟུ་དཔང་ངར་སྒྲ་གྱིས་རྩོམ་ཡིག་བཀོད་གནང་བར་སྙིང་ཁོག་བཏིང་ནས་བསྔགས་བརྗོད་དང་ ཐུགས་རྗེ་ཆེ་ཞུས་ཀྱིན་ཡོད་ལ་ དེ་དང་འབྲེལ་ ཆོས་བརྒྱུད་ཆེན་པོ་བཞིའི་དགེ་འདུན་ཡོངས་དང་ ཟུར་འཆན་རྩོམ་པ་པོ་རྣམས་ནས་སྐྱོན་ཆ་བཏོན་པ་ཙམ་གྱིས་ཧ་སངས་ཏེ་ཧོབ་ཏུ་མ་འདྲོགས་ནས་། བློ་གཟུ་བོས་དཔྱད་གཞིགས་ཞིག་གནང་ཏེ་ གཞི་དངོས་པོའི་ཐོག་ལ་སྐྱོན་ཆ་འདུག་དང་ མིན་འདུག་གམ་? སྐྱོན་ཆ་ཡོད་ན་ བོད་བསྟན་སྲིད་དང་ མི་རིགས་ཀྱི་གནད་དོན་ལ་ཐུགས་ཕན་སོས་པ་འདུག་དང་མིན་འདུག་ ? ཞིབ་དཔྱད་གནང་ཐུབ་ན་དགེ་མཚན་ཆེ་བ་མིན་འདུག་གམ་? རང་རེའི་གཉན་འཕྲང་དུས་ཚད་འདིར་སྐྱོན་ཆ་བཏོན་མཁན་ཞིག་ཡོད་ན་ མི་ལེགས་སམ་ དངོས་པའི་གནས་ཚད་ཞིབ་དཔྱད་གང་ཡང་མ་གནང་བ་ དོན་མེད་སྒྲོ་བཏགས་སྐུ་འདེབས་ཤ་སྟག་་གནང་ན་ མི་རིགས་ཀྱི་ལ་རྒྱ་ཡོད་པའི་དབང་དུ་བཏང་ན་ གང་གསུངས་ཐམས་ཅད་སྒེར་གྱིས་ཁེ་ཕན་གྱི་ནག་ཉེས་བཙུགས་ན་ མི་རིགས་ཀྱི་འགན་འཁྱེར་སྟངས་དང་ ཆོས་འཇིག་རྟེན་ལས་འབྲས་ལ་མཐུན་པ་འདུག་གམ་?། ཤ་ཚའི་གཏམ་སྙན་ཤོད་འདོད་ཡོད་ན་ཡང་ དངོས་སུ་གདོང་ལེན་བྱེད་མཁན་ཡོང་དཀའ་བ་ཆགས་ཀྱིན་མ་རེདམ?།་ ཡང་ན་ ལྷ་ཁངམ་་མེ་ཡིས་ཚིག་ན་རྒོད་མོ་ཚུག་ཚུགས་། གཏོར་མ་ཆུ་ཡིས་འཁྱེར་ན་རྒོད་མོ་ཚིག་ཚུགས་། ཞིག་དགོས་པ་ཡིན་ནམ་ ?། ངོ་དགའ་སྤྲེལ་ལེད་ཤོད་མཁན་ཤ་སྟག་དགོས་པ་ཡིན་ནམ་?། མང་ཚོགས་ནས་༸ གོང་ས་མཆོག་གིས་བཀའ་སློབ་ རྟེན་གཞི་འཇུག་ལྡོག་མ་ནོར་བ་ སྒེར་འཁོན་ཕྱོགས་འཐེན་རིགས་སྤངས་ གསུངས་པར་ རྩ་འཛིན་ག་འདྲ་གནང་གིན་ཡོད་དམ་དམ་དམ་??????????????།

    Reply
  15. ཤེལ་དཀར་ལྷག་པ། says:
    ལོ་ 14 སྔོན།

    བློ་སྦྱིན་གྱིས་བཤད་པ་དེར་ངོས་ལེན་དཀའ་འདུག ཁོ་རང་ལ་འོས་ཤོག་ཚད་ལྡན་མ་རག་པའི་རྒྱུ་མཚན་རེད་བསམ། ཁོང་ཡང་སྐུ་སྒེར་ཡིག་ཚང་དུ་བཞུགས་མཐའ་གཙང་མ་ཞིག་ཆགས་མེད་པས་དེ་གཙང་སེལ་བཟོས་ན་ལེགས། རང་ངོ་ལ་གཡག་འགྲོ་བ་མི་མཐོང་། མི་ངོ་ལ་ཤིག་འགྲོ་བ་མཐོང་། ཞེས་པ་བཞིན་ཡོང་ཉེན་འདུག ད་དུང་ཡོངས་གླིང་ཟླ་བ་ཚེ་རིང་ཞེས་པ་དེ་ཐད་བསྐོས་སྤྱི་འཐུས་སུ་མཚམས་སྦྱོར་བྱེད་མཁན་དེ་ཁོ་རང་རེད་འདུག་ཅིང་དེ་ལ་བརྟེན་ནས་ཐད་བསྐོས་སྤྱི་འཐུས་སྐོར་ག་འདྲ་ཆགས་སོང་།
    དང་པོ་རྩིས་དེ་རང་ལ་བསྐྱོན་དགོས་པ་ལས་གྲྭ་བཙུན་ཚོའི་གདམ་བྱ་འདེམས་བྱེད་ཀྱི་ཁེ་དབང་ལ་གནོད་སྐྱོན་མ་གཏོང་རོགས་ཞུ།

    Reply
  16. རིག་པའི་རལ་གྲི། says:
    ལོ་ 14 སྔོན།

    ཤེས་མཁན་གྱིས་གསལ་བསྒྲགས་བྱས་ནའང་ཉེས་ཁ་ཡོད། མི་ཤེས་མཁན་གྱིས་ཕྱོགས་ལྷུང་བྱས་ནའང་ཉེས་ཁ་ཡོད། ད་མང་གཙོ་འདི་ཡང་མགོ་ཞི་དྲག་རྙོག་ག

    Reply
  17. ཤག་སྒང་པ། says:
    ལོ་ 14 སྔོན།

    ཨ་མའི་བུས། ལྷོ་ཕྱོགས་རྣམ་གྲོལ་གླིང་དང་བི་རི་གཞིས་ཆགས་གཉིས་སུ་ད་ལོ་འོས་འཕེན་སྐབས་མི་གཅིག་གི་འོས་གཉིས་གསུམ་འོས་བླུགས་པའི་གནས་ཚུལ་གོ་རྒྱུ་འདུག་པས། ཅེས་བྲིས་པའི་གནས་ཚུལ་འདི་ཧ་ཅང་ཚབས་ཆེན་ཡིན་པས་སྨྱུག་འཛིན་པ་རྣམས་ནས་མང་ཙམ་གླེང་དགོས་པ་དང་། དབུས་འོས་བསྡུ་ལྷན་ཁང་ནས་ཀྱང་ཡིད་གཟབ་་གནང་དགོས་པ་མ་ཡིན་ནམ།

    Reply
  18. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    ཧཧཧ་་་་གཟིགས་དང་།
    ཨ་མའི་བུ་ཟེར་བ་འདི་ཧམ་བཤད་རི་རབ་ཙམ་བཤད་མཁན་གྱི་སྤྱི་ཚོགས་དཀྲུག་པ་པོ་ཞིག་རེད་། སྨ་དྷི་ཟེར་བ་དང་ཨ་མའི་བུ་གཉིས་གཅིག་རེད་། རང་གི་ཧམ་བཤད་ལ་སྨ་དྷི་ཟེར་བས་རྒྱབ་སྐྱོར་བྱས་ཁུལ་གནང་བ་ཧཧཧཧཧ་།

    Reply
  19. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    སྤུན་གྲོགས་ཚོའི་གཟིགས་དང་།
    སྐུ་ངོ་ཞིག་གིས་རང་ལ་འོས་ཤོག་དེ་ཙམ་མ་རག་སོང་ཙང་ངར་སྐད་ངུ་སྐད་ཀྱིས་བདེན་སའི་དགེ་འདུན་པ་མ་ཉེས་སྐྱོན་འཛུག་བྱེད་པ་བློ་ཕམ་ཆེ་།
    ལྷག་བསམ་དང་སེམས་ཤུགས་ཡོད་ན་བཀའ་ཁྲི་ཡིན་དགོས་མེད་ལོ་། བློ་བཟང་སྦྱིན་པ་ལགས་།།

    Reply
  20. ས་འཚམས་མེདཔའི་ཁ says:
    ལོ་ 14 སྔོན།

    འཇིགས་མེད་ལགས་ཀྱིས་གོ་བ་རྙེད་པ་ལྟར་ངས་ཀྱང་བསམ་སོང། བཤད་གཞི་གཅིག་ལ་བྱས་ནས་དབྱེ་བ་གཉིས་དབར་ལ་མཐའ་གཅིག་ཏུ་དགག་པ་བརྒྱག་ས་དེ་སུ་ཡིན་མིན་གསལ་པོ་བཟོ་རྒྱུ་གལ་ཆེན་པོ་་རེད་འདུག། གཅིག་བྱེད་ན་ང་ཁ་ཐུག་ཆེ་སྐྱོན་ཡིན་པ་འདྲ། སྐུ་ངོ་ཁོང་ནི་མི་ཆེན་པོ་རེད། དེ་ཡིན་པ་སོང་ཙ་ནསྐད་ཆ་ཐད་ཀར་ལབ་ཀྱི་མ་རེད།

    Reply
  21. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    བློ་བཟང་སྦྱིན་པས་འདྲ་ཆགས་པོ་བཤད་འདུག། ཡིན་ན་ཡང་རྩོམ་ཡིག་འདི་ཁོ་བ་རང་ཉིད་ཀྱི་རང་མགོ་གཅོད་པའི་སྟ་རེ་ལྟ་བུ་ཆགས་འདུག།
    རང་ཉིད་བཀའ་བློན་ཁྲི་བར་རེ་བ་མེད་དུས་གཞི་ནས་སྤྱི་ཚོགས་ནང་གི་དགེ་སྐྱོན་མཐོང་བ་རེད། མཐོང་བས་མ་ཚད་སྐྱོན་བརྗོད་བྱས་བ་རེད། གལ་སྲིད་ཁྱོད་རང་ཉིད་བཀའ་ཁྲིའི་འོས་མཐོ་བོ་ཞིག་ལ་སླེབས་ཡོད་ཚེ་གདན་ས་ཁག་གི་གནས་ཚུལ་འདི་དག་མ་གོ་མ་ཐོས་མདོག་བྱས་སྡོད་རྒྱུ་རེད། ད་དུང་ཧིན་སྒོར་འབུམ་མང་བོ་ཞིག་ལྐོག་ཟ་བྱེད་རྒྱུའི་འཆར་གཞི་ཡང་བཏང་ཚར་ཡོད་ཤག་རེད། འོན་ཀྱང་། ཁྱོད་རང་ཉིད་ཀྱི་ལོ་རྒྱུས་མི་གཙང་བའི་རྐྱེན་གྱིས་མི་དམངས་ནས་ཁྱོད་ལྟ་བུ་ཞིག་ལ་བཀའ་བློན་ཁྲི་བའི་རེ་བ་མ་བྱས་བ་རེད།
    ལོ་རྒྱུས་སྟེང་གི་ནག་ཐིག་ནི་ནག་ཐིག་རང་རེད། ཁྱོད་ཀྱིས་ཅི་ཙམ་འདྲ་ཆགས་པོ་བཤད་ཀྱང་མི་དམངས་ཀྱི་སེམས་དག་ཐབས་མེད།
    གོང་དུ་ཁྱོད་ཀྱིས་ཁ་ཡག་པོའི་སྒོ་ནས་དགེ་འདུན་འདུས་སྡེ་དང་རི་བོ་དགེ་ལུགས་པའི་གདན་ས་ཁག་སྐྱབས་གནས་སུ་འདོད་ཡོད་ན། རང་ཉིད་སྐུ་སྒེར་དྲུང་ཆེ་ཡིན་དུས་སྐྱབས་རྟེན་བསྔོ་རྟེན་གྱི་ཁྲོད་ཀྱི་ཧིན་སྒོར་འབུམ་༡༥་ལྷག་གང་དུ་ཟག་པ་རེད། ཁྱོད་ཀྱིས་ཕྱིར་འདང་ཞིབ་མོ་ཞིག་རྒྱོབ་དང་། ད་དུང་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ལ་ཁ་གདངས་བའི་སྤོབས་པ་སླེབས་ཐུབ་བམ།

    Reply
  22. Thupten Tsephel says:
    ལོ་ 14 སྔོན།

    སྐུ་ངོ་ལགས་ཀྱི་ཡག་པོ་ཞེ་དྲག་གསུངས་འདུག་ ཐུགས་རྗེ་ཆེ།

    Reply
  23. ཀུན་དགའ། says:
    ལོ་ 14 སྔོན།

    སྐུ་དྲག་འདི་ཚོ་ངོ་རྫོག
    ལས་སྟངས་མ་འགྲིག་ནས་ལས་ཡོལ་བྱེད་ཚར་རུང་ད་དུང་སྐྱབས་ཡུལ་དགེ་འདུན་པར་ཁ་གཏོང་གིན་འདུག   
    རྒྱུ་མཚན་འདི་སྐུ་དྲག་ཁོ་རང་ལ་གདན་ས་ཁག་ནས་འོས་མ་འཕང་བས་སྙིང་ནད་རྩོད་ཀྱི་ཡོད་པ་རེད།
    གལ་ཏེ་ཆོས་བྱེད་དགེ་འདུན་པས་བོད་དོན་བསྒྲུབ་མ་ཆོག་ན།  ཆོག་གི   ང་ཚོས་ཚོད་ལྟ་ཞིག་བྱེད་ཆོག   ༧སྐྱབས་མཆོག་ཡིད་བཞིན་ནོར་བུར་བགྲེས་ཡོལ་དུ་བཞུགས་རྒྱུ་བྱོས།   དེ་ནས་གྲྭ་བཙུན་རྣམས་ཀྱིས་ད་ནས་བཟུང་བོད་དོན་གྱི་ལས་འགུལ་གང་ཡང་མི་གནང་རྒྱུའི་ཁས་ལེན་གནང་ནས་བསླབ་པ་སློབ་གཉེར་ལ་ཐུགས་བརྩོན་གནང་ཆོག
    དེ་ནས་ང་ཚོས་ཅིག་ལྟ།   ངས་བལྟས་ན་བོད་ཕྱི་ནང་གཉིས་ཆ་ནས་བོད་དོན་སྒྲུབ་མཁན་དང་།   བོད་དོན་ཆེད་ལས་འགལ་སུ་ཞིག་གིས་སྤེལ་ན་དེའི་ཆ་ཤས་ངེས་ཅན་ཞིག་གྲྭ་བ་དང་བཙུན་མ་རྣམས་ཀྱིས་བཟུང་ཡོད།   དེར་བརྟེན་དེ་རིང་བར་བོད་དོན་གསོན་པོར་གནས་ཡོད་པ་ཡང་གྲྭ་བཙུན་གཉིས་ཀྱི་སྙིང་སྟོབས་དང་འབྲེལ་བ་ངེས་ཅན་ཞིག་ཡོད།
    ཡིན་ན་ཡང་གྲྭ་བཙུན་རྣམས་བོད་དོན་སྒྲུབ་མི་ཆོག་ན་མ་བསྒྲུབ་ན་ཆོག   ཁོང་ཚོར་དེ་ལས་གལ་ཆེ་བའི་བསྒྲུབ་བྱ་ཞིག་ཡོད།   གྲྭ་བཙུན་རྣམས་ཀྱིས་འོས་བསྡུའི་ཆ་ཤས་ལེན་མ་ཆོག་ན་མ་བླངས་ན་ཆོག   ཁོང་ཚོར་དེ་ལས་ལྷག་པའི་བླང་བྱ་མང་པོ་ཡོད།
    མདོར་བཤད་ན་གྲྭ་བཙུན་གྱིས་བོད་དོན་མ་གནང་ན་བོད་དོན་འཇའ་ལུས་སུ་དངས་སྲིད་ལ།   གྲྭ་བཙུན་གྱིས་འོས་ཤོག་མ་འཕང་ན་འོས་བསྡུའིབརྒྱ་ཆ་ཟིན་མི་སྲིད།
    གང་ལྟར་སྐུ་དྲག་ཚོས་གང་དགའ་བྱོས།   གྲྭ་བཙུན་རྣམས་ཀྱིས་ཐུགས་ལྷོད་ལྷོད་གནང་ཏེ་རང་རང་ས་ནས་བསླབ་པ་སློབ་གཉེར་ལ་འབད་འཚལ།   ཁྱེད་རྣམ་པས་སྐུ་ངལ་ཅི་ཙམ་བསྐྱོན་གནང་ཡང་འདི་ཚོས་མི་ཤེས་ལ།   ཁྱེད་རྣམ་པས་ལྷག་བསམ་གྱི་ཉི་འོད་ཇི་ལྟར་གསལ་ཀྱང་།   ཁ་བྱང་བསྟན་གྱི་བྲག་ཕུག་ཏུ་འཆར་མི་སྲིད།
    དེས་ན་༧གོང་ས་ཡིད་བཞིན་ནོར་བུ་བགྲེས་ཡོལ་ལ་ཕེབས་རོགས།   རིས་མེད་གྲྭ་བཙུན་རྣམས་ཀྱིས་སློབ་སྦྱོང་ལ་འབད་རོགས།   
    ད་ནས་བཟུང་བོད་གཞིས་བྱེས་གཉིས་ཀ   ཡར་རིང་ནས་གནམ་ལ་ཐུག་ན་ཡང་དགའ་བ་མ་བསྒོམ།   མར་ཐུང་ནས་ས་གཞིར་ཐིམ་ན་ཡང་ཐུགས་ཁྲེལ་མ་གནང་།
    དེ་ལྟར་བྱས་ན་སྐུ་དྲག་འདི་ཚོའི་རེ་འདོད་འགྲུབ་ནི་ཡིན་རྒྱུ་རེད།

    Reply
  24. སྨར་དྷཱིཿཟེར། says:
    ལོ་ 14 སྔོན།

    གོང་དུ་དྲྭ་དྲོགས་ཨ་མའི་བུས་སྐད་ཆ་ཡག་པོ་བཤད་འདུག དེ་ལྟར་བྱུང་ཡོད་པ་དངོས་ཡོད་གནས་ཚུལ་རེད་ངས་དངོས་སུ་མཐོང་བྱུང་དྲྭ་གྲོགས་ཚང་མའི་དེ་ཕྱོགས་ཐུགས་དཔྱད་གནང་རོགས་

    Reply
  25. སྨར་དྷཱིཿཟེར། says:
    ལོ་ 14 སྔོན།

    དེ་རིང་བློ་སྦྱིན་ཁོ་རང་ལ་འོས་ཁྲི་ཕྲག་གཉིས་གསུམ་ཞིག་འཐོབ་ཡོད་ན། ཞུ་ཡིག་འདིར་སྤྱི་ཚོགས་ཐོག་ནམ་ཡང་ཐོན་མི་སྲིད། རང་ཉིད་ཀྱི་འདོད་དོན་དེ་མ་འགྲུབ་ཙམ་སྤྱི་ཚོགས་ལ་འགན་འཁུ་ཡོད་མདོག་གིས་ལས་གཞི་འདིའི་རིགས་སྤེལ་མཁན་ཉུང་ཉུང་མིན།

    Reply
  26. འཇིགས་མེད་བཀྲ ་ཤིས། says:
    ལོ་ 14 སྔོན།

    ༼ཆབ་སྲིད་ལ་དོ་སྣང་བྱེད་པ་དང་། ཆབ་སྲིད་ནང་དངོས་སུ་འཛུལ་ཞུགས་བྱེད་པ་གཉིས་ཀྱི་དབར་ཁྱད་པར་ཆེན་པོ་ཡོད་པས་ཆབ་སྲིད་ནང་འཛུལ་ཞུགས་མི་ཆོག་པ།༽ཞེས་པ་འདི་ལ་གོ་རྒྱུ་ཆེན་པོ་འདུག འོན་ཀྱང་རང་རེའི་བོད་ཀྱི་ཆབ་སྲིད་འདི་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བ་ཞིག་ཡིན་པས་༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་སོགས་ཀྱིས་ཀྱང་ཆབ་སྲིད་ཀྱི་དབུ་ཁྲིད་གནང་བ་ཡིན་ཚུལ་གསུང་བཞིན་པ་ལྟར། དགེ་འདུན་པ་ཚོ་ཆབ་སྲིད་ནང་འཛུལ་ཞུགས་མི་ཆོག་ཅེས་བརྗོད་རུང་ངམ། དེ་ལྟར་འཛུལ་ཞུགས་མེད་པ་ཞིག་བྱེད་ཐུབ་བམ། དེ་ལྟར་བྱས་ན་འགྲིག་གམ། འདི་དག་ཐད་དཔྱད་པ་གཏོང་དགོས་པ་འདུག

    Reply
  27. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    སྐུ་ངོ་བློ་སྦྱིན་ལ་གདན་ས་ནས་འོད་མ་རག་པའི་རྒྱུ་མཚན་གྱིས། གདན་སའི་གྲྭ་པ་རྣམས་ལ་
    འཁོན་ལན་ཞིག་སྤྲོད་བསམ་པ་འདྲ་། འདི་ནི་ཡ་རབ་སྤྱོད་བཟང་དང་མང་གཙོ་གང་དང་མི་མཐུན་པའི་སྐུ་ངོ་ལགས་ཀྱི་སྤྱོད་པ་དངོས་གནས་དེ་རེད། འདི་འདྲ་བ་མང་པོ་ཡོད་རེད་།

    Reply
  28. ཨ་མའི་བུ། says:
    ལོ་ 14 སྔོན།

    ལྷོ་ཕྱོགས་རྣམ་གྲོལ་གླིང་དང་བི་རི་གཞིས་ཆགས་གཉིས་སུ་ད་ལོ་འོས་འཕེན་སྐབས་མི་གཅིག་གི་འོས་གཉིས་གསུམ་འོས་བླུགས་པའི་གནས་ཚུལ་གོ་རྒྱུ་འདུག་པས། དབུས་འོས་བསྡུ་ལྷན་ཁང་ནས་ད་རེབ་དངོས་གཞིའི་འོས་འཕེན་སྐབས་དམ་འཛིན་ཡག་པོ་གནང་རོགས་།

    Reply
  29. མདོ་སྨད་པ་རིག་རྒོད། says:
    ལོ་ 14 སྔོན།

    ད་ཡིན་ན་ང་ཞེན་པ་གཏིང་ནས་ལོག་སོང་བལྟོས་དང།
    འགོ་བཀའ་ཟུར་དང། སྤྱི་ཟུར། མཐའ་ན་དྲུང་ཟུར་ཡན་གྱིས་གདན་སའི་གཙོས་ཆོས་སྡེ་ཁག་གི་སྐུ་ཚབ་འཐུས་མི་མི་འདོད་ལ། དགེ་འདུན་པ་ལ་འོས་ཤོག་ཡང་བླུག་མི་ཆོག་པའི་བསམ་ཚུལ་འཛིན་གྱི་ཡོད།

    མི་དེ་དག་གི་ཕུགས་ཀྱི་དམིགས་ཡུལ་ཅི་ཞིག་ཡིན་ནམ། ངས་བལྟས་ན་དེ་ནི་ཆོལ་གསུམ་ཡ་བྲལ་དུ་འགྲོ་རྒྱུའི་སྔོན་ལྟས་ཤིག་མཐོང།

    Reply
  30. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ང་ནི། བཀྲ་ཤིས་དབང་འདུས་ལགས་ལ་རྒྱབ་སྐྱོར་བྱེད་མཁན་ཅིག་ཡིན་ཡང་། བཀྲས་མཐོང་བསྟན་རྣམ་ལགས་ནི། མི་བྱས་ཅན་རྒད་པོ་གཅིག་རེད། འོས་ལྡུག་ན། མ་འགྲིགས་པ་རྩ་བ་ཉིད་ནས་མེད། འོན་ཀྱང་ངེས་པར་དུ་རང་དང་རིགས་གཞོན་སྐྱེས་གཅིག་ལ་འོས་བླུགས་འདོད་ཀྱིས། བློ་བཟང་སེང་གེ་ལགས་ལ་བཀའ་ཁྲིར་བསྐོ་འདོད་ཡོད་ན་ངེས་པར་དུ། བསྐོས་དགོས་མང་གཙོ་རེད། འོན་ཀྱང་ཁུངས་མ་འཁྱོལ་ན། ཤ་བཅུས་ཙམ་གྱིས་མི་ཚད་པ་བཀའ་ཁྲི་ནས་མར་འབེབས་ནས། སླར་ཡང་འོས་བསྡུ་བྱ་རྒྱུའི་བཅའ་ཁྲིམས་ནང་ལ་མེད་པ་མ་རེད་སྙམ།

    Reply
  31. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    སྐུ་ཟུར་ལགས་ཀྱི་ལྷག་བསམ་རྣམ་དག་པའི་རེ་བ་དང་བཅས་གསུངས་བ་ལ་མངོན་པར་བསྟོད་དོ།
    གྲྭ་སའི་གྲ་བའི་ཧོབ་རྒྱུགས་དང་གཡབ་རྒྱུགས་བྱས་བ་དགའ་བས་རྐྱེན་རེད་བསམ་ཡོད།
    དེ་མིན་ཕྱོགས་རིས་སོགས་ཀྱི་སྐྱོན་ཕལ་ཆེར་ཉུང་ཤེས་ཆེ།
    ཚང་མའི་བསམ་བློ་གནད་དུ་གཏོང་དགོས་བ་ཞིག་ཆགས་འདུག

    Reply
  32. ཁྲུང་ཁྲུང་དཀར་པོ། says:
    ལོ་ 14 སྔོན།

    བློ་བཟང་སྦྱིན་པས་དེ་འདྲ་བཤད་ན་ཁོ་རང་འོས་མ་ཐོབ་པའི་རྒྱུ་མཚན་གྱི་དབང་གི་བཤད་པ་ལས། དོན་དངོས་ཐོག་ད་བར་བོད་པའི་སྤྱི་ཚོགས་ནང་དགེ་འདུན་པས་མཐའ་ན་གཞོན་ནུའི་ལས་འགུལ་ཞིག་སྤེལ་ན་དགེ་འདུན་པ་མེད་ན་ལས་འགུལ་སྤེལ་མི་ཐུབ་པ་འདྲ་པོ་ཡིན་པ་དངོས་གསལ་རེད་། ད་དུང་དགེ་འདུན་པས་བོད་སྤྱི་པའི་དོན་ལ་བསམ་བློ་བཏང་གི་མི་འདུག་ཅེས་བཤད་ན་འགྲིག་མ་སོང་། དྲང་མོ་བཤད་ན་ཁྱེད་རང་སྐུ་སྒེར་ནང་སྒོར་འབུམ་མང་པོའི་གནད་དོན་ལྷག་ཡོད་པས་ཆུ་སྒང་སྒྲིག་འཛུགས་སོགས་ནས་འོས་སྟོན་མིན་ལ་མ་སྟོན་པ་ཁྱེད་རང་འོས་ནང་ནམ་ཡང་ཡོང་ཐུབ་གྱི་མ་རེད་། དེ་ཡང་དགེ་ལུགས་པའི་ནང་དཔེ་ན་དྲང་པོ་བྱེད་པ་མ་ཡིན་ན་སྤྱི་མཐུས་འོས་མི་མཐོ་ཤོས་མདོ་སྨད་ཆོལ་ཁ་ནས་ཡིན་པ་རོང་པོ་བློ་བཟང་སྙན་གྲགས་རེད་། གལ་སྲིད་ཕྱོགས་རེས་ཐོག་སོང་ན་དགན་ས་ཆེ་ཤོས་ནང་བཞུགས་མཁན་མང་ཆེ་བ་མདོ་སྟོད་ཆོལ་ཁ་ཡིན་པས་མདོ་སྟོད་གྱི་མི་རྐྱང་པ་ཡོངས་དགོས་ངེས་རེད་། ལོང་བལྟས་མིན་ན་ཁྱེད་རང་གི་ཞིབ་གཟིགས་གནང་རྒྱུ་མངོ་པོ་ལྷག་འདུག་པས་དགེ་འདུན་པར་དོན་མེད་ཁ་མ་བཏང་རོགས་

    Reply
  33. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 14 སྔོན།

    དངོས་ཡོད་དང་་ཁ ཡོད་ལག་ཡོད་གཡོ་ཁྲམ་དང་ཕྱོགས་ལྷུང་གུ་མ་བསླུས་པའི་སྐད་ཆ་ཡང་དག་པ་ཞིག་བཤད་འདུག་པས་ཡིད་རངས་ཡོད་དེ། དགེ་འདུན་པས་ཆབ་སྲིད་ཀྱིོ་དྲིལ་བསྒྲགས་བྱེད་བཞྀན་པར་སྐྱོན་བརྗོད་བྱེད་པ་ནི་ཅུང་མི་མཚམས་ཀྱི། རྒྱ་མཚན་ནི་མི་སྐྱ་རྣམས་ནས་རྒྱ་ཆ་གང་ཙམ་གྱིས་གནས་ཚུལ་དངོས་ལ་རྒྱུས་ལོན་མེད་པ་མ་ཟད་ཡོད་པ་ཚོའི་ནང་ནས་ཀྱང་རེ་ཟུང་ལས་གཞན་སོ་སོའི་ལྟོ་གོས་ཆེད་དང་།་ནང་མི་བུ་ཕྲུག་ཆེད་ཡར་རྒྱུག་མར་རྒྱུག་བྱེད་པ་ལས་སྤྱི་ཚོགས་ནང་ཆབསྲིད་ཟེར་བ་ནི་ཞོར་་ཙམ་དུ་མཐོང་བས། ་བློ་སྦྱིན་ཁྱེད་རང་ཡང་དེ་ལྟར་མིན་པར་སྨོན་ཡོད།

    Reply
  34. tsering tashi says:
    ལོ་ 14 སྔོན།

    དངོས་མནས་ཡག་པོ་ཞེ་དྲགས་དྲིས་འདུག་ཐུགས་རྗེ་ཆེ་ཞུ།

    Reply
  35. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    གདན་སའི་གྲྭ་པ་རྣམས་རྙིང་རྗེ། འོད་བླུག་རྒྱུའི་ཐོབ་ཐང་ཡོད་ཀྱང་། འོད་བསྡུའི་ལས་རིམ་གྱི་ཐོབ་ཐང་ཤོར་རན་འདུག་།

    སོ་སོའི་འོད་མི་གདམ་ཆོག་དུས། སོ་སོའི་འོད་མིའི་ཆེད་དུ་ལས་འགུལ་སྤེལ་མི་ཆོག་ཟེར་ན་ཅི་འདྲའི་ཧམ་པ་མ་རེད་དམ།

    ཕྱི་ཡི་རྒྱ་མི་དང་ནང་གི་བོད་པ་གཉིས་ཀ་ཡིས་མཐོང་ཆུང་། ཆེད་གསོད། སྡིགས་ར་སྐུལ་ས་གདན་སའི་གྲྭ་པ་རྣམས་ལ་སྐྱབས་སུ་མཆིའོ།།

    Reply
  36. འདྲེ་རིག་ལྡན། says:
    ལོ་ 14 སྔོན།

    ཁོང་གིས་སེམས་ཀྱི་སྐད་ཆ་ངོ་མ་ཞིག་གསུངས་འདུག འདི་ལྟར་ཁ་གསལ་བོའི་སྒོ་ནས་སྐད་ཆ་བཤད། སེམས་དག་པོའི་སྒོ་ནས་གྲོས་བསྡུས་བྱེད་རྒྱུ་ན། ང་ཚོའི་ཆབ་སྲིད་ཟེར་བ་འདི་ཡང་བླ་མས་ཕྱག་མོ་གཟིགས་པ་ལྟ་བུ་ཞིག་ཡིན་རྒྱུ་མ་རེད། གདན་སའི་དགེ་འདུན་པ་དག་གིས་དམིགས་བསལ་གྱིས་ཐུགས་གནང་ཆེན་པོས་ཀློག་རྒྱུའི་རེ་བ་ཡོད།

    Reply
  37. གནས་ཚང་། says:
    ལོ་ 14 སྔོན།

    སྐུ་ངོ་བློ་སྦྱིན་ལགས་ཀྱིས་དྲངས་པའི་གནས་ལུགས་ཡག་པོ་འདུག ཡིན་ནའི། གནད་དོན་འདི་ཆོས་སྲིད་ཟུང་འབྲེལ་ལ་ཐུག་ཡོད་ཅིང་། ནང་སྒོས་སུ་གྲྭ་བཙུན་གཅིག་ལ་འོས་ཤོག་གཉིས་འཕེན་པའི་ཁྱད་དབང་ཡོད་པར་རྐྱེན་བྱས་གདན་ས་ཡིན་ན་འོས་ཤོག་ཁ་ལོ་བསྒྱུར་མཁན་ཡིན་བསམ་པའི་ང་རྒྱལ་ཡོད་པར་མ་ཟད། དགེ་ལུགས་པ་ཞིག་ཡིན་སྲིད་དོན་སྟོབས་ཤུགས་ཁ་ལོ་བསྒྱུར་མཁན་ཡིན་སྙམ་པའི་དམིགས་འབེན་ཡང་འདུས་ཡོད་པ་རེད། འདི་དག་གཙོ་བོ་དགེ་བཤེས་རྒན་པ་ཚོས་བཙན་གྱིས་གཅིག་ལ་གཅིག་བརྒྱུད་བྱས་པའི་འབྲས་བུ་རེད། དེ་བས། ཡོ་བསྲང་བྱེད་ན་འབྱུང་རྩ་གཅོད་དགོས་པ་ལས་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་པ་ཙམ་གྱིས་ཅི་ཡང་ཕན་གྱི་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese