མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱེད་ཀྱིས་མངོན་ཤེས་བསྒྲུབ་རན་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

ད་ཁྱོད་རང་གིས་མངོན་ཤེས་བསྒྲུབ་རན་རེད།

                                                                   ཨ་འདུས་མིག་ཆུ། ས་རཱ།

གླེང་གཞི།

མི་ཚེ་མི་རིགས་དང་རྒྱལ་ཁབ། རིག་གཞུང་དང་བཅས་པའི་ཆེད་དུ་ཕུལ་ཞིང་། དེའང་དཀའ་ཚེགས་རྐྱང་རྐྱང་གི་ཁྲོད་ནས་མི་རིགས་ཤིག་གི་བདེན་དོན་རྩོད་པ་དང་། རིག་གཞུང་ཞིག་གི་ཚེ་སྲོག་སྲོང་སྐྱོང་ཐད་ལ་སྒོ་ཀུན་ནས་འབད་པ་རྐྱང་རྐྱང་གིས་དུས་འདའ་བའི་བཀའ་ཟུར་བཀྲས་མཐོང་མཆོག་ལབ་ན། ང་ཚོ་མགོ་ནག་མི་ཡོད་ཚད་དགའ་དགོས་པ་དང་། ཁོང་གི་མཛད་རྗེས་ལ་ཡི་རངས་བྱ་དགོས་པའི་གནས་སུ་མཐོང་ནའང་། རང་ཕྱོགས་བསྟོད་ནས་ལྷ་རུ་བཀུར་བ་དང་། གཞན་ཕྱོགས་སྨད་ནས་འདྲེ་རུ་བརྫངས་པའི་ངན་གཤིས་འདི་འུ་ཚོའི་སྤྱི་ཚོགས་ན་ཨེ་ཙེ་ན་ཚ་བཞིན་འགོས་ཁྱབ་འགྲོ་བཞིན་པའི་རྐྱེན་གྱིས་བཀའ་ཟུར་ཁོང་གི་སྒོར་འབུམ་དགུ་ཡི་རྙོག་གླེང་དེར། མི་འགའ་ཞིག་ལ་གསལ་བཤད་གང་གིས་ཀྱང་མ་ཕན་པར་གླེང་ཕྱོགས་འདྲ་མིན་བཟོ་བཞིན་པར་བློས་མ་བཟོད་ནས་རྩོམ་ཡིག་འདི་འབྲི་བའི་ཁུལ་བྱས་པ་ཡིན།

“ ཁྱེད་ཀྱིས་འབུམ་དགུ་བཟས་སོང་སྐད་དེ་ལ་གསར་བཤད་ཅིག་བྱེད་རོགས ”  དྲི་བ་འདི་ཐོག་དང་པོར་གོ་དུས་དྲི་བ་གཏོང་མཁན་དེས་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ཁྱེད་ཀྱིས་དེ་བདེན་པ་ཡིན་མིན་གྱི་ལན་གསལ་བོ་ཞིག་གནང་རོགས་ཞེས་སྐད་སྙན་སྙན་དང་། ཚིག་འཇམ་འཇམ་གྱིས་བཤད་ཡོང་ལ། སྐད་ཆ་འདི་བསམ་བློ་གང་ཡང་མ་བཏང་བར་ཉན་ན། སྙན་ལྷང་ལྷང་ཞིག་དང་ངོ་མ་ལྷག་བསམ་གྱིས་ཁུར་ལ་བླངས་པའི་སྐད་ཆ་སྙིང་ལ་རྗེ་བ་ཞིག་ཏུ་སྣང་མོད། དོན་དངོས་ཁྱེད་ཀྱིས་འཛུམ་ཤིག་ཤིག་དང་ཚིག་འཇམ་འཇམ་གྱི་སྐད་ཆ་དེའི་རྒྱབ་ཡོལ་ཕག་ལ་བསམ་གཞིག་ཅིག་བྱས་ན། དེ་ནི་ཁ་འཇམ་ཞིང་ཁོག་རྩུབ་པའི་གནད་དོན་ཡ་མ་ཟུང་ཞིག་ལས་མ་འདས་ཤིང་། དེ་ནི་སྐུ་ངོ་བཀྲས་མཐོང་ལགས་མི་ནག་བྱས་ནག་ཞིག་ཏུ་བཟོ་འདོད་ཀྱིས་ཀུན་ནས་བསླངས་པའི་གནོད་སེམས་རྣལ་མ་ཞིག་ལས་སྐྱེས་པ་འོང་པ་ཤེས་ངེས་ཡིན།                                                                                            

དོན་དངོས་སྐུ་ངོ་བཀྲས་མཐོང་བསྟན་འཛིན་ལགས་ཀྱི་མི་ཚེའི་བྱ་བཞག་རིང་མོའི་ཁྲོད། བོད་དང་རིག་གཞུང་གི་སླད་དུ་ཕྱག་ལས་གང་འདྲ་ཞིག་གནང་ཡོད་མེད་ཀྱི་མཛད་རྗེས་ལ་མི་ཕྱོགས་པར་སྒོར་མོ་འབུམ་འགའ་ཞིག་གི་གླེང་རྙོག་གིས་མི་བུ་ཆེན་པོ་འདི་ནག་པོར་བཟོ་བར་འདོད་པ་ནི། ཁྱེད་ཀྱིས་མི་རིགས་དང་རྒྱལ་ཁབ་སླད་དུ་ཞེས་ཇི་ལྟར་ཁ་དབྱངས་བོས་ཀྱང་ང་ཡིས། ཁྱེད་ཀྱི་རང་དོན་ཙམ་ལས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཡིན་པ་གཞར་ཡང་མི་འདོད་དོ།                                                                                                                          

ཁྱེད་ཀྱིས་འདྲི་འདོད་པའི་སྐད་ཆ་འདིའམ་དྲི་བ་ཆོ་མེད་དེར་སྐུ་ངོ་རང་གིས་ལན་གསལ་བོ་བསྐྱོན་ཡོད་པ་དང་། དེས་མ་འཐུས་ན་བོད་གཞུང་བཀའ་ཤག་གི་ངོས་ནས་ལན་གསལ་ཐག་ཆོད་པ་ཞིག་བརྒྱབས་ཡོད་པ་དེ་དག་གིས་ཀྱང་ཁྱེད་ཀྱི་འདོད་བློ་མི་ཁེངས་ན། ད་ནི་ཁྱེད་རང་ལ་ལམ་ཁ་གཞན་ཞིག་ཡོད་པ་ནི། རང་ཉིད་ཀྱིས་མངོན་ཤེས་བསྒྲུབས་ཏེ་སྐུ་ངོ་ཁོང་གི་མི་ཚེའི་བྱ་གཞག་ལ་བརྟགས་དཔྱད་ཞིབ་མོ་བྱ་རྒྱུ་ལས་གཞན་གང་ཡང་མེད་དོ།།

དེ་ནི་ཁྱེད་ཀྱིས་རྒྱང་འཕེན་པ་ཇི་བཞིན་གཞན་གྱིས་བཤད་པར་བློ་ཡིད་མི་ཆེས་པར་རང་ཉིད་ཀྱིས་མ་མཐོང་བར་ཁས་མི་ལེན་པའི་ཆ་ནས་མངོན་ཤེས་བསྒྲུབ་ན་མ་གཏོགས། ཁྱེད་ཀྱི་རྣམ་རྟོག་དེ་སེལ་བའི་ལན་རྒྱག་མཁན་ཞིག་གཞར་ཡང་མི་རྙེད་དོ།།

ཁྱེད་དང་ཁྱེད་འདྲ་བ་སུ་འདྲ་ཞིག་ཡིན་ཡང་རང་ཕྱོགས་འདི་ཁོ་ན་རྒྱལ་བའི་ཆེད་དུ། གཞན་ཕྱོགས་ཀྱི་མི་ཚེའི་དཀའ་སྡུག་ཁྲོད་དུ་བོད་མི་རིགས་ལ་བཞག་པའི་ཕྱག་རྗེས་གང་མང་ཞིག་སུབ་ཀྱང་གསུབ་མི་ནུས་པ་དག། ཁྱེད་ཀྱིས་གླེང་ཕྱོགས་ཆུང་ཆུང་ཞིག་ཁ་ནང་དུ་འཕྲེད་དུ་བཟུང་ནས་ཆེན་པོ་ཞིག་ཡིན་མདོག་གིས་དཀར་པོ་ཞིག་ནག་པོར་བཟོ་འདོད་པ་ནི་སྟོང་བསམ་ཆེན་མོ་རེད་དོ།།

དཔྱོད་ཤེས་ཀྱི་རྒྱ་མས་ཚད་ཐིག་ལ་མི་ལེན་པར། གཡག་ཞར་གྱིས་རྩྭ་བཟའ་བ་ལྟར་ལབ་བརྡོལ་གྱི་སྐད་ཆ་གང་མང་ཞིག་བཤད་པར་བརྩོན་པ་ནི། ཕྱོགས་གཅིག་ནས་སྐུ་ངོ་བཀྲས་མཐོང་ལ་ངན་སྨྲས་བྱེད་པའི་སྣང་ཚུལ་ཞིག་མཐོང་ན་ཡང་། ཕྱོགས་གཞན་ཞིག་ནས་བོད་མི་མང་དང་། བོད་མི་མང་མགོ་ཐོག་གི་བཙན་བྱོལ་བོད་གཞུང་ཡང་མིག་ནང་ལ་མ་བཞག་པའི་འདུ་ཤེས་ཤིག་ཡོངས་སུ་སྐྱེ་འཇུག་ཏེ། བཙན་བྱོལ་བོད་གཞུང་གི་དབུས་འོས་བསྡུ་ལས་ཁུངས་ཀྱིས་བཀའ་ཁྲིའི་འོས་མི་གསུམ་གཏན་འཁེལ་ཞིང་ཡོངས་བསྒྲགས་བྱས་ཟིན་པའི་ཁྲོད་ན་ཁྱེད་ཅག་གིས་ནག་པོ་རུ་བཞེངས་བསྐྲུན་བྱེད་འདོད་པའི་སྐུ་ངོ་བཀྲས་མཐོང་མཆོག་ཡོད་པ་མ་ཟད། ཁོང་གི་ཞབས་འོག་ནས་གནམ་ལ་འདེགས་མཁན་གྱི་བོད་མི་དེ་འདྲ་མང་པོ་ཞིག་ཡོད་པས་སོ།།

ཁྱེད་ཚོས་སྐུ་ངོ་ཁོང་ལ་ཚ་འདྲི་གཏིང་འདྲི་བྱེད་སྟངས་ལ་བལྟས་ན། བཙན་བྱོལ་བོད་གཞུང་དབུས་འོས་བསྡུ་ལས་ཁུངས་ཀྱིས་མ་ཡོང་བ་དང་། ཁོང་གི་རྒྱབ་སྐྱོར་བ་དེ་འདྲ་མང་པོ་ཞིག་ནོར་སོང་བ་དང་འཁྲུལ་སོང་བའི་འདོད་ཚུལ་ཞིག་ཁྱེད་ཅག་གི་ཁོག་ན་མེ་རླབས་བཞིན་འབར་གྱིན་ཡོད་ནའང་། ཁ་ནས་དུ་བ་མ་གཏོགས་མི་འབྱིན་པ་ནི། ངས་གོང་ན་བཤད་པའི་ཁ་ཡག་ཁོག་རྩུབ་དེ་ལས་མ་འདས་སོ།།

ང་སྤྱིར་ཡིན་ན་༸གོང་ས་མཆོག་ཞལ་བཞུགས་པའི་སྐབས་འདིར་གཞོན་སྐྱེས་ཤིག་བཀའ་ཁྲིར་འོང་དགོས་པའི་འདོད་ཚུལ་འཛིན་མཁན་ཞིག་ཡིན་ལ། དེ་ལྟར་རང་ཉིད་ཀྱིས་ཀྱང་གཞོན་སྐྱེས་ཤིག་འོང་ཐབས་སུ་འོས་གཅིག་པོའི་ཐོབ་ཐང་ དེ་འཁྱེར་ནས་གཞོན་སྐྱེས་འོས་མི་ཞིག་ལ་འོས་འཕེན་བཞིན་ཡོད་ནའང་། སྐུ་ངོ་ཁོང་གིས་མི་ཚེའི་ནང་བཞག་པའི་རླབས་ཆེན་གྱི་མཛད་རྗེས་དེ་དག་ཕོང་ཕྱིས་ཤོག་བུ་བཞིན་རྒྱང་དུ་དོར་ནས་སྒོར་འབུམ་དགའ་ཞིག་གི་གླེང་རྙོག་ཅིག་ཁ་རུ་འཁྱེར་ནས་སྐུ་ངོ་ཁོང་གང་དུ་སོང་ཡང་དེ་ཡིས་ཚ་འདྲི་གཏིང་འདྲི་བྱས་ཏེ་སུན་གཙེར་བྱེད་པ་ནི།  དོན་དངོས་བློས་མི་བཟོད་པའི་སྐད་ཆ་ཆོ་མེད་ཅིག་རེད་དོ།།

མདོར་ན་ང་ཚོ་སུ་ཡིན་ཡང་རང་གི་འདོད་ཕྱོགས་དེ་རྒྱལ་བར་མི་འདོད་མཁན་སུ་ཡང་མེད་མོད་རང་ཕྱོགས་འདི་ཁོ་ན་རྒྱལ་བའི་ཆེད་དུ། རང་མི་དེ་སྐྱོན་ཀུན་ཟད་དང་ཡོན་ཀུན་ལྡན་དུ་བཤད་པ་དང་། གཞན་ཕྱོགས་དེ་ཕམ་པའི་སླད་སྔར་ཡོད་མཛད་རྗེས་གང་ཡོད་མ་ཤེས་མ་མཐོང་ཁུལ་གྱིས་ནག་ཉེས་ཀྱི་ཞྭ་མོ་རྐྱང་རྐྱང་བཟོ་ཐབས་ལ་འབད་པ་ནི། སྤྱི་ཚོགས་ཡག་པོ་ཞིག་གི་བྱེད་སྟངས་གཏན་ནས་མ་ཡིན་ནོ།།

གང་ལྟར་ངས་ནི་རྗེས་ཕྱོགས་སུ་བཀའ་ཁྲི་བྱུང་ན་དེ་ནི་རང་ཉིད་ཀྱི་མགོ་ཁྲིད་དང་། རང་ཉིད་ཀྱིས་བཀུར་འོས་པའི་བཀའ་ཁྲི་རུ་བརྩི་རྒྱུ་ལས་གཞན་གང་ཡང་མེད་དོ། །བོད་ཀྱི་མ་འོངས་བཀའ་ཁྲི་རྒྱལ་ལོ། བོད་རྒྱལ་ལོ།

 

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 21

  1. མདོ་སྨད་པ་རིག་རྒོད། says:
    ལོ་ 14 སྔོན།

    ཨ་འདུས་མིག་ཆུ་ལགས་ཁམས་བཟང།
    ཁྱེད་ཀྱིས་བཤད་ན། བཀྲས་མཐོང་་་མོན་གྷོར་ཕེབས་མ་ཐུབ་དེ་
    གཞན་གྱིས་བྱ་ངན་བརྩམས་དོགས་ཡོད་ན། དེ་སུ་ཡིན་ནམ།

    ངས་བལྟས་ན། བ་རྐུ་མས་རྐང་པ་རྐུམ་པ་རང་རེད་འདུག།

    ཁོང་གིས་སྔོན་འགྲོའི་སྐབས་འོས་ཤོག་་་བློ་སེང་་་་་ལ་ཤོར་དོན་དེ་
    ཁོང་མང་ཚོགས་ནང་ཁྱབ་བསྒྲགས་ཆུང་རྐྱེན་ཡིན་ཚུལ་རང་གིས་རང་ལ་མཛེས་རྒྱན་
    ཞིག་སྤྲས་ཀྱི་འདུག།

    མ་ཟད་ཁོང་ལ་དཔལ་འབྱོར་གྱིས་འགྲོ་སོང་འདང་ངེས་མེད་ཚུལ་བཤད་ཀྱི་འདུག།
    དེ་ལྟར་ཡིན་ན།

    ཐེངས་འདིར་མོན་གྷོར་བགྲོ་གླེང་དེ་ཁོང་ལ་གལ་ཆེར་ཞིག་ཆགས་པ་མ་རེད་དམ།
    གང་ཡིན་ཞེ་ན། བཙན་བྱོལ་ནང་གི་མང་འབོར་མང་ཤོས་འདུས་བསྡོད་ཀྱི་ས་ཁུལ་ཞིག་མ་རེད་དམ།
    འགྲོ་སོང་ཡང་་་་ཨ་རིའི་བོད་གློག་འཕྲིན་ཁང་གཉིས་ཀྱིས་བཏང་མི་འདུག་གམ།

    མདོར་ན། ཁོང་མང་ལ་གཡོལ་དོན་དེ་ཅི་ཞིག་ཡིན་ནམ་ཞེས་པའི་་་དྲི་བ་སླེབས་ཀྱི་མི་འདུག་གམ།

    Reply
  2. ཨ་འདུས་མིག་ཆུ། says:
    ལོ་ 14 སྔོན།

    མདོ་སྨད་མིང་ཅན་པ་ལགས། འདིར་ཕེབས་ནོ་ཤིན་ཏུ་བཟང་གི་ཐུགས་རྗེ་ཆེ།
    བཀྲས་མཐོང་མོན་གྷོ་ལ་ཕེབས་མ་ཐུབ་པ་བཀྲས་མཐོང་གི་སྐྱོན་ཡིན་ནམ། གཟུགས་མེད་འདྲེ་ལག་པ་དག་གི་སྐྱོན་ཡིན་པ་བཤད་ཁག་པོ་རེད། དཔེར་ན། ༸རྒྱལ་དབང་མཆོག་བོད་ཡུལ་དུ་ཕེབས་མ་ཐུབ་པའང་ཁོང་གི་སྐྱོན་རེད་སུས་ཀྱང་བརྗོད་མི་ཐུབ་བཞིན་སྐུ་ངོ་མཆོག་ལྷོ་ཕྱོགས་སུ་ཕེབས་མ་ཐུབ་པའང་སུས་བྱས་པ་བརྟགས་དཔྱད་ལེགས་པོ་ཞིག་བྱས་ནས་སྐད་ཆ་འདྲ་བཤད་ན་ལེགས་པོ་མེད་དམ། འདི་ནི་རང་གི་བསམ་ཚུལ་ཙམ་ཡིན་པ་ལས། ངས་བཀྲས་མཐོང་དཀར་པོ་དཀར་རྐྱང་རེད་ལབ་འདོད་པ་གཏན་ནས་མིན། རྒྱུ་མཚན་ནི་མི་སྐྱོན་མེད་ཅིག་མེད་ལ། ཡོན་ཏན་ཁྱོན་ནས་མེད་ས་ཞིག་ཀྱང་ཡོད་ནི་མ་རེད།

    Reply
  3. tsering tashi says:
    ལོ་ 14 སྔོན།

    ཁོ་རས་མདོ་སྨད་ཀྱི་མིང་ཅན་བཀྲས་མཐོང་ལགས་མོན་གྷོ་རུ་ཕེབས་མི་ཐུབ་པའི་རྒྱུ་མཚན་དྲ་རྒྱ་འདིའི་ནང་ལ་འདུག་ཁྱེད་ཀྱི་གཡོ་སྒྱུ་མིག་ཤེལ་དེ་ཕུད་ནས་གཅིག་ལྟོས་དང།

    http://www.kalontripa2011.org/

    Reply
  4. མདོ་སྨད་པ་རིག་རྒོད། says:
    ལོ་ 14 སྔོན།

    ཨ་འདུས་མིག་ཆུ་ལགས།
    བཀྲས་མཐོང་སྐུ་ངོ་ཁོང་་་་་དེང་སང་མི་མང་གི་ཁྲོད་དུ་འགྲོ་མ་ནུས་པ་བྱེད་ཀྱི་མི་འདུག་གམ། ཉེར་དུས་ཝ་ར་ན་སིར་་་་ཚོགས་པ་གཉིས་ཀྱིས་གོ་བསྒྲིག་འགོ་
    གཏམ་བཤད་བྱེད་སར་སྐད་བཏང་ཁོང་ཕེབས་ནུས་མི་འདུག། ཡང་་་མོན་གྷོ་རུ་་་བགྲོ་གླེང་ཆེན་མོ་་་གོ་བསྒྲིག་་སར་་ཁོང་ཕེབས་རྒྱུའི་ཁས་ལེན་བྱེད་ཡོད་ཀྱང། གློ་བུར་དུ་ཕྱིར་འཐེན་བྱེད་ནས་་་་་བགྲོ་གླེང་ལ་་མཁས་དབང་བློ་བཟང་སེངྒ་དང། བཀའ་ཟུར་བཀྲ་ཤིས་དབང་འདུས་གཉིས་མ་གཏོགས་ཕེབས་མི་འདུག།

    དེ་ནི་བཀྲས་མཐོང་གིས་བཙན་བྲྱོལ་ནང་གི་ཆོས་སྡེ་དང། གཞིས་གྲོང་ཆཻ་ཤོས་་འདུས་བསྡོད་བྱེད་སའི་མོན་གྷོ་འདོད་རྒུ་གླིང་གི་མང་ལ་་
    མཐོང་ཆུང་བྱེད་པ་རེད་དམ། ཡང་ན་ཁོང་གིས་མི་མང་གདོང་བསྟན་མི་ནུས་པའི་ནག་ཉེས་ཅི་ཞིག་བསགས་ཡོད་དམ་སྣམ་པའི་དོགས་པ་སུ་ལ་ཡིན་ནཡང་ཡོང་སྲིད་པ་ཞིག་མ་རེད་དམ།
    ་མདོར་ན། མང་ཚོགས་ཀྱི་འགོ་ཁྲིད་བྱེད་མཁན་ཞིག་ཡིན་ན་་་་་མང་ཚོགས་ལ་གཡོལ་དགོས་སམ། མང་ཚོགས་དང། མཉམ་གཤིག་དགོས།
    ཨ་འདུས་ཆུས་ལན་ཞིག་གནང་ནུས་ན་གནང་རོགས།

    Reply
  5. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    གོང་གི་རྩོམ་ཡིག་དེར་རྒྱབ་བསྐྱོར་དང་། ཚིག་ཁ་ཤས་ཞིག་ཤོད་འདོད་པར་རང་ཕྱོགས་ཁོ་ན་ལས་མི་མཐོང་བའི་མི་བུ་དེ་དག་ལ་མངོན་ཤེས་ཐོབ་ཀྱང་ཕན་དོགས་མེད་གང་ལ་ཞེ་ན་ཕྱོགས་ཞེན་གྱི་དྲི་མས་སྒྲིབ་སྟེ་མངོན་ཤེས་དེ་ཡང་བདེན་པ་མིན་པའི་ལོག་རྟོག་ཞིག་ངང་གིས་སྐྱེ་ངེས། གོང་གི་དབྱིན་ཡིག་མིང་ཅན་ཁོང་གི་གསུང་པར་ཞིག་ན་བློ་སེང་ནས་དྲྭ་རྒྱ་ཁག་སྟེང་སྤེལ་བའི་ཆེད་རྩོམ་དག་ཁོང་རང་གི་མིན་བཞིན་དུ་རང་མིང་འགོད་ནུས་པ་ནི་ཧ་ཅང་བློ་སྟོབས་ཆེན་པོ་ཞིག་མ་རེད་དམ། དེང་སང་བཙན་བྱོལ་སྤྱི་ཚོགས་སྟེང་མི་བུ་མང་པོ་ཞིག་ལ་གདོང་སྤག་མེད་པ་མ་ཟད་ཁྲབ་སྟོན་ཞིག་བྱས་ཕྱིན་ཧ་ཙང་གི་གྲ་སྒྲིག་པོ་ཞིག་དང་། ཧང་སང་ཡས་རང་རེད་མི་འདུག་གམ།

    Reply
  6. ཨ་འདུས་མིག་ཆུ། says:
    ལོ་ 14 སྔོན།

    ངས་དགོངས་དག་ཞུ་དགོས་པ་ནི། ཡིག་ནོར་མང་པོ་ཞིག་ཤོར་འགྲོ་བ་འདི་ཡིན། ཡིག་ནོར་ལ་དྲ་གྲོགས་ཚང་མ་མི་དགའ་ལ་ངའང་གཏན་ནས་མི་དགའ། དེའི་སྟབས་ཀྱིས་ཡིག་ནོར་གྱི་ཕྱོགས་ནས་རང་གིས་ཅི་ནུས་ཀྱིས་ཡག་ཕྱོགས་སུ་འབད་ཁོ་ཐག་ཡིན། ངའི་རྩོ་ཡིག་འདིར་ལན་སྐྱོན་མཁན་མང་པོ་ཞིག་བསླེབས་ཡོད་པའི་ནང་ནས་སྣང་བ་ཆེས་མི་འགྲོ་ཤེས་དེ། རིག་བཟང་ཟེར་བ་དེ་རེད། བཙན་བྱོལ་བོད་གཞུང་གི་མི་བོ་ཆེ་འདི་དག་ལ་ཁ་གཏོང་ཚེ་རྒྱུ་མཚན་དང་གནས་ལུགས་ཤིག་གི་རྒྱབ་རྟེན་ཡོད་པའི་ཐོག་ནས་སྐྱོན་བརྗོད་བྱེད་དགོས་པ་ལས་རང་དབང་ཞེས་པའི་མིང་ཚིག་འདི་ལ་བརྟེན་ནས་ཁ་གཏོང་རྐྱང་བྱས་ན་མི་བཟང་གི། གཞན་ངས་མངོན་ཤེས་བསྒྲུབ་རན་འདུག་ལབ་ས་ནི། སྒོར་འབུམ་བཟས་པར་དོགས་པ་ཟ་མཁན་ཚོར་བཤད་པ་ལས། སྐུ་ངོ་ལ་དེ་ལྟར་ཟེར་བ་མིན་པ་ཤེས་པར་བྱ

    Reply
  7. ཨ་འདུས་མིག་ཆུ། says:
    ལོ་ 14 སྔོན།

    བསམ་ཚུལ་སྤེལ་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ངས་འདིར་བཀོད་པའི་རྩོམ་ཡིག་ནི་རང་ཕྱོགས་སྐྱོན་ཀུན་ཟད་དང་། གཞན་ཕྱོགས་སྐྱོན་ཀུན་ལྡན་དུ་སྨྲ་བའི་སྐྱེ་བ་དག་ལ་དམིགས་ནས་གཙོ་བོ་སྐྱོན་བརྗོད་དང་བསྟོད་ར་བྱེད་མཁན་ཚད་མེད་སྒྲོ་འདོགས་དང་སྐུར་འདེབས་བྱེད་མཁན་དག་ལ་དེ་ལས་གཞན་པའི་ལམ་ཁ་ཞིག་འཚོལ་བའི་རེ་བ་ཙམ་བྱས་པ་ལས། བཀའ་ཁྲི་འདི་འོས་དེ་བཟང་གི་སྐད་ཆ་ཁྱོན་ནས་བཤད་རྒྱུ་མ་བྱུང་ལགས། བཀའ་ཁྲིའི་འོས་མི་གསུམ་ཆར་ངའི་ངོས་ནས་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད། རྒྱུ་མཚན་ནི། མ་འོངས་པར་འདི་གསུམ་ལས་གཞན་བཀའ་ཁྲིར་མི་འོང་བ་ནི་གཏན་འཁེལ་བས། དེ་དུས་ངའི་བཀའ་ཁྲི་མིན་ཟེར་ས་མི་འགྲོ་ལ། དེ་ལྟར་འགྲོ་ན་ནི་དུད་འགྲོ་ལས་ཀྱང་སྡུག་པས་སོ་སྙམ་ནས་མི་སུ་ལའང་ངའི་ངོས་ནས་ཡི་རང་བྱེད་བཞིན་ཡོད།

    Reply
  8. སྤགས་ཤར། says:
    ལོ་ 14 སྔོན།

    ས་སོའི་རྒྱབ་སྐྱོར་ཞུ་ཡུལ་དེ་ཆེ་བསྟོད་དང་གཞན་འདིར་རྒྱུ་མཚན་ཡང་དག་མེད་པའི་དམོད་ཚིག་སྨྲས་པ་ནི་བཙན་འབྱོར་སྤྱི་ཚོགས་ནང་གི་ཞན་ཆ་ཆེ་ཤོས་རེད་ཞེས་བརྗོད་ན་མི་འགྲིག་པ་མེད་འདུག སྔོན་འགྲོའི་འོས་བསྡུའི་སྐབས་སུ་ངས་རང་ཉིད་ཀྱི་ལོ་ལྔའི་མང་གཙོའི་ཐོབ་ཐང་ཆེ་ཤོས་ཀྱི་འོས་དེ་མཁས་དབང་བློ་སེང་ལགས་སུ་ཕུལ་ཀྱང་ད་ལྟའི་དུས་སུ་དཔྱད་པ་ཞིབ་ཕྲ་བྱེད་སྐབས་ལོ་ངོ་སུམ་ཅུ་ལྷག་ཙམ་བཙན་འབྱོལ་གཞུང་ལ་ཞབས་རྗེ་ཞུ་མྱོང་བའི་བཀའ་ཟུར་བཀྲས་མཐོང་ལགས་ཀྱི་ལོ་རྒྱུས་ངའི་མི་ཚེ་དང་བཙན་འབྱོལ་སྤྱི་ཚོགས་ཞེས་པ་ལྟ་སྐབས་དངོས་གནས་ངས་ངས་སྔོན་འགྲོའི་འོས་དེ་བློ་སེང་ལགས་སུ་ཕུལ་བ་དེ་ང་རང་གི་དཔྱད་ཞིབ་བྱ་སྟང་ནོར་འཁྲུལ་ཤོར་བས་དབང་གི་ཡིན། ད་ལྟ་ངས་དེ་སྔོན་བློ་སེང་ལགས་སུ་ཕུབ་བའི་འོས་དེ་ཕྱིར་བསྡུ་བྱ་དགོས་པའི་རྒྱུ་མཚན་གསུམ་ཡོད།
    ༡ ཁོ་རང་གིས་བཤད་པའི་སྐད་ཆ་སྔ་ཕྱི་མི་མཐུན་པའི་ཁར་ཆོལ་ཞེན་གྱི་སྐད་ཆ་མི་གཅིག་ཡིནའང་དཔུང་བསྒྲིགས་པར་སླེབས་ཡོད་ལྟ་བུ།
    ༢ གཉིས་པ་ཁོང་གི་རྒྱབ་སྐྱོར་བ་ཚོས་བཀྲས་མཐོང་དང་རྒྱ་རི་སྒྲོལ་མ་ལགས་གཉིས་ཀྱི་དཔར་སྟེད་དུ་དམར་ཐིག་རྒྱབ་དང་དབྲལ་བ་སོགས་ཀྱི་བྱ་ངན་དེ་དག་ཡིན།
    ༣ རྒྱ་གར་གྱི་ཆབ་སྲིད་པ་དེ་ཚོ་ནང་བཞིན་མི་མང་མགོ་སྐོར་གྱི་སྐད་ཆ་འདྲ་མིན་བཤད་པ་མ་ཟད་ཉམས་མྱོང་དང་དྲང་བདེན་མེད་པའི་དབང་གི་ཡིན།

    Reply
  9. སྤགས་ཤར། says:
    ལོ་ 14 སྔོན།

    ད་ལྟའི་དུས་ཚོད་འདིར་ང་ཚོས་ཆོལ་ཞེན་ཡོངས་སུ་དོར་ཏེ་གནས་ལུགས་རྒྱུ་མཚན་ལྡན་པའི་སྒོ་ནས་མ་འོངས་པའི་བཀའ་ཁྲི་འདི་ལེགས་པོ་ཞིག་འདམས་རྒྱུ་ང་ཚོའི་ལས་འགན་ཡིན། དེང་སྐབས་མི་ཁ་ཤས་ཀྱི་རྒྱུ་མཚན་དང་གནས་ལུགས་དོར་ཏེ་༸གོང་ས་མཆོག་ཁ་རུ་ཁྱེར་ཏེ་མ་བདེན་རྫུན་གཏམ་གྱི་ད་ལོའི་བཀའ་ཁྲི་འདི་གཞོན་སྐྱེས་ཞིག་སླེབས་རྒྱུ་༸གོང་ས་མཆོག་གི་དགོངས་བཞེད་ཡིན་ཚུལ་བཤད་པ་ལ་བལྟས་ན་འུ་གང་འཚམ་ཐུག་ཡོད་པའི་རྟག་ཏུ་མངོན། བཀའ་ཁྲི་སུ་རུ་རྒྱབ་སྐྱོར་བྱས་ཀྱང་རྒྱུ་མཚན་དང་གནས་ལུགས་དྲངས་ཏེ་རྒྱབ་སྐྱོར་ཞུ་བ་ལས་༸གོང་ས་མཆོག་གི་དགོངས་གཞི་ཡིན་ཚུལ་བརྗོད་པ་ནི་ཚད་ལས་འགལ། ༸གོང་ས་མཆོག་གིས་བོད་རྒྱལ་ཡོངས་ཚོགས་ཆེན་སྐབས་སྩལ་བའི་བཀའ་སློབ་ནང་༼མི་མང་གི་ནང་རྒྱལ་བ་རིན་པོ་བཀའ་ཁྲིའི་འོས་དེ་དང་དེ་ལ་རྒྱབ་སྐྱོར་ཡོད་སྐོར་བརྗོད་འདུག་ འོ་ད་ད་རེས་ཡོང་རྒྱུའི་འོས་མི་སུ་གཅིག་ལ་ང་རྒྱབ་སྐྱོར་མེད་ད་མི་མང་གི་སུ་འདམས་རུང་འདི་ལ་ངའི་ངོས་ནས་ངོས་ལེན་ཡོད།༽ཞེས་པ་འདི་ལ་གཟིགས་དང་༸གོང་ས་མཆོག་གི་སླེབས་ལ་ཉེ་བའི་བཀའ་ཁྲིའི་འོས་སུ་གཅིག་ལ་རྒྱབ་སྐྱོར་མེད་པ་གསལ་པོ་རེད། བྱས་ཙང་ང་ཚོས་ཕྱོགས་ཞེན་ཡོངས་སུ་སྤང་ཏེ་ཕྱོགས་གཅིག་ལ་རྒྱབ་སྐྱོར་དང་ཕྱོགས་གཅིག་ལ་ཞྭ་མོ་ནག་པོ་མ་གཡོགས་པར་འདས་པའི་བྱས་རྗེས་དང་ཉམས་མྱོང་། དྲང་བདེན། ལྷག་བསམ་ཡོད་པའི་འོས་མི་ཞིག་རྒྱབ་སྐྱོར་བྱེད་དགོས་སོ།

    Reply
  10. རྒྱ་རྙི། says:
    ལོ་ 14 སྔོན།

    དེང་སྐབས་བཀའ་ཁྲིའི་འོས་མིའི་མི་གཞིར་སྐྱོན་བརྗོད་གང་ཡང་མེད་མོད།
    བཀའ་ཁྲི་དང་རྒྱབ་སྐྱོར་བྱེད་མཁན་ཚང་མ་དཔུང་ཁག་ཁ་བརྡུང་ལྟ་བུས་བཀྲས་མཐོང་ལ་འཛིངས་སྟངས་འདིས་ང་རང་བོད་ཀྱི་སྤྱི་ཚོགས་ལ་ཁོ་ཐག་ཆད་དུ་བཅུག་སོང་།
    བཀྲས་མཐོང་གི་འདྲ་པར་ངོར་བཀོད་པའི་ཡིག་རྙོག་དེ་ཚོར་ལྟོས་དང་།བཀྲས་མཐོང་ལ་དམིགས་པའི་ཚིག་མདའ་ཙམ་ཞིག་རེད།
    ཁོང་མི་གཙང་མ་རེད་ཞེས་སོགས་འདིས་ཤུགས་ནས་རྒྱབ་གཏད་ས་སུ་ཡིན་གསལ་པོ་ཆགས་ཐུབ་པ་ཞིག་རེད།
    ད་དུང་།བཀྲིས་དབང་འདུས་ཀྱིས་རང་ཉིད་སུས་རྒྱུད་བསྐུལ་མིན་ཚུལ་གླེང་ཡོད།
    སུས་ཀྱང་རྒྱུད་སྐུལ་མིན་ན་དབུས་གཙང་ཆོས་ཀྱི་ཆོལ་ཁ་དང་།རྒྱལ་ཡོངས་མང་གཙོ་ཚོགས་པ་སོགས་ཀྱི་རེ་བ་རྩིས་མེད་ཀྱིས་མི་གེ་མོ་ཞིག་གི་རྒྱུད་སྐུལ་དང་ལེན་བྱས་པ་དེ་བཀྲིས་དབང་འདུས་ཀྱི་བཟང་སྤྱོད་རེད་དམ།
    སྤྱིར་ང་རང་ཡང་བློ་བཟང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན།
    དེང་སྐབས་ང་ལ་ཆེས་བསམ་གཞིགས་མང་པ་ནི་བློ་བཟང་གི་རྒྱབ་སྐྱོར་པ་ཚོས་བྱེད་སྟངས་ཀྱིས་ངོ་མ་ཞེན་ལོག་ཏུ་འཇུག་གིན་འདུག་
    ཁོ་ཚོས་གཞན་གྱི་འདྲ་པར་རལ།ནག་བསུབ་དང་དམར་བསུབ་གཏོང་བ།གཞན་ལ་སྡིགས་ར་དང་རྗེས་འདེད་གཏོང་བ།དྲ་ལམ་དང་ཚགས་ནས་མིང་ཆད་བཟོ་བ་སོགས་ཀྱི་ཚད་བརྒད་ཀྱི་བྱེད་སྤྱོད་འདིའི་བོད་མིའི་གོམས་གཤིས་འཕྲོ་བརླག་ཏུ་གཏོང་གིན་འདུག
    ༸གོང་ས་མཆོག་གིས་གསུང་གསུང་པའི་སྙིང་དོན་ས་རུ་བསྲེ་བཞིན་འདུག
    བོད་པའི་ནང་ཁུལ་གྱི་དཔུང་ཁག་ཕྱོགས་བསྒྲིགས་འདིས་ང་ཚོ་ཚང་མ་གྱོང་ལ་བསྐུར་ངེས་རེད།
    ཨ་འདུས་ལགས་ཀྱིས་དྲང་པོར་བཤད་པར་རྒྱབ་སྐྱོར་ཡོད།

    Reply
  11. བླ་གཡུ། says:
    ལོ་ 14 སྔོན།

    ཨ་འདུས་མིག་ཆུ་ལགས། རང་ཕྱོགས་བསྟོད་ནས་ལྷ་རུ་བཀུར་བ་དང་། གཞན་ཕྱོགས་སྨད་ནས་འདྲེ་རུ་བརྫགས་པའི་ངན་གཤིས་དེ་དོར་ནས་སྐད་ཆ་གླེང་དགོས་ན། ད་བར་བཙན་བྱོལ་སྤྱི་ཚོགས་ནང་མི་ཚེ་གང་བོར་སྐུ་ལས་བསྐྱོན་མཁན་དེ་བཀའ་ཟུར་བཀྲིས་དབང་འདུས་ཞེས་རང་གི་འབད་བརྩོན་བྱས་ནས་སླེབས་བསྡད་མཁན་ཁོང་ཡིན་པ་ལས། སྔ་ས་ནས་མིང་ཆེན་སྐུ་དྲག་འཁྱེར་བསྡད་མཁན་གྱི་བཀྲས་མཐོང་མིན་པ་གསལ་པོར་ཀུན་གྱིས་བརྗོད་བཞིན་པ་ཞིག་ཡིན་པས་ཤེས་པར་མཛོད། དེ་ན་གོང་གི་གཏམ་དེ་ཁྱོད་ལ་བདེན།

    Reply
  12. oscargyatso says:
    ལོ་ 14 སྔོན།

    གང་ལྟར་ཚང་མའི་བསམ་བློ་ཡག་པོ་བཏང་དགོས་པ་སྨྲས་མི་དགོས།
    རང་ཕྱོགས་ལ་སྟོད་པ་དང་གཞན་ཕྱོགས་ལ་སྐྱོན་བརྗོད་སོགས་གང་ཡང་མེད།
    ངས་བཀའ་བློན་ཁྲི་པ་ནི་བཀྲ་ཤིས་དབང་འདུས་ཡིན།

    Reply
  13. འབྲུག་སྒྲ་སྐྱབས། says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་བ་ངོ་སྤྲོད
    http://tibet.net/tb//wp-content/uploads/2010/10/kalon.pdf

    Reply
  14. tsering tashi says:
    ལོ་ 14 སྔོན།

    ཀུན་དགའ།
    ༢༠༡༡/༠༢/༠༥ ཉིན་འདོན་སྤེལ་བྱས། བློ་སེང་བཀའ་ཁྲིར་འོས་མིན་གཤམ་དུ་གཟིགས་དང་ཤེས་ཐུབ་པོ།

    བློ་བཟང་སེང་གེ་ལགས་དང་ལྡི་ལིའི་མཐོ་རིམ་སློབ་མའི་བགྲོ་གླེང་།
    སྦྲ་རིགས་ཐོགས་མེད།

    རྒྱལ་ས་ལྡི་ལིའི་ད་ལོའི་གནམ་གཤིས་གྲང་ལ་རླུང་བུ་མང་བས་དེ་རིང་དགོངས་མོ་ འདིར་ཡང་རོ་ཧི་ནིའི་ཁོར་ཡུག་ཡོངས་སུ་འཁྱག་སོབ་སོབ་ཀྱི་སྣང་བ་ཞིག་སྟེར།འོན་ཀྱང་།དེ་རིང་དགོངས་མོ་འདིར་འབྱུང་འགྱུར་བཀའ་ཁྲིའི་འོས་མི་བློ་བཟང་སེང་གེ་ལགས་ལྡི་ལིརོ་ཧི་ནིའི་ཀུན་ཕན་ཚོགས་ཁང་དུ་བོད་ཀྱི་མཐོ་རིམ་སློབ་ཕྲུག་ཚོར་གཏམ་བཤད་གནང་བར་ཕེབས་ཀྱིན་ཡ ོད་པས།ལྡི་ལིའི་མཐོ་སློབ་ཁག་འདྲ་མིན་གྱི་སློབ་ཕྲུག་ཉིས་བརྒྱ་ལྷག་གིས་ཚོགས་ཁང་དུ་སྔ་ས་བློ་བཟང་སེང་གེ་ལགས་ཕེབས་པར་བསྒུག་འདུག

    ཆུ་ཚོད་ཕྱེད་ལྷག་གི་རྗེས་སུ་བློ་བཟང་སེང་གེ་ལགས་རོ་ཧི་ནི་ས་གནས་གཞོན་ནུའི་ཚོགས་གཙོས་སྣེ་ཁྲིད་ནས་ཕེབས་བྱུང་།ཁོང་གིས་རང་ཉིད་སྔོན་མ་ལྡི་ལིའི་མཐོ་སློབ་ཀྱི་སློབ་མ་ཡིན་སྐབས་ཀྱི་ཉམས་མྱོང་འགའ་གསུངས་ཞོར་གཏམ་བཤད་འགོ་བཙུགས་སོང་ལ།ནང་དོན་གཙོ་བོ་ཁག་ནི་སྔོན་མ་ཁོང་ལྡི་ལིའི་ས་གནས་གཞོན་ནུ་ཡིན་སྐབས་སྤེལ་མྱོང་བའི་ལས་འགུལ་ཁག་གི་ སྐོར་རེད།ཁོང་སྔོན་མ་ལྡི་ལིའི་ཏིས་ཧར་བཙོན་ཁང་དུ་བདུན་ཕྲག་གཅིག་མ་ཟིན་ཙམ་བོད་དོན་ཆེད་དུ་འདུག་མྱོང་ཚུལ་དང་།སྐབས་ཤིག་ཁོང་དང་སློབ་གྲོགས་འགས་གྲི་དང་ལྕགས་རིང་ཁུར་ནས་ཐེ་བན་བོད་སོག་ལས་ཁུང་གི་གནད་ཡོད་མི་སྣའི་ལག་ནས་ཡིག་ཆ་འདྲ་མིན་སྒམ་གང་འཕྲོག་ནས་བོད་གཞུང་ལ་རྩིས་སྤྲད་ཚུལ་སོགས་མང་པོ་ཞིག་གསུངས་སོང་ལ།ཁོང་གི་བརྗོད་གཞི་གཉིས་པ་དེ་བཙན་བྱོལ་ག ཞིས་ཆགས་ཁག་གི་སྐོར་ལ་བབས་སོང་།ཁོང་གིས་བློ་ཐག་ཆོད་པོས་གསུངས་དོན་ཁོང་ནི་བཙན་བྱོལ་གཞུང་གི་ལོ་ངོ་ལྔ་བཅུའི་ལོ་རྒྱུས་ཁྲོད་དཀའ་ལས་གང་མང་བརྒྱབས་ནས།བཙན་བྱོལ་གྱི་གཞིས་ཆགས་ཁག་མང་ཆེ་ཤོས་སྐོར་མཁན་ཞིག་ཡིན་པ་མ་ཟད་རྒྱུས་མངའ་ཡང་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པས།མ་འོངས་པར་གཞིས་ཆགས་དང་འབྲེལ་བའི་ཐག་གཅོད་གང་ཞིག་བྱེད་དགོས་ཀྱང་དཀའ་ངལ་མེད་སྐོར་ནས་འགོ་བ ཙུགས་ཏེ།གཞིས་ཆགས་ཁག་འདྲ་མིན་བཅུ་གཉིས་ལྷག་རེ་རེ་བཞིན་ཁོང་ག་འདྲ་བསྐྱོད་ཚུལ་དང་།ས་ཆ་དེ་དག་ལ་འཕྲད་བཞིན་པའི་དཀའ་ངལ་བཅས་ཆུ་ཚོད་གཅིག་ལྷག་ལ་བསྣར་སོང་བས་མཚམས་ཤིག་སློབ་མ་དག་ཀྱང་ཐང་ཆད་འདུག

    ཐ་མར་བློ་བཟང་སེང་གེ་ལགས་ཀྱིས་ཁོང་ཡང་བསྐྱར་བཙན་བྱོལ་གྱི་གཞིས་ཆགས་ཁག་མང་ཆེ་བར་ཐེངས་ཞིག་སྐད་ཆ་བཤད་པ་དང་ཐུག་འཕྲད་དུ་འགྲོ་འཆར་ཡོད།གང་ཡིན་ཟེར་ན་བདག་ལས་དོན་ཆེ་ཆུང་གང་ཞིག་ལ་ཞུགས་ནའང་འགོ་བཙུགས་ཚར་རྗེས་ལས་སླ་བོར་བློས་མི་གཏོང་མཁན་ཞིག་ཡིན་གསུངས་ཞོར་དུ་གཏམ་བཤད་མཇུག་བསྡུས་སོང་།

    དེ་རིང་དགོངས་མོའི་གཏམ་བཤད་ཉོབ་ཏོ་རིང་བོ་དེ་མཇུག་རྫོགས་རྗེས་ཅི་ཞིག་ཁོག་ཏུ་འཛུལ་བ་བཞིན་འོག་གི་ཉན་མཁན་ཚང་མ་གྲོང་སེང་ངེར་འགྲོ་སོང་།གང་ཡིན་ཞེ་ན་དེ་ནི་དྲི་བ་དྲིས་ལན་འཁྲིག་ཆ་དོད་པོ་ཤིག་གི་འགོ་བརྩམས་པས་སོ།།
    ༡
    དྲི་བ་དང་བོ་དེ་བློ་བཟང་སེང་གེ་ལགས་ལོ་མང་བོའི་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་བསྙོན་མེད་ཅིག་ཡིན་པར་བརྟེན།གཞོན་ནུའི་རྩ་བའི་དམ་བཅའ་བཞིན་ཁྱེད་རང་སྒེར་གྱི་ད་ལྟའི་ཆབ་སྲིད་ཀྱི་རྩ་བའི་ལངས་ཕྱོགས་ཀྱང་རང་བཙན་གཙང་མ་ཡིན་ནམ་ཞེས་བཀོད་སོང་ལ།
    སྐབས་དེར་ཁོང་གིས་བློ་ཐག་ཆོད་པོས་རང་ཉིད་ཀྱི་ཆབ་སྲིད་ལྟ་བའམ་ལངས་ཕྱོགས་ག་དུས་ཡིན་ནའང་རང་བཙན་གཙང་མའི་ཐོག་འགྱུར་བ་མེད་པར་གནས་ཡོད།འོན་ཀྱང་།གལ་སྲིད་ཁོང་བཀའ་ཁྲིར་འདེམས་ཐོན་བྱུང་བ་ཡིན་ན་རྩ་ཁྲིམས་སུ་གསལ་བའི་བཀའ་ཁྲིའི་དབང་ཆ་ལ་ཚད་བཀག་ངེས་ཅན་ཞིག་ལས་མེད་པས་གཞུང་གི་ལས་དོན་ཐོག་དབུ་མའི་ལམ་གྱི་ཐོག་མི་འགྲོ་རང་འགྲོ་རེད་ཅེས་ལན་གནང་ས ོ ང་།
    ༢
    དྲི་བ་གཉིས་པ་དེ་བློ་བཟང་སེང་གེ་ལགས་སུ་ཁྱོད་ཀྱིས་སྔོན་ཆད་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ཨ་རིའི་ནང་གི་མི་རིགས་ནག་པོ་བཞིན་གནས་དགོས་ལ་ཉིན་ཞིག་བོད་མི་ཞིག་གིས་རྒྱ་ནག་གི་སྲིད་འཛིན་གྱི་གོ་ས་འཛིན་ཐུབ་བམ་ཞེས་པའི་བསམ་ཚུལ་འདོན་མྱོང་ཨེ་ཡོད་ལགས་ཞེས་དྲི་བ་བཀོད་པར།
    ཁོང་གིས་དེ་འདྲ་ཞིག་རྩ་བ་ནས་གསུངས་མྱོང་མེད་ཚུལ་དང་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཁོང་རྒྱ་ནག་གི་ཨོ་བྷ་མ་བྱེད་རྒྱུ་ཡིན་ལབ་པ་དེ་རྫུན་མ་རེད།ཡང་གཅིག་བཤད་ན་བོད་དེ་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ནས་རང་སྐྱོང་ལ་རྩོད་ལེན་བྱེད་དགོས་ཞེས་ཐོག་མར་གོང་ས་མཆོག་གིསགསུངས་པ་མ་རེད་དམ་ཟེར།
    སྐབས་དེར་འོག་གི་ཉན་མཁན་སློབ་མ་ཞིག་ཡར་ལངས་ནས་བློ་བཟང་སེང་གེ་ལགས་ཀྱིས་བཀའ་མོལ་དེ་འདྲ་ཞིག་གནང་མྱོང་བ་དངོས་གནས་རེད།བདེན་དཔང་“བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་”ཀྱི་དྲ་ཐོག་ཏུ་ཁོང་གི་གསུང་བཤད་སྒྲ་འཛིན་འཁོར་ཐག་ཚང་མ་དངོས་སུ་བཞག་འདུག་ཅེས་ཁུངས་སྐྱེལ་སོང་ལ།དེ་ལ་ཁོང་གིས་གཏམ་བཤད་དེ་ཨ་རིའི་མི་རིགས་ནག་པོའི་སྲིད་འཛིན་ཐོག་མ་ཨོ་བྷ་མར་སྲིད ་འཛིན་གྱི་རྒྱལ་ཁ་ཐོབ་ལ་ཉེ་བའི་བདུན་ཕྲག་གཉིས་ལྷག་གི་སྔོན་ཡིན་པས།དུས་ཚོད་དང་གནས་སྟངས་ལ་བལྟས་ནས་བཤད་པ་ཞིག་ཡིན་ལ་སྐབས་དེའི་ནང་དོན་ཡང་དངོས་གནས་མིན་ཞེས་ལན་བསྐྱོན་སོང་།
    ༣ དྲི་བ་གསུམ་པ་དེ་བློ་བཟང་སེང་གེ་ལགས་ཀྱིས་སྔོན་ཆད་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་དེབ་ཆུང་དེ་བོད་ཡིག་ཏུ་བསྒྱུར་གནང་བ་མ་ཟད།བོད་ཀྱི་དུས་བབ་སོགས་སུ་བོད་ཡིག་ཐོག་བྲིས་པའི་རྩོམ་ཡིག་རེ་ཟུང་ཡང་སླེབས་སོང་བས་དེ་དག་ཁོང་རང་ཉིད་ཀྱིས་དངོས་སུ་བྲིས་པ་ཡིན་མིན་དྲིས་ལ།
    ཁོང་གིས་བོད་ཡིག་ནང་བྲིས་པའི་རྩོམ་ཡིག་དེ་དག་ཁོང་རང་ཉིད་ཀྱིས་དངོས་སུ་བྲིས་པ་མིན་ཡང་འབྲི་མཁན་ལ་ནང་དོན་ཞུ་དག་བྱེད་རོགས་སོགས་བྱས་པ་ཡིན།ཁོང་གི་བོད་ཡིག་ཤེས་ཚད་དེ་འདྲའི་སྐྱོ་བོ་མིན་ལ་བོད་ཡིག་ཀློག་ཡག་པོ་ཐུབ་ཀྱིན་ཡོད་པར་མ་ཟད་བོད་སྐད་ཀྱང་ཡག་པོ་བཤད་ཤེས་ཀྱིན་ཡོད་གསུངས་སོང་།

    Reply
  15. རིགས་བཟང་། says:
    ལོ་ 14 སྔོན།

    བཙན་བྱོལ་སྤྱི་ཚོགས་ཁྲོད་རང་ཉིད་ཀྱི་མི་ཚེ་གང་བོར་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་དོན་དུ་བློས་གཏོང་མཁན་ནི་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་རེད་མ་གཏོགས་སྐུ་དྲག་པ་བཀྲས་མཐོང་མ་རེད།
    རང་ཉིད་རང་སར་དྲང་པོར་ལངས་རྗེས། བཀའ་ཟུར་བཀྲ་ཤིས་དབང་འདུས་དང་བློ་སེང་གཉིས་ལ་བསམ་བློ་གཏོང་བ་ལས་བཀྲས་མཐོང་ཟེར་བའི་མི་བུ་དེ་སྔ་ས་ནས་གད་སྙིགས་ཁྲོད་གཡུག་ན་དགའ་ལེ་རེད། འགྱོད་པ་ལས་ཀྱི་མཐའ་མ་ཟེར་བ་བཞིན་ཡིན་ནོ།།
    བློ་སྔོན་ན་དྲན་ན་་་་་་་་་་་་་་་་་་་་་་། རྗེས་ནས་དྲན་ན་་་་་་་་་་་་་་་་་་་་་་་་་་་། བོད་ཀྱི་གཏམ་དཔེ་རེད་ལགས།

    Reply
  16. བསོད་ནམས says:
    ལོ་ 14 སྔོན།

    དངོས་གནས་རེད་སོ་སོའི་འོས་མི་ལ་རྒྱབ་སྐྱོར་བྱེ་མ་ཤས་བ་རེད།

    Reply
  17. སེར་གཙང་འཇམ་དབྱངས། says:
    ལོ་ 14 སྔོན།

    བཀའ་ཟུར་བཀྲས་མཐོང་རྣམ་རྒྱལ་ལགས་ནི་ང་ཚོའི་བཙལ
    ན་བྱོལ་སྤྱི་ཚོགས་ནང་ཆེར་བཀུར་འོས་མི་རྣ་ཞིག་རེད།
    གང་ཡིན་ཟེར་ན་ཁོང་གིས་མི་ཚེའི་ཡོད་ཚད་བོད་མི་རིགས་དང་རིག་གཞུང་གི་སླད་དུ་ཕྱག་ལས་གནང་སྟེ་མི་ཚེའི་བགྲང་ཆ་ཕྱེད་ཀ་འཇུག་བསྒྲིལ་བ་རེད། གང་ལྟར་ཡང་ཁོང་གིས་ཚེ་འདིར་མངོན་ཤེས་བསྒྲུབ་རྒྱུ་ནི་མི་སྲིད་པ་ཞིག་རེད།།

    Reply
  18. དཔའ་ཆེན་དོན་གྲུབ། says:
    ལོ་ 14 སྔོན།

    བཀྲས་མཐོང་མི་འདེམས།། བློ་སེང་མི་དགོས་རྒྱུ་མཚན་རྗེས་ནས་བཤད

    Reply
  19. ལྷ་མོ་དོན་གྲུབ། says:
    ལོ་ 14 སྔོན།

    རང་རིགས་སྐད་དང་ཡི་གེ་གཙོ་མི་གཙོ། རང་གི་མི་རིགས་འཛིན་སྐྱོང་གཙོ་མི་གཙོ།
    ཆོས་ལྡན་མི་རིགས་ཤིག་གི་གཙོ་འཛིན་ལ། ཆོས་སྲིད་སྤྱན་ཟུང་གཡོ་བ་མཁོ་མི་མཁོ།
    དོན་གྱི་མཁས་དབང་ལག་ལེན་བརྒྱུད་ན་འབྱུང། དམངས་ཀྱི་ཁེ་ཕན་ལྷག་བསམ་ཅན་གྱིས་སྒྲུབ། གཟུར་གནས་བློ་ལྡན་དཔའ་ངར་ཅན། འདི་ལྔ་སུར་འཛོམས་བཀའ་ཁྲིར་འོས།

    Reply
  20. སྤགས་ཤར། says:
    ལོ་ 14 སྔོན།

    ས་སོའི་རྒྱབ་སྐྱོར་ཞུ་ཡུལ་དེ་ཆེ་བསྟོད་དང་གཞན་འདིར་རྒྱུ་མཚན་ཡང་དག་མེད་པའི་དམོད་ཚིག་སྨྲས་པ་ནི་བཙན་འབྱོར་སྤྱི་ཚོགས་ནང་གི་ཞན་ཆ་ཆེ་ཤོས་རེད་ཞེས་བརྗོད་ན་མི་འགྲིག་པ་མེད་འདུག སྔོན་འགྲོའི་འོས་བསྡུའི་སྐབས་སུ་ངས་རང་ཉིད་ཀྱི་ལོ་ལྔའི་མང་གཙོའི་ཐོབ་ཐང་ཆེ་ཤོས་ཀྱི་འོས་དེ་མཁས་དབང་བློ་སེང་ལགས་སུ་ཕུལ་ཀྱང་ད་ལྟའི་དུས་སུ་དཔྱད་པ་ཞིབ་ཕྲ་བྱེད་སྐབས་ལོ་ངོ་སུམ་ཅུ་ལྷག་ཙམ་བཙན་འབྱོལ་གཞུང་ལ་ཞབས་རྗེ་ཞུ་མྱོང་བའི་བཀའ་ཟུར་བཀྲས་མཐོང་ལགས་ཀྱི་ལོ་རྒྱུས་ངའི་མི་ཚེ་དང་བཙན་འབྱོལ་སྤྱི་ཚོགས་ཞེས་པ་ལྟ་སྐབས་དངོས་གནས་ངས་ངས་སྔོན་འགྲོའི་འོས་དེ་བློ་སེང་ལགས་སུ་ཕུལ་བ་དེ་ང་རང་གི་དཔྱད་ཞིབ་བྱ་སྟང་ནོར་འཁྲུལ་ཤོར་བས་དབང་གི་ཡིན། ད་ལྟ་ངས་དེ་སྔོན་བློ་སེང་ལགས་སུ་ཕུབ་བའི་འོས་དེ་ཕྱིར་བསྡུ་བྱ་དགོས་པའི་རྒྱུ་མཚན་གསུམ་ཡོད།
    ༡ ཁོ་རང་གིས་བཤད་པའི་སྐད་ཆ་སྔ་ཕྱི་མི་མཐུན་པའི་ཁར་ཆོལ་ཞེན་གྱི་སྐད་ཆ་མི་གཅིག་ཡིནའང་དཔུང་བསྒྲིགས་པར་སླེབས་ཡོད་ལྟ་བུ།
    ༢ གཉིས་པ་ཁོང་གི་རྒྱབ་སྐྱོར་བ་ཚོས་བཀྲས་མཐོང་དང་རྒྱ་རི་སྒྲོལ་མ་ལགས་གཉིས་ཀྱི་དཔར་སྟེད་དུ་དམར་ཐིག་རྒྱབ་དང་དབྲལ་བ་སོགས་ཀྱི་བྱ་ངན་དེ་དག་ཡིན།
    ༣ རྒྱ་གར་གྱི་ཆབ་སྲིད་པ་དེ་ཚོ་ནང་བཞིན་མི་མང་མགོ་སྐོར་གྱི་སྐད་ཆ་འདྲ་མིན་བཤད་པ་མ་ཟད་ཉམས་མྱོང་དང་དྲང་བདེན་མེད་པའི་དབང་གི་ཡིན།

    Reply
  21. གནམ་ལྕགས། says:
    ལོ་ 14 སྔོན།

    ཡིག་ནོར་ཁ་ཤས་དང་ཚིག་སྦྱོརཁ་ཤས་ཀྱི་སྐྱོན་མིན་རྒྱུ་ན་རྩོམ་ཡིག་གམ་བསམ་ཚུལ་འདི་ཡག་པོ་ཞིག་བྲིས་འདུག དེ་ནི་རང་རེའི་སྤྱི་ཚོགས་སྟེང་གི་ཧོལ་སྤྱོད་པ་ཁ་ཤས་ཀྱིས་མི་གཅིག་ལ་རྒྱབ་སྐྱོར་བྱེད་འདོད་ཀྱིས་གཞན་ཞིག་ལ་ནག་ཉེས་གཡོ་འགེལ་བྱེད་སྟངས་ཤིག་རེད། འོན་ཀྱང་བདེན་པ་དང་རང་དབང་གིས་མི་དེའི་རིགས་ཀྱི་མངོན་འདོད་དུས་ནམ་ཡང་འགྲུབ་མི་སྲིད་པར་ངེས།

    གལ་སྲིད་རང་ཉིད་ཀྱིས་སུ་ལ་རྒྱབ་སྐྱོར་བྱ་འདོད་ན། སུའི་ཡོན་ཏན་བརྗོད་འདོད་ན་དེ་ལྟར་རང་དབང་ཡིན་པ་རེད། ངེས་པར་ཕྱོགས་གཅིག་ལ་རྒྱབ་སྐྱོར་དང་ཕྱོགས་གཅིག་ལ་ཞྭ་མོ་ནག་པོ་གཡོགས་དགོས་དོན་མེད་སྟབས། ང་ད་རེའི་བཀའ་ཁྲི་སུ་ལ་རྒྱབ་སྐྱོར་ཞུ་མཁན་ཡིན་མིན་ལ་མ་ལྟོས་པར་གོང་གི་རྩོམ་ཡིག་འདི་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese